Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

སྙན་ངག་བཞི་བཅུར་དཔྱད་པ།

Posted on 2012-10-102012-10-10 By ཁ་བརྡ་ 36 Comments on སྙན་ངག་བཞི་བཅུར་དཔྱད་པ།

བོན་རྒྱ་བསྟན་འཛིན་རབ་རྒྱས།

“ཟླ་བ་དཀར་པོ་ཨེ་རེད་” ཅེས་པའི་སྙན་ངག་གི་སྡེ་བར་དཔྱད་པ།

དཔྱད་གཞིའི་སྙན་ངག་དག་སྦྲེལ་ཐག་འདི་ན་ཡོད་པ་ནས་གཟིགས་་རོགས།

ད་སྔོན་བྲིས་ཚར་བའི་ཁ་བྱང་གཅིག་པའི་སྙན་ངག་བཞི་བཅུ་ཉེ་བར་ཕྱིར་མིག་ཅིག་བལྟས་ན། འུ་ཚང་གི་སྙན་ངག་ནི་ཚིག་གི་རོལ་རྩེད་ཙམ་ལས་འདའ་ཐུབ་ཀྱི་མེད་པ་དེ་གསལ་བོ་དག་པོ་བྱས་ནས་མཐོང་ཐུབ་ཀི་འདུག ཟབ་མོའི་རྣམ་དཔྱོད་ཀྱིས་སྙན་ངག་ལ་བལྟས་ན། སྙན་ངག་ཅེས་པ་ནི་ཚིག་གི་རོལ་རྩེད་ཙམ་མིན་པར། བསམ་བློའི་བསྡུས་གཟུགས་ཤིག་དང་གཉུག་མའི་གནས་ལུགས་ཤིག་ཡིན་དགོས་ལ། ཆེས་ཉམ་ཐག་ནའང་ཚོར་བ་དངོས་མ་ཞིག་ཡིན་དགོས་མོད། ཟླ་བ་དཀར་པོ་ཨེ་རེད་ཅེས་པའི་སྙན་ངག་བཞི་བཅུར་ཉེ་བའི་ནང་ན་བསམ་བློ་དང་གཉུག་མའི་ཁམས་གཏན་ནས་མེད་པ་མ་ཟད། ཐ་ན་ཚོར་བའང་མེད་པར་མིག་ཤེས་ཀྱི་སྣང་ཚོད་ཉིད་ལ་གྱུར་འདུག་པས། མཉམ་བྲིས་སྙན་ངག་གི་སྡེ་འདི་ལས་འུ་ཚང་གི་ཤེས་ཡོན་པའི་སྡེ་ཡི་བསམ་བློའི་སྐྱོ་ཉམས་ཤིག་ཚོར་ཐུབ་པ་མ་ཟད་དཔེ་ཀློག་གི་ཐན་པའང་ཚོར་ཐུབ་ཀྱི་འདུག ཐེངས་འདིའི་མཉམ་བྲིས་སྙན་ངག་པའི་ནང་དུ་འབྲོང་གི་རྭ་ཡིན་ཟེར་མཁན་དང་། སྟག་གི་ཤ་མ་ཡིན་ཟེར་མཁན་ཡང་རེ་ཟུང་འདུག་མོད། དེ་དག་གིས་ཀྱང་དགུང་གི་ཟླ་བའི་ཁ་དོག་དང་དེའི་ནང་གི་རི་བོང་བྲིས་ནས་བསྡད་འདུག་པས། དེ་དག་གི་སྙན་ངག་ནང་དུ་བསམ་བློ་ཞིག་གང་ན་ཡོད། ཐ་ན་དཔེ་ཀློག་རྒྱ་ཆེ་བའི་རྟགས་ཙམ་ཡང་མཐོང་དཀའ་བས། ད་ཐེངས་ངས་སྤྲིན་རུམ་ལ་ཟུག་པའི་ཁྱེད་ཅག་གི་རྭ་ཅོ་དང་ཤ་མ་གང་ཡང་མ་མཐོང་ཐལ་ཞེས་བསྙད་འདོད་བྱུང་།

ཕལ་ཆེར་གཅན་མེ་སྟག་གིས་ཁ་བྱང་འདིའི་ཆེད་དུ་བསམ་བློའི་གཏིང་རུམ་བསྔོག་ཡོད་པ་མ་ཟད། ཚོར་བའི་ཟུག་རྔུའང་བཟོད་དཀའ་བ་ཞིག་མྱངས་ཡོད་ཚོད་དེ། ཉིན་གྱི་ཉི་འོད་ག་ལ་དྭངས། མཚན་གྱི་ཟླ་བའང་དཀར་པོ་མིན་པའི་དུས་ཚོད་ནི་འགྲོ་བ་མི་སུས་ཀྱང་བརྒལ་མྱོང་མོད། དེ་འདྲའི་དུས་རབས་བརྒལ་མཁན་གྱི་མི་རིགས་ག་ཚོད་བྱུང་མྱོང་། དེ་ལྟའི་དུས་རབས་ཤིག་ལ་གོ་མེད་ཚོར་མེད་དུ་གཉིད་འདུག་མཁན་གྱི་མི་རིགས་ག་ཚོད་ཡོད་དམ། གལ་སྲིད་མུན་ནག་དེར་གས་ཁ་ཅུང་ཤོར་ཏེ་མུན་ནག་གི་ཞལ་ཁེབས་རིལ་གྱིས་ཡར་བཀྱགས་ནའང་ཟླ་བ་དཀར་པོ་རེད་ཅེས་སྨྲ་ཐུབ་མཁན་ཡོད་དམ་ཞེས་གཅན་མེ་སྟག་གི་《ཟླ་བ་དཀར་པོ་ཨེ་རེད།》ཅེས་པའི་སྙན་ངག་གི་བསྟན་བབ་ལྟར་དྲི་བའི་ནང་ནས་དྲི་བ་ཕྱུངས་དང་། ད་གཟོད་ཟླ་བ་དཀར་པོ་ཡིན་མིན་ནི་དགུང་གི་ཟླ་བའི་ཁ་དོག་དང་ཟླ་གཟུགས་ཁྲོད་ཀྱི་རི་བོང་ལ་འབྲེལ་བ་ཞིག་མེད་པ་ཤེས་སླ་མོད། འུ་ཚང་གི་སྙན་ངག་པ་ཚོས་ཁ་བྱང་འདི་ལས་དགུང་ན་གོར་གྱིས་ཤར་བའི་ཟླ་གཟུགས་ཙམ་ལས་གཏན་ནས་བློས་བསླངས་བྱེད་ཐུབ་ཀྱི་མི་འདུག སྙན་ངག་གི་སྡེ་བ་འདི་རུ་བདག་གི་གྲོགས་པོ་རོང་བོ་གངས་དཀར་གྱིས་ནམ་ཆ་སྟོད་ སྨད་བར་གསུམ་ལ་སྦྱར་ནས་དྲི་བ་རེ་བཀོད་པ་དང་། ད་དུང་གྲོགས་ལྷམ་ཀོག་གིས་གེ་སར་བཟའ་ཟླ་གཉིས་དང་ཨ་ཁུ་ཁྲོ་ཐུང་ལ་སྦྱར་ནས་ཟླ་བ་དཀར་ནག་གི་བསམ་ཚུལ་ཞིག་སྤེལ་འདུག་མོད། ཚིག་སྦྱོར་བདེ་བ་ཙམ་ལས་དེའི་ནང་ནས་བསམ་བློའི་ཆ་ཞིག་མ་མཐོང་བ་མ་ཟད། སྙན་ངག་ལ་དགོས་པའི་གཉུག་མ་གཤིས་ཀྱི་དེ་ཉིད་དང་དྭངས་མ་ཁྲག་གི་ཚོར་བ་གང་ཡང་མ་མཐོང་ཐལ། ལྷག་པར་ལོ་རྒྱུས་ཀྱི་དཔེ་ཀློག་དང་སྦྱར་ནས་བལྟས་ནའང་རིག་འཛིན་ཚངས་དབྱངས་རྒྱ་མཚོ་དང་འཕྱོངས་རྒྱས་ཟླ་བ་སྒྲོལ་མ་སོགས་ལོ་རྒྱུས་ངོས་ཀྱི་ཟླ་བ་དཀར་པོ་དང་འབྲེལ་བའི་གཏམ་རྒྱུད་ལ་བགྲང་རུང་བ་ལས་གེ་སར་དང་ཁྲོ་ཐུང་སོགས་ནི་འབྲེལ་ཆགས་གང་ཡང་མིན་ནོ། །

དེ་ནས་རེ་རྐང་གླིང་གིས་སྙན་ངག་གསར་རྙིང་གི་ལྟ་བའི་འགལ་ཟླ་ལ་སྦྱར་ནས་ཟླ་བ་དཀར་ནག་གི་སྐོར་བྲིས་འདུག་པ་ནི་བསམ་བློའི་ཆ་ངེས་ཅན་ཞིག་ཡོད་ཚོད་དེ། བརྡ་སྤྲོད་མེ་ལོང་མར་སྙན་ངག་ཅེས་འུར་འུར་བའི་རྨོངས་མུན་དེ་ཡར་བཀྱགས་ནས་སྙན་ངག་གི་གཉུག་མ་ཆོས་ཀྱི་དེ་ཉིད་ངོས་ནས་ཕྱིར་བལྟས་ཤིག་བྱས་ན་འུ་ཚང་གི་སྙན་ངག་གི་ཟླ་བ་དཀར་པོ་ཡིན་མིན་གྱི་གསལ་ཆ་ཞིག་རྙེད་ངེས་པ་རེད་སྙམ། དེ་ནས་རྒན་དཔའ་རྩེ་ལགས་ཀྱིས་རྟེན་འབྲེལ་གྱི་རིགས་པ་དང་སྦྱར་ནས་ཟླ་བ་དཀར་པོ་ཨེ་རེད་ཅེས་པའི་སྙན་ངག་ཅིག་བྲིས་འདུག་པ་ནི་བསམ་ཞིང་བསམ་ཞིང་གོ་བ་སྔོག་རྒྱུ་ཡོད་པ་དང་སྣང་བརྙན་སྣ་ཚོགས་ལེན་རྒྱུ་ཡོད་པ་ཞིག་ཏུ་སྣང་བས། ཧ་ཅང་བློར་བབས་སོང་།

དེ་མིན་གྱི་སྙན་ངག་ཅེས་སུ་བསྙད་པ་རྣམས་ནི་ཚིག་གི་རོལ་རྩེད་ཤ་སྟག་གིས་བཟུང་བ་མ་ ཟད། སྙན་ངག་པ་ཁ་ཤས་ཀྱིས་ཚིག་གི་སྡེབ་སྦྱོར་དང་བྱེད་འབྲེལ་གྱི་དག་ཆའང་འབྱེད་མ་ཐུབ་པར་ཚིག་ནད་པ་དང་སྦྱོར་བ་ཆག་རོ་ཁ་ཤས་བསྟར་ནས་བཞག་ཡོད་པས་སྙན་ངག་གི་སྡེ་བ་འདི་ནའང་དོན་དམ་གྱི་སྙན་ངག་གཅིག་དང་གཉིས་ལས་མེད་པ་གསལ་བོ་རེད། ཡིན་ནའང་། གཅན་མེ་སྟག་ལགས་ཀྱིས་《ཟླ་བ་དཀར་པོ་ཨེ་རེད་》ཅེས་པའི་ཁ་བྱང་ཡག་པོ་ཞིག་བདམས་ནས་ན་གཞོན་ཚོ་འུར་ཆེན་པོ་ཞིག་བསླངས་པར་གུས་འདུད་ཞུ་འོས་པ་མ་ཟད། གཟབ་ནན་གྱིས་ཁ་བྱང་གཅིག་པའི་སྙན་ངག་ཨེ་ཕྲིས་ལ་འབད་པའི་ན་གཞོན་ཚོར་ཡང་ཡི་རངས་དང་བསྔགས་བརྗོད་ཞུ་འོས་པ་ཡིན། རྒྱུ་མཚན་ནི། འདི་ནི་རིག་གནས་ཀྱི་ལས་འགུལ་ཡག་པོ་ཞིག་ཏུ་གྱུར་འདུག་པས་ཀུན་གྱིས་ཆ་ཤས་ལེན་རྒྱུ་གལ་ཆེན་རེད། སྐད་ཡིག་ཉམས་ཉེས་ཀྱི་ཉེན་ཁ་ཆེས་ཆེ་བའི་སྐབས་འདིར་། ཐབས་ལམ་འདི་འདྲ་བརྒྱུད་ནས་རིག་གནས་ཀྱི་ཟུངས་གསོ་དགོས་པ་ལས། ཐབས་ལམ་དམིགས་བསལ་བ་གཞན་མེད་ཚོད་རེད་སྙམ་གྱིན་ཡོད།

མཉམ་བྲིས་སྙན་ངག་གི་ཁ་བྱང་དང་པོར་སྤེལ་མཁན་ནི་སྙན་ངག་པ་གཅན་མེ་སྟག་ལགས་ཡིན་ལ། ཁོང་གི་ཟིན་བྲིས་མཇུག་ལ་ཟླ་བ་དཀར་པོ་རེད་མ་རེད་ཅེས་མཆན་མང་པོ་སྤེལ་བ་ལ་ཁོང་གིས་”ཤུ”ཞེས་ལན་ཞིག་བརྒྱབ་ཡོད།

དཔྱད་རྩོམ།

Post navigation

Previous Post: མེ་་་་་་།
Next Post: ད་ལྟ། ང་ནི་་་་་་་་་་་་་

Comments (36) on “སྙན་ངག་བཞི་བཅུར་དཔྱད་པ།”

  1. མེ་ཏོག་དཀར་པོ། says:
    2012-10-10 at 1:06 pm

    འདི་སུས་བྲིས་སམ།

  2. སྦྲ་དཔལ་ལྡན། says:
    2012-10-10 at 1:20 pm

    བདག་ལ་མཚོན་ན་གོང་གི་རྩོམ་ཡིག་དེ་ཐེངས་ཤིག་ལ་བཀླགས་མྱོང་མོད། སྙན་ངག་དེའི་སྒྱུ་རྩལ་དང་ཕྱོགས་གང་ནས་བལྟས་ན་ཧ་ཅང་དམིགས་བསལ་པ་ཞིག་མཐོང་སོང་། འོན་ཀྱང་ངས་བལྟས་ན་ ད་དུང་འུ་ཚོའི་བཙན་བྱོལ་སྤྱི་ཚོགས་ནང་ལ་སྙན་ངག་དེའི་བྲོ་བ་མྱངས་མཁན་ཧ་ཅང་དཀོན་པས་ གཅན་མེ་སྟག་གིས་ ཤུ་་ཟེར་པའི་ལན་དེ་ ང་ཚོ་དང་འབྲེལ་བ་ཆེན་པོ་མཏོང་སོང་།

  3. མེ་ཏོག་དཀར་པོ། says:
    2012-10-10 at 1:32 pm

    ཤུ་ལ་ག་རེ་གོ་རྒྱུ་ཡོད་རེད། ཧཧཧཧཧ་ཧིཧིཧིཧི་འདི་དག་ལའང་གོ་རྒྱུ་ཡོད་ངེས།

  4. ཀརྡོ་གཉེར་ཕྱག་པ་ says:
    2012-10-10 at 1:36 pm

    ཟླ་བ་དཀར་པོ་རེད། ང་ཚོའི་ཕ་ཡུལ་སྐད་ལ་ཟླ་བ་ལ། ཟླ་དཀར་ཟེར།

  5. མེ་ཏོག་ལྷ་མཛེས། says:
    2012-10-10 at 1:51 pm

    སྦྲ་དཔལ་ལྡན་ཁྱོད་ཀྱིས་ཤེས་མདོག་མ་བྱེད། སུས་བྲིས་གསལ་པོ་མེད་པའི་རྩོམ་ཐུང་འདི་ལ་གོ་རྒྱུ་ཅི་ཡང་མི་འདུག དེ་ལས་ཁོ་མོས་གླུ་ཞིག་བླངས་བཏང་ན་དེ་ཡག་་ས་རེད།

  6. ཀརྡོ་གཉེར་ཕྱག་པ་ says:
    2012-10-10 at 2:04 pm

    ཁོ་མོ་ཟེར་ན་ག་རེ་རེད། ཁོ་དང་མོ་ཡི་སྡུས་ཚིག་མིན་ནམ། དེ་བས་ཁོང་མོ་ཞེས་ཞེ་ས་ཅིག་དང་འཁྲུལ་ནོར་ཐེབས་པ་མིན་འགྲོ དཔྱད་དགོས།

  7. གནམ says:
    2012-10-10 at 7:12 pm

    ཤེས་ནས་བྲིས་ན་བཀའ་བཀྱོན་ཅིག།
    མ་ཤེས་འལ་བྲིས་ན་བཀའ་བཀྱོན་ཞིག།
    བཀའ་བཀྱོན་ཅན་གྱི་ཁ་རྒོད་ཚོ།།
    ཁ་བ་རི་བའི་མྱི་གཤིས་རེད།

  8. འདྲེ་རྐང་ཐོ། says:
    2012-10-10 at 7:27 pm

    མེ་ཏོག་ལྷ་མཛེས་ཡིན་ན་ཁྱོས་ཉོན་་་་་་རྩོམ་ཡིག་གི་རིན་ཐང་ལ་དཔྱད་དགོས་པ་ལས་་་་སུས་བྲིས་དྲིས་ནས་མཇལ་དུ་འགྲོ་གི་ཡིན་པས་ལགས།

  9. མུན་འཇོམས་ says:
    2012-10-10 at 7:55 pm

    ཟླ་བའི་ཁ་དོག་ལ་བལྟས་ནས་ཟླ་དཀར་བརྗོད་པ་དང་། ཞལ་རས་ཀྱི་མདོག་ལ་བརྟེན་ནས་ཞལ་རས་དཀར་པོ། ཞལ་རས་ནག་པོ། ཞལ་རས་སེར་པོ་བཅས་བརྗོད། རང་རང་མིག་གི་ནུས་པ་ལ་བརྟེན་ནས་དཀར་པོ་འཛིན་པའི་མིག་ཤེས་ཀྱིས་དཀར་པོའི་རྣམ་པ་སྐྱེ་བ་དང་། སྔོན་པོ་འཛིན་པའི་མིག་ཤེས་ཀྱིས་སྔོན་པོའི་རྣམ་པ་སྐྱེ། འདིས་ཁ་དོག་གཞན་ལའང་རིགས་པ་མཚུངས། གང་ལྟར་རྟ་དཀར་པོའི་བསྡུས་གྲའི་རིགས་ལམ་མ་ཤེས་ཙང་གནས་ཚུལ་འདི་ལྷག་པ་རེད།

  10. གཡུ་བྲག་པ says:
    2012-10-10 at 10:41 pm

    ཧ་ཧ་ཧ། རྩོམ་ཟེར་ཡ་ར་བསྡུས་བསེ་བསྡུས་ནང་གི་ཁ་དོག་དཀར་དམར་འདྲ་ཞིག་གང་ནས་ཡིན།

  11. མེ་ཏོག་དཀར་པོ། says:
    2012-10-11 at 12:05 am

    “མཉམ་བྲིས་སྙན་ངག་གི་ཁ་བྱང་དང་པོར་སྤེལ་མཁན་ནི་སྙན་ངག་པ་གཅན་མེ་སྟག་ལགས་ཡིན་ལ། ཁོང་གི་ཟིན་བྲིས་མཇུག་ལ་ཟླ་བ་དཀར་པོ་རེད་མ་རེད་ཅེས་མཆན་མང་པོ་སྤེལ་བ་ལ་ཁོང་གིས་”ཤུ”ཞེས་ལན་ཞིག་བརྒྱབ་ཡོད།” འདིའི་ནང་གི་”ཤུ”ལ་གོ་རྒྱུ་ག་རེ་ཡོད་དམ།

  12. ལེགས་བཤད། says:
    2012-10-11 at 12:27 am

    སྙན་ངག་ཅེས་པའི་ཚིག་གི་རོལ་རྩེད་ནི་བསམ་བློའི་བསྡུས་གཟུགས་ཤིག་ཡིན། འོན་ཀྱང་གཉུག་མའི་གནས་ལུགས་ཤིག་ཡིན་པས་ངེས་བ་མེད། ཟླ་བ་དཀར་པོ་ཨེ་རེད། ཅེས་པའི་དྲི་བ་དེ་ལ་ཚིག་གིས་དྲིས་པ་དང་སེམས་ཀྱིས་དྲིས་པ་གཉིས་ཡོང་ཆོག་གི་རེད། དོན་ལ་ཟླ་བ་དཀར་པོ་མ་ཡིན་པར་ཟླ་འོད་ལ་བརྟེན་ནས་བཏགས་པ་རེད། སྙན་དངགས་ཀྱི་སྐབས་བསིལ་བ་དང་ཁྱད་ཆོས་དཀར་པོ་ཡིན་པ་བསམ་བློའི་ཉམས་དང་འབྲེལ་ནས་བརྗོད་འདོད་ཀྱིས་དྲངས་བ་རེད། དོན་ལ་གནས་གཅིག་ལ་མཚན་མོར་བསིལ་བ་དང་ཉིན་མོ་ཚ་བ་ཡོད་པ་ཉིན་མཚན་བརྗེ་བསྒྱུར་ལ་བརྟེན་ནས་བྱུང་བ་རེད། སྤྱིར་རྗོད་བྱེད་ཀྱི་སྒྲ་ནི་བརྗོད་པར་འདོད་པའི་ཀུན་སློང་དང་འབྲེལ་ནས་འོངས་པ་ཡིན་སྟབས། བོད་མཁས་པས་ཁྱོད་ནི་རྡོའི་སེངྒེ་དང་འདྲ་ཞེས་པ་ལྟ་བུ་ཚིག་གིས་དངོས་སུ་བརྗོད་ཉམས་ཤིག་བསྟན་གྱི་ཡོད་ཀྱང་དོན་ལ་བེམ་པོ་ཞིག་དང་འདྲ་བར་བསྟན་གྱི་ཡོད་པ་རེད།

  13. རྡ་སའི་གླུ་བ། says:
    2012-10-11 at 1:09 am

    སྦྲེལ་ཐག་འདི་བརྒྱུད་ནས་ཟླ་བ་དཀར་པོ་ཨེ་རེད་ཅེས་པའི་སྙན་ངག་དག་བཀླགས་པ་ཡིན། འདིར་བོན་རྒྱ་ལགས་ཀྱིས་བཤད་པ་ལྟར་སྙན་ངག་ཁ་ཤས་ལ་དངོས་གནས་རོལ་མྱོང་བྱ་རྒྱུ་ཡོད་པ་ཞིག་རེད་འདུག ཁ་ཤས་ཤིག་ལ་ཚིག་གི་སྤྲོས་པ་ཕྲེང་ལ་བསྟར་བ་ཞིག་ལས། དོན་གྱི་གནད་ལ་འབིགས་པའི་བསམ་བློའི་བསྡུས་གཟུགས་ཤིག་མཐོང་དཀའ་ལ། གཉུག་མའི་སེམས་གཤིས་ཤིག་ཚོར་དཀའ་བ་འདུག ཡིན་ཡང་། འདི་ལྟར་ཁ་བྱང་གཅིག་གི་ཐོག་ནས་སྨྱུག་ཐོགས་པ་མང་པོ་ཞིག་སྡེབ་ལངས་བྱས་ན་གཅིག་གིས་གཅིག་གི་བསམ་བློའི་མཚོན་ཤུགས་དང་སྙོབ་ཚད་ལ་ཐིག་ཅིག་འདེབས་ཐུབ་པ་ཞིག་རེད།

  14. བློ་བཟང་། says:
    2012-10-11 at 2:30 am

    སྙན་ངག་གི་སྡེ་པ་དེས་བྲིས་པའང་བལྟས་ཟིན་ལ་དཔྱད་པའང་བལྟས་ཟིན། མདོར་དེད་ན་གང་བྲིས་བྲིས། གང་བཤད་བཤད་འདྲ་བོ་ཅིག་མཐོང་བ་ལས་བློ་བསྐྱེད་འདྲ་རེ་བ་མི་འདུག ཟླ་བ་དཀར་པོ་ཨེ་རེད་ཅེས་པའི་དྲི་ཚིག་དེས་ཟླ་བ་དང་ཟླ་འོད། ད་དུང་མུན་ནག་དང་ཚ་གདུག་བཅས་ལ་ལྟོས་བཅས་ཀྱིས་སེམས་ཚོར་ཞིག་འབྲི་རྒྱུ་ལས། སྙན་ངག་པ་དགེ་འདུན་ཆོས་འཕེལ་ལགས་གདན་འདྲེན་ཞུས་པ་ཡིན་ནའང་ཅང་འབྲི་རྒྱུ་ཨེ་ཡོད། གཞན་དུ་བོན་རྒྱས་ཁ་བྱང་འདིར་སེམས་ཚོར་སྤྲོས་མཁན་ཚོར་དཔེ་ཀློག་གི་ཐཱན་པ་ཡོང་དོགས་ཀྱང་བཤད་འདུག་ནའང། ཁོའི་དཔྱད་པ་འདིར་ཡང་ཐཱན་པ་སྤྱི་མཚུངས་འཐིབས་འདུག་པ་དེས་མང་པོ་བཤད་འདུན་ཡང་འགག་སོང།

    དེས་ན། ཁོ་བོས་ཉེ་སྔོན་བོད་ཀྱི་དུས་བབ་ཟིན་བྲིས་སུ་རས་པས་བྲིས་པའི་ཟླ་བ་དཀར་པོ་ཨེ་རེད་ཅེས་པའི་སྙན་ངག་དེ། བོད་ནང་གི་སྙན་ངག་གི་སྡེ་གན་དང་དཔྱད་པ་འདི་དག་ལས་བླ་ལྷག་ཏུ་འཕགས་འདུག་ཅེས་ཀྱང་ཞུ་ཐལ་སོང།།

  15. སྨུ་ཐག་གི་བུ་རྒྱུད། says:
    2012-10-11 at 2:33 am

    སྤྱི་ཚོགས་ཆུང་ཆུང་འདིའི་ནང་ལ། ལབ་རྒན་མགོ་མཐོ་མང་གི་འང་།

  16. བློ་བཟང་། says:
    2012-10-11 at 2:42 am

    རྨུ་ཐག་གི་བུ་རྒྱུད་ཡ། ལབ་རྒྱག་མིན་ལའང་སྤྱི་ཚོགས་ལ་ཆེ་ཆུང་ཡོད་དགོས་པ་རེད་པེ། སྤྱི་ཚོགས་ཆུང་ཆུང་ཟེར་བ་དེ་མི་གྲངས་ལ་བལྟས་ནས་བཤད་ཀི་ཡོད་དམ། དེ་ལས་གྲུབ་ཆ་བལྟས་ན་ཡག་གི་རེད། ཁྱེད་ནས་འདི་ལྟར་སྐད་ཆ་ཚིག་གཅིག་གི་མགོ་རྔའང་ཡག་པོ་འཁྱོང་གི་མེད་དུས་ལབ་རྒྱབ་ཆོག་ན་གཞན་རྣམས་ལྟ་ཅི།

  17. ནག་ཐར་སྐྱིད། says:
    2012-10-11 at 4:40 am

    མ་གཞི་ནས་རབ་རྒྱས་ལགས་ཀྱི་དཔྱད་རྩོམ་འདི་ལ་ཁྱད་ཆོས་ཕུན་སུམ་ཚོགས་ཡོད་པ་འདྲ་ཞིག་འདུག་སྟབས། གང་ཐུབ་ཀྱིས་གོ་བ་རེ་ལོན་ན་བསམ་པའི་རེ་བ་ཆེན་པོ་བྱེད་ཀྱིན་ཡོད། འོན་ཀྱང་ཐོག་མར་རང་ཉིད་རྒྱུས་མངའ་དབེན་པའི་མིང་ཚིག་ཁ་ཤས་ཟུར་ལ་བཏོན་ནས་བཀའ་འདྲི་མི་བྱེད་ཐབས་མེད་བྱུང་། ༼གཉུག་མའི་གནས་ལུགས་༽ ༼གཉུག་མའི་ཁམས༽ ༼གཉུག་མ་གཤིས༽༼་གཉུག་མ་ཆོས༽ མིང་འགྲེལ་ལམ་དོན་འགྲེལ་རེ་ཡོང་བ་ཞུ།

  18. རང་ལ་ལྟོས། says:
    2012-10-11 at 6:14 am

    ཤིན་ཏུ་ལེགས།

  19. ལ་དྭགས་བློ་བཟང་འཇམ་དཔལ་ says:
    2012-10-11 at 7:12 am

    ཁྱེད་མཁས་པ་རྣམས་ཀྱི་སྙན་ངག་གམ་སྙན་དངགས་ལ་བགྲོ་གླེང་གི་ཞར་ལ་བོད་ཚིག་དག་གི་མིང་མཐའ་འདྲེན་ཚུལ་ཡང་མཐུན་པ་ཞིག་འབྱུང་ན། མ་འོངས་བོད་སྐད་ཀྱི་སློབ་མ་རྣམས་ཕན་ངེས། དེ་ཡང་། གཞི་རྩོམ་དང་། མཆན་བུ་རྣམས་ན། མིང་མཐའ་འདྲེན་ཚུལ་ལ་མི་མཐུན་པ་དང་། བསྟན་བཅོས་ཀྱི་སྐད་ལྟར་བཅོས་རྒྱབ་དགོས་པ་འདི་དག་ལགས།
    གསལ་པོ། གསལ་བོ། སྡེ་པ། སྡེ་བ། མཐོང་བ་མ་ཟད། གིས་བཟུང་བ་མ་ཟད། དཀར་པོ་དང་འབྲེལ་བའི། ཞེས་སོ།།

  20. སྨུ་ཐག་གི་བུ་རྒྱུད། says:
    2012-10-11 at 7:46 am

    བློ་བཟང་ཀྱེ། སྤྱི་ཚོགས་ཆུང་ཆུང་ཟེར་བ་མི་གྲངས་ལ་ལྟོས་ལོ་དགོས། སྐབས་འདིར་ཤེས་ཡོན་པའི་དཔུང་ཁག་གི་གྲངས་ཚད་ལའང་གོ་དགོས་པ་རེད། བློ་བཟང་བློ་བཟང་པོ་ཞིག་ཡིན་ན་ཞིབ་མོར་འཆད་དགོས་དོན་ཡོད་རྒྱུ་མ་རེད། ཧ་ཧ་ཧ།

  21. འབའ་བློ། says:
    2012-10-11 at 7:25 pm

    ཟླ་དཀར་མ་རེད་ཟླ་ནག་རེད། བོད་ལ་ཟླ་ནག་ལོ་ནག་ཤར་ཡོད་རེད།

    བོད་ས་རྒྱ་ཡི་བཙན་གྱིས་བཟུང་ཡོད་རེད། སྤུན་ཟླ་ལྔ་བཅུ་མེ་ཡི་ཚིག་ཡོད་རེད།

  22. བོན་རྒྱ་བསྟན་འཛིན་རབ་རྒྱས། says:
    2012-10-12 at 12:52 am

    མཆན་སྤེལ་དྲ་གྲོགས་ཚོར་བསུ་མ་དང་ལྷན། དྲ་གྲོགས་ནག་ཐར་སྐྱིད་ཞུ་བ་ལགས་ཀྱི་དྲི་བར་ལན་མདོར་ཙམ་ཞུས་ན། གཉུག་མ་ཞེས་པ་ལ་འཇུག་ས་རེ་ཟུང་ཡོད་ཚོད་དེ། དཔེར་ན། འདུལ་བའི་གླེགས་བམ་ནང་ན་གཉུག་མའི་དགེ་འདུན་ཟེར་བ་ཡོད། དེ་ན་ཡུལ་དེར་ཡོད་པའི་དགེ་འདུན་པར་འཇུག་པ་ཡིན། ཡང་གཉུག་མའི་ཡེ་ཤེས་དང་། གཉུག་མའི་ལུས་ཟེར་བ་ལྟ་བུའང་ཡོད། ད་དུང་། བླ་མ་ཆོས་སྐུ་རྡོ་རྗེའི་ཐུགས། །འོད་གསལ་གཉུག་མ་དེ་ལ་འདུད། །སྐལ་ལྡན་ཕྱི་རབས་དོན་ཆེད་དུ། །རང་སེམས་རྩ་བའི་མན་ངག་བྲི། །རང་སེམས་གཉུག་མ་ངོ་སྤྲོད་ཅིང་། །རིག་པ་ངོས་འཛིན་མན་ངག་འདི། །སྐལ་ལྡན་ཤེས་རབ་བྱང་ཆུབ་ལ། །རྟོགས་ལྡན་བླ་མ་སྙི་སྒོམ་གསུངས། །དེ་ནས་བརྒྱུད་ནས་བདག་དང་འཕྲད། །མན་ངག་བླ་མའི་གསུང་བཞིན་དུ། །སློབ་མའི་སེམས་ཀྱི་གནས་བཙལ་བ། །རིག་པ་གནད་དུ་གདབ་པར་བྱ། །ཟེར་བ་ལྟ་བུའང་ཡོད་པ་རེད། སྤྱིར་ན་གཉུག་མའི་གཤིས་ཞེས་པ་ནི་ངོ་བོའི་གནས་ལུགས་དང་གདོད་མའི་དོན་ལ་འཇུག་པ་རེད། དཔེར་ན། བརྡ་སྤྲོད་རིན་ཆེན་གཏེར་ཁྱིམ་ཚིག་མཛོད་མུན་སེལ་སྒྲོལ་མར་དྲངས་པ་ལས་གཉུག་མའི་གཤིས་ནི་ངོ་བོའི་གནས་ལུགས་དང་གདོད་མ་ཞེས་གསུངས་པ་ལྟ་བུ་རེད། གཉུག་མར་གནས་པ་ནི་རྒྱུན་ཏུ་དེར་སྡོད་པ་ལ་འཇུག་པ་དཔེར་ན་རྡ་སར་གཉུག་མར་གནས་པའི་མི་མང་ཟེར་བ་ལྟ་བུ་རེད། སྐབས་འདིའི་༼གཉུག་མའི་གནས་ལུགས་༽ ༼གཉུག་མའི་ཁམས༽ ༼གཉུག་མ་གཤིས༽༼་གཉུག་མ་ཆོས༽ཟེར་བ་སོགས་ནི་ངོ་བོའི་གནས་ལུགས་དང་ཆོས་རྣམས་ཀྱི་གདོད་མའི་ལྷད་མེད་ཀྱི་ཁམས་དང་། ངོ་བོའི་གཤིས་དང་ངོ་བོའི་དེ་ཉིད་རྣམས་སུ་འཇུག་པ་ཡིན། རྒན་ལ་དྭགས་བློ་བཟང་ལགས་ཀྱིས་བསམ་ཚུལ་སྤེལ་བ་ལ་ཐུགས་རྗེ་ཆེ་ཞུ། དེ་དག་ནི་ངེས་པར་དོ་སྣང་གཟབ་་ནན་ཞུ་དགོས་པའི་གནས་ཤ་སྟག་རེད་འདོད།

  23. ནག་ཐར་སྐྱིད། says:
    2012-10-12 at 5:10 am

    དྲ་གྲོགས་རབ་རྒྱས་ལགས། དཔྱད་རྩོམ་འདིའི་མགོ་མཇུག་གང་ནས་བལྟས་ཀྱང་༼གཉུག་མའི་གནས་ལུགས་༽ ༼གཉུག་མའི་ཁམས༽ ༼གཉུག་མ་གཤིས༽༼་གཉུག་མ་ཆོས༽ ལྟ་བུ་བརྗོད་ཚིག་འདི་དག་གིས། བརྗོད་གཞིའི་གནད་དེ་སྤས་བའམ། བཀབ་པ། གཡོགས་བ། རབ་རིབ། སབ་སིབ་ཀྱིས་ཁེངས་འདུག་བསམ་ཐོག ཅི་ལ་ཡང་མ་འཛེམས་པར་གང་བསམ་དེ་ཐད་ཀར་སྐུ་ཉིད་ལ་བཀའ་འདྲི་བྱས་བ་ཙམ་ཡིན། རེ་བཞག་ལྟར་བཀའ་ལན་འབྱོར་སོང་བ་ནང་བཞིན་དགའ་ནས་ཡོད་དེ། གོ་བ་མ་ལོན་ས་དང་དོགས་བློ་འབྱུང་སའི་གནད་དག་འདི་དང་དེའོ་ཞེས་གསལ་གསལ་ཐང་ཐང་ཞིག་བློ་ལ་འབྱོར་མ་སོང་སྟབས། སླར་ཡང་བཀའ་འདྲི་རེ་མི་བྱེད་ཐབས་མེད་བྱུང་།
    སྐུ་ཉིད་ཀྱི་འདོད་པ་ལྟར་༼གཉུག་མ་༽ཞེས་བའི་དོན་ནི་གདོད་མའི་དོན་ལ་འཇུག་པ་ནང་བཞིན་༼གཉུག་མའི་གནས་ལུགས་༽ཀྱི་གོ་དོན་ནི་གདོད་མའི་གནས་ལུགས་སམ་གདོད་མའི་རང་བཞིན་ཞེས་བ་ལྟར་གོ་བ་ལེན་དགོས་བ་ཞིག་ཡིན་ནམ། དེ་ཡང་གདོད་མའི་གནས་ལུགས་ལབ་ཡོང་དུས་གོ་རྒྱུ་གང་ཡང་མི་འདུག་ལ། ལྷག་ཏུ་སྙན་ངག་གི་ཕྱོགས་ནས་མཚོན་ན་དེ་བས་ཀྱང་གོ་རྒྱུ་གང་ཡང་མི་འདུག
    དེ་ག་ནང་བཞིན་༼གཉུག་མའི་གཤིས་ནི་ངོ་བོའི་གནས་ལུགས་དང་གདོད་མ་ཞེས་གསུངས་པ་ལྟ་བུ་རེད།༽ འདི་ལ་ཡང་གོ་རྒྱུ་གང་ཡང་མི་འདུག

  24. མེ་ཏོག་དཀར་པོ། says:
    2012-10-12 at 5:19 am

    གཉུག་མ་ཞེས་པ་གདོད་མའམ་དང་པོ་ཡོད་པ་ཞིག་ལ་མི་གོ་འམ། གདོད་མའི་མི་ལ་གཉུག་མའི་མི་ཞེས་འབོད་རུང་ལ། གཉུག་མར་གནས་པ་དང་བློ་བུར་ལྷགས་པ་ཞེས་པས་གཉུག་མར་གནས་པ་ཟེར་བས་བློ་བུར་ལྷགས་པའི་ལྡོག་ཕྱོགས་དེ་ཡིན་པ་ཤེས་ཐུབ་སྙམ།

  25. ནག་ཐར་སྐྱིད། says:
    2012-10-12 at 5:32 am

    མེ་ཏོག་དཀར་པོ་ལགས་ཕེབས་པ་བཟང་། ༼གཉུག་མའི་གནས་ལུགས་༽ལ་གོ་བ་ཅི་ལྟར་ལེན་དགོས་སམ།

  26. ལེགས་བཤད། says:
    2012-10-12 at 5:54 am

    སྙན་ངག་ནི་གློ་བུར་གྱི་སེམས་ཚོར་རམ་གནས་ལུགས་ཤིག་གིས་དྲངས་བའི་འདོད་འདུན་མཚོན་པའི་ཚིག་སྦྱོར་རམ་ངག་གི་ཉམས་འགྱུར་ཞིག་ཡིན་པ་འདྲ།

  27. བོན་རྒྱ་བསྟན་འཛིན་རབ་རྒྱས། says:
    2012-10-12 at 7:44 am

    དྲ་གྲོགས་ནག་ཐར་སྐྱིད་ཀྱིས་ང་ཁེགས་ས་དེ་ནས་དགག་འདུག་པས། བོད་ཀྱི་མཁས་པ་སྔ་མ་རྣམས་ཀྱི་མཛད་སྲོལ་ལྟར་དཀའ་ས་ནས་ཁ་མི་གསལ་བ་རེ་བྲིས་ནས་འགྲོ་དགོས་སྙམ་མོད་དེད་ནས་འདུག་གི་མི་འཇུག་གི། ད་ནི་ངས་ཀྱང་ཁ་གང་གསལ་གསལ་བྱེད་ལ་གླེན་ཚུགས་ངོ་མ་བོ་ཁྱེད་ལ་བསྟན་བཞག་དགོས། ཅི་བྱུང་ན་བྱུང་། ངས་སྙན་ངག་ནི། “བསམ་བློའི་བསྡུས་གཟུགས་ཤིག་དང་གཉུག་མའི་གནས་ལུགས་ཤིག་ཡིན་དགོས་ལ།” ཞེས་པའི་སྐབས་སུ་ལྷད་བཅོས་མིན་པའི་ཆོས་ཀྱི་དེ་ཉིད་ཡུལ་ཅན་གྱི་རྣམ་པར་ཤར་བ་ཞིག་དགོས་པ་དེ་བཤད་ཀྱིན་ཡོད། དེ་ནི་དངོས་པོ་རང་གི་སྡོད་ལུགས་རང་ཉིད་ཀྱི་རྣམ་ལ་རྟོག་ཇི་ལྟར་སྣང་བ་དེ་ལྟར་ཡིན་དགོས་པ་ལས། དེ་ལ་བརྩེ་བ་དང་། དད་པ། ཆབ་སྲིད། ཆོས་ལུགས། མི་རིགས་སོགས་ཀྱི་བསམ་བློས་ཁ་གཞན་དུ་དྲངས་པ་ཡིན་མི་རུང་ཞེས་པ་དེ་བཤད་ཀྱིན་ཡོད། གདོད་མའི་གནས་ལུགས་ཞེས་སུ་གོ་མི་རུང་ལ་དེ་ལྟར་གོ་ན་གོ་བའང་མི་རྙེད། སྐབས་འདིའི་གཉུག་མའི་གནས་ལུགས་ནི་ངོ་བོའི་སྡོད་ལུགས་ལ་གོ་ན་འགྲིག གཞི་འགར་སྦྱར་ན་སྡོད་ལུགས་དང་གནས་ལུགས་དོན་ལ་འདྲ་བོ་རེད་ལ།
    ཡང་ངས། “་སྙན་ངག་གི་གཉུག་མ་ཆོས་ཀྱི་དེ་ཉིད་ངོས་ནས་ཕྱིར་བལྟས་ཤིག་བྱས་ན་”ཞེས་པའི་སྐབས་སུའང་སྙན་ངག་ཟེར་བ་གང་ལ་འཇུག་དགོས་པའི་ངོ་བོའི་སྡོད་ལུགས་ལ་གོ་བ་ཡིན། བྲེལ་བ་ཅུང་ཆེར་རྗེས་ལ་ཐུག་བདེ་མོ།

  28. མྱི་དཀར་ says:
    2012-10-12 at 9:48 am

    ༼ཤུ་༽ཞེས་པ་འདི་ལ་གོ་རྒྱུ་ཆེན་པོ་ཡོད་ན་༼ཧུ་༽ཞེས་པ་འདི་ལའང་གོ་བ་གཏིང་རིང་པོ་ཞིག་ལོས་ཡོད་དགོས།

  29. བསེ་རུ། says:
    2012-10-12 at 10:10 am

    དེས་ན། ཨ་ཞེས་པར་དེ་བས་གོ་རྒྱུ་ཆེན་པོ་ཡོད།
    མཚན་བརྗོད་ལས། ཨ་ནི་ཡིག་འབྲུ་ཀུན་གྱི་མཆོག། ཞེས་དང་།

    འཇིག་རྟེན་གྱི་སྐྱེ་རྒུ་ཡོད་དོ་ཅོག་ཐོག་མར་འཇིག་རྟེན་འདིར་ཡོང་དུས་ཨ་ཨ་ཨ་ཞེས་ཡོང་ཞིང་།
    འཇིག་རྟེན་གྱི་སྐྱེ་རྒུ་ཡོད་དོ་ཅོག་མཐའ་མར་འཇིག་རྟེན་འདི་ནས་བྲལ་དུས་ཀྱང་ཨ་ཨ་ཨ་ཞེས་འགྲོ་དགོས་པས་སོ།།

    “སྙན་ངག་ལ་འགྲེལ་ཤེས་ན། རྡུལ་ཕྲན་དེ་རི་རབ་ཏུ་བསྒྱུར་ནུས་ལ། རི་རབ་དེ་རྡུལ་ཕྲན་དུའང་བསྒྱུར་ཤེས་པ་མ་རེད་དམ། “‘འདི་ནི་རྣམ་དཔྱོད་ཡོད་པ་ཚོས་ལེགས་པར་སོམས་དང་། དྲང་ཕྱོགས་དང་ལྡོག་ཕྱོགས་གཉིས་ནས་བཤད་ཡོད།

  30. གསེར་རྟ་བསོད་ནམས་ཕུན་ཚོགས། says:
    2012-10-12 at 2:14 pm

    དངོས་གནས་ཡག་པོ་འདུག་བཙན་བྱོལ་ནང་ན་སྙན་ངག་བྲི་མཁན་ཡག་ཤོས་ཁོང་རེད་དྲན་བཞིན་ཡོད་་་་་་་་་་་་་་་་་་་་་་

  31. ནག་ཐར་སྐྱིད། says:
    2012-10-12 at 2:38 pm

    དྲ་གྲོགས་རབ་རྒྱས་ལགས། འགྱིག་སྣོད་ཀྱི་རིགས་འདི་མེ་ཁ་ནས་དྲོས་ཕུད་དེ་ཅི་ལྟར་མཐའ་སྐྱེད་འདོད་པ་དེ་ཙམ་གྱིས་འཁུམ་འགྲོ་བ་འདི། སྙན་ངག་པ་དང་སྙན་ངག་ལ་དཔྱད་བརྗོད་སྤེལ་མཁན་རྣམས་ཀྱི་ཁྱད་ཆོས་ཞིག་ཡིན་པ་འདྲ། བྱ་དངོས་གང་ཡང་རུང་བ་ཞིག་རང་སྣང་ལ་ཇི་ལྟར་སྣང་བ་དེ་བཞིན། དེ་ལྟ་དེ་ལྟར་ལྷད་མེད་པ། མི་རིགས་ཀྱི་བསམ་བློས་ཤན་མེད་པ། བརྩེ་དུང་གི་དར་ཐག་གྱིས་སྤྲེལ་མེད་པ། དད་པ་ཡི་ནུས་སྟོབས་ཀྱིས་མཛེས་རྒྱན་དབེན་པ། ཆབ་སྲིད་ཀྱི་གཅུམ་པས་གནས་བབ་ཀྱིས་དགག་མེད་པ་ཞིག གང་ཡིན་ནམ། ཅི་ལྟར་འབྲི་སམ། སྙན་ངག་ནི་སུ་ཞིག་གི་སྤྱོད་ཡུལ་དེ་ཡིན་ནམ། སེམས་མེད་ཞིག་གིས་སམ།
    དཔེར་ན། ༼ཟླ་བ་དཀར་པོ་ཨེ་རེད་༽ རེད། མ་རེད། ཅི་ཤེས། སུས་ཤེས། འདི་ཟླ་བ་ལས་འཕྲོས་བའི་སྣང་ཚུལ་ཞིག་རེད། ཟླ་བ་ལ་ཕར་ཅི་ལྟར་འབྲི་སམ། ཟླ་བ་འཆར་ནུབ་རེ། ངའི་་་་་་་་་་། ཟླ་བ་སྒྲ་གཅན་གྱིས་བཀུམས་རྗེས། འུ་ཅག་་་་་་་། ཟླ་བ་རྦད་དེ་ནུབ་ཟིན་པའམ། མུན་ནག་གི་མཚན་མོ་་་་་་་་། ཚེག་བར་འདི་དག་གི་ཚབ་ཏུ་ང་ལ་ཡིག་འབྲི་རྐང་གཅིག་འབྲི་བྱེད་ཀྱི་བློ་ནུས་མི་འདུག རྒྱུ་མཚན་ཅི་ཡིན་ནམ།

  32. རང་དབང་། says:
    2012-10-12 at 9:03 pm

    ཟླ་བ་དཀར་པོ་ལོས་ཡིན། དེ་མིན་ན་དཀར་པོ་ཞིག་ག་ན་ཡོད། འོན་ཀྱང་རྟོག་བ་ལས་ཀ་མེད་མཁན་ཕན་ཐོགས་གང་ཡང་མེད་པར་བཤད་ནས་སྡོད་མཁན་ཚོས་ཟླ་བའི་ཁ་དོག་དཀར་པོ་ཡིན་པ་ལས་ཟླ་བ་དཀར་པོ་མ་རེད། མོག་མོག་གི་བྲོ་བ་ཞིམ་པོ་ཡིན་པ་ལས་མོག་མོག་ཞིམ་པོ་མ་རེད་ཟེར། འོ་ན་ཁྱེད་རྣམ་པས་མོག་མོག་གི་བྲོ་བ་ཟ་བ་ལས་མོག་མོག་མ་ཟ་རོགས་ཞེས་བརྗོད་པ་ཡིན།

  33. བོན་རྒྱ་བསྟན་འཛིན་རབ་རྒྱས། says:
    2012-10-15 at 1:18 am

    དྲ་གྲོགས་ནག་ཐར་སྐྱིད་ལགས། ད་ཐེངས་ཁྱོད་ཀྱིས་ཀྱང་ངའི་ཚིག་”དེ་ལ་བརྩེ་བ་དང་། དད་པ། ཆབ་སྲིད། ཆོས་ལུགས། མི་རིགས་སོགས་ཀྱི་བསམ་བློས་ཁ་གཞན་དུ་དྲངས་པ་ཡིན་མི་རུང་ཞེས་པ་དེ་བཤད་ཀྱིན་ཡོད།”ཅེས་པ་ལ་”མི་རིགས་ཀྱི་བསམ་བློས་ཤན་མེད་པ། བརྩེ་དུང་གི་དར་ཐག་གྱིས་སྤྲེལ་མེད་པ། དད་པ་ཡི་ནུས་སྟོབས་ཀྱིས་མཛེས་རྒྱན་དབེན་པ། ཆབ་སྲིད་ཀྱི་གཅུམ་པས་གནས་བབ་ཀྱིས་དགག་མེད་པ་ཞིག གང་ཡིན་ནམ། ཅི་ལྟར་འབྲི་སམ། སྙན་ངག་ནི་སུ་ཞིག་གི་སྤྱོད་ཡུལ་དེ་ཡིན་ནམ། སེམས་མེད་ཞིག་གིས་སམ།”ཞེས་གོ་བ་བླངས་པ་ནི་བསམ་བཞིན་ཡིན་དང་འབུར་འཇོམས་ཡིན་བཤད་སྤོབས་མ་ལྡན་མོད།
    དོན་དངོས་དེ་ལྟར་རེད་སྙམ་གྱིན་ཡོད་ན་ཁྱོད་ཀྱི་གོང་གི་ངའི་ཚིག་ལ་གོ་བ་གཏན་ནས་ལོན་མི་འདུག་ཅེས་སུ་བསྙད་འདོད་བྱུང་། རྒྱུ་མཚན་ནི་སྙན་ངག་ལ་ཆབ་སྲིད་ཀྱི་དགོས་དབང་གིས་དངོས་ཡོད་ལས་རང་ཕྱོགས་ལ་ཁ་འདྲེན་པ་དང་། ཆོས་ལུགས་ཀྱི་དད་མོས་དབང་གིས་སེམས་དངོས་ཀྱི་སྣང་ཚུལ་ལས་ཆོས་ལུགས་ཀྱི་བཤད་ཚུལ་ཕྱོགས་སུ་ཁ་དྲངས་པ་དང་། སྙན་ངག་རང་གི་ངོས་ནས་མི་ལྟ་བར་གྲོགས་ཀྱི་བརྩེ་བ་དང་མི་རིགས་ཀྱི་ཞེན་ཁོག་ངོས་ནས་སྙན་ངག་གི་མཛེས་དཔྱོད་རིན་ཐང་ངོས་འཛིན་པ་སོགས་གཏན་ནས་མི་རུང་བར་སྨྲ་བ་ལས་སྙན་ངག་གི་ནང་དུ་ཆོས་ལུགས་ཀྱི་ལྟ་ཚུལ་དང་། བརྩེ་དུང་འགྱུ་བ་སོགས་ཡོང་མི་རུང་བར་སྨྲ་བ་ནི་ག་ལ་ཡིན།
    སྙན་ངག་ནི་མི་བུ་སྒེར་གྱི་བསམ་བློའི་དགའ་སྐྱོ་ཆགས་ལྡང་གི་སྣང་ཚུལ་ཞིག་ལའང་ངོས་འཛིན་འོས་པས་དེའི་ནང་དུ་དེ་དག་མི་རུང་བར་གཞར་ཡང་ཁས་མི་ལེན་སོ། །ཡིན་ནའང་། རང་གི་དགའ་སྐྱོ་ཆགས་ལྡང་ལ་བསླབ་བྱང་མཁྲེགས་འཛིན་བསམ་བློའི་ལྟ་བུས་ཞུ་དག་བྱས་ན་དེ་དག་གིས་ཁ་གཞན་དུ་དྲངས་པ་རེད་ལ། ལྷད་བརྒྱབ་པའང་རེད། དེའི་ཕྱིར། སྙན་ངག་ལ་དེ་དག་གིས་ལྷད་རྒྱག་མི་འོས། མི་རང་ཉིད་ཀྱི་དགའ་སྐྱོ་ཆགས་སྡང་གི་གཉུག་མའི་སྣང་ཚུལ་ལམ་ངོ་བོའི་སྡོད་ལུགས་ཀྱི་གསལ་ཆ་དེ་ཡིན་ནོ་ཞེས་ནན་བཤད་བྱས་པ་ཡིན།

  34. བོན་རྒྱ་བསྟན་འཛིན་རབ་རྒྱས། says:
    2012-10-15 at 1:24 am

    ཡིག་ནོར་ཁ་ཤས་ཤོར་འདུག དགོངས་དག

  35. ནག་ཐར་སྐྱིད། says:
    2012-10-15 at 4:44 am

    དྲ་གྲོགས་རབ་རྒྱས་ལགས། ད་གཞི་ནས་ཁ་གསལ་བོ་བཟོས་སོང་བ་ནང་ལྟར་བློ་བདེ་ལ་བབས་སོང་། སྤྱིར་སྙན་ངག་ནི་འདི་དང་དེའོ་ཞེས་སྨྲ་བསམ་བརྗོད་འདས་ཀྱི་ཆ་ནས་བདག་ནི་དྲི་བ་ལ་འཇུག་བ་ཙམ་ཡིན། ཐུགས་རྗེ་ཆེ།

  36. སྨུ་ཐག་གི་བུ་རྒྱུད། says:
    2012-10-15 at 7:23 am

    མྱི་སྒེར་གྱི་ཚོར་བ་དང་མ་འདྲེས་པའི་ཆོས་ལུགས་ཀྱི་བསམ་བློ་ཟེར་བ་ཞིག་ཨེ་ཡོད། ད་དུང་བཏོག་རྒྱུ་མང་གི།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme