Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

སྙན་དངགས་བཏུས་མ་སྙིམ་པའི་མེ་ཏོག

Posted on 2012-09-212012-09-23 By dhatsenpa 34 Comments on སྙན་དངགས་བཏུས་མ་སྙིམ་པའི་མེ་ཏོག

རྩོམ་པ་པོ། སློབ་དཔོན་དཔའ་བོ།

༡ རྒྱལ་ཚབ་ཐམས་ཅད་སྒྲོལ།

གཞོན་ཡང་རྒན་པའི་ཉེ་བར་ཞི་ལ་དགའ།།  གཟི་བརྗིད་ཆེ་ཡང་བཟོད་ཅིང་དེས་པའི་ངང་།།

མཁས་པར་གྱུར་ཀྱང་ཤེས་པའི་ང་རྒྱལ་མེད།།  དཔལ་དང་ལྡན་ཞིང་འབྱོར་ཡང་དྲེགས་པ་མེད།།

དེ་ཡི་གྲགས་པས་འཇིག་རྟེན་གསུམ་ཁྱབ་པས།།  ཕྱོགས་རྣམས་རྒྱ་ཆེན་རབ་ཏུ་མཐོང་གྱུར་ཀྱང་།།

གཞན་གྱི་གྲགས་པ་ཅུང་ཟད་ཡོད་པ་རྣམས།།  འཕྲོ་བའི་སྐབས་ཀྱང་མེད་པ་བཞིན་དུ་གྱུར།།

སྐྱེ་བོ་རྣམས་ཀྱི་སྡུག་བསྔལ་དཔག་མེད་པ།།  དེ་ཡིས་མ་བཟོད་སྙིང་རྗེའི་གཞུ་དག་དང་།།

སྦྱིན་པའི་མདའ་རྣམས་ཆར་བཞིན་འབེབས་པ་ཡིས།།  དེ་དང་ལྷན་ཅིག་གཡུལ་ཆེན་འགྱེད་པ་འདྲ།།

༢ དཀའ་ཐུབ་ནགས་ཚལ།

མི་སྲུན་མི་མེད་ཤིང་དང་ཆུ་མང་བསྐྱེད།།  བྱ་རྣམས་སྣ་ཚོགས་སྒྲ་འབྱིན་རི་དྭགས་མང་།།

ནེའུ་གསིང་སྔོན་པོ་ཡིད་འོང་བེེཌྰུར་འདྲ།།  སྐྱེད་མོས་ཚལ་ལས་དཀའ་ཐུབ་ནགས་ཚལ་དགྱེས།།

ནགས་ཚལ་ལྕུག་མའི་ཁྲོད་དག་ན།།  གཞོན་ནུ་འདི་གཉིས་ཕྲེང་བ་ཡིས།།

བརྒྱན་ཅིང་རྩེ་བ་གཟིགས་ན་ནི།།  རྒྱལ་སྲིད་དག་ཀྱང་དགོས་མི་འགྱུར།།

དུས་ཀྱི་དབང་གིས་གྱུར་བ་ཡི།།  ནགས་ཚལ་མཛེས་པ་གསར་བ་དང་།།

སྨན་ལྗོངས་འབབ་ཆུར་བཅས་པ་ཡི།།  ནགས་ཚལ་དག་ན་དགྱེས་པར་འགྱུར།།

དགའ་བས་འཚལ་བའི་བྱ་རྣམས་ནི།། སྣ་ཚོགས་སྒྲ་འབྱིན་སིལ་སྙན་བཞིན།།

འདོད་ཆགས་བདེ་བའི་སློབ་དཔོན་གྱིས།། བསྟན་པའི་རྨ་བྱ་གར་ཡང་བྱེད།།

བུང་བའི་ན་ཆུང་གླུ་ལེན་པ།།  རབ་ཏུ་སྙན་ཅིང་མ་སྨད་པ།།

ནགས་ཚལ་དག་ན་གླུ་གར་གྱིས།། ཁྱོད་ཀྱི་ཐུགས་ནི་དགྱེས་པར་བགྱིད།།

འབབ་ཆུའི་ན་ཆུང་གོར་མས་བསྐྱོད་པ་ཡི།། ཆབ་སྒྲ་སྙན་པ་ལྷང་ལྷང་སྒྲ་སྒྲོགས་པ།།

རྒྱན་གྱི་སྒྲ་སྣམས་སིལ་ཁྲོལ་མཆིས་པ་བཞིན།། ཁྱོད་ཀྱི་ཐུགས་ནི་རབ་ཏུ་དགྱེས་པར་བགྱིད།།

་་་་་་

ལྗོན་པའི་ཤིང་རྣམས་འབྲས་བུ་བཟང་པོ་ཡི།།  རྩེ་མོ་བཏུད་ནས་མགྲོན་དུ་གཉེར་བ་བཞིན།།

བསོད་ནམས་མཐུ་ཡིས་མངོན་དུ་ལྟ་བྱེད་ཅིང་།།  སློབ་མ་དུལ་བ་ཕྱག་ཀྱང་འཚལ་བ་འདྲ།།

གང་དུ་ཆུ་འདོད་གྱུར་པ་དེ་དག་ཏུ།  དད་པའི་དཔུང་མགོས་པདྨ་བསྐྱོད་པ་ཡི།།

ཟེ་བ་ལྷགས་པས་སེར་པོ་གསལ་གྱུར་པའི།། མཚོ་རྣམས་དེ་ལ་རབ་ཏུ་བྱུང་བར་གྱུར།།

སྤྲིན་རྣམས་ཀྱིས་ཀྱང་བླ་རེ་བཟང་པོ་བྲེས།།  སེར་བུ་བདེ་བའི་དྲི་ཞིམ་ངད་ཀྱང་ལྡང་།།

ངལ་བའི་སྡུག་བསྔལ་མྱོང་བ་མི་བཟོད་པས།།  གནོད་སྦྱིན་རྣམས་ཀྱིས་དེ་ཡི་ལམ་ཡང་བསྟུངས།།

༣ ལྷ་དང་ལྷ་མིན་གཡུལ་གྱི་ལས།།

དེ་ནས་དེར་ནི་གཡུལ་བསྲེས་པས།།  སྡར་མ་རྣམས་ནི་སྐྲག་པར་བྱེད།།

ཕན་ཚུལ་མཚོན་འདེབས་ཕྱེ་མར་ལྷགས།།  གོ་ཆ་རྣམས་ནི་རལ་བར་གྱུར།།

ང་ནི་འདི་ན་འདུག་བཞིན་དུ།།  མཐོང་བཞིན་ཐར་པ་ག་ལ་འགྱུར།།

ཐོབ་ཤིག་འདི་ནི་མེད་ཟིན་ཏོ།།  དེ་ལྟར་ཕན་ཚུན་དམྱལ་འདྲར་གྱུར།།

དེ་ནས་མཚོན་ཆ་འཁྲུག་པ་ཡི།།  སྒྲ་ཆེན་གཡུལ་ནི་བསྲེས་པ་དང་།།

རྔ་བརྡུངས་སྒྲ་ནི་གྲག་པ་ཡིས།།  ནམ་མཁའི་ངོས་ནི་རལ་བ་བཞིན།།

བྲག་ལྟར་འཇིགས་པའི་གླང་ཆེན་དག།  ཕན་ཚུན་འཐབ་མོ་འགྱེད་པ་ཡི།།

རྡུལ་གྱི་དྲི་ནི་མི་བཟོད་པ།། དུས་མཐའི་རླུང་གིས་གཡོས་པ་བཞིན།།

གློག་ལྟར་འགྱུ་བའི་བ་དན་ཅན།།  ཤིང་རྟའི་སྒྲ་ཆེན་གྲག་པ་ནི།།

ཕྱོགས་རྣམས་ཀུན་ཏུ་ཁྱབ་གྱུར་པ།།  སྤྲིན་ཆེན་གློ་བུར་ལངས་པ་བཞིན།།

ཕན་ཚུན་མདའ་རྣམས་འཕངས་པ་ཡིས།།  ལྷ་དང་ལྷ་ཡིན་དཔའ་བོ་ཡི།།

གདུགས་དང་རྒྱལ་མཚན་གོ་ཆ་དང་།།  ཅོད་པན་དག་ནི་འགྱེལ་བར་གྱུར།།

༤ རྒྱ་མཚོར་ཞུགས་པ།

དེ་ནས་ཨནྡ་རྙིལ་གྱི་འོད་ལྟར་སྔོ།།  ཉི་མའི་འོད་ཀྱིས་གནམ་སྔོན་བཞུ་བ་བཞིན།།

ཁོ་ར་ཁོར་ཡུག་ཆུ་འགྲམ་བལྟར་མི་སྣང་།།  གཏིང་དཔག་དཀའ་བའི་མཚོ་མཇིང་ནང་དུ་ཞུགས།།

རླབས་ནི་རྣམ་པར་འཁྲུགས་ཤིང་ལྦུ་བ་འཐོར།།  དྲག་པོའི་རླུང་གིས་བསྐྱོད་པས་འཇིགས་སྒྲ་འབྱིན།།

ཆུ་ཀུན་ཐ་མལ་འདུག་པས་རབ་ཏུ་གཡོས།།  རྒྱ་མཚོ་དེ་མ་ཐག་ཏུ་འཁྲུགས་པར་གྱུར།།

ལྟས་ངན་གློ་བུར་ལངས་པའི་རླུང་གིས་བསྐྱོད།།  རླབས་ཆེན་འཇིགས་སུ་རུང་བའི་ཤུགས་ཀྱིས་དཀྲུགས།།

དུས་མཐའི་རླུང་གིས་རི་གཡོས་ས་གཞི་བཞིན།།  རྒྱ་མཚོའི་མཇིང་ནི་རབ་ཏུ་འཁྲུགས་པར་གྱུར།།

གློག་ཕྲེང་རྒྱུ་བའི་འོད་འབར་ལྕེ་གཡོ་བ།།  སྦྲུལ་ནག་མགོ་མང་བཞིན་དུ་མདོག་སྔོ་བའི།།

སྤྲིན་གྱིས་ཉི་མའི་ལམ་ཡང་བསྒྲིབས་པར་གྱུར།། འབྲུག་སྒྲ་འཇིགས་སུ་རུང་བ་རྒྱུན་མར་གྲགས།།

སྤྲིན་ཆེན་འཐུག་པོས་འོད་ཀྱི་དྲ་བ་སྒྲིབ།།  ཉི་མ་མཐར་གྱིས་ནུབ་ཏུ་ཉེ་ལ་གྱུར།།

ཉི་མ་ནུབ་པའི་སྐབས་ནི་རྙེད་པ་དང་།།  མུན་པའང་རིམ་གྱིས་གནག་ཏུ་ཉེ་བར་གྱུར།།

ཆར་རྒྱུན་མདའ་ཡིས་རླབས་ལ་ཕོག་པ་དང་།།  རྒྱ་མཚོའི་མཇིང་ནི་གནམ་དུ་བརྒལ་བ་འདྲ།།

གྲུ་ཡང་འཇིག་པ་བཞིན་དུ་རབ་ཏུ་གཡོས།།  དེ་དག་སྙིང་ལ་འཇིགས་པ་སྐྱེད་པར་བྱེད།།

༥ སྤྲིན་ནག་འཁྲིགས་པ།།

ནག་པོའི་སྤྲིན་རྣམས་རི་བོའི་གྲིབ་མ་བཞིན།།  ཕྱོགས་ཀྱི་ཐ་གྲུའི་ཚད་ནི་འཇལ་བ་བཞིན།།

སྤྲིན་མགོ་ནག་པོས་མུན་ནག་སྤེལ་བ་བཞིན།།  མེ་ལོང་ནང་བཞིན་ནམ་མཁའི་དཀྱིལ་ན་མཛེས།།

རྨ་བྱ་རབ་དགའ་ཟེ་བ་སྦྲེལ་བ་རྣམས།།  གླུ་གར་མཛེས་པས་རབ་ཏུ་བསྟོད་པ་བཞིན།།

སྤྲིན་ཚོགས་དེ་དག་དཔའ་བོ་དགོད་པ་བཞིན།།  རྒྱུན་ཆགས་ཟབ་མོའི་སྒྲ་འཛིན་རྣམ་པར་མཛེས།།

དེ་ཡིས་ཆར་བ་མུ་ཏིག་གཏོར་བ་བཞིན།།  ཆུ་རྒྱུན་འབབ་པས་རྡུལ་རྣམས་རབ་ཞི་ཞིང་།།

ཆར་སྤྲིན་ལངས་པའི་རླུང་གིས་རབ་བསྐྱོད་པས།།  ས་གཞི་དྲི་ཞིམ་ངད་ཀྱིས་ཁྱབ་པར་གྱུར།།

དཔྱིད་ཀྱི་དུས་ལ་བབ་པས་རྣམ་སྤེལ་ཀྱང་།།  ཉི་མའི་འོད་ཟེར་སྣང་བ་མེད་པར་གྱུར།།

ལྦུ་བའི་ཕྲེང་བ་འཁྲིགས་པས་བསྐོར་བ་ཡི།།  ཆུ་རྣམས་ཤོང་བུ་དམའ་བར་འབབ་པར་གྱུར།།

འབྲུག་གི་རྔ་སྒྲས་རབ་ཏུ་དགའ་གྱུར་ནས།།  གློག་ཕྲེང་འགྱུ་བ་བྲོ་གར་བྱེད་པ་བཞིན།།

ཡང་དང་ཡང་དུ་གསེར་འོད་གསལ་བ་ཡི།།  འོད་ཟེར་འཕྲོ་བས་ཕྱོགས་རྣམས་ཁྱབ་པར་གྱུར།།

༦ ཡིད་བཞིན་གྱི་མཚོ་མོ།

ལྗོན་ཤིང་མེ་ཏོག་བཟང་ལྡན་ཞིང་།།  ལོ་མ་བཟང་པོ་འོད་གསལ་རྣམས།།

དེ་ལ་ལྟད་མོ་ལྟར་ལྷགས་བཞིན།།  མཚོ་ཡི་ཐ་མ་ཡོངས་སུ་བསྐོར།།

པདྨ་རྣམས་ནི་དགོད་པ་བཞིན།།  ཆུ་རླབས་འཁྲུག་པས་གཡོ་བར་གྱུར།།

དེ་ལ་ཆགས་པའི་བུང་བ་རྣམས།།  གཡོ་ཞིང་འཕུར་བ་མང་པོས་གང་།།

ཁ་ཅིག་ན་ནི་ཟླ་འོད་ཀྱིས།།  ཁ་བྱེ་ཀུ་མུ་ཏ་དག་དང་།།

ཤིང་གི་གྲིབ་མས་བར་བཅད་པས།།  ཁ་ཅིག་ཟླ་བའི་དུམ་བུ་འདྲ།།

པདྨ་ཨུཏྤལ་ཕྱེ་བ་རྣམས།།  རླབས་ཀྱིས་སོར་མོས་བྲིས་པ་བཞིན།།

མཚོ་ཡི་འགྲམ་དག་རབ་ཏུ་བརྒྱན།།  ཁ་ཅིག་གསེར་ཕྱེའི་རི་མོ་བཞིན།།

པདྨ་ཨུཏྤལ་འདབ་མ་དག  གེ་སར་བཅས་པ་དེ་དང་དེར།།

མེ་ཏོག་སིལ་བ་བཀྲམ་པ་བཞིན།།  རབ་ཏུ་ཉམས་དགའ་རྣམ་པར་མཛེས།།

ཆུ་ནི་རབ་གསལ་མི་གཡོ་བས།། ལུས་ཀྱི་ཡོན་ཏན་གསལ་མཛེས་པའི།།

ཉ་ཡི་ཚོགས་ནི་མང་པོ་དག།  མཁའ་ལ་རྒྱུ་བ་འདྲ་བས་བརྒྱན།།

ལ་ལ་མུ་ཏིག་ཕྲེང་བཅད་བཞིན།།  གླང་ཆེན་སྣ་ནས་བུས་པ་དང་།།

བྲག་ལ་ཕོག་པའི་ཆུ་འཕྲོས་པས།།  རླབས་ཀྱི་ཕྱེ་མ་རབ་ཏུ་འཕྲོ།།

རིག་འཛིན་ན་ཆུང་ཁྲུས་བྱ་ཞིང་།།  གླང་ཆེན་རྒྱལ་བའི་བསུང་དག་དང་།།

མེ་ཏོག་རྣམས་ཀྱི་ཕྱེ་མ་ཡིས།།  ཁ་ཅིག་ཏུ་ནི་བསུང་བསྒོས་བཞིན།།

ཟླ་བའི་ཆུང་མ་སྐར་མ་རྣམས།།  སྤྱི་ཡི་གདོང་ལྟ་མེ་ལོང་བཞིན།།

བྱ་རྣམས་དགའ་བ་མང་པོས་གང་།།  དེ་ཡི་སྒྲ་སྙན་རབ་ཏུ་གྲགས།།

༧ པད་མཚོར་ཁྲུས་ལ་རོལ་བའི་བཙུན་མོའི་འཁོར།

དགའ་བའི་ཚལ་ལྟར་ཉམས་དགའ་མཛེས་པའི་ཚལ།།  དེ་ཡི་བཙུན་མོའི་འཁོར་གྱིས་གང་བར་གྱུར།།

ལོངས་སྤྱོད་ཅན་གྱི་སྤྱོད་ཚུལ་མཛེས་པ་ཡི།། ན་ཆུང་ཆས་པ་རྣམས་ཀྱིས་བརྒྱན་པ་བཞིན།།

འཁྲི་ཤིང་འཁྱིལ་བས་གཏིབས་པ་ལྡིང་ཁང་བཞིན།།  མེ་ཏོག་རྒྱས་པའི་ལྗོན་ཤིང་བཀོད་པ་བཞིན།།

པདྨ་རབ་ཏུ་རྒྱས་པའི་མཚོ་འགྲམ་ན།།  བཙུན་མོ་རྣམས་ནི་རབ་ཏུ་དགའ་ཞིང་རྩེ།།

མེ་ཏོག་ཕྲེང་དང་ཁྲུས་ཀྱི་བྱུག་སྤོས་ཀྱི།།  བསུང་ཞིམ་ངད་ཀྱིས་བུང་བ་འདུས་རྣམས་ལ།།

བཙུན་མོ་ཁ་ཅིག་ལྟད་མོ་ཆེར་ལྟ་བ།།  ཡ་མཚན་ཆེར་གྱུར་བསྔགས་ཤིང་འཛུམ་པས་མཛེས།།

མེ་ཏོག་རྣ་ཆ་གསར་བས་རབ་ཏུ་མཛེས་པ་དང་།།  སྐྲ་ཡི་རྒྱན་དུ་བཏགས་པའི་ཕྲེང་བ་མཛེས་ཡོད་ཀྱང་།།

དེ་དག་མེ་ཏོག་འདོད་པས་ཚིམ་པར་མ་གྱུར་ཏེ།། དེ་བཞིན་རྒྱལ་པོའི་བཙུན་མོ་རྩེ་བས་སྙིང་མ་ཚིམ།།

མེ་ཏོག་ཤིང་ལ་བུད་མེད་མིག་ལྟ་ཞིང་།།  གཞལ་མེད་ཁང་ལ་ལྟ་བས་ཆགས་གྱུར་པ།།

པདྨའི་མཚོ་ན་བུང་བ་དངར་བ་བཞིན།།  རབ་ཏུ་མཛེས་པ་རྒྱལ་པོས་མཐོང་བར་གྱུར།།

ཀོ་ཀི་ལ་དག་མྱོས་པའི་སྒྲ་རྣམས་དང་།།  རྨ་བྱ་གར་བྱེད་བུང་བ་གླུ་ལེན་དང་།།

ན་ཆུང་ཚིག་སྨྲ་གླུ་ལེན་གར་བྱེད་པས།།  དེ་དག་དེ་ན་རབ་ཏུ་མཛེས་པར་སྣང་།།

འབྲུག་སྒྲ་ཟབ་མོ་རྔ་སྒྲ་བརྡུངས་པ་བཞིན།།  རྨ་བྱ་མང་པོ་ལྷང་ལྷང་སྒྲ་འབྱིན་ཞིང་།།

རབ་ཏུ་སྒྱུ་རྩལ་ཐབས་ཀྱིས་གར་བྱེད་པ།། རྒྱལ་པོ་དེ་ལ་རྨ་བྱ་གར་བྱེད་འདྲ།།

རྒྱ་གར་གྱི་མཁན་པོ་བིདྱྰ་ཀ་ར་སིྃ་ཧ་དང་། ཞུ་ཆེན་གྱི་ལོ་ཙྰ་བ་བནྡེ་མཉྫུ་ཤྲྰི་ཝརྨས་བསྒྱུར་ཅིང་ཞུས་ནས་གཏན་ལ་ཕབ་པའོ།

 

 

སྙན་ངག

Post navigation

Previous Post: ཀློག་དེབ་ལ་ཞེན་པ་ལོག་པའི་བོད་པ་ཚང་།
Next Post: སྤེལ་ལྗམ་དུ་བདེན་པའི་མེ་ལྕེ་སྐོར་བསྐྱོད་ལས་འགུལ་མཇུག་སྒྲིལ་བ།

Comments (34) on “སྙན་དངགས་བཏུས་མ་སྙིམ་པའི་མེ་ཏོག”

  1. ལ་དྭགས་བློ་བཟང་འཇམ་དཔལ་ says:
    2012-09-22 at 5:42 am

    སློབ་དཔོན་དཔའ་བོས་མཛད་པའི་སྐྱེ་རབས་སོ་བཞི་པ། ཐམས་ཅད་སྒྲོལ་གྱི་་སྙན་དངགས་ཡང་རྩེར་སོན་པ་ཞེས་དིང་གི་ཛམ་གླིང་སྙན་དངགས་པས་བསྔགས་བསྟོད་བྱས་པ། ཁ་བརྡའི་ལོགས་ན། ཀློག་པ་པོ་མང་པོར་ཀློག་པའི་གོ་སྐབས་སྦྱིན་པར་འགོད་པ་པོ་ལ་ཐུགས་རྗེ་ཆེ་ཞུ།།
    ཕར་ཕྱིན་རེ་རེ་ལ་སྐྱེ་རབས་བཅུ་བཅུ་འགོད་རྩིས་ཀྱིས། དཔལ་ལྡན་དཔའ་བོས་ཕར་ཕྱིན་དང་པོ་གསུམ་ལ་བཅུ་རེ་དང་། བརྩོན་འགྲུས་ལ་བཞི་བྲིས་ནས་ལུས། དུས་ཕྱིས་བོད་དུ་ཀརྨ་པ་རང་བྱུང་རྡོ་རྗེ་༡༢༨༤ནས་༡༣༣༩བར་བཞུགས་པས། སྐྱེས་རབས་རེ་དྲུག་བྲིས་ཏེ། སྐྱེ་རབས་སོ་བཞི་པའི་ཁ་སྐོང་མཛད་ཅེས་ཁུ་ནུ་བླ་མ་རིན་པོ་ཆེ་ཞལ་སྔ་ནས་ཐོས་ཤིང་བོད་རིག་གཞུང་ལ་གཅེས་པས་སྤར་པའི་དཔེ་ཆ་མཐོང་བའི་སྐལ་བཟང་བྱུང་།
    དེ་ནས་ཨནྡ་རྙིལ་གྱི་འོད་ལྟར་སྔོ།།  
    ཉི་མའི་འོད་ཀྱིས་གནམ་སྔོན་བཞུ་བ་བཞིན།།
    ཁོ་ར་ཁོར་ཡུག་ཆུ་འགྲམ་བལྟར་མི་སྣང་།།  
    གཏིང་དཔག་དཀའ་བའི་མཚོ་མཇིང་ནང་དུ་ཞུགས།།
    རང་བཞིན་བརྗོད་པའི་རྒྱན་མཆོག་ཏུ་གྱུར་པ་ཡིན་ཞེས་ཁུ་ནུ་རིན་པོ་ཆེ་ལས་ཐོས་སོ།།

  2. ཇ་མ་ says:
    2012-09-22 at 8:52 am

    སྙན་ངག་འདི་ཐེངས་ཁ་ཤས་ཀློག་དགོས་བྱུང་། ངོ་མ་སྙན་མོ་འདུག འབྲལ་མི་ཐུབ་པའི་ཚོར་སྣང་བྱུང་། ཁོ་རེ།

  3. ཀླུ་སྨྱོན། says:
    2012-09-22 at 3:54 pm

    དཔའ་བོ་རབ་ཏུ་བྱུང་རྗེས་ལག་པ་འདར་བཞིན་བྲིས་པ་ཡིན་ནམ། ཕངས་པ་ལ་མཛེས་མ་ཚོའི་ལུས་ཀྱི་སྒང་གཤོང་བྲིས་མི་འདུག མཛེས་མའི་སྐོར་དེར་བྲོ་བ་དེ་ཙམ་འདུག ཡུལ་ལྗོངས་ཀྱི་སྐོར་དེ་ཧ་ལས་པ་རེད།

  4. ཀླུ་སྨྱོན། says:
    2012-09-22 at 3:55 pm

    དུས་ཚོད་ཡོད་དུས་ཤིག་ལ་ངས་སློབ་དཔོན་དཔའ་བོའི་མིག་དང་ལག་པའི་ཚབ་བྱས་ཏེ་མཛེས་མ་ཁྲུས་ལ་རོལ་བའི་ངང་ཚུལ་དམར་རྗེན་མ་ཞིག་འབྲི་གོ

  5. མགོན་པོ་ཕྱག་གཉིས་པ། says:
    2012-09-22 at 5:00 pm

    ཁོང་གི་ཡུལ་ལྗོངས་ཞིབ་འབྲི་དག་ལ་དམིགས་བསལ་གྱི་ཁྱད་ཆོས་མ་འདྲ་བ་ཞིག་དང་བྲོ་བ་ཞིམ་པོ་ཞིག་འདུག རི་མོ་བཞིན་དུ་ཡིད་ལ་ཤར་ཡོང་བ་རྐྱང་བྲིས་མི་འདུག་གམ། ད་རུང་འདི་འགྱུར་རྩོམ་ཞིག་རེད་མོད། རང་སྐད་ཀྱི་མ་རྩོམ་ངོ་མ་ཡིན་ན་དེ་ལས་ཀྱང་ལོས་སྙན་སྙམ།

  6. སྙན་བཟང་གཡུང་དྲུང་ཚེ་རིང says:
    2012-09-22 at 5:36 pm

    རྒྱ་གར་གྱི་སྙན་ངག་མཁན་པོ་ཚོའི་དམིགས་བསལ་གྱི་ཁྱད་ཆོས་གཙོ་བོ་གཅིག་ནི་ཡུལ་ལྗོངས་ཞིབ་འབྲི་འདི་མ་རེད་དམ། རྒྱུ་མཚན་ག་རེ་ཡིན་ནམ། སྙན་དངགས་འདི་ག་དུས་བོད་ཡིག་ཏུ་བསྒྱུར་པ་རེད་དམ། དེང་སང་སྙན་དངགས་འདི་བསྟན་འགྱུར་ཁྲོད་དུ་བཞུགས་སམ། སྒྱུར་མཁན་གཉིས་ཀ་དང་བཅས་པ་ངོ་སྤྲོད་ཐུང་ཐུང་རེ་གནང་ཐུབ་ན་ཡུམ་མི་དགའ་ན།

  7. ཀླུ་སྨྱོན། says:
    2012-09-22 at 5:42 pm

    སྙན་གཞུང་མེ་ལོང་མའི་ནང་གི་དཔེ་བརྗོད་ཅིག་ཏུ། རི་བོ་རྔ་མོང་སྒལ་བ་བཞིན། །འདྲ་བོ་ཞིག་ཡོད། དེ་ངོ་མ་རྒྱ་གར་དུ་སོང་མྱོང་མཁན་ཞིག་ཡིན་ན་དཔེ་འཇོག་གསོན་པོ་ཞིག་རེད།

  8. སྙན་བཟང་གཡུང་དྲུང་ཚེ་རིང says:
    2012-09-22 at 5:50 pm

    དེང་སང་རྒྱ་གར་གྱི་སློབ་གྲྭ་ཁག་ཏུ་སྙན་གཞུང་ག་རེ་འཁྲིད་ཀྱི་ཡོད་དམ། མཛེས་མ་ཁྱོད་ཀྱི་ལག་མཐིལ་ནི།། ཆུ་སྐྱེས་བཞིན་དུ་ཀུན་དུ་དམར། ཞེས་པ་འདི་འདྲ་རྒྱ་གར་དུ་སོང་མ་མྱོང་མཁན་རྣམས་ཀྱིས་དོན་དག་ངོ་མ་དེ་གོ་དཀའ་སེ་འདུག་གཱ

  9. སྙན་བཟང་གཡུང་དྲུང་ཚེ་རིང says:
    2012-09-22 at 6:16 pm

    འབྲེལ་ཐག་འདི་ན་སློབ་དཔོན་དཔའ་བོའི་རྣམ་ཐར་བསྡུས་པ་ཞིག་བདོག་ལགས། http://tb.tibet.cn/2010rw/zjxz/201206/t20120625_1754850.htm

  10. ཡར་ཁམས་ཁྲི་རྒྱལ། says:
    2012-09-22 at 7:27 pm

    ཀླུ་སྨྱོན་ལགས། གལ་སྲིད་ཁྱེད་ལ་དུས་ཚོད་ཡོད་ན་ང་དང་འབྲེལ་བ་གནང་དང་། ངས་ཁྱོད་མཛེས་མའི་ལུས་ཡོངས་སུ་རྫོགས་པ་དམར་རྗེན་ཁོ་ན་ལས་མཐོང་ས་མེད་པའི་འཁོར་ཡུག་ཞིག་ཁྲིད་ནས་སྙན་ངག་དམར་ལྷང་ངེ་བ་ཞིག་བྲིས་བཅུག་ནས་ང་ཚོས་རོལ་ན་འདོད།། །།

  11. ཡར་ཁམས་ཁྲི་རྒྱལ། says:
    2012-09-22 at 7:55 pm

    སློབ་དཔོན་དཔའ་བོའི་སྙན་ངག་དེ་འདྲ་ཞིག་རེད་འདུག ཡུལ་དུས་དབང་གིས་སྙན་པོ་ཡོད་རྒྱུ་རེད།། །།

  12. ཀརྡོ་གཉེར་ཕྱག་པ་ says:
    2012-09-22 at 9:51 pm

    ནག་མོ་འཁོལ་དང་དབྱུག་པ་ཅན། །
    དཔའ་བོ་དང་ནི་བོད་མཁས་པ། །
    ཤེཀ་ཕིའར་དང་ནི་ཏྲེ་གོར་སོགས། །
    སྙན་དངགས་མཁན་པོ་ཡིན་ཞེས་གྲག །

    སྙན་ངག་མཁན་པོ་དངོས་གནས་ནི། །
    རྟག་ཏུ་ངུ་བའི་ལེའུ་སོགས། །
    མཛད་མམཁན་ཤྰཀྱ་ཐུབ་པ་དང་། །
    དབྱངས་ཅན་མོ་དང་འཇམ་དཔལ་དབྱངས། །

  13. ཀརྡོ་གཉེར་ཕྱག་པ་ says:
    2012-09-22 at 9:54 pm

    རྒྱན་གྱི་བསྟན་བཅོས་མཛད་པོ་དང་། །
    རྒྱན་རྒྱན་སྙན་ཚིག་མཛད་པོ་གཉིས། །
    སུ་ལ་སྙན་དངགས་མཁན་ཞེས་གྲགས། །
    དེ་ལ་ལན་ཞིག་སུ་ཡིས་ཐེབས། །

  14. ཀརྡོ་གཉེར་ཕྱག་པ་ says:
    2012-09-22 at 9:57 pm

    རྒྱན་རྒྱན་རྒྱན་ཅན་ལ་བཅོས།

  15. ཀརྡོ་གཉེར་ཕྱག་པ་ says:
    2012-09-22 at 10:15 pm

    དཔའ་བོ་རྟ་དབྱངས་ཕ་ཁོལ་དང་། །
    མ་ཁོལ་དང་ནི་ཐུབ་དཀའ་ནག །
    དྲེགས་པས་ནང་བསྟན་སྣུབ་འདོད་ཀྱང་། །
    སྙན་པའི་ངག་གིས་ནང་བསྟན་སྤེལ། །

  16. ཀརྡོ་གཉེར་ཕྱག་པ་ says:
    2012-09-22 at 10:30 pm

    དད་པས་གཞན་ལ་ཕན་བྱེད་སེམས་དེ་བཟང་། །
    བཟང་དེ་སེམས་བྱེད་ཕན་ལ་གཞན་པས་དད། །
    དང་།
    བྱམས་པས་རོགས་དགའ་ཀུན་མཐུན་ལེགས། །
    ལེགས་མཐུན་ཀུན་དགའ་རོགས་པས་བྱམས། །

  17. ལ་དྭགས་བློ་བཟང་འཇམ་དཔལ་ says:
    2012-09-22 at 11:43 pm

    མཛེས་མ་ཁྱོད་ཀྱི་ལག་མཐིལ་ནི།། ཆུ་སྐྱེས་བཞིན་དུ་ཀུན་དུ་དམར།
    ཀུན་དུ་དམར། ཞེས་པར། རྒྱ་གར་སྐད་དུ། ཨཱ་ཏམྲ། ཞེས་ཏམྲ་ཟངས་དང་དམར་པོར་འཇུག ཨཱ་ཞེས་པ་སྐབས་ཀྱི་དབང་གིས། ཀུན་དང་ཅུང་ཟད་ལ་ཡང་འཇུག་པས། འདིར། ཆུ་སྐྱེས་བཞིན་དུ་ཀུན་དུ་དམར། ཞེས་པ་ཧ་ཅང་དམར་དྲགས་ན། མཛེས་པ་མ་ཡིན་པར་འགྱུར་བས། སྔོན་གྱི་བོད་ཀྱི་མཁས་པ་འགས། ཆུ་སྐྱེས་བཞིན་དུ་ཅུང་ཟད་དམར། ཞེས་གསུང་ཚུལ། བླ་མ་རིན་པོ་ཆེ་ཞལ་སྔ་ནས་ཐོས། སྟབས་ལེགས་ཀྱིས་མེ་ལོང་མ་འདིའི་རྩ་བའི་ལེགས་སྦྱར་ཡོད་ཀྱང་། ཡོངས་གྲབས་ཆེར་མ་ཡིན་པས། རྒྱ་གར་སློབ་གྲྭ་ཁག་གི་སློབ་ཚན་དུ་བཀོད་པ་ཞིག་མཐོང་ཐོས་མེད། བོད་མཐོ་རིམ་སློབ་གྲྭ་མ་ཚུགས་གོང་དུ། བདག་སོགས་བོད་རིགས་སློབ་གྲྭ་པ་ཁ་ཤས་ཀྱིས། བྱང་ཆུབ་སེམས་ཀྱི་རྣལ་འབྱོར་པ་ཆེན་པོ། ཁུ་ནུ་བླ་མ་རིན་པོ་ཆེ་བསྟན་འཛིན་རྒྱལ་མཚན་ཞལ་སྔ་ནས། བསྟན་བཅོས་འདིའི་ལེའུ་གསུམ་ཀའི་བཀའ་ཁྲིད་ཞུས་པའི་སྐལ་བཟང་བྱུང་ཡང་། གཞུང་འདི་ལེགས་པར་སྦྱངས་མ་ཐུབ་པ་ལ་གཟོད་གསོལ་ཞུ་དགོས་པ་ལགས་སོ།།

  18. ལ་དྭགས་བློ་བཟང་འཇམ་དཔལ་ says:
    2012-09-22 at 11:50 pm

    བོད་དུ། རྟ་དབྱངས་དང་། དཔའ་བོ་སོགས་གང་ཟག་གཅིག་ཏུ་ངོས་འཛིན་ཀྱང་། འདི་གཉིས་ཀྱི་བསྟན་བཅོས་ཀྱི་རྗོད་བྱེད་ཀྱི་ཚིག་སོགས་གཏན་ན་མི་འདྲ་བས། རྒྱ་གར་དུ་ད་ལྟ་མཁས་པ་རྣམས་ཀྱིས་གང་ཟག་གཅིག་ཏུ་མི་བཞེད་དོ།།

  19. ཀརྡོ་གཉེར་ཕྱག་པ་ says:
    2012-09-23 at 12:05 am

    སྟབས་ལེགས་མེ་ལོང་མ་ཡི། །
    རྩ་བའི་ལེགས་སྦྱར་ཡོད་ཀྱང་། །ཟེར།

  20. ཟུར་གནས། says:
    2012-09-23 at 12:30 am

    ད་འདིར་མཁས་པ་ང་ཡིན་ཁོ་ཡིན་ཟེར་མཁན་ཤ་སྟག་གིས། ཁོང་རྣམས་པའི་ཡོན་ཏན་དང་གོ་བ་ལ་བརྟེན་ནས་འདིའི་ཁྱད་ཆོས་ཚོར་བ་ནི་གཏན་གཏན་མཁས་པ་ཁོང་རྣམ་པའི་དག་སྣང་དང་ཡོན་ཏན་འབའ་ཞིག་ལ་བརྟེན་ནས་ཡོང་མོད། མི་བླུན་པོ་ང་ལྟ་བུ་ཞིག་གིས་སྙན་ངག་འདི་བཀླགས་རྗེས། ཧ་ལས་ཧོར་ཐོར་དགོས་པའི་ཁྱད་ཆོས་ཤིག་མཐོང་མ་སོང་།

    ང་རང་སྙན་ངག་ཀློག་མ་ཤེས་པ་དང་གོ་བ་ལོན་མ་ཐུབ་པ་ཡིན་པར་གོར་མ་ཆགས། སྙན་ངག་གི་ནུས་པ་ནི་དེའི་བརྗོད་བྱ་དང་བརྗོད་བྱེད་ལ་ལྟོས་དགོས་པ་ཚང་མས་ཞལ་བཞེས། སློབ་དཔོན་དཔའ་བོའི་སྙན་ངག་གི་ནང་དོན་དམིགས་བསལ་གང་ཡང་མ་རེད། འདུ་འཛོམས་སམ་ཐུགས་སྤྲོ་ཞིག་གི་རྣམ་པ་རེད། ཧ་ལས་དགོས་པའི་ནང་དོན་མ་རེད། དེ་བཞིན་རྒྱན་དེ་ཚོ་ཡང་། འཕྲུལ་འཁོར་གྱི་མིས་བྲིས་པ་ལྟ་བུ། བུད་མེད་ཀྱི་རྣམ་པ་མེ་ཏོག་ལ་དཔེ་འདྲ་མིན་བཞག་ནས་བསྟན་པ་འདི་ཧ་ལས་དགོས་ཡས་མིན་འདུག་སྙམས།

    ང་རང་ཧ་ལས་དགོས་པ་ནི། བོད་པ་ང་ཚོ། དཔྱད་པའི་གསོན་སྟོབས་མེད་ཅིང་། གསར་གཏོད་ཀྱི་མིག་ཆུང་ལ། ཐོས་པའི་ནོར་ཉུང་བས། རྒྱ་གར་ཞིག་གིས་བྲིས་ཚེ་དེ་ཡག་པོ་རེད་ཟེར། རྒྱ་གར་གི་སྐྱག་པ་ཡིན་རུང་དེ་ལ་དམིགས་བསལ་གྱི་བྲོ་བ་ཡོད་པར་འདོད་པའི་རང་ལ་མཐོང་ཆུང་དང་ཡིད་ཆེས་མེད་པའི་བློ་དེར་ང་རང་ཧ་ལས་སོང་། བོད་པའི་སྙན་ངག་ནང་ལ་སྔོན་མ་ཆུ་བོ་གང་ག་གཏིང་ཟབ་པ་དང་རྒྱ་ཆེ་བ། དེ་བཞིན་དྭངས་གསལ་གྱི་དཔེར་བཞག་འདུག། དངོས་སུ་གང་ག་མཐོང་སྐབས། ཁ་ལ་བཏུང་རྒྱུ་ལྟ་ཅི། རྐང་པ་ཡང་བཅུག་མ་ཕོད་པའི་འདུ་ཤེས་སྐྱུར་མོ་ཞིག་སྤྲད་བྱུང་།

    དགེ་འདུན་ཆོས་འཕེལ་དང་། མི་ལ། དེ་བཞིན་རྒྱལ་བ་ཚངས་དབྱངས་རྒྱ་མཚོའི་སྙན་ངག་འདི་ཚོ་ཀློག་སྐབས། སློབ་དཔོན་དཔའ་བོའི་སྙན་ངག་ནི་བྲོ་བ་དང་ཚོར་བ་དེ་ཙམ་མེད་པའི་རྩེད་མོའི་སྙན་ངག་ལྟ་བུར་མཐོང་།

    ང་རང་རྒྱ་གར་གྱི་སྙན་ངག་མ་ཤེས་སྟབས་དེ་ལྟར་མྱོང་བ་བསླེབས་པ་ངོས་འཛིན་བྱེད།

  21. ཀརྡོ་གཉེར་ཕྱག་པ་ says:
    2012-09-23 at 3:15 am

    རྒྱན་གྱི་བསྟན་བཅོས་རྒྱས་ཤོས་མཛད་མཁན་རྒྱ་གར་པ་ཡིན་པ་འདྲ། བོད་ལ་ཡང་སྔར་ཡོད་སྲོལ་རྒྱུན་སྙན་དངགས་ཡོད་ཐོག རྒྱ་དཀར་ནས་དར་བར་བས་ཤིན་ཏུ་ཕྱུག་པོ་ཡིན་ས་རེད།
    སྤྱིར་སྙན་དངགས་ལ་མཐའ་དང་མུ་མེད་ལ། ད་དུང་རང་རང་ལུང་པའི་ནང་གི་སྐད་དང་་མཐུན་པའི་སྙན་ཚིག་ཐུན་མོང་མིན་པ་མང་དག་ཡོད་པས། གཅིག་ཡག་ལ་གཅིག་ཉེས་པ་བརྗོད་ན་ཏག་ཏག་ཅིག་སྡོད་མི་སྲིད་པ་དེ་ཡང་ཤེས་དགོས་སོ། །

  22. ལུང་རྟོགས། says:
    2012-09-23 at 4:49 am

    གློག་ཕྲེང་རྒྱུ་བའི་འོད་འབར་ལྕེ་གཡོ་བ།།  སྦྲུལ་ནག་མགོ་མང་བཞིན་དུ་མདོག་སྔོ་བའི།།

    སྤྲིན་གྱིས་ཉི་མའི་ལམ་ཡང་བསྒྲིབས་པར་གྱུར།། འབྲུག་སྒྲ་འཇིགས་སུ་རུང་བ་རྒྱུན་མར་གྲགས།།

  23. མགོན་པོ་ཕྱག་གཉིས་པ། says:
    2012-09-23 at 10:41 am

    ཟུར་གནས།
    དགེ་ཆོས་ཀྱི་སྙན་ངག་ལ་དམིགས་བསལ་གྱི་བྲོ་བ་མ་འདྲ་བ་ཞིག་ཡོད་པ་རེད། ཡིན་ན་ཡང་། ཁོང་ནས་ཁོར་ཡུག་དང་ཡུལ་ལྗོངས་ཞིབ་འབྲི་བྱས་པའི་སྙན་ངག་དེ་འདྲ་ཉིན་མོའི་སྐར་མ་ཙམ་ཡིན་པས་དེ་ལ་བཟང་ངན་དང་བྲོ་བ་ཇི་འདྲ་ཞིག་ཡོད་མེད་བརྗོད་ཐབས་བྲལ་ཡང་། བྱ་ལེན་མ་མངོན་པར་ཤེས་པའི་ཟློས་གར་དེའི་ནང་ཤིང་རྟ་འདྲེན་པའི་རྟ་རྣམས་རྒྱུགས་པའི་ངང་ཚུལ་དེ་ནི་ནག་མོ་ཁོལ་གྱི་ཞིབ་འབྲི་ངོ་མཚར་ཆེ་ཐོག་དགེ་ཆོས་ཀྱི་སྒྱུར་རྩལ་དེའང་ངོ་མཚར་ཆེ་བར་སྙམ། སྲབ་ལས་ཐར་ནས་མགྱོགས་འགྲོ་འདི་རྣམས་གཉའ་བ་ཀུན་ཏུ་བརྐྱངས་གྱུར་ཅིང་།། གཡོ་མེད་འགྲེང་བའི་རྔ་ཡབ་ཅོད་པཎ་སྤྱི་བོའི་གཙུག་ན་ལྷང་ངེར་གནས།། རང་གིས་གཙུབ་པའི་ཆེ་བའི་རྡུལ་གྱི་རྡུལ་ཕྲན་དག་ཀྱང་མ་རེག་པར།། རི་དྭགས་བང་ལ་འགྲན་པ་བཞིན་དུ་རྣ་བ་ཀྲོང་ཞིང་རྒྱུགས་པར་བྱེད།། ལྟ་བུ། གཞན་ཡང་། ཆུ་བུམ་བཏེགས་ལས་དམར་བའི་ལག་པ་ཕྲག་པའི་ངོས་ནས་ལྷུང་གྱུར་ཅིང་།། བཞིན་རས་རྔུལ་གྱི་དྲ་བའི་ཁུར་གྱིས་རྣ་བའི་མེ་ཏོག་འཕྱང་བར་ལྡན།། བཅིང་བ་རབ་བྲལ་འཛིངས་པའི་མགོ་སྐྱེས་ཡ་གཅིག་ལག་པའི་འཛིན་བཞིན་དུ།། ད་དུང་ཚད་ལས་འདས་པའི་དབུགས་ཀྱིས་ནུ་མ་ཟུང་དག་འགུལ་བར་བྱེད།། ལྟ་བུའོ།
    དངོས་པོའི་གནས་ཚུལ་དང་སྣང་ཚུལ་ཞིབ་འབྲི་བྱེད་སྟངས་ལ་བོད་པ་ལུས་ན་སྤུ་མེད་ཚོས་རྒྱ་གར་ཨ་ར་ཅན་ཚོར་འགྲན་པའི་གོ་སྐབས་ཡེ་ནས་བྲལ། སློབ་དཔོན་དཔའ་བོ་དང་ནག་མོ་ཁོལ་གཉིས་ཀྱི་སྙན་ངག་ལས་ཡུལ་ལྗོངས་ཞིབ་འབྲི་བྱེད་སྟངས་ལ་མཚུངས་ཆོས་ཤིག་འདུག མི་འདྲ་ས་དེ་ནག་མོ་ཁོལ་གྱིས་ཕྱི་རོལ་ཡུལ་གྱི་སྣང་ཚུལ་མང་པོ་ཞིག་འདོད་ལྡན་གྱི་བུད་མེད་དང་བརྩེ་བ་དང་འདོད་པ་སོགས་ལ་སྦྱར་ནས་བྲིས་ཡོད་པས་ཡིད་འགུགས་པའི་ཁྱད་ཆོས་ལྷག་ཏུའང་ལྡན། སློབ་དཔོན་དཔའ་བོ་རབ་བྱུང་པ་ཞིག་ཡིན་པས་ཀྱང་ལོས་ཡིན།

  24. ཟུར་གནས། says:
    2012-09-23 at 11:26 am

    མགོན་ཕྱག་ལེགས། ༼ཁོ་རེ། ཁྱེད་མི་འཇོན་པོ་དང་ལེགས་པོ་རེད་ཟེར་བ་མིན་། རྒན་ལ་དྭགས་པ་འཇམ་དཔལ་ལགས་ཀྱི་ཨུ་ཚུགས་དང་རྙོག་གྲ་ཤོད་པར་འཇིགས་ནས་འདི་ལྟར་འབྲི་བཞིན་ཡོད། རྗེས་མ་རྒྱལ་བ་རིན་པོ་ཆེ་མཇལ་དུས། ༧གོང་ས་མཆོག་ལེགས་ཅེས་བརྗོད་སྐབས། རྒྱལ་བ་རིན་པོ་ཆེ་ལེགས་ཀྱིས་ལན་ཇི་ལྟར་རྒྱག་གམ་སྙམ་པའི་འདྲི་བ་ཤར་གྱི་འདུག་ད་དུང་ཨ་མདོ་བ་ཚོས་ཨ་ལགས་ཟེར་བ་འདིར། ད་ནས་བཟུང་ཨ་ལེགས་ཅེས་འབྲི་བཞིན་ཡོད། ༽དགོངས་དག་ལོ། དེ་ཞར་ལ་འཕྲོས་སོང་།

    ཁྱེད་ཀྱི་བཤད་པའི་རྒྱུ་མཚན་འདི་བདེན་པར་སྣང་རུང་། ད་དུང་དཔྱད་པ་བྱེད་དགོས་སྙམ། རྒྱུ་མཚན་ནི། ང་རང་ཚོ་ཐོས་པའི་གནས་སྐོར་དེ་ཆུང་བའི་རྐྱེན་གྱིས་ཡིན་ནམ། ངོ་མ་བོད་ཀྱི་སྙན་ངག་པ་ཚོར་གོང་གི་ཡོན་ཏན་མི་ལྡང་བ་ཡིན་པ་བཤད་ཚོད་མི་ཐིག། དཔེར་ན། བོད་པས་བྲིས་པའི་བྱ་མགྲིན་སྔོན་ཟླ་བའི་རྟོགས་བརྫོད་དང་། ཟངས་ཏོག་པད་རིའི་གནས་ཡིག། ཛ་ལན་ཊའི་ལམ་ཡིག་སོགས་སུ། ཁོར་ཡུག་དང་ཡུལ་ལྗོངས་རྒྱས་པར་བྲིས་ཡོད་པའི་དྲན་པ་ངའི་སྣང་བར་ཡུད་ཙམ་ཤར་རུང་། ལག་ཐོག་ལ་དཔེ་ཆ་འདི་དག་མེད་པས་ཞིབ་པར་ཞུ་ཚོད་མི་ཐིག་པས། གནས་སྐབས་དཔྱད་པ་བྱ་རྒྱུའི་གནས་སུ་འཇོག

    ཡིན་ནའང་མགོན་ཕྱག་ལེགས། རྒྱ་གར་གྱི་སྙན་ངག་ཀློག་ཀློག་ནས་ལྷོག་ཡོང་དུས། ཚང་མ་སྐྱར་བཟློས་ལྟ་བུ་འདུག་སྙམ། དཔེར་ན། བུད་མེད་ཀྱི་རྒྱན་ཞིག་བྲིས་ན། མེ་ཏོག་ག་གེ་མོ་ཞིག་དཔེ་ལ་སྦྱར་བ། དེ་བཞིན་རྒྱལ་པོའི་ཡོན་ཏན་ཞིག་བྲིས་ཚེ། རང་བྱུང་ཁམས་ཀྱི་དངོས་པོ་ག་གེ་མོ་ཞིག་དཔེ་ལ་སྦྱར་བ་ལྟ་བུ། གང་ལྟར་སྙན་ངག་ཞིག་ཀློག་དུས། ཟུར་བལྟས་ལེབ་མཐོང་གི་གནས་སྟངས་སུ་གྱུར་ནས། ཚོར་བ་ཆེན་པོ་ཞིག་སྐྱེས་པར་ངོ་མ་བློ་ལ་བཙན་བཅོས་བྱེད་དགོས་ཀྱི་འདུག། འདི་ངའི་ཉམས་མྱོང་ཡིན།

  25. ཟུར་གནས། says:
    2012-09-23 at 11:32 am

    ད་དུང་ཞུ་རྒྱུ་གཅིག་ལ། རྒྱ་གར་བའི་རིག་གཞུང་ནང་ལ་སྒྲོ་བཏགས་དང་འུར་ཤོར་པ་དེ་ལེགས་ཆར་འཛིན་པས། ཁྱེད་ཀྱི་གསུངས་པའི་ཁོར་ཡུག་དང་ཡུལ་ལྗོངས་དེ་ཚོ་ཇི་ཙམ་དངོས་ཡོད་དང་མཚུངས་མིན་ཤོད་པར་དཀའ།

  26. མགོན་པོ་ཕྱག་གཉིས་པ། says:
    2012-09-23 at 12:22 pm

    བོད་ཀྱི་དངོས་པོའི་སྣང་ཚུལ་ཞིབ་འབྲི་བྱེད་སྟངས་དང་རྒྱ་གར་གྱི་ཞིབ་འབྲི་བྱེད་སྟངས་གཉིས་ཅུང་ཟད་མ་འདྲ་བ་ཞིག་འདུག ཞིབ་ཚགས་མིན་དང་སྙན་ཆ་ཆེ་མིན་ལ་ཁྱད་པར་ཤིན་ཏུ་ཆེ།
    རྗེ་རིན་པོ་ཆེས་བསྟོད་སྤྲིན་རྒྱ་མཚོའི་ནང་། འཇམ་པའི་དབྱངས་ཀྱི་དཔེ་བྱད་ལ་སྦྱར་བ་དེ་ཚོ་དང་། འཇིགས་མེད་དབང་པོས་གཏམ་པདྨའི་ཚལ་གྱི་ཟློས་གར་ནང་གི། ཆར་རླུང་གིས་ཆག་ཆག་ཉིལ་ཉིལ་བཏང་བའི་སྐྱེད་ཚལ་དང་གསེར་སྦྲང་གཡུ་སྦྲང་གཉིས་ཀྱི་ངང་ཚུལ་དེ་ཚོ་ཡག་པོ་ཞིབ་འབྲི་བྱས་ཡོད་པ་རེད། ཆེས་ལེགས་ཤོས་ཤིག་ནི་རྗེ་བཙུན་སྒྲོལ་མའི་ལྷ་ཆོས་ཀྱི་ལོ་རྒྱུས་གཡུ་ལོ་བཀོད་པའི་དགའ་ཚལ་ནང་གི། སེང་གེ་སོགས་ཀྱི་ངང་ཚུལ་བྲིས་ཡོད་པ་དེ་འདྲ་བོད་ཡིག་ནང་མཐོང་དཀོན། དེ་ལ་སློབ་དཔོན་དཔའ་བོ་དང་ནག་མོ་ཁོལ་གྱི་ཞིབ་འབྲི་བྱེད་སྟངས་དང་འདྲ་ས་མང་པོ་འདུག སྙན་ངག་མིན་ནའང་། བོད་ཀྱི་རྟ་བཤད་དམ་རྟ་དཔྱད་དེ་ཚོ་ཞིབ་ཚགས་པོ་ཞེ་དྲག་ཡོད་པ་རེད། རྟའི་མགོ་རྣ་སྣ་མིག་ཡ་མགལ་མ་མགལ། སུག་ལག་རྔ་རྔོག་ཚུད་ཆད་ཞིབ་བཤད་བྱས་ཡོད་པ་རེད།

  27. སྦྲ་ནག་གཡག་སྙིང་། says:
    2012-09-23 at 12:31 pm

    སྙན་ངག་ཡོངས་སྐྲགས་མོ་ཞིག་ཡག་གི ཚིག་རྐང་ལ་ལ་སྐྲགས་མོ་ཞིག་ཞིབ་གི ཤིང་གི་གྲིབ་མས་སྒྲིབ་པའམ་བཅད་པས་ཀུ་མུ་ཏ་༼ཁ་ཅིག་ཟླ་བའི་དུམ་བུ་འདྲ༽ ཟེར་བ་དང་། གླང་ཆེན་གྱི་སྣས་བྲག་ལ་གཏོར་བའི་ཆུ་དྭངས་མོ་ཕྱིར་ཟགས་མར་འཕྲོ་ཡོང་བ་སོགས་སྙིང་གསེང་གི་རྩ་ཕྲན་དུ་འཛུལ་བ་དེ་འདྲ་འདུག

    དེ་མིན་སྙན་མི་སྙན། ཞིབ་མི་ཞིབ་སོགས་རྒྱ་གར་ལ་ཡོད་པ་དང་། བོད་ལ་མེད་པ་སོགས་ཚིག་ཐག་བཅད་ནས་བཤད་རྒྱུ་དཀའ་མོ་རེད། རྒྱ་གར་ནས་བོད་ལ་འགྱུར་བའི་སྙན་དངགས་རིགས་ད་ལྟ་བོད་ཀྱི་རྩོམ་རིག་གི་ཆ་ཤས་ཤིག་ཡིན་པའང་ང་ཚོ་ཚང་མས་ལོས་ཤེས། རྒྱ་གར་ནས་ཡོང་བའི་སྙན་ངག་༼ཟླ་བའི་དུམ་བུ་༽འདྲ་བོ། ༼གསེར་ཕྱེའི་རི་མོ༽འདྲ་བོ། ལོ་ཙྭ་བ་དྲིན་ཆེན་ཚོས་སྒུམ་ཡོང་བ་དེ་ཚོ་འབོར་ཆེ་ཉན། ཨ་དེ་རིང་སྙན་ངག་ཞིམ་པོ་ཞིག་ཀློག་ཐུབ་པས་དགའ་བ་ལ།

  28. མགོན་པོ་ཕྱག་གཉིས་པ། says:
    2012-09-23 at 2:00 pm

    ཟུར་གནས།
    ་་རྒྱ་གར་བའི་རིག་གཞུང་ནང་ལ་སྒྲོ་བཏགས་དང་འུར་ཤོར་པ་དེ་ལེགས་ཆར་འཛིན་པས།་་ ཟེར་ན་ལན་འདེབས་དཀའ་བ་ཞིག་རེད། འབེན་མེད་སར་མདའ་ཇི་ལྟར་འཕེན་དགོས་པ་ཆ་མ་མཆིས། དཔེ་ཁ་ཤས་དྲངས་ཡོང་ན་དེ་ནས་དེའི་ཐོག་བསམ་ཚུལ་བཤད་ཆོག
    ཁོང་གིས་བཞེངས་པའི་ཁོར་ཡུག་དང་ཡུལ་ལྗོངས་དེ་ཚོ་དངོས་ཡོད་ཡིན་ན་རེད། རྟོག་བཟོ་ཡིན་ན་རེད། ཞིབ་ཚགས་པོ་དང་ང་ཚོའི་བློ་ངོར་འཆར་རྒྱུ་ཡོད་པ། སྙན་ཆ་ཆེ་བ། ཡིད་དབང་འཕྲོག་པར་བྱེད་པ་ཞིག་བྲིས་ཡོད་པ་རེད།
    སྤྱིར་བཏ་རྒྱ་གར་ཞེས་བཤད་ན་དེ་ནི་རྒྱ་ཆེ་དྲག་པ་ཞིག་ཡིན་པས་ངས་ནི་བཤད་ཚོད་མི་ཐུག་པ་ཞིག་རེད། ནག་མོ་ཁོལ་གྱི་སྤྲིན་གྱི་ཕོ་ཉ་དང་སློབ་དཔོན་དཔའ་བོའི་སྐྱེས་རབས་སོ་བཞི་པའི་ནང་གི་སྙན་ངག་དེ་ཚོའི་སྐོར་བཤད་ན་སུ་ཡིན་ནའང་བཤད་རྒྱུ་ཡོད་རྒྱུ་རེད། སྙན་ངག་སྤྲིན་གྱི་ཕོ་ཉ་ལྟ་བུ་ཞིག་བོད་ནང་དུ་ད་སྔ་སུ་ཞིག་ནས་བྲིས་ཡོད། སློབ་དཔོན་དཔའ་བོའི་གོང་གི་སྙན་ངག་འདི་འདྲའང་དཀོན་ཚོད་རེད། གཡུ་ལོ་བཀོད་པའི་དགའ་ཚལ་དེ་ངོ་མ་གོང་གི་འབྲི་སྟངས་དང་འདྲ་ས་མང་པོ་ཞིག་འདུག

  29. མགོན་པོ་ཕྱག་གཉིས་པ། says:
    2012-09-23 at 2:24 pm

    ད་རུང་རྩོམ་ལེགས་པོ་གླེང་འདོད་པ་ཞིག་ནི་གཞོན་ནུ་དྲུག་གི་རྟོགས་བརྗོད་དེ་རེད། ཚིག་སྦྱོར་འབྲེལ་ཞིང་སྤེལ་ལེགས་པ། སྡེབ་སྦྱོར་བཟང་བ་བཅས་ལ་བལྟས་ན་འདི་ནི་བོད་རྩོམ་ཞིག་རེད་བསམས་པ་ལས་འགྱུར་ཞིག་ཡིན་པའི་རྣམ་པ་ཕྲ་མོ་ཙམ་ཡང་མེད་ནའང་། མགོར་རྒྱ་གར་སྐད་ཡོད་པ་ནས་ས་ཆ་སོགས་ཀྱི་མིང་། རྒྱན་གྱི་རྣམ་པ་དང་བརྗོད་བྱ་རྗོད་བྱེད་ཀྱི་ཚིག་དོན་མང་པོ་ཞིག་ལ་བལྟས་ཡོང་ན་རྒྱ་གར་གྱི་རྩོམ་ཞིག་མིན་ནམ་སྙམ་པ་སྟེར་བ་ཞིག་ཡོད་པ་རེད། གལ་སྲིད་དེ་བོད་རྩོམ་ཞིག་ཡིན་ན་ནི་འགྲན་པའི་དཔེ་ཟླ་གང་དུ་སུ་ཡིས་འཚོལ།

  30. མགོན་པོ་ཕྱག་གཉིས་པ། says:
    2012-09-23 at 2:27 pm

    གལ་ཏེ། དེ་འགྱུར་རྩོམ་ཞིག་ཡིན་ན་ནི་སྒྱུར་མཁན་གྱི་ཚིག་རྩལ་ལ་འགྲན་འཛིན་མཁན་སུ་ཞིག་མཆིས།

  31. མགོན་པོ་ཕྱག་གཉིས་པ། says:
    2012-09-23 at 5:02 pm

    སློབ་དཔོན་དཔའ་བོའམ་རྟ་དབྱངས་ཀྱི་སྐོར་ལ་རྒྱ་ཡེ་བཀྲ་པོས་བྲིས་པའི་རྩོམ་ཞིག་འདི་ན་འདུག ངས་བལྟས་ན། སློབ་དཔོན་རྟ་དབྱངས་དང་དཔའ་བོ་གཉིས་གཅིག་པ་ཡིན་མིན་ཐད་ད་དུང་དཔྱད་དགོས་པར་འདུག་སྙམ།
    http://www.tibetology.ac.cn/za/component/content/article/314-2010-05-26-09-22-57/4744-2010-05-31-08-26-06?view=article&id=4744%3A2010-05-31-08-26-06&catid=314%3A2010-05-26-09-22-57

  32. ཀརྡོ་གཉེར་ཕྱག་པ་ says:
    2012-09-23 at 11:57 pm

    ་་་་་་་ མི་འདྲ་ས་དེ་ནག་མོ་ཁོལ་གྱིས་ཕྱི་རོལ་ཡུལ་གྱི་སྣང་ཚུལ་མང་པོ་ཞིག་འདོད་ལྡན་གྱི་བུད་མེད་དང་བརྩེ་བ་དང་འདོད་པ་སོགས་ལ་སྦྱར་ནས་བྲིས་ཡོད་པས་ཡིད་འགུགས་པའི་ཁྱད་ཆོས་ལྷག་ཏུའང་ལྡན། སློབ་དཔོན་དཔའ་བོ་རབ་བྱུང་པ་ཞིག་ཡིན་པས་ཀྱང་ལོས་ཡིན། ་་་་་ཟེར།

  33. ཀརྡོ་གཉེར་ཕྱག་པ་ says:
    2012-09-26 at 2:26 am

    ཇོ་ནང་ཏྰ་ར་ནྰ་ཐའི་ཆོས་འབྱུང་ལས།
    དེ་ལ་སློབ་དཔོན་མ་ཁོལ་ནི་གོང་དུ་ཅུང་ཟད་བརྗོད་པའི་བྲམ་ཟེ་ཐུབ་དཀའ་ནག་པོ་དེ་ཉིད་ཡིན་ཏེ། དཔའ་པོ་དང་། རྟ་དབྱངས་དང་། མ་ཁོལ་དང་། ཕ་ཁོལ་དང་། ཐུབ་དཀའ་དང་། ཆོས་ལྡན་རབ་འབྱོར་དང་། མ་ཏི་ཙི་ཏ་རྣམས་མཚན་གྱི་རྣམ་གྲངས་སུ་གྲགས་པ་ཡིན་ནོ། ཞེས་གསུངས་འདུག ཤོག་གྲངས་༩༧ནང་ལ།

  34. ཀརྡོ་གཉེར་ཕྱག་པ་ says:
    2012-09-26 at 2:29 am

    རྒྱ་གར་ནང་གི་ལྷོ་ཤར་གྱི་སྙན་དངགས་གཉིས་སུ་ཕྱེ་དགོས་དོན་ཅིག་སུས་གསུང་ཐུབ་བམ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (93)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (62)
  • ཨེ་ལི་སི། (53)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (35)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme