Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

སྒྲིག་ཆས་ལྗང་ཁུའི་དབང་ཤུགས།

Posted on 2020-03-152020-03-15 By ཁ་བརྡ 1 Comment on སྒྲིག་ཆས་ལྗང་ཁུའི་དབང་ཤུགས།

རོང་བོ་ཐང་དཀར།

དེ་རིང་གི་ཉིན་མོ་འདི་ཡང་ཞོགས་ཟས་མེད་པར་མགོ་བརྩམས་པ་ཡིན། འདས་པའི་ཉིན་བཅུ་ཕྲག་གི་རིང་ལ་ཉིན་རེར་ཟས་ཐུན་རེ་སྟེ་ཆུ་རྐྱང་གི་ནང་དུ་རྩམ་རྐྱང་བཏབ་སྟེ་ཟོས་ནས་འོངས་སྟབས། ང་ཚོའི་ལུས་སེམས་གཉིས་ཀ་ངན་ངོན་གྱི་འཚོ་བ་འདི་ལ་གོམས་ལོབས་སུ་གྱུར་ཡོད། འོན་ཀྱང་། ང་ཚོར་ནམ་ཡང་གོམས་ལོབས་སུ་འགྲོ་དཀའ་བ་ནི། སྒྲིག་ཆས་ལྗང་ཁུ་གྱོན་མཁན་ཚོས་ང་ཚོའི་སྟེང་ལ་བཟུང་བའི་འཇིགས་སྐུལ་གྱི་ལྟ་སྟངས་དང་། གདུག་རྩུབ་ཀྱི་གཤིས་སྤྱོད། ལྷག་པར་དུ་ཁོང་ཚོས་བཙན་དབང་གིས་ང་ཚོར་མེས་པོའི་རིག་གཞུང་ལ་རྒྱབ་འགལ་བྱེད་དུ་བཅུག་པ་དག་ཡིན། ཁོང་ཚོའི་སྡང་སེམས་ཀྱི་མིག་ཟུང་ལ་གཞིགས་ན། ང་ཚོས་ནི་ཁོང་ཚོའི་མེས་པོའི་ཤུལ་བཞག་བཅོམ་ཞིང་ཁོང་ཚོའི་ཁྱིམ་གཞིས་གཏོར་བཤིག་བཏང་ཡོད་འདོད་ཀྱི་ཡོད་པར་མ་ཟད། ཁོང་ཚོས་ང་ཚོ་ནི་ཁོང་ཚོ་དང་འདྲ་བར་བདེ་སྐྱིད་འདོད་ཅིང་སྡུག་བསྔལ་མི་འདོད་པའི་འགྲོ་བ་མིའི་རིགས་ཤིག་ཡིན་པའི་བསམ་སྟངས་དེ་གཏན་ནས་བཟུང་མི་འདུག དེ་ལྟ་ནའང་། ཁོང་ཚོས་རབ་བྱུང་གཅིག་ལྷག་གི་རིང་ལ་གནས་ཡུལ་འདི་བཙན་བཟུང་བྱས་པའི་ནག་ཉེས་དེ་ཁོང་ཚོའི་སེམས་པའི་གཏིང་རིམ་ཞིག་ན་གསལ་གསལ་ཐག་ཐག་ཅིག་ཡོད་པ་ང་ཚོའི་མིག་ནང་ནས་མངོན་གྱིན་ཡོད་པ་འདིས་ནི། ཁོང་ཚོས་ང་ཚོར་ཐད་ཀར་མིག་གཏོད་མི་ཐུབ་པར་དུས་ནམ་ཡང་གཡོལ་ཐབས་ཁོ་ན་བྱེད་པའི་རྣམ་འགྱུར་ལས་གསལ་བོར་མཐོང་ཐུབ།

སྒྲིག་ཆས་ལྗང་ཁུ་གྱོན་མཁན་ཚོས་རྣ་བས་སྒྲའི་གདངས་འཛིན་གྱིན་ཡོད་པ་ལས་སེམས་གཏད་དེ་ཉན་གྱིན་མེད་པ་ནི་མངོན་གསལ་དོད་པོ་རེད། བྱམས་དང་སྙིང་རྗེ། ལྷག་པར་དུ་གདུང་སེམས་མཉམ་སྐྱེད་ནི་གཞན་གྱི་གནས་སྟངས་དེ་རང་སྟེང་ལ་སྦྱར་ནས་བསམ་ཤེས་བྱེད་པ་ལས་འབྱུང་བ་ལས། སྐད་གདངས་ཉིད་ལས་འབྱུང་མི་ཐུབ་པའི་འདུ་ཤེས་དེ་ཁོང་ཚོས་ངོས་འཛིན་བྱེད་ཐུབ་ཀྱི་མི་འདུག སྒྲིག་ཆས་ལྗང་ཁུ་གྱོན་མཁན་དག་ལ་གནས་ལུགས་དང་རྒྱུ་མཚན་བཤད་ས་མེད་ལ་བཤད་ཀྱང་ཕན་མི་ཐོགས། ཁོང་ཚོར་མཚོན་ན། འདི་ནི་དབང་ཤུགས་དང་དྲང་བདེན་བར་གྱི་འཐབ་རྩོད་ཅིག་རེད།

ཉི་མའི་ཚ་དྲོད་ཆེས་ཆེ་བའི་སྐབས་འདིར། སྒྲིག་ཆས་ལྗང་ཁུ་གྱོན་མཁན་ཞིག་གིས་ཁ་སང་བཞིན་ཅོག་ཙེ་ཞིག་དང་རྐུབ་སྟེགས་ཤིག་བཀག་སྐྱིལ་ཁང་གི་ར་སྐོར་གྱི་དཀྱིལ་དང་། རྒྱ་མེན་མེ་ཏོག་དམར་པོ་བཞད་པའི་རྩྭ་ལྡུམ་གྱི་ཉེ་འགྲམ་དུ་འཇོག་པར་བལྟས་ན། དུས་ཚོད་ཀྱི་ཁྱད་པར་ཞིག་མ་གཏོགས། ང་ཚོས་ཁོང་ལ་གཅིག་རྗེས་གཉིད་མཐུད་ཀྱིས་གདོང་གཏོད་དགོས་པ་ནི་མངོན་གསལ་དོད་པོ་ཡིན། དེ་ནི་ཕག་ཁང་ནང་གི་ཕག་དག་གིས་གྲུ་ཟུར་ཞིག་ཏུ་འཚང་ཁ་དང་ཙིར་སྐད་ཇི་ལྟར་བརྒྱབ་ཀྱང་། མཐར་གཏུགས་ན་ཤན་པའི་ལག་གི་གྲི་ལ་གཡོལ་ཐབས་མེད་པ་དང་གཉིས་སུ་མེད་པ་ཞིག་རེད།

“ཀྱེ། འདིར་ཤོག་” ཅེས་སྒྲིག་ཆས་ལྗང་ཁུ་ཅན་དེས་ལག་གི་ཉེན་ཟོན་དབྱུག་པ་ངའི་སྟེང་ལ་གཏད་ནས་བཤད། ང་སྐྲག་སྣང་གིས་ཤ་འདར་བརྒྱབ་ཅིང་ཡིད་བློང་བློང་པོར་གྱུར་ནས་ལུས་པོ་ཡོངས་ལ་ཙག་ཤད་ཅིག་རྒྱུག རེ་ཞིག་ཅི་ཡིན་འདི་ཡིན་མི་ཤེས་ཤིང་འཚབ་འཚུབ་ཀྱི་ངང་ལ་ལྷག དེ་ནས་ང་རང་གིས་ལམ་འགྲམ་གྱི་སྡོང་ཕྲན་བཞིན་རྩིག་གྱང་གི་གྲིབ་འོག་ཏུ་གྲལ་བསྒྲིགས་པའི་རང་གི་འགྲོ་གྲོགས་དག་ལ་ལྟ་ཙམ་བྱས། འཇིགས་སྐྲག་དང་ཐེ་ཚོམ་གྱིས་དམ་དུ་བཏགས་པའི་ངས་ཅི་ཡང་མ་ཐོས་པའི་ཚུལ་བསྟན་ཏེ་ཕྱོགས་གཞན་ཞིག་ལ་ལྟ་ཁུལ་བྱས།

“ཀྱེ། འདིར་ཤོག་ཟེར་བ་ཧ་གོ་མ་བྱུང་ངམ་” ཞེས་སྒྲིག་ཆས་ལྗང་ཁུ་གྱོན་མཁན་དེའི་སྐད་གདངས་སྔར་བཞིན་མཐོ་ལ་ངར་ཤུགས་ཆེ། ང་རང་སྐྲག་སྣང་གིས་རང་ཉིད་ཀྱིས་རང་ཉིད་ལ་མཛུབ་སྟོན་ཞིག་བྱས་ཤིང་། ཡང་སྐྱར་རང་གི་གཡས་གཡོན་ལ་ལྟ་ཙམ་བྱས་ཏེ་དལ་གྱིས་ཡར་ལངས་པ་ཡིན། སྐབས་དེར་ངའི་གྲོགས་པོ་འབྱོར་ལྡན་གྱིས་ “སྐྲག་དགོས་ནི་མ་རེད། བུ་རྟགས་སྟོན་” ཟེར།

ང་མདུན་ལ་འགྲོ་ཞོར་རང་གི་གྲོགས་པོས་བཤད་པའི་སྐད་ཆ་དེ་ཡིས་ཅི་ཞིག་སྟོན་གྱིན་ཡོད་མེད་དང་རང་ཉིད་ཀྱིས་ཅི་ཞིག་བྱེད་དགོས་མིན་ལ་བསམ་གཞིག་བྱེད་བཞིན་པའི་སྐབས་དེར། འགྲམ་ལྕག་ཚ་བོ་ཞིག་གིས་སོམ་ཉིའི་ཀློང་ནས་ཐོལ་གྱིས་སད་དུ་བཅུག ངས་མྱུར་མོར་འགྲམ་པར་ལག་པས་འཕུར་འཕུར་བྱེད་བཞིན་པའི་སྐབས་དེར། སྒྲིག་ཆས་ལྗང་ཁུ་གྱོན་མཁན་དེས་ཡང་སྐྱར་ཕྱི་ལག་གིས་འགྲམ་ལྕག་ཅིག་གཞུས་པ་དེ་ངའི་འགྲམ་པར་མ་ཁེལ་བར། སྣ་སྟེང་ལ་ཁེལ་བས་དེ་སྔོན་བཞིན་གྱི་ཟུག་གཟེར་མེད་ན་ཡང་། ཆུ་སྒོ་ཕྱེས་པ་བཞིན་སྣ་ཁུང་ནས་ཁྲག་འགོག་མེད་དུ་བཞུར། ངས་རང་གི་སྟོད་གོས་ཀྱིས་སྣ་ཁྲག་འགོག་གང་ཐུབ་བྱས། མཚམས་དེར། སྒྲིག་ཆས་ལྗང་ཁུ་གྱོན་མཁན་དེ་རྐུབ་སྟེགས་སྟེང་བསྡད་ནས་ཙོག་ཙེའི་སྒང་གི་སྨྱུ་གུ་ལེན་ཞོར་ “ཀྱེ། མིང་ལ་ག་རེ་རེད།”
“དོན་གྲུབ།”
“ལོ་ག་ཚོད་ཡིན།”
“བཅུ་དྲུག”
“ཕ་ཡུལ་ག་བ་ནས་ཡིན།”
“ཨ་མདོ་རེབ་གོང་།”
“གང་དུ་འགྲོ་འམ།”
“གངས་རིན་པོ་ཆེར་མཇལ་དུ་འགྲོ་རྒྱུ་ཡིན”
“ཀྱེ། སྐྱག་རྫུན་མ་བཤད་ཨང་།”
“རྫུན་བཤད་མེད།”
“ཁྱེད་ཀྱི་གྲོགས་པོ་ཚོ་གང་དུའགྲོ་རྒྱུ་རེད་དམ།”
“དེ་ངས་ཧ་གོ་མ་སོང་། ང་གངས་རིན་པོ་ཆེར་མཇལ་དུ་འགྲོ་མཁན་ཞིག་ཡིན།”
“ལྟས་ངན་་་་་་་” ཟེར་ཞོར་ཡར་ལངས་ཏེ་ཡང་སྐྱར་འགྲམ་ལྕག་ཅིག་གཞུས། ཁོའི་ལག་པར་ངའི་སྣ་ཁྲག་འགོས་པ་ན། ཁོ་རང་ཁོང་ཁྲོའི་མེ་ལྕེ་དྲག་ཏུ་འབར་ཏེ། ཙོག་ཙེའི་སྒང་གི་ཉེན་ཟོན་དབྱུག་པ་བླངས་ནས་ང་ལ་ཚམ་ཚོམ་མེད་པར་གཞུས། ཁ་ནས་ཚིག་རྩུབ་ཐན་ཐུན་ཞིག་ཟློ་བཞིན་རྡོག་ཐོས་ཀྱང་གཞུ་མགོ་བརྩམས། སྐབས་དེར། “ན་གཞོན་ཞིག་ལ་དེ་འདྲ་གཞུ་དགོས་དོན་འདུག་གམ་ཨང་” སྐད་ཆ་ཞིག་གློ་བུར་བ་ཞིག་ཐོས་པར། ངས་ཁ་ཕྱིར་འཁོར་ཏེ་བལྟས་པ་ན་གྲོགས་པོ་འབྱོར་ལྡན་ངའི་རྒྱབ་ན་ལངས་འདུག

“ག་རེ།”
“ཁྱེད་རང་གིས་ག་རེ་བྱེད་འདོད་དམ།” ཞེས་སྒྲིག་ཆས་ལྗང་ཁུ་གྱོན་མཁན་དེའི་སྐད་གདངས་ལ་སྔར་བས་ཀྱང་ངར་ཤུགས་རྒྱས་ཤིང་གདོང་ནས་མ་དགའ་བའི་རྣམ་འགྱུར་སྟོན་བཞིན་ལག་གི་ཉེན་ཟོན་དབྱུག་པ་འབྱོར་ལྡན་གྱི་མཁུར་ཚོས་སྟེང་ལ་གཏད།
“ཨ། ག་རེ།”
“ཁྱེད་རང་ག་རེ་ཡིན་ནམ།”
“ག་རེ་བྱེད་རྒྱུ་ཡིན་ནམ་” ཞེས་སྒྲིག་ཆས་ལྗང་ཁུ་གྱོན་མཁན་དེས་མ་དགའ་བའི་ཚུལ་གྱིས་དྲི་བ་འགའ་དྲིས་རྗེས། ལག་གི་ཉེན་ཟོན་དབྱུག་པས་འབྱོར་ལྡན་གྱི་མགོ་ལ་ཤུགས་ཆེན་པོས་གཞུས་པ་ན། ཉེན་ཟོན་དབྱུག་པ་ཆག་སྟེ་སྣེ་མོ་བཀྲག་མདངས་ཅན་གྱི་རྒྱ་མེན་མེ་ཏོག་བཞད་པའི་ལྡུམ་རྭའི་ནང་དུ་ལྷུང་། འཁྱིལ་བག་ལྡན་པའི་འབྱོར་ལྡན་གྱི་སྐྲ་གསེང་ནས་ཁྲག་དམར་ལྷོག་ལྷོག་ཏུ་བཞུར། སྙིང་རྗེ་བྲལ་བའི་སྒྲིག་ཆས་ལྗང་ཁུ་གྱོན་མཁན་དེ་ནི་ཁོང་ཁྲོས་སྙིང་མྱོས་པ་བཞིན་འབྱོར་ལྡན་ལ་རྡོག་ཐོས་མང་དུ་གཞུས།

རྡོག་ཐོས་གཅིག་གཞུས་སོང་།
རྡོག་ཐོས་གཉིས་གཞུས་སོང་།
སྐར་མ་གཅིག་འགོར་སོང་།
སྐར་མ་གཉིས་འགོར་སོང་།

འབྱོར་ལྡན་གྱིས་དབུགས་ཁོག་ཏུ་བསྡུ་བཞིན་བྲང་ཁོག་ཕྱི་རུ་གཏད་ཅིང་ལག་པ་གཉིས་ཀྱིས་ཁུ་ཚུར་བྱས། སྐྲག་སྣང་དང་ཟུག་གཟེར་གྱི་རྣམ་པ་གང་ཡང་མ་མངོན་པར། དཔའ་ངར་ལྡན་པའི་སྙིང་སྟོབས་ཆེར་བསྐྱེད་ཀྱི་མིག་ཟུང་གིས་སྒྲིག་ཆས་ལྗང་ཁུ་གྱོན་མཁན་དེ་ལ་འབུར་ཚུགས་སུ་ལྟ་བཞིན་འདུག སྒྲིག་ཆས་ལྗང་ཁུ་གྱོན་མཁན་དེས་འབྱོར་ལྡན་གྱི་ལུས་སྟོད་ལ་རྡོག་ཐོས་གཞུ་ཐེངས་རེར། འབྱོར་ལྡན་གོམ་པ་གཉིས་གསུམ་རེ་ཕྱི་ནུར་བརྒྱབ་ཀྱང་། ཕྱིར་དེ་མ་ཉིད་ལ་མདུན་དུ་མཆོངས་ཡོང་བ་དེ་ཡིས་ཁོ་ནི་བུ་རྒོད་ཅིག་ཡིན་ཞིང་སྒྲིག་ཆས་ལྗང་ཁུ་གྱོན་མཁན་ལ་ཡང་སྐྲག་སྣང་བྱེད་ཀྱིན་མེད་པའི་ཚུལ་སྟོན་བཞིན་ཡོད་པ་མ་ཟད། དེ་ནི་སྒྲིག་ཆས་ལྗང་ཁུ་གྱོན་མཁན་དེར་མཚོན་ན། མུ་མཐུད་དུ་གཅར་རྡུང་བྱེད་འདོད་པའི་རྒྱུ་རྐྱེན་ཞིག་ཏུ་གྱུར།

ངས་རང་གི་སྟོད་གོས་ནས་ཅུང་ཙམ་དབྲལ་ནས་སྣ་ནང་དུ་བཅུག་པ་དེས་སྣ་ཁྲག་གི་བཞུར་རྒྱུན་བཅད་པ་དང་། འགྲམ་པ་དང་ལུས་ཀྱི་ཟུག་གཟེར་དེ་སྔ་ནས་ཡལ་ན་ཡང་འགྲམ་པ་ད་དུང་ཚ་ལམ་ལམ་བྱེད། འོན་ཀྱང་། སྒྲིག་ཆས་ལྗང་ཁུ་གྱོན་མཁན་དེས་འབྱོར་ལྡན་ལ་གཞུས་པའི་རྡོག་ཐོས་ཀྱི་རྡིག་སྒྲ་རེ་རེ་ངའི་སྙིང་ལ་ཕོག་ནས་ཟུག་གཟེར་བསླངས་ཤིང་། རང་ཉིད་ཅི་བྱ་གཏོལ་མེད་དུ་གྱུར་ལ། ཐ་ན་རང་གི་མིག་ཟུང་ཡང་དེའི་ཕྱོགས་སུ་འཕེན་མ་ཕོད། འབྱོར་ལྡན་ལ་རྡུང་རྡེག་བཏང་བའི་དུས་ཡུན་ནི་བསྐལ་པ་ཞིག་འགོར་སོང་བའི་སྣང་བ་བྱུང་ལ། རང་ལུས་ལ་གཅར་རྡུང་གི་ན་ཟུག་ལས་སེམས་ལ་སྡུག་བསྔལ་ལྡབ་འགྱུར་གྱིས་འཕེལ།

དེ་ནས་སྒྲིག་ཆས་ལྗང་ཁུ་གྱོན་མཁན་གཞན་ཞིག་གིས་འབྱོར་ལྡན་དང་ངེད་གཉིས་ཟུར་དུ་ཁྲིད། ལག་པའི་གོང་མཛུབ་ངེད་གཉིས་ཀྱིས་གདོང་ལ་གཏད་དེ། “གཟབ་གཟབ་བྱོས་” ཞེས་ཉེན་བརྡ་གཏོང་ཞོར་ལག་བརྡ་ཞིག་བསྟན་ནས་ངེད་གཉིས་ཕྱིར་རང་རང་གི་སར་འགྲོ་རུ་བཅུག ངས་འབྱོར་ལྡན་གྱི་གདོང་ལ་ལྟ་ཙམ་བྱས་ཏེ་ཁོ་ལ་འཐམ་འཁྱུད་དམ་པོ་ཞིག་བྱས། ཡིད་ལྷག་པར་དུ་གདུངས་ཤིང་མིག་ཆུ་རང་དབང་མེད་པར་བཞུར།

ངེད་གཉིས་ཕྱིར་རང་རང་གི་སྡོད་སར་འབྱོར་བ་དང་། ངས་རང་ཉིད་ཀྱི་སྟོད་གོས་ལས་ཡང་སྐྱར་དབྲལ་ཏེ་འབྱོར་ལྡན་གྱི་མགོ་ལ་རྨ་དཀྲིས་བརྒྱབ། འབྱོར་ལྡན་བརྗིད་ཉམས་ངང་ནས་མར་བསྡད་དེ། ངར་ཤུགས་ཀྱི་མིག་གིས་ད་དུང་སྒྲིག་ཆས་ལྗང་ཁུ་གྱོན་མཁན་དེའི་སྟེང་ལ་འབུར་ཚུགས་སུ་བལྟས་འདུག ངོ་གདོང་ཁྲག་གིས་ཁེངས་ན་ཡང་མགོ་དང་ལུས་སྟེང་གི་ན་ཟུག་གང་ཡང་ཕྱིར་མི་མངོན་པར།
“གསེར་གདུང་། ཁོས་སྒྲིག་ཆས་ལྗང་ཁུ་དེ་གྱོན་མེད་ན། ངས་ཁོ་་་་་་་་་་་”

བརྩམས་སྒྲུང་།

Post navigation

Previous Post: རྟོགས་བརྗོད་ཨོཾ་ཡིག་འཁྱིལ་བའི་རང་སྒྲ།
Next Post: ས་ཧིར་ ལུདྷི་ཡན་ཝི་(Sahir Ludhianvi’s Lyrics)ཡི་གྲགས་ཆེ་བའི་གཞས་ཚིག་འགའ།

Comments (1) on “སྒྲིག་ཆས་ལྗང་ཁུའི་དབང་ཤུགས།”

  1. ཀརྡོ་རབ་འབྱམས་པ says:
    2020-03-16 at 6:11 pm

    མ་འོས་སྒྲི་ཆས་ལྗང་ཁུ་གསར་དུ་གཏོད། །
    ཅ་འོས་སྒྲིག་ཆས་ལྗང་ཁུ་བཙན་གྱིས་གྱོན། །
    ནང་དམར་ཕྱི་ལྗང་དམར་དམག་འདྲེ་ཚོགས་རྣམས། །
    སྒྲིག་མེད་སྒྲིག་ཆས་གྱོན་ནས་གཞན་མནར་གཏོང་། །
    ་
    མ་འོ་ཆོ་མེད་ཀླད་མེད་སྡིག་ཅན་ཁོའི། །
    རྗེས་འབྲངས་ཅ་འོ་ནས་བཟུང་ཧུ་ཞིའི་བར། །
    ཉེས་མེད་དམར་གསོད་ཉེས་རྡུང་ཆད་མེད་དང་། །
    ནད་ཡམ་ཏོག་དབྱིབས་གཉིས་ཀ་རྒྱུན་ཆད་ཤོག །

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (93)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (62)
  • ཨེ་ལི་སི། (53)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (35)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme