Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

སྙན་ངག་ནི་མི་སེམས་ཀྱི་འགྱུར་སྟངས་ཤིག་ཡིན།

Posted on 2012-11-012012-11-01 By ཁ་བརྡ་ 29 Comments on སྙན་ངག་ནི་མི་སེམས་ཀྱི་འགྱུར་སྟངས་ཤིག་ཡིན།

ངག་དབང་བརྩོན་འགྲུས། རྒྱ་གར་ལྷོ་ཕྱོགས།
—ཁ་བརྡ་ལས་<<རྗེ་བླ་མའི་རྩོམ་གྱི་ཆེ་བ་མདོ་ཙམ་གླེང་བ>>ཞེས་པ་བཀླགས་རྗེས་བྲིས།

གུས་པས་ཉིན་ཤས་གོང་གྲོགས་པོ་ཞིག་ལ་བྲིས་པའི་<<མི་ཚེ་དང་སྙན་ངག་ལ་བལྟ་ཚུལ>>ཞེས་པའི་དཔྱད་རྩོམ་ལྟ་བུ་དེར་རྗེ་བླ་མའི་སྙན་རྩོམ་གྱི་སྐོར་ཅུང་ཟད་བཤད་ཡོད། རྩོམ་ཡིག་དེར་རང་ངོས་ནས་རྟོགས་དཔྱོད་དང་བཤིབས་བསྡུར་མ་བྱས་པའམ་ཡང་ན་བཤིབས་བསྡུར་བྱས་པ་ཡང་ཐལ་དྲག་པའི་སྐྱོན་ཅན་དུ་གྱུར་སོང་ཡོད་ཚོད་ལ། སྐུ་ཞབས་དབྱངས་ཅན་འབངས་ཀྱིས་སེམས་གཅོང་གི་ཚུལ་དུ་བསམ་འདུན་འགའ་བཤད་འདུག་པར་ལེགས་སོ་ཞུ་བ་ཡིན། ཁྱེད་ཀྱིས་ཤེས་དགོས་པ་ཞིག་ནི་ངས་འདིར་བཤད་པ་ཐམས་ཅད་ནི་རང་གི་འདོད་མོས་ལྟར་བཤད་པ་ཡིན་ལ། ལྷག་པར་ཁྱེད་ཀྱིས་དགེ་ཆོས་ཀྱི་རྩོམ་ཡིག་དང་བཤིབས་བསྡུར་དེ་ལྟར་བྱས་ཚེ་ངའི་བསམ་ངོར་རང་ཉིད་ཀྱིས་བཤད་པ་ལ་ཡིད་ཆེས་དང་གདེང་འཇོག་ཆེ་རུ་ཕྱིན་པའི་སྣང་བ་འཆར་གྱིན་འདུག གང་ལགས་ཞེ་ན་རྩོམ་ཡིག་ནི་མི་གཤིས་དང་བསྟུན་ནས་གླེང་དགོས་པས། བརྗོད་བྱ་གང་ཆེ་ཆེ་དང་རྗོད་བྱེད་གང་སྙན་སྙན་གྱི་སྒོ་ནས་གཤིབ་སྡུར་བྱᨓ᩶་རུང་བར་གཏན་ནས་མཐོང་གི་མེད། ཁྱེད་ཀྱིས་རྗེ་བླ་མའི་སྙན་ཚིག་ལ་ངས་བཤད་པའི་གོ་དོན་ག་རེ་ཚང་མི་འདུག་ཅེས་འདྲི་ན། སྙན་ངག་གི་མཛེས་སྡུག་ནི་མིག་གིས་མཐོང་རྒྱུ་དང་རྣམ་བས་ཐོས་རྒྱུ་ཞིག་མིན་པས་སྙན་ངག་ནི་གློག་བརྙན་ཞིག་དང་འདྲ་བར་ཕར་ལ་བཞག་ནས་བལྟ་མི་རུང་ཞིང་ཀློག་ཀྱང་མི་རུང་ཀློག་ཀྱང་མི་རུང་བ་ཞིག་ཡིན། གལ་ཏེ་སྙན་ངག་གཅིག་གི་མཛེས་སྡུས་མིག་གིས་འཚོལ་སར་སོང་ན་དེས་སྙན་ངག་གི་མཛེས་སྡུག་ནམ་ཡང་མཐོང་མི་སྲིད། ཅི་སྟེ་དེ་ལྟར་འཚོལ་དགོས་པའི་སྙན་ངག་ཅིག་ཡིན་ཚེ་དེ་ལ་སྨྲ་མི་ནུས་པའི་སྙན་ངག་གི་ཆེས་མཛེས་སྡུག་གི་དྭངས་མ་ཞིག་ནམ་ཡང་ལྡན་མི་སྲིད། དེས་ན་ངས་རྗེ་བླ་མ་སོགས་ཀྱི་རྩོམ་རིག་ལ་མིག་གིས་མཐོང་རྒྱུ་ཞིག་དང་རྣ་བས་ཐོས་རྒྱུ་ཞིག་ལས་ལྷག་པའི་རྩོམ་རིག་གིས་མཛེས་སྡུག་ལྡན་མི་འདུག་ཅེས་བཤད་ཀྱིན་ཡོད། ཁོང་གི་སྙན་རྩོམ་ལ་ཚིག་གི་འགྲོས་དང་དཔེ་ཡི་ཉམས་སོགས་ལ་བཤད་རྒྱུ་གང་ཡང་ལྷག་མེད་ཀྱང་། རང་ཉིད་ཚུར་ལ་བསྡད་སྙན་ངག་ཕར་ལ་བཞག་ཏེ་ཀློག་དགོས་པའི་བར་སྟོང་ཞིག་འདུག་པ་དེ་བཀང་རྒྱུ་ལྷག་འདུག་ཅེས་ཟེར་གྱིན་ཡོད།
དེ་བས་རྩོམ་རིག་གི་བརྗོད་སྙིང་ཟབ་ཚད་ཡང་ལྟ་གྲུབ་ག་གེ་མོ་ཞིག་གི་མ་ལག་དང་འབྲེལ་མིན་ལ་མ་ལྟོས་པར། ཚོར་བའི་གཏིང་རིམ་ནས་བྲེད་ཤ་ལང་པ་ཞིག་བྱུང་ན་དགའ་ཡང་ཆོག་ལ་སྡུག་ཀྱང་ཆོག གང་ལྟར་དེ་ནི་མི་སེམས་ཀྱི་གཤིས་ལ་འཕྲོད་སོང་བ་ཡིན་པས་བརྗོད་བྱ་ཕལ་བ་ཞིག་ཡིན་པའི་རྒྱུ་མཚན་གྱིས་རྩོམ་ཡིག་སྤྱིར་བཏང་བ་ཞིག་ཡིན་པར་ནམ་ཡང་བརྗོད་མི་ནུས། དཔེར་ན་འཇུ་སྐལ་བཟང་གི << སློབ་མཐར་ཕྱིན་པའི་མཉམ་སྤྲོའི་དགུང་ཚོགས་སྟེ་དུ >>ཞེས་པར་མཚོན་ན་ཐད་ཀར་ཐ་སྙད་ཀྱི་ལམ་ནས་འགྲེལ་བརྗོད་མི་ནུས་པའི་དགེ་སློབ་བར་གྱི་སེམས་གཏིང་གི་མྱོང་བ་དམར་མོ་དག་ཕྱིར་འདོན་བྱས་པ་ཙམ་དུ་མ་ཟད། མི་དང་མི་ཡི་བར་གྱི་འབྲལ་གདུང་གི་སེམས་གཤིས་ཕྲ་མོ་རྣམས་སྙིང་ཁ་ན་ལྡིང་ཡོང་བ་ལྟར་བསྟན་པ་མཐོང་བཞིན་དུ་བརྗོད་སྙིང་མི་ཟབས་པའི་སྐུར་བ་ཇི་ལྟར་འདེབས་རུང། ངོ་མ་རྩོམ་རིག་འདི་དག་ཀློག་པའི་དུས་སུ་རང་དབང་མེད་པར་ཁོག་འདར་རྒྱག་པའི་སྣང་བ་འཆར་བྱེད་ཅིག་ཡིན་འདུག་པས། གཅིག་བྱས་ན་འདི་ནི་ཁྱེད་ཀྱིས་ངོས་འཛིན་བྱས་པའི་རྩོམ་རིག་གི་བརྗོད་སྙིང་ཟབ་ལུགས་དེ་ལ་ཡང་བསྐྱར་ཞིབ་འཇུག་ཐེངས་གཅིག་དགོས་པའི་སྐུལ་མ་བྱས་པ་དང་འདྲའོ།། མ་ཟད་སྙན་ངག་ནི་སྒྱུ་རྩལ་གྱི་ཕུང་པོ་ཞིག་ཡིན་པས་དེ་རིང་སྙན་པའི་རྩེར་སོན་ཡང་སང་ཉིན་སྤྱི་འགྲོས་ཙམ་དུ་མི་འགྱུར་བའི་ངེས་པ་གང་ན་ཡོད་དེ། མཐའ་ན་གོས་ཐུང་ཞིག་ལ་ཆ་མཚོན་ན་ཡང་ལོ་དང་ཟླ་བའི་བར་ནས་ཕྲ་སྦོམ་དང་རིང་ཐུང་། དེ་བཞིན་གྱོན་སྟངས་སོགས་རེ་རེ་ནས་འགྱུར་བཞིན་པ་འདི་དག་མི་ཡི་མཛེས་སྤྱོད་འཚོལ་སྟངས་མི་འདྲ་བའི་དབང་གིས་བྱུང་བས་གསར་བུ་དང་མགོ་ཆུང་སོགས་གང་བརྗོད་ཀྱང་། འཛམ་གླིང་འདི་ནི་ཆེས་སྔ་མོ་ནས་འགྱུར་ལྡོག་དེ་འདྲ་ཞིག་གི་གཞན་དབང་དུ་གྱུར་ཟིན་པས་རང་ཉིད་གཅིག་པོ་སྲུབ་མེད་ཀྱི་བྲག་རྡོ་ཞིག་དང་འདྲ་བར་སྡོད་ཚུགས་ན་མ་གཏོགས། སྦལ་པ་ཡིན་ཡང་མཆོང་ལྡིང་བྱེད་པའི་དུས་ལ་ཐུག་ནས་ཡོད་དོ།།
དེས་ན་ཁ་སང་མི་ལ་སྙན་པ་དང་མཛེས་པའི་དཔལ་ཡོན་གང་ཡིན་ཡང་དེ་རིང་ཨ་འཐས་ཀྱིས་དེ་ཡི་གོ་ཆོད་པར་སྨྲ་བ་དག་ནི་རང་ཉིད་རྒུད་པའི་རྩ་བ་གཙུག་པ་དང་ཆ་འདྲ་བས་སྒེར་ཚུགས་ཀྱི་བསམ་བློ་ལྡན་པའི་སྤོབས་པ་ཞིག་ཏུ་རྩི་མི་རུང་སྟེ། དཔལ་དོན་གྲུབ་རྒྱལ་གྱིས << ལང་མཚོའི་རྦབ་ཆུ་ལས >> “ མཚར་སྡུག་འོད་སྟོང་འབར་བའི་སྔོན་ཆད་ཀྱིས་ད་ལྟའི་ཚབ་བྱེད་མི་རུང་ལ། བ་ཚྭའི་དྲི་དང་འགྲོགས་པའི་ཁར་སང་གིས་དེ་རིང་གི་སྐོམ་པ་ག་ལ་སོད། ‘’ ཅེས་ནན་གཏན་དུ་གསུངས་པ་མ་ཡིན་ནམ། ཨ་ཅང་ཅང་སྙན་ངག་ནི་མངོན་བརྗོད་དང་ཚིག་རྒྱན་སོགས་ཀྱིས་སྤུད་པར་བྱས་ཀྱང་། ཚོར་བའི་གཤིས་ཀ་དང་འཚམ་པའི་ངེས་པ་གང་ན་ཡོད་དེ། དཔེར་ན་ཟླ་བ་ཞེས་པ་དང་བསིལ་ཟིལ་ཅན་ཟེར་བ་གཉིས་རྣ་བས་ཐོས་སྐབས། ཁ་ཐུག་སེམས་ལ་ཟུག་འདྲ་ཡོང་བ་ལ་སྔ་མ་ཉེ་ཆེ་བ་མྱོང་བས་གྲུབ་པས། མཛེས་མི་མཛེས་དང་སྙན་མི་སྙན་སོགས་གཙོ་བོ་ཕྱི་ཚུལ་ལ་བལྟ་རྒྱུ་མིན་པའི་ར་སྤྲོད་བྱུང་ན། ཁྱེད་ཀྱི་བླ་ན་མེད་པའི་དྭངས་བ་ཆེན་པོ་དེར་ཡང་འགྱུར་བ་ཕྲན་བུ་རེ་འབྱུང་ངེས་པས་། བེ་རི་དང་རྗེ་བླ་མ་གཉིས་གཏན་ཐོག་གཅིག་ལ་བཞག་འདུག་བསམ་པའི་སྡུག་ཡུས་བགྲངས་མི་དགོས་ལ། རང་གཞན་གང་གི་མྱོང་ཚུལ་དང་མཐུན་མིན་ལ་མི་ལྟོས་པར་མཁས་པ་ཆེན་པོ་ཞིག་གིས་གནས་ལུགས་མཐུག་པོ་ཞིག་བརྗོད་སོང་བ་ཙམ་གྱིས། འདི་ནས་བཤད་པའི་མཛེས་སྡུག་གི་ཚད་ལོན་མིན་སྐོར་ལ་རྟོགས་དཔྱོད་ཤ་རེ་བ་འགའ་ཡོང་བར་ངེས་ཤིང། རིག་གནས་ཀྱི་ཁྱབ་ཁོངས་སུ་འདུ་བའི་མཛེས་སྡུག་གི་རིན་ཐང་གླེས་སྐབས་མི་ལ་མཐོ་དམན་དང་། གཏམ་ལ་སྦོམ་ཕྲ་ཟེར་བ་ནམ་ཡོད་མི་དཔེ་བས་ལྷ་འདྲེ་གཉིས་པོ་སྟན་ཐོག་གཅིག་ཏུ་བཞག་ཀྱང་མི་གཞི་ལ་སྐུལ་བ་བཏབ་པའི་གྲས་སུ་མི་འགྲོ་བའི་ངེས་པ་བརྙེད་པར་འགྱུར་རོ།། ལྷག་དོན་དུ་དེང་སང་མཁྲེགས་འཛིན་པ་མང་པོ་ཞིག་གིས་ཨ་གསར་དང་མགོ་ཡང་སོགས་ཟེར་ཏེ། བློ་གྲོས་དང་ཧམ་སེམས་ཀྱི་དཔལ་འབར་བའི་རང་རེའི་སྨྱུག་ཐོག་པ་གང་མང་ལ་ཤ་ཚ་མེད་པར་མགོ་ལྕག་གཡུག་ཀྱང་བྱེད་པ་ནི་མཐོང་མི་འདོད་པ་ཞིག་རེད་ལ། དེ་བས་གང་ཉིད་ཀྱི་རང་གཤིས་རྡོ་ལྕགས་ལས་གྲུབ་པའི་ངང་ཚུལ་གསལ་སྟོན་བྱས་པ་དང་ཆ་འདྲ་བས་ཞད་སྣང་ལངས་བ་ཞིག་ཀྱང་ཅི་ལ་མིན། སྐུ་ཉིད་ནས་ཀྱང་ནམ་རྒྱུན་དུ་བག་མེད་པའི་སྐད་ཆ་འདི་འདྲའི་རིགས་གང་བྱུང་དུ་མི་བཤད་པའི་རེ་བ་སེམས་གཏིང་ནས་ཞུ་བཞིན་ཡོད།

སྣ་ཚོགས།

Post navigation

Previous Post: འགུལ་སྐྱོད་ཅིག
Next Post: ཨ་རིའི་སྲིད་འཛིན་འོས་འདེམས་ཆེན་མོ་གླེང་བ།

Comments (29) on “སྙན་ངག་ནི་མི་སེམས་ཀྱི་འགྱུར་སྟངས་ཤིག་ཡིན།”

  1. རྫ ་ཚེ་རིང་བཀྲ་ཤིས། says:
    2012-11-01 at 9:17 am

    ཡག་པོ་འདུག ཡིན་ན་ཡང་། ཁ་བྱང་ལ་མི་སེམས་ཀྱི་འགྱུ་སྟངས་ཟེར་ན་དེ་བས་བརྗོད་བྱའི་གནད་འབྱིན་པའི་དགེ་མཚན་ཡོད་སྙམ།
    གང་རེད་ཟེར་ན་འགྱུ་བ་ནི་ཆུ་ནང་ནས་ཉ་འཁྱུགས་པ་ལྟར་འགྱུ་བའི་རང་བཞིན་ཅན་ཞིག་སྟེ། དགའ་སྐྱོ་ཆགས་སྡང་གི་སེམས་ཀྱི་འགྱུ་བ་མི་མངོན་པའི་སྙན་ངག་ནི་རང་གིས་སྐབས་འདིའི་སྙན་ངག་སྟོང་ཆ་ཅན་དེར་འདོད་ཀྱིན་འདུག་པས་སོ།།

  2. མེ་ཏོག་དཀར་པོ། says:
    2012-11-01 at 9:31 am

    “དཔེར་ན་ཟླ་བ་ཞེས་པ་དང་བསིལ་ཟིལ་ཅན་ཟེར་བ་གཉིས་རྣ་བས་ཐོས་སྐབས། ཁ་ཐུག་སེམས་ལ་ཟུག་འདྲ་ཡོང་བ་ལ་སྔ་མ་ཉེ་ཆེ་བ་མྱོང་བས་གྲུབ་པས”འདི་ཚང་མ་ལ་ཏག་ཏག་འགྲིག་གི་ཨ་ཡོད། ང་ལ་མཚོན་ན་ཕྱི་མ་འདི་ཟླ་བ་ཞེས་པ་ལས་ལྷག་པའི་དེའི་རང་བཞིན་ཀྱང་གསལ་གསལ་ཐིང་ཐིང་ངང་་བློ་ངོ་ན་འཆར་གི་འདུག
    དེས་མཚོན་པའི་སུའི་་རྩོམ་བཟང་དང་སུའི་རྩོམ་ངན་གཉིས་ཤེས་དགོས་སྙམ།

  3. རྣ་བ་བརྒྱད་པ་ says:
    2012-11-01 at 10:47 am

    སྙན་ངག་སེམས་གྱི་འགྱུར་སྟེང་ཞིག་ཡིན་པས་ན། ནང་སེམས་ཀྱི་འགྱུར་བ་ལ་སྟེན་ནས་ཚིག་སྦྱོར་སྙན་མོ་རེ་བྱུང་བ་ཡིན་ལ། དེ་ཡང་གཙོ་བོ་དོན་ཟབ་པ་དང་དོན་དང་ལྡན་པ་ཞིག་ཡིན་པ་གལ་ཆེ་བ་ཡིན་མ་གཏོགས། གཞན་དུ་ན་རྨི་ལམ་ཡུལ་གྱི་བརྟན་མོ་དང་འདོད་ངན་བྱི་ལས་ཀླུ་ངག་ལྟ་བུ་ཞིག་ཡིན་ན། ཉི་མ་ཆོད་ཐབ་ཙམ་ལས་ཅི་ཡང་མི་ཕན་ནོ

  4. ཤུལ་ལུང་བ། says:
    2012-11-01 at 11:38 am

    མེ་ཏོག་དཀར་པོ་ལགས་ཀྱིས།
    དཔྱད་རྩོམ་འདི་ཞིབ་བཀླགས་བྱས་ཡོད་མེད་ཅི་ལྟར་ཡང་། ནང་གི་ཚིག་གཅིག་དྲངས་འདུག་པ་འདིའི་གོ་བ་ལོན་མི་འདུག་སྙམ། ནམ་རྒྱུན་ང་ཚོའི་ཁ་ལམ་རྣམ་དུ་འགྲོ་འོང་བྱེད་གྲངས་མང་བ་ཟླ་བ་ཡིན་པའི་རྒྱུ་མཚན་གྱིས། ཐ་སྙད་འདི་གཉིས་ལས་ག་རུང་ཞིག་བརྗོད་པའི་མོད་བློ་ཡུལ་ན་ངང་ཝ་ལེར་ཤར་ཡོང་བའམ་ཟུག་ཡོང་བ་འདྲ་ནི་ཟླ་བ་ཞེས་པ་འདི་ཡིན་པ་རྒྱུ་མཚན་གྱིས་ཀྱང་གྲུབ་ཀྱིན་འདུག་པ་འདི་ཡིན་རྒྱུ་རེད། འདི་ལས་ཁོང་གིས་སྙན་ངག་ནི་སོ་སོའི་འཚོ་བ་དང་ཚོར་ལ་ཁ་ཐག་ཉེ་དགོས་པར་ཡང་འདོད་ཀྱིན་ཡོད་པ་ཡང་མཐོང་གིན་འདུག

  5. ཤུལ་ལུང་བ། says:
    2012-11-01 at 11:48 am

    འོ་རེད། རྣ་བ་བརྒྱད་པ་ལགས། སྙན་ངག་ནི་སྙན་ངག་རང་གི་སྒྱུ་རྩལ་དང་མཛེས་སྡུག་གི་ངོས་ནས་རིན་ཐང་དང་ལེགས་ཉེས་འབྱེད་དགོས་པ་ལས། ཕན་མི་ཕན་དང་དགོས་པ་ཡོད་མེད་ཀྱི་སྐད་ཆ་ཞིག་བཤད་ས་ཡོད་རྒྱུ་མ་རེད་འདོད་དོ།
    ངས་ཉེ་སྔོན་ཁོང་གིས་བྲིས་པའི་དཔྱད་རྩོམ་དེ་དང་དེ་རིང་འདི་གཉིས་ཀ་བཀླགས་པའི་ཆ་ནས་བཤད་ན། དངོས་གནས་ཁོང་གི་དཔྱད་རྩོམ་འདི་དག་ནི་བློ་བསྐྱེད་མི་ཉུང་བ་སྟེར་བ་ཞིག་རེད་འདུག་པས། གྲོགས་པོ་དག་གིས་ལེགས་པར་ཀླག་ན་ཁེ་བཟང་ལས་གྱོང་མི་འདུག་ཞུ་ཐུབ་ས་རེད།

  6. མེ་ཏོག་དཀར་པོ། says:
    2012-11-01 at 12:44 pm

    བཀླགས་ཡིན། གང་ཞིག་བརྗོད་འདོད་པ་དང་གང་བརྗོད་པའང་ཤེས་ཡོད། ངའི་ངོར་ཟླ་བ་ཟེར་དུས་ང་རྒྱུན་པར་འགྲོ་སའི་ཆང་ཁང་གི་བདག་པོ་ཟླ་བ་ཟེར་བ་དེ་རང་བློ་ལ་འཁོར། དེ་ལས་བསིལ་ཟེར་ཅན་ཟེར་དུས་མཚན་མོ་སྐྱ་ཐིང་ཐིང་མངོན་པའི་ནམ་མཁའི་ཟླ་བ་དེ་བློ་ལ་ཤར།

  7. མེ་ཏོག་དཀར་པོ། says:
    2012-11-01 at 12:47 pm

    བཀླགས་ཡིན། གང་ཞིག་བརྗོད་འདོད་པ་དང་གང་བརྗོད་པའང་ཤེས་ཡོད། ངའི་ངོར་ཟླ་བ་ཟེར་དུས་ང་རྒྱུན་པར་འགྲོ་སའི་ཆང་ཁང་གི་བདག་པོ་ཟླ་བ་ཟེར་བ་དེ་རང་བློ་ལ་འཁོར། དེ་ལས་བསིལ་ཟེར་ཅན་ཟེར་དུས་མཚན་མོ་སྐྱ་ཐིང་ཐིང་མངོན་པའི་ནམ་མཁའི་ཟླ་བ་དེ་བློ་ལ་ཤར།
    དེས་ན་ངའི་ངོར་ཟླ་བ་དང་བསིལ་ཟེར་ཅན་གཉིས་ལས་ཕྱི་མ་འདི་འཚོ་བ་དང་ཐག་ཉེ་གི་འདུག
    དེ་ལ་ཁྱེད་རྣམ་པས་ཟླ་བ་ཉེ་དགོས། བསིལ་ཟེར་ཅན་རིང་དགོས་ཞེས་ཁྲིམས་བཏང་ཐུབ་གི་མ་རེད་ལ། དེ་འདྲ་དགོས་ཞེས་ཞུ་བ་འཐེན་ས་ཡང་མེད། ལྐོག་རྔན་འདྲ་སྤྲོད་ན་ནི་ངས་ཁས་ལེན་ཆོག་ ཧཧཧཧཧ་ཀུ་རེ་

  8. འབའ་སྲས། says:
    2012-11-01 at 1:01 pm

    སྨྱུ་གུ་རང་སྲུང་མཚོན་ཆ་དང་།།
    སྙན་ངག་རང་གི་རླུང་རྟ་རུ།།
    བསམས་ཏེ་སྙན་ངག་འབྲི་བ་ཡི།།
    ལུགས་དེ་ནམ་ཡང་འཛིན་མི་བྱ།།

    མིག་གིས་སྤྱི་ཚིགས་ཧྲིལ་བོར་ལྟ།།
    ཡིད་ཀྱིས་བླང་དོར་ལེགས་ཉེས་འབྱེད།།
    ལྷག་བསམ་སྤྱི་ཡི་དོན་ལ་བཅང་།།
    དེ་ནི་སྙན་ངག་དགོས་པ་ཡིན།།

    སྙན་ངག་རང་གི་རྒྱན་ཆ་རུ།།
    མི་བྱ་སྤྱི་ཚོགས་དམིགས་བུ་དང་།།
    ལམ་སྟོན་གསལ་བའི་སྒྲོན་མེ་རུ།།
    འབྲི་བར་བྱ་བ་ཅིས་ཀྱང་དགོས།།

    སྙན་ངག་མཚོ་ཁའི་མེ་ཏོག་བཞིན།།
    བཞད་པ་ཙམ་གྱིས་མི་ཆོག་པར།།
    མཚོ་གཏིང་གནས་པའི་ནོར་བུ་ལྟར།།
    རིན་ཐང་ལྡན་པ་ངེས་པར་དགོས།།

    སྙན་ངག་བསྟོད་སྨད་བྱ་བྱེད་དང་།།
    མཛེས་མ་བསྔགས་བྱེད་ཙམ་ཞིག་མིན།།
    སྤྱི་ཚོགས་ཁ་ལོ་བསྒྱུར་བྱེད་ཀྱི།།
    རླུང་གི་འཕྲུལ་འཁོར་ལྟ་བུ་ཡིན།།

    ཚོར་བས་བྲིས་པའི་སྙན་ངག་ལ།།
    ལམ་སྟོན་ནུས་པ་མི་ལྡན་པས།།
    དཔྱོད་ཤེས་རིག་པས་སྦྱར་བ་ཡི།།
    སྙན་ངག་རིག་པའི་སྒྲོན་མེ་ཡིན།།

    ཡོད་ཀྱང་མ་མཐོང་ཆོས་དངོས་ཀུན།།
    རིག་ཀྱང་མི་ཤེས་ཇི་སྙིད་པ།།
    སྙན་ངག་ལམ་ནས་གསལ་བར་བྱེད།།
    དེ་ནི་སྙན་ངག་དགོས་པ་ཡིན།།

    སྨྱུ་གུ་ལག་ལ་ཐོགས་ཙམ་གྱིས།།
    ཅི་ཞིག་འབྲི་བ་མི་བརྙེད་ཅིང་།།
    སྤྱི་ཚོགས་མིག་གིས་མ་བལྟས་པར།།
    བྲིས་པའི་སྙན་ངག་ཞ་ར་ཡིན།།

  9. བཀྲིས། says:
    2012-11-01 at 1:36 pm

    དོན་རྡོག་རྡོག་དེ་གང་ཤོད་ཀྱི་ཡོད་མེད་གསལ་པོ་མིན་འདུག།

    འདྲིབ་གཅིག་ལ། འོ་ན། གང་ལ་སྙན་ངག་ལེགས་པོར་ཆ་འཇོག་དགོས་སམ།

  10. རེབ་སྐྱིད་མཚོ says:
    2012-11-01 at 2:17 pm

    གསུངས་པ་ནི་ཤིན་ཏུ་བདེན་འོང་ཀྱང་ཕལ་ཚིག་ཁོ་ན་བེད་སྤྱད་དེ་མིའི་འདོད་པ་རང་ལ་བསྟུན་
    དགོས་ན་སྙན་པོ་ཇི་ཙམ་ཡོད་ན་སྙམ།

  11. གནམ says:
    2012-11-01 at 5:26 pm

    ཀློག་མེད། ཡིན་ན་ཡང་མཆན་ཅིག་འབྲི་འདོད་བྱུང་། གང་ལ་ཟེར་ན། དུས་རབས་ཉི་ཤུ་རྩ་གཅིག་ལ་སླེབ་ན་ཡང་། སྙན་ངག་ཟེར་བ་འདི་ནི་གང་ཡིན་ལབ་མ་ཤེས་བར་ལུས་འདུག་པས་ངོ་ཡང་ཚ་ལ། སེམས་ཡང་སྐྱོ།

  12. ལེགས་བཤད། says:
    2012-11-01 at 10:28 pm

    ཁྱོད་ཀྱིས། ངས་རྗེ་བླ་མ་སོགས་ཀྱི་རྩོམ་རིག་ལ་མིག་གིས་མཐོང་རྒྱུ་ཞིག་དང་རྣ་བས་ཐོས་རྒྱུ་ཞིག་ལས་ལྷག་པའི་རྩོམ་རིག་གིས་མཛེས་སྡུག་ལྡན་མི་འདུག་ཅེས་བཤད་ཀྱིན་ཡོད། ཁོང་གི་སྙན་རྩོམ་ལ་ཚིག་གི་འགྲོས་དང་དཔེ་ཡི་ཉམས་སོགས་ལ་བཤད་རྒྱུ་གང་ཡང་ལྷག་མེད་ཀྱང་། ཟེར། ཁྱོད་རང་ཐེ་བའི་འགྲོ་བ་མི་རྣམས་དུས་རྟག་ཏུ་ཉོན་མོངས་དུག་གསུམ་གྱི་གཞན་དབང་སྟབས་བསྟུན་ཁོ་ནའི་ནང་དུ་འཚོ་བས། རྟོག་པའི་འཆར་ཡན་དང་ཐོས་ལོ་དང་ཟེར་སྒྲོས་རྗེས་སུ་འབྲངས་བ་ཙམ་ལས་དངོས་པོའི་གནས་ལུགས་ལ་གདེངས་འཇོག་བྱེད་པ་ནི་དཀའ་རྙོག་ཆེ། དེས་ན་རང་གི་འདོད་འདུན་དང་མ་མཐུན་པས་རྩོམ་རིག་གི་མཛེས་སྡུག་ལྡན་མི་འདུག་ཅེ་ན་ཁྱོད་ཀྱི་བློ་ངོར་དེ་ལྟར་ཡིན་དུ་ཆུག་ཀྱང་སྙན་ངག་གི་རིན་ཐང་ལ་ལྟ་མཁན་ཞིག་གི་ངོས་ནས་ལྐུགས་པའི་རྣམ་འགྱུར་ཞིག་ཐོན་འདུག །

  13. ལེགས་བཤད། says:
    2012-11-01 at 10:41 pm

    རྗེ་བླ་མའི་ཕུལ་དུ་བྱུང་བའི་སྙན་ངག་ནི་རྩ་བའི་བརླན་གཤེར་ཕོར་གང་ལྟ་བུ་སྟེ། ཁྱེད་ཅག་ལྷ་མི་ཡི་དྭགས་གསུམ་གྱིས་ལྟ་བའི་ཚེ་ལྷ་ལ་བདུད་རྩི་དང་མི་ལ་ཆུ། ཡི་དྭགས་ལ་རྣག་ཁྲག་ཡིན་པའི་ཕྱིར།

  14. ལེགས་བཤད། says:
    2012-11-01 at 10:51 pm

    དེས་ན་གོང་གི་དཔེ་མཚོན་དེ་བཞིན་རྗེ་བླ་མའི་སྙན་རྩོམ་རྟག་ངུའི་རྟོགས་བརྗོད་ལྟ་བུ་ལ་སོ་སོའི་ངོས་ནས་རིན་ཐང་ལྟ་ཤེས་ན་དཔེ་རྒྱན་གྱིས་སྤྲས་པ་དེ་ལས་ལྷག་པའི་སྙན་དངགས་ཤིག་བོད་གངས་ཅན་ལ་བྱུང་མེད།

  15. མེ་ཏོག་དཀར་པོ། says:
    2012-11-01 at 10:55 pm

    དེས་ན་གོང་གི་དཔེ་མཚོན་དེ་བཞིན་བེ་རི་བླ་མའི་སྙན་རྩོམ་མན་ཇུ་ཊི་ལའི་སྙན་ངག་ལྟ་བུ་ལ་སོ་སོའི་ངོས་ནས་རིན་ཐང་ལྟ་ཤེས་ན་དཔེ་རྒྱན་གྱིས་སྤྲས་པ་དེ་ལས་ལྷག་པའི་སྙན་དངགས་ཤིག་བོད་གངས་ཅན་ལ་བྱུང་མེད།

  16. ལེགས་བཤད། says:
    2012-11-01 at 11:06 pm

    རྗེ་བླ་མའི་རྟག་ངུའི་རྟོགས་བརྗོད་ལས། རྒྱུ་སྐར་ཁྲོད་ན་ཀུ་མུད་གཉེན་ལྟར་མཐོང་བ་ཙམ་གྱིས་གདུང་བ་སེལ།།རི་དྭགས་ཁྲོད་ན་སེངྒེ་ལྟ་བུར་འཁོར་དུ་འཇིགས་པ་ཀུན་དང་བྲལ།།གླིང་བཞིའི་དབུས་ན་ལྷུན་པོ་ཇི་བཞིན་དགེ་མཚན་དུ་མས་ཀུན་ནས་བརྗིད།།ཅེས་རྟག་ངུ་དང་བུ་མོ་ལྔ་བརྒྱས་རིང་མོ་ཞིག་ནས་ཡང་ཡང་ཡིད་ལ་གཅགས་པའི་འཕགས་པ་ཆོས་འཕགས་ཐོག་མར་མཐོང་སྣང་ལྟར་སྙན་གཞུང་གི་ཆོས་དཔེ་སྦྱོར་ཚུལ་ཕུལ་དུ་བྱུང་བ་ཞིག་ཡིན་འདུག །

  17. འདྲེ་རྐང་ཐོ། says:
    2012-11-01 at 11:13 pm

    རྗེ་བླ་མའི་སྙན་ངག་དང་་་་བེ་རི་བའི་སྙན་ངག་གཉིས་བསྡུར་བ་ནི་་་་་་མེ་དཀར་ཁྱོད་དང་་་་ངའི་སྙན་ངག་གཉིས་བསྡུར་བ་འདྲ་ཞིག་རེད་དོ།

  18. ལེགས་བཤད། says:
    2012-11-01 at 11:25 pm

    རྟག་ངུའི་རྟོགས་བརྗོད་ལས། དེ་ཡིད་ནུབ་ཀྱི་ས་འཛིན་རྩེར།།རྒྱལ་བ་ཉིན་མོར་བྱེད་པོས་བོར།།དགའ་བ་ཉམས་པའི་ཟླ་ཟེར་དང་།།གདུང་བའི་ཀུ་མུད་མཉམ་དུ་གཡོས།།ཞེས་རྟག་ངུའི་སེམས་ནི་ནུབ་རིའི་གཟུགས་སུ་བཀོད། སངས་རྒྱས་ཀྱི་སྐུ་གཟུགས་དེ་ཉི་མའི་གཟུགས་སུ་བཀོད་ནས་ནུབ་རིའི་རྩེ་ནས་ཉི་མ་ནུབ་པའི་བྱུང་རིམ་དང་སྦྱར་ནས་དོན་ལ་རྟག་ངུའི་མཐོང་སྣང་ལ་སངས་རྒྱས་ཀྱི་སྐུ་གཟུགས་ཡལ་བའི་བྱུང་རིམ་དང་སྦྱར་བ་ནི་གཟུགས་རྒྱན་དང་རབ་རྟོག་གི་རྒྱན་འདྲེས་བར་བྱས་པ་ལྟ་བུའོ།།

  19. མེ་ཏོག་དཀར་པོ། says:
    2012-11-01 at 11:28 pm

    ངའི་བློ་ངོ་ན་འཆར་ཚུལ་དང་བསམ་ཚུལ་དེ་རང་རེད། དེ་ལ་ཐབས་ཤེས་ཡོད་མ་རེད། ཚང་མའི་བསམ་ཚུལ་གཅིག བྱས་སྟངས་བྱེད་སྟངས་གཅིག་དགོས་ཟེར་ན་དམར་པོའི་རིང་ལུགས་པ་ངོ་མ་དེ་རེད།

  20. ལ་དྭགས་བློ་བཟང་འཇམ་དཔལ་ says:
    2012-11-01 at 11:29 pm

    དཔལ་ལྡན་ས་གསུམ་མའི་ཚིགས་བཅད་༢༧པ་ན། མཁས་གྲུབ་རྗེས་རྒྱལ་ཚབ་རྗེ་ལ་བསྟོད་པའི་མཇུག་དེར།
    རབ་བྱེད་འདི་ཡང་གངས་རིའི་ཁྲོད་འདི་ན།
    སྙན་དངགས་དབང་པོ་ཀུན་གྱི་མགོ་བོ་ལ།
    ཚིག་གི་གོམ་པ་འགོད་མཁས་དགེ་ལེགས་དཔལ།
    བཟང་པོས་ཚིག་གི་སྦྱོར་བ་སྤངས་ཏེ་སྨྲས།།
    ཞེས་ཚིག་གི་སྦྱོར་བ་སྤངས། གསུངས་པ་ལ་གོ་བ་ཇི་ལྟར་ལེན་ནམ། ཞེས་སོ།།

  21. མེ་ཏོག་དཀར་པོ། says:
    2012-11-01 at 11:32 pm

    མངོན་བརྗོད་ལ་གོ་དགོས་མིན་ནམ་ལེགས།

  22. ལེགས་བཤད། says:
    2012-11-01 at 11:43 pm

    མཆན་ཨང་༡༩་པ་མེ་དཀར་གྱི་གསུང་དེ་འདིར་མཆན་བུ་འདེབས་མཁན་ཚང་མས་བཟུང་།

  23. གཅན་འོད་འབར་གྱིས། says:
    2012-11-01 at 11:46 pm

    སྙན་ངག་ཟེར་བ་དེར་ཐུན་མོང་གིས་ཁས་ལེན་པའི་མཚན་ཉིད་ཅིག་འཇོག་མ་ཐུབ་པ་དང་སྒྱུ་རྩལ་རིན་ཐང་ལྟ་ཚུལ་ལ་ཡང་ཐུན་མོང་གིས་མགྲིན་གཅིག་ཏུ་ཁས་ཆས་མེད་པའི་རྒྱུ་མཚན་ཡང་འདི་འདྲ་ཞིག་ལོས་ཡིན་འདོད་ཐལ།

  24. ལེགས་བཤད། says:
    2012-11-02 at 12:14 am

    རྒན་ལ་དྭགས་པས་གསུངས་པ་ལྟར།
    རབ་བྱེད་འདི་ཡང་གངས་རིའི་ཁྲོད་འདི་ན།
    སྙན་དངགས་དབང་པོ་ཀུན་གྱི་མགོ་བོ་ལ།
    ཚིག་གི་གོམ་པ་འགོད་མཁས་དགེ་ལེགས་དཔལ།
    བཟང་པོས་ཚིག་གི་སྦྱོར་བ་སྤངས་ཏེ་སྨྲས།། ཞེས་པའི་སྤངས་ཞེས་པ་འདིའི་དོན་བདག་གིས་སེམས་པ་ལྟར་ན་འཇིགས་པ་སྤངས་སྟེ་སྨྲས་ཞེས་པ་ལྟ་བུར་གོ །རྒྱུ་མཚན་ཅི་ཡིན་ཞེ་ན། བརྡ་རྙིང་ལ་སྤང་བ་དང་སྤངས་བ་མི་འཇིགས་པ་དང་བཅོལ་བ་ལ་གོ་བ་དང་། མ་འདྲེས་པ་བཅོ་བརྒྱད་བཤད་པའི་སྐབས་མི་འཇིགས་པ་བཞིའི་ཡ་གྱལ་སྤངས་བ་ཕུན་ཚོགས་ལ་མི་འཇིགས་པ་ནི་འདོད་ཆགས་ལ་སོགས་པའི་ཉོན་མོངས་བ་ཐམས་ཅད་ཟད་པ་དང་དེ་ལྟར་ཞལ་གྱིས་བཞེས་པ་ལ་རྒོལ་བའི་གནས་མེད་པ་ལ་མི་འཇིགས་པ་ཟེར་གི་ཡོད་པ་རེད།

  25. ལ་དྭགས་བློ་བཟང་འཇམ་དཔལ་ says:
    2012-11-02 at 3:27 am

    སློབ་དཔོན་ལེགས་བཤད་ཀྱིས་གསུངས་པ་ལྟར། ལི་ཤིའི་གུར་ཁང་ན། སྤང་བ་ནི་མི་འཇིགས་པ། ཞེས་གསུངས་པ་མཐོང་། དེ་ལྟར་ན། ཚིག་གི་སྦྱོར་བར་སྤང་སྟེ། ཚིག་གི་སྦྱོར་བ་ལ་མི་འཇིགས་པ་ཞེས་གོ་བ་ཡོད་ཀྱང། དཔེ་དག་པ་ན་ཇི་ལྟར་ཡོད་པ་ལ་རྗེས་འཚོལ་དགོས་བསམས། རབ་བྱེད་འདི་ན་སྙན་དངགས་ཀྱི་རྒྱན་ངོས་འཛིན་ན། གཟུགས་ཅན་དང་དཔེ་རྒྱན་གཉིས་ཁོ་ནར་ཁོ་བོས་ངོས་བཟུང་ཡང་། ཁྱེད་རྣམས་ལས་སུ་དག་ལ་བསྟན་བཅོས་འདིའི་དཔེ་ཆ་ཡོད་ན། སྙན་དངགས་མེ་ལོང་མ་ན་བཤད་པ་ལྟར་དཔེ་རྒྱན་གཟུགས་ཅན་སོགས་ལ་གཟིགས་རྟོག་གིས་རང་གིས་གང་རྙེད་པ་དེ་འབྲི་ན། ཀློག་མཁན་མང་པོར་ཕན་ངེས། ཞེས་སོ།།

  26. ཤུལ་ལུང་བ། says:
    2012-11-02 at 4:33 am

    མཆན་༧ པ། མེ་ཏོག་དཀར་པོ་ལ་ངས་གཅིག་བཤད། ཁྱོད་ཀྱིས་དཔྱད་རྩོམ་འདི་བཀླགས་ཡོད་ན་ང་ལ་ངོམས་སོ་བྱེད་མི་དགོས། ངས་ཁྱོད་ལ་བསམ་བློ་གཏོང་ས་ཁ་ཤས་རིག་ཡོད་པའི་ཡིད་ཆེས་ཡོད། ཡིན་ནའང་ཟླ་བ་ཞེས་པ་ལས་བསིལ་ཟིལ་ཅན་ཞེས་པ་འདི་བློ་ངོར་འཆར་སླ་བའི་རྒྱུ་མཚན་ལ་རིགས་འདེད་ཀྱིས་ཤེས་མ་ཐུབ་པ་ནི་སྙིང་རྗེ་བ་ཞིག་རེད། ད་དུང་ངས་ཁྱོད་ལ་ངོ་སྤྲོད་བྱས་ན་དེ་ནི་ཏག་ཏག་་”ཟླ་བ”ཞེས་སྨྲས་ཚེ་ཁྱེད་ཀྱི་མིག་སྔར་ཚོང་ཁང་ནང་གི་མི་དེ་ཤར་ཡོང་བ་ལས། མཚན་མོའི་ནམ་མཁའ་ན་ངང་གོར་རེར་ཤར་འདུག་པའི་ཟླ་བ་མི་ཤར་བའི་གནས་ལུགས་དང་གཅིག་པ་གཅིག་ཀྱང་ཡིན་སྟེ། ཁྱོད་ལ་ནམ་མཁའི་ཟླ་བ་ལས་ཚོང་ཁང་ནང་གི་མི་དེ་ཁ་འདྲེས་མིག་འདྲེས་སུ་བ་གྲངས་མང་བ་དང་ལོབ་ཆེ་ཡིན་པའི་རྒྱུ་མཚན་འདི་ཁོ་ནས་ཀྱང་ཤེས་ཐུབ། ཁྱོད་ཀྱིས་བདེན་པ་ལས་སླ་བ་འདི་འདྲ་ཞིག་ཀྱང་ཁས་མ་བླངས་ན། ཁོང་གིས་དངོས་གནས་ཁྱེད་ལ་བཙན་བཀའ་གཏོང་བའམ་ཡང་ན་ཞུ་བ་བྱེད་པ་ལས་ཐབས་ཤེས་མེད་པ་ཁོག་ཐག་རེད་ཞུ།

  27. ཀརྡོ་གཉེར་ཕྱག་པ་ says:
    2012-11-02 at 4:37 am

    བརྒྱད་སྟོང་པ་ལས།
    ཡང་དེ་བཞིན་གཤེགས་པ་རྣམས་བྱོན་པ་དང་བཞུད་པ་མེད་པ་འདི་བཤད་པའི་ཚེ་ས་གཡོ་བ་ཆེན་པོ་བྱུང་སྟེ། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱུ་ཁམས་འདི་ཐམས་ཅད་ལྟས་ཆེན་པོ་བཅོ་བརྒྱད་དང་རྣམ་པ་དྲུག་ཏུ་གཡོས་པ་འདི་ལྟ་སྟེ།
    འགུལ་རབ་ཏུ་འགུལ་ཀུན་ཏུ་རབ་ཏུ་འགུལ། །
    གཡོས་རབ་ཏུ་གཡོས་ཀུན་ཏུ་རབ་ཏུ་གཡོས། །
    ལྡེག་རབ་ཏུ་ལྡེག་ཀུན་ཏུ་རབ་ཏུ་ལྡེག །
    འཁྲུགས་རབ་ཏུ་འཁྲུགས་ཀུན་ཏུ་རབ་ཏུ་འཁྲུགས། །
    ཆེམ་ཆེམ་རབ་ཏུ་ཆེམ་ཀུན་ཏུ་རབ་ཏུ་ཆེམ། །
    འུར་འུར་རབ་ཏུ་འུར་ཀུན་ཏུ་རབ་ཏུ་འུར་ཏེ། བདུད་ཀྱི་གནས་ཐམས་ཅད་ཀྱང་དཀྲོགས་ཤིང་སྤ་བཀོང་བར་གྱུར་ཏོ། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ན་རྩ་དང་ཤིང་གེལ་བ་དང་སྨན་དང་ནགས་ཚལ་ཅི་སྙེད་ཡོད་པ་དེ་དག་ཐམས་ཅད་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་འཕགས་ལ་གལ་བ་དེར་ལོགས་སུ་རབ་ཏུ་འདུད་པར་གྱུར་ཏོ། །

  28. མེ་ཏོག་དཀར་པོ། says:
    2012-11-02 at 5:10 am

    ཤུལ་ལུང་པས་ཀྱང་ངའི་འདོད་པ་དེ་རྟོགས་མ་སོང་། ང་ལ་སིལ་ཟེར་ཅན་་་ཟླ་བ་་་ལས་རྟོགས་སླ་བ་འདུག་པས་ཀུན་ལའང་དེ་ལྟར་རོ་མ་བརྗོད་དོ།། དེ་ན་བློ་ལྷོད་ཀྱིས་བཞུགས་སོ།།

  29. ཤུལ་ལུང་བ། says:
    2012-11-02 at 7:47 am

    ངས་འདི་ལྟར་ལྟས་ན་འདིར་ཡོང་བའི་མཆན་འགོད་པ་མང་པོ་ཞིག་གིས། རྗེ་བླ་མའི་རྩོམ་ཡིག་འདྲ་རེ་མཐོང་མྱོང་བ་ལས། ངག་དབང་བརྩོན་འགྲུས་ཀྱིས་མཚན་གཞི་རུ་བཞག་པའི་སྙན་ངག་དེ་འདྲ་མཐོང་མྱོང་མེད་སྣང་ཞིག་ཤར་ཡོང་གིན་འདུག
    གང་ལྟར་ངས་བསམས་ན་ཁོང་གིས་བཤད་བཞིན་པའི་སྙན་ངག་ནི། དཔེར་ན། ད་ལྟ་རྒྱ་ནག་གི་བཙོན་འོག་ཏུ་ཡོད་པའི་ན་གཞོན་སྙན་ངག་པ། ཐེའུ་རང་ལགས་ཀྱིས་བྲིས་པའི་<> ཞེས་པ་ལྟ་བུ་དག་ཡིན་ཚོད་འདུག་པས་འདིར་ཁོང་གི་སྙན་ངག་དེ་ཁྱེད་བཏགས་ནས་བསྟན་ན
    ཁ་བྱང་ལ།
    ང་རང་རྨང་ནས་སྒུལ་བྱུང་།

    གློ་བུར་གློ་བུར་དུ ཞོད་འཇགས་སུ་མ་སོང་བའི་རླུང་འཚུབ་ལྡང་འོ་ཚེ
    ང་རང་རྨང་ནས་སྒུལ་གྱིན་འདུག གངས་རི་དང་རྩྭ་ཐང་ཡང

    དབལ་བཟའ་ནོར་འཛིན བླ་བྲང་འཇིགས་མེད
    དཔའ་སྙིང་རྡོག་རྡོག་ཚོ་རེ་རེ་བཞིན་བོར་སོང་བ་ཐོས་ཚེ
    གློག་ཀླད་དང་ཁ་གཏད་དུ་བཙོག་པའི་འདིའང
    སུ་ཞིག་གི་མནར་གཅོད་བཙན་གྱིས་མྱོང་བ་དང་ཀུན་ནས་འདྲ་ཨང

    རང་གིས་རང་ལ་བཟོས་པའི་བཙོན་ཁང་ཞིག་དང་འདྲ་བའི་ཟིན་བྲིས་སུ་འཇུག་ཐེངས་རེ་རེར
    མྱི་བོར་བའི་བཙལ་ཡིག་ཏག་ཏག་གི་བར་གསེང་འགྲིམས་དགོས་བྱུང་བ་འདི་ཅི་ཡིས་ཁེག་གམ

    གློ་བུར་གློ་བུར་དུ ང་རང་ཉིད་ལ་བྲེད་ཤ་ལངས་ཡོང
    གློ་བུར་གློ་བུར་དུ ངས་རང་ཉིད་ལ་ལྐོག་ཉན་བྱེད་དགོས་སོང
    དེ་ལས་ཀྱང དེ་ལས་ཀྱང

    གློ་བུར་གློ་བུར་དུ ཞོད་འཇགས་སུ་མ་སོང་བའི་རླུང་འཚུབ་ལྡང་འོང་ཚེ
    ང་རང་རྨང་ནས་སྒུལ་གྱིན་འདུག གངས་རི་དང་རྩ་ཐང་ཡང

    ༢༠༠༨ . ༡༡ . ༦ . ཉིན་བྲིས།

    ངས་ཐེའུ་རང་ལགས་ཀྱི་སྙན་རྩོམ་འདི་འདི་ལྟར་བཀོད་ན། རྗེ་བླ་མ་སོགས་ཀྱི་དཔེ་གཟུགས་སྒྲ་གསུམ་ལ་ཧང་སང་ནས་ཡོད་པའི་སྲོལ་རྒྱུན་ཤུལ་འཛིན་པ་ཁྱེད་ཅག་གིས་རོལ་མྱོང་ཅི་ཡང་བྱེད་མི་ཤེས་པ་སྲིད་པས། ངས་ཐེའུ་རང་ལགས་ཀྱི་སྙན་ངག་འདིའི་རྩོམ་ཐབས་དང་མྱོང་རོལ་གྱི་སྒོ་མོ་ཅུང་ཟད་ཅིག་འབྱེད་པར་བྱེད་ཆོག
    དེས་ནས་ཁྱེད་ཚོས་རྣམ་རྟོག་དང་ཐེ་ཚོམ་མེད་པར་ཤར་སེ་ཀློགས་པར་གྱིས་ཤིག་ཞུ།
    རྩོམ་ཡིག་འདི་ནི་ཐེའུ་རང་ལགས་ཀྱིས་”ས་བྱི་ཞི་རྒོལ་ཆེན་མོ”འཇུག་མ་དྲིལ་བའི་ལོ་མཐའ་དེར་བྲིས་པ་ཞིག་རེད་ལ། ལོ་དེར་བོད་ཁམས་ཡོངས་སུ་”གློ་བུར་གློ་བུར་དུ”དགྲ་བོ་རྒྱ་དམར་གྱིས་ལོ་མང་རིང་དྲགས་གནོན་བྱས་ཀྱང་། “ཞོད་འཇགས་སུ་མ་སོང་བའི་”ངོ་རྒོལ་གྱེན་ལངས་ཀྱི་”རླུང་འཚུབ་ལྡང་འོ་ཚེ”ཤ་ཞེན་དང་ན་ཟུག སེམས་ཁུར་དང་འཇིགས་སྐྲག་ཅི་ཞིག་གིས་རྩོམ་པ་”ང་རང་རྨང་ནས་སྒུལ་གྱིན་འདུག” ལ། གནད་དོན་འདིས་ནི་ང་ནས་ཁྱོད་དང་ཁྱོད་ནས་ང་ཚོ་སྟེ། འདོར་ན་མཐོ་སྒང་གི་ཡོད་ཚད་ལ་གཟོད་མི་ཐུབ་པའི་ན་ཟུག་ཅི་ཞིག་གིས་སྒུལ་གྱིན་འདུག་ཚུལ་ལ “གངས་རི་དང་རྩྭ་ཐང་ཡང”ཞེས་ཚིག་སྣེ་བཅད་དེ་ཀློག་པ་པོར་རོལ་མྱོང་གི་སྐལ་བ་བྱིན་འདུག་པ་འདི་ནི། ཆེས་ཕུལ་དུ་བྱུང་བའི་རྩོམ་ཐབས་ཤིག་ཡིན་སྟེ། ཀློག་པ་པོ་སོ་སོའི་རྣམ་དཔྱོད་ཀྱིས་ཅི་ཙམ་འདང་འདང་བར་”ས་བྱི་ཞི་རྒོལ་ཆེན་མོའི”མོའི་སྔ་ཕྱི་བར་གསུམ་གྱི་གནས་བབས་ལ་རོལ་མྱོང་བྱེད་པའི་སྐལ་བ་ཡོད་པར་བྱས་པ་ལས་མྱངས་པའི་སེམས་འགྱུར་རམ་བྲོ་བ་ནི། རྗེ་བླ་མ་དང་བེ་རུ་སྨྱོན་པ་ལྟ་བུས་དཔེ་གཟུགས་སྒྲ་གསུམ་གྱིས་ཚིག་བཅད་སྟོང་ཕྲག་ལྔ་བརྒྱ་བྲིས་ཀྱང་མི་ཡོང་ཁོག་ཐག་རེད་འདུག་གོ
    ད་དུང་ཚིག་རྐང་ཕྱི་མ་དག་རེ་རེ་བཞིན་འདི་ལྟར་འགྲེལ་ན། ཡིག་ཚོགས་ཆེ་བས་ཧ་ཅང་ཉོག་པར་འགྱུར་བ་དང་། ཡང་ན་རྩོམ་པ་པོ་ཐེའུ་རང་ལགས་ཀྱིས་ཆེད་དུ་ཀློག་པ་པོ་གནང་བའི་རོལ་མྱོང་གི་སྐལ་བ་ལ་བདག་གི་སྡུག་ལག་འདིས་བཅད་བཏུབ་བྱས་པའི་ནག་ཉེས་དུ་འགྱུར་སྲིད་པས་མང་དུ་མི་སྤྲོས་ཀྱང་། དེང་སང་ན་གཞོན་རྩོམ་པ་པོ་དག་གིས་གསར་དུ་འབྲི་བཞིན་པའི་སྙན་ངག་དམར་དཀར་སྤུ་ལུ་དང་སྦྲང་ཆང་བསིལ་མ་འདྲ་བོ་དག་ལ། བྲོ་ནག་ཆུ་བཙོས་དང་ཆུ་ནག་ཧུབ་མཐུང་བྱས་པ་ཙམ་ལས་བྲོ་བ་ཏིལ་འབྲུ་ཙམ་ཡང་མི་མྱོང་བའི་སྲོལ་རྒྱུན་པ་དག་ལ། ཟ་འདོད་ཀྱི་འགྲམ་ཆུ་སློང་བྱེད་དུ་ངོ་སྤྲོད་རག་བཤད་ཙམ་བྱས་ན། ཡག་ཏུ་མ་སོང་ནའང་ཙོག་ཏུ་མི་འགྲོ་བའི་ཡིད་ཆེས་ཤིག་འདུག་པས་རག་བཤད་ཙམ་བྱས་ན།
    འདོར་ན་ཁོང་གིས་ཚིག་རྐང་ཕྱི་མ་དེ་ག་རང་དུ་”ས་བྱི་ཞི་རྒོལ་ཆེན་མོའི”རྒྱུད་རིམ་ལས་མནར་མྱང་བ་ཡོངས་གྲགས་སུ་གྱུར་མི་སྣ་”དབལ་བཟའ་ནོར་འཛིན བླ་བྲང་འཇིགས་མེད་”གཉིས་ཀྱིས་མཚོན་པའི་”དཔའ་སྙིང་རྡོག་རྡོག་ཚོ་རེ་བཞིན་བོར་སོང་བ་ཐོས་ཚེ” བོར་སོང་བ་དང་འཛིན་བཟུང་བྱས་སོང་བ་དེ་དག་ལ་ཡོད་པའི་མནར་གཅོད་ལས་ཀྱང་ “གློག་ཀླད་དང་ཁ་གཏད་དུ་བཙོག་པ་འདིའང”སྲིད་དབང་སྒེར་གཅོད་རིང་ལུགས་པ་”སུ་ཞིག་གི”ལག་འོག་ནས་མི་གཟོད”མནར་གཅོད་བཙན་གྱིས་མྱོང་བ་དང་ཀུན་ནས་འདྲ་ཨང”ཞེས་རྩོམ་པ་ཁོང་ལ་མྱ་ངན་དང་ན་ཟུག་ཅི་ཡོད་འདྲི་བར་བྱས་སྟེ། ང་ཚོའི་ཁོང་གི་མྱོང་བ་དང་ན་ཟུག་ལ་རྒྱུས་ལོན་བྱེད་དགོས་པར་བྱས་འདུག་པ་དང་འདི་རེད་ལ།
    དེ་ལས་ཀྱང་རྩོམ་པ་པོ་ཁོང་ནི་རིགས་ཞེན་དང་ན་ཟུག ཚོར་བ་དང་གནས་ལུགས་ཀྱི་ཉིང་ཁུ་གྱེར་བའི་ཡི་གེ་ཞིག་ཡིན་ཞིང་། མགོ་བོ་ནང་དུ་བཀུག་ན་མི་འདུག་པར་ཕྱི་ནང་འགྱུར་བ་འཚོལ་བའི་ན་གཞོན་ཞིག་ཡིན་ངོས་ནས། ནམ་རྒྱུན་བཞིན་”རང་གིས་རང་ལ་བཟོས་པའི་བཙོན་ཁང་ཞིག་དང་འདྲ་བའི་ཟིན་བྲིས་སུ་འཇུག་ཐེངས་རེ་རེར”ཡང་། རྒྱལ་ཕྱི་ནང་གི་དྲ་ཚིགས་རྣལས་ཐོན་པའི”མྱི་བོར་བའི་བཙལ་ཡིག”འཛིན་བཟུང་བཙན་ཁྲིད་བྱས་སོང་བའི་གནས་ཚུལ་”ཏག་ཏག་གི་བར་གསེང་འགྲིམས་དགོས་བྱུང་བ་འདི་ཅི་ཡིས་ཁེག་གམ”ཞེས་ང་ཚོར་སླར་ཡང་བསམ་གཞིག་གི་གོ་སྐབས་བྱིན་པ་འདུག་པ་འདི་ཡང་། ང་ཚོར་ཆེད་དུ་བྱས་པ་ལས་ཁོང་གིས་སྒྲ་རྒྱན་གཟུགས་གསུམ་གྱི་འགྲོ་སྟངས་མ་ཤེས་པ་ཞིག་གཏན་ནས་མ་རེད་སྙམ།
    དེ་ལས་གནས་བབས་དེ་ལྟ་བུ་ཞིག་གི་འོག་ནས་བསམས་ན། ཁོང་དང་ཁོ་འདྲ་བའི་”ས་བྱི་ཞི་རྒོལ་ཆེན་མོ”དང་འབྲེལ་ཡོད་དུ་གྱུར་པའི་མི་སུ་འདྲ་ཞིག་ཡིན་ནའང་ “གློ་བུར་གློ་དུ བྲེད་ཤ་ལངས་འོང་ལངས་ཡོང་” བ་ནི་རང་བཞིན་ཞིག་ཡིན་ལ། དེ་བས་ཀྱང་”གློ་བུར་གློ་བུར་དུ རང་ཉིད་ལ་ལྐོག་ཉན་བྱེད་དགོས་སོང་”ཞེས་དངོས་སུ་གཏམ་ཞིང་། ཞོར་དུ་”དེ་ལས་ཀྱང་ དེ་ལས་ཀྱང་”ཞེས་ཚིག་གཉིས་རྐང་གཉིས་ཆེད་དུ་བཀོད་པ་ནི། ང་ཚོར་དེ་དང་དེ་ལྟ་བུ་”བྲེད་ཤ་ལངས་དགོས”ས་དང་”ལྐོག་ཉན་བྱེད་དགོས”ས་དུ་མ་ཞིག་ཡོད་པ་ངོས་འཛིན་བྱེད་དུ་བཅུག་པ་རེད་འདུག
    ཀློག་པ་པོ་ང་ཚོ་རྩོམ་པ་པོ་ཁོང་གིས་ཚོར་བའི་ལམ་སྟོན་གྱིས་རྗེས་སུ་འོང་ཞིང་ཚད་འདིར་ཐོན་དུས། འཛམ་གླིང་མཐོ་སྒང་དུ་གནས་པའི་བོད་ཁམས་ཡོངས་སུ།
    ” གློ་བུར་གློ་བུར་དུ ཞོད་འཇགས་སུ་མ་སོང་བའི་རླུང་འཚུབ་ལྡང་འོ་ཚེ
    ང་རང་རྨང་ནས་སྒུལ་གྱིན་འདུག གངས་རི་དང་རྩྭ་ཐང་ཡང”
    རང་དབང་མེད་པར་་ཡམ་ཡོམ་དུ་འགུལ་གྱི་འདུག་པ་སྣང་བ་མྱོང་བ་སྐྱེ་ཐུབ་པ་བྱས་འདུག་པ་འདི་རེད་འདུག་གོ
    འོ་རེད་ད་མི་འགྲེལ་དྲན་གྱིན་དྲིན་གྱིན་འཇུག་ཏུ་མ་ཐོན་པར་འགྲེལ་ཚར་འདུག འདི་ཡང་ངས་སྙན་ངག་འདིའི་སྒྱུ་རྩལ་དང་ཡིད་འགུག་གི་ནུས་པ་ཞིག་བསླུས་སོང་བ་རེད་ཅེས་བཤད་ན་ཏག་ཏག་རེད།
    གོང་གི་འགྲེལ་སྟངས་འདི་ནི་རང་ཉིད་ཀྱིས་སྙན་ངག་འདི་མྱོང་རོལ་བྱེད་སྟངས་ཤིག་ཡིན་ལ། ད་དུང་ཀློག་པ་པོ་གཞན་དག་གི་རང་རང་སོ་སོའི་རོལ་མྱོང་གི་ནུས་པ་ཆེ་ཆུང་ལ་རོ་བྲོ་ཅི་ཡང་འཐོབ་ཐུབ་པ་ནི། དེང་རབས་སྙན་ངག་གི་ཆེས་འབུལ་དུ་ཐོན་པའི་སྒྱུ་རྩལ་ཞིག་ཀྱང་རེད་དོ།
    ད་དུང་ཐེའུ་རང་གིས་འདིར་སྤྱད་ཡོད་པའི་ཐ་སྙད་དག་ནི་ངག་དབང་བརྩོན་འགྲུས་ལགས་ཀྱིས་བཤད་ཀྱིན་པའི། ང་ཚོ་དང་ཆེས་ཁ་ཐག་ཉེ་ཞིང་འབྲེལ་འདྲིས་ཟབ་པའི་ཐ་སྙན་ཀྱང་ཀྱང་ཡིན་པ་འདི་ཡང་ཡོན་ཏག་ཞིག་ལས་ཅི་ཡང་མ་རེད་འདོད།
    མཐའ་དོན་དྲ་མཆན་པ་ཚོར་རེ་བ་ཞིག་ཞུ་འདོད་པ་ནི། བསམ་ཚུལ་དང་མཆན་གང་ཞིག་བཀོད་ཀྱང་རང་ཉིད་ཀྱི་བསམ་ཚུལ་དངོས་མ་དང་། རང་ཉིད་ཀྱི་ཤེས་རབ་སྤྱད་ནས་གཞན་ལ་བློ་བསྐྱེད་སྦྱིན་ཐུབ་པའམ། ཡང་ན་ཉིད་ལ་ཁེ་བཟང་འཐོབ་ཐུབ་པ་ཞིག་ལ་འབད་རྩོན་བྱེད་རྒྱུ་ལས། དྲ་ཐག་གི་སྣེ་མོའི་རང་ངོ་བསྟན་མི་དགོས་པའི་རྒྱུ་མཚན་དུ་བྱས་ནས། སྐད་ཆུ་གང་བྱུང་ཁྱི་གཅིན་གཏོང་གཏོང་མ་བྱས་ན་དགའ་གི་རེད་ཅེས་པ་འདི་ཡིན། གལ་སྲིད་ཁྱེད་ཅག་ཀྱིས་དེ་ལྟར་བྱེད་འདོད་ན་གྱིས་དང་ངས་འདི་ནས་ཁྱོད་ལ་སྲོག་ཁྲིམས་གཅོད་མི་ཐུབ་པ་ནི་ཁོག་ཐག་རེད་ཅེས་པ་འདི་ཡིན།
    མ་གཞི་ངས་ཀྱང་ཀུན་སློང་དེ་ལྟ་བུ་ཞིག་ཉར་ཅི་ཐུབ་ཀྱིས་དྲ་ལམ་དུ་ཡོང་གིན་ཡོད། དེ་རིང་ཡང་ཀུན་སློང་དེ་ལྟ་བུ་ཞིག་བཟུང་ན། མཆན་རིང་པོ་འདི་ལྟ་བུ་ཞིག་འབྲི་བའི་ངལ་བར་བརྟེན་པ་ཡིན་ལ། གལ་སྲིད་རང་ཁེ་གཞན་ཕན་ཅི་ཡང་མ་བྱུང་ན་ནི། སྡུག་གྱོང་ལས་ཅི་ཡང་མེད་པའང་གསལ་བོར་ཤེས་ཀྱིན་ཡོད་དོ།
    མཆན་འདི་བྲིས་ན་ཕལ་ཆེར་ཆུ་ཚོད་གཅིག་ལྷག་ཙམ་འགུལ་སོང་འདུག་པ་ལ་དུས་ཚོད་ཤོར་སོང་བའི་སེལ་སྣ་ད་དུང་ཡང་མི་འདུག
    ཡ་ཡ་་་་ ་ད་དེ་ཙམ་ཡིན། ད་དུང་བསམ་ཚུལ་དང་དཔྱད་བསྡུར་ངོ་མ་བྱེད་མཁན་ཡོད་ན་མུ་མཐུད་ནས་ཡོང་ཆོག་པས་དེ་ལུགས་ཀྱང་ཡིད་འཇོག་གྱིས་ཤིག་ལོ་་་་་་་་
    འོ་རེད། མཆན་འདི་ཁ་ཐུག་དྲ་ལམ་ནས་བཏགས་པས་ཡིག་འབྲུ་ཆད་ལྷག་འདྲ་ཡོད་ན་བཅོས་ཆོག་ཀྱང་ཞུ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ།
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ།
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (98)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (80)
  • ཨེ་ལི་སི། (54)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (40)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ། (14)
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ། (8)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme