Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

སྒོ་དམར་ཨ་ལགས་བསྟན་པ་དཀོན་མཆོག་ཚང་གི་ལོ་རྒྱུས་བསྡུས་པ།

Posted on 2014-09-112014-09-12 By ཡེ་ཤེས་ 24 Comments on སྒོ་དམར་ཨ་ལགས་བསྟན་པ་དཀོན་མཆོག་ཚང་གི་ལོ་རྒྱུས་བསྡུས་པ།

ཚངས་དབང་།

2211155489༄༅།།ཨ་ལགས་དཀོན་མཆོག་ཚང་བྱ་བ་ནི། རེབ་གོང་གསེར་མོ་ལྗོངས་ཀྱི་ནང་གསེས་སྒོ་དམར་བྱ་བའི་གྲོང་སྡེ་རུ་འཁྲུངས་ཤིང་། རེབ་གོང་གི་བོན་སྡེ། ཁྲི་ཀ་ཕྱོགས་ཀྱི་བོན་སྡེ་བཅས་ཀྱིས་ཨ་ལགས་སྒོ་དམར་ཞེས་འབོད། སྒོ་དམར་རང་དུ་སྒོ་དམར་སྤྲུལ་སྐུ་ཡོད་པས། ཨ་ལགས་སྒོ་དམར་ཞེས་མི་འབོད་དོ།། ཉེ་ཆར་བོན་གྱི་རྫོགས་ཆེན་ཉམས་ལེན་བྱས་ནས་འཇའ་ལུས་བརྙེས་པའི་བླ་མ་རྟོགས་ལྡན་པ་ཞིག་རེད། ང་རང་ཆུང་དུས་སྒོ་དམར་དགོན་དུ་ཡོད་སྐབས་ངའི་ཤག་དང་ཁོང་གི་ཤག་གཉིས་ཐག་ཉེ་ཡིན་པས། ཁོང་རྒྱུན་དུ་ངེད་ནང་ལ་ཕེབས་ཀྱི་ཡོད།

སྒོ་དམར་དགོན་ནི་དགེ་ལུགས་པའི་དགོན་པ་ཞིག་ཡིན་པས། དགེ་ལུགས་མ་གཏོགསས་གྲུབ་མཐའ་གཞན་གྱི་ཆོས་བརྒྱུད་འཛིན་པའི་གྲྭ་བ་ནི་ཧ་ལམ་གཅིག་ཀྱང་མེད། གལ་སྲིད་ཡོད་ནའང་འདུག་མི་ཆོག་པ་ཡིན་མོད། འོན་ཏེ། ཨ་ལགས་དཀོན་མཆོག་ཁོང་ནི་བན་བོན་གྱི་གྲུབ་མཐའ་རིས་མེད་ཡིན་པ་དང་། ཆུང་དུས་དགོན་འདི་གའི་གྲྭ་རྒྱུན་ཡིན་པ། སྤྲུལ་སྐུ་ཡིན་པ་སོགས་དམིགས་བསལ་གྱིས་སྒོ་དམར་དགོན་དུ་བཞུགས་ཆོག་པ་ཡིན།
ཁོང་གི་ཤག་མཚེས་བླ་རྒན་གྱི་མིང་ལ་ཨ་ཁུ་མཁའ་འབུམ་ཟེར་ཞིང་། སྔོན་ཞིག་གི་དགུན་ཁར་ཁ་བ་བབ་པའི་ཞོགས་པ་ཞིག་ལ། ཨ་ཁུ་མཁའ་འབུམ་གྱིས་རང་ཤག་ཀླད་ཀྱི་ཁ་བ་བདག་ཉར་བྱ་བསམ་སྟེ་ཐོག་ལ་ཕྱིན་པ་ན། ཨ་ལགས་དཀོན་མཆོག་ཚང་གིས་ཁོའི་ཤག་གི་ལྷས་ཁྱམས་སུ་གཅེར་བུར་ཆུ་ཟོམ་ནང་དུ་བཞུགས་ཏེ་གཏུམ་མོ་སྒོམ་བཞིན་པ་མཐོང་ཞིང་། ཆུ་ཟོམ་ནས་ཆུ་ཁོལ་འཕྱུར་བ་དང་། རླངས་པ་འཐུལ་འོང་བ་སོགས་མཐོང་ནས། ཨ་ཙི། དགུན་ཁ་ཞིག་ལ་འདི་ལྟར་ཆུ་ཟོམ་དར་ཆགས་ནང་དུ་བཞུགས་ནས་ཆུ་ཁོལ་སྐོལ་བ་ལྟ་བུ་བྱས་པ་ནི། གཏུམ་མོ་མེ་དྲོད་སྒོམ་པ་མིན་ན་ཅི་ཡིན་སྙམ་ནས་ཧ་ལས་པར་གྱུར། དེ་ནས་ང་ཚོའི་ཨ་ཁུ་བླ་རྒན་དེས་གཞན་ལ་དེ་ལྟར་ཡིན་པའི་ལོ་རྒྱུས་མང་དུ་བཤད་པ་ང་ཚོ་བན་དེ་ཆུང་ཆུང་ཚོས་ཀྱང་དངོས་སུ་ཐོས་པ་ཡིན།

དེ་དུས་ང་རང་ནི་ལོ་ན་ཆུང་སྟབས་འདིའི་རིགས་ལ་དོ་སྣང་སོགས་ཡེ་ནས་བྱེད་མ་ཤེས་མོད། ཉིན་ཞིག་ལ་ཁོང་ངེད་ནང་དུ་ཕེབས་ནས་དེ་རིང་ཅིས་ཀྱང་ང་གཉིས་རྒྱུགས་རེས་འགྲན་བསྡུར་བྱེད་དགོས་ཞེས་ཐེངས་ཤིག་མཉམ་དུ་རྒྱུགས་དགོས་བྱུང་བ་ད་ལྟ་ཡང་དྲན་གིན་འདུག ཁོང་ཆུང་དུས་སྒོ་དམར་དགའ་ལྡན་ཕུན་ཚོགས་གླིང་གི་ཚོགས་གྲལ་དུ་ཞུགས་ཏེ། དགོན་འདིའི་སྨོན་ལམ་ལྔ་བོ་དང་། མགོན་ཆོས་ལྔ་བོ། གསང་འཇིགས་ཀུན་གསུམ་དང་། འདོན་རྟ་དབྱངས་གསུམ་རྣམས་བློར་བཟུང་སྟེ་ཚོགས་རྒྱུགས་སུ་ཕུལ། ཨ་ལགས་རྭ་རྒྱ་ཚང་དང་། སྐུ་ཕྱོགས་ཨ་རོལ་ཚང་། སྒོ་དམར་སྤྲུལ་སྐུ་སོགས་བླ་མར་བསྟེན་ནས་དབང་ལུང་མན་ངག་སོགས་མང་དུ་ཐོབ།
སྒོས་སུ་གཡེར་གཤོང་མཁན་ཆེན་ནོ་མིན་ཧན་བསྟན་འཛིན་རྒྱ་མཚོའི་དྲུང་ནས་ལམ་ཁྲིད་དང་། ཆོས་བཀའ་ཅི་རིགས་གསན་ཏེ་རྩ་བའི་བླ་མར་བཀུར། དེ་ནས་ཐེངས་ཤིག་ལ། རྔ་བའི་ཕྱོགས་སུ་གནས་འཇལ་དུ་སོང་བའི་ལམ་བར་དུ། ཤར་རྫ་རིན་པོ་ཆེས་ཆོས་དབང་བསྐུར་བ་དང་ཁེལ་ནས་གྲུབ་མཐའ་གང་ཡིན་མ་ཤེས་པར་ཆོས་འབྲེལ་བཞག ཕྱིས་བོན་གྱི་བླ་མ་ཞིག་ཡིན་པ་ཤེས་ནས་ཅུང་ཟད་མ་འགྲིག་བསམ་སྟེ། གཡེར་གཤོང་མཁན་ཆེན་ཚང་ལ་ཇི་མ་ཇི་བཞིན་དུ་རྒྱུ་མཚན་ཞུས་པ་ན། ཁོང་གིས་སྐྱོན་མི་འདུག བླ་མ་བསྟེན་པ་ནོར་མི་འདུག བླ་མ་དེ་ནི་གྲུབ་མཐའ་རིས་མེད་རེད། ཁྱེད་དང་ལས་སྨོན་ཡོད་གསུངས།

དེ་ནས་མཁན་ཆེན་རིན་པོ་ཆེའི་ཞལ་ནས། ཁྱེད་ནི་དོན་དུ་བླ་མ་བཟང་པོའི་སྤྲུལ་སྐུ་ཡིན། ད་རེས་རྐྱེན་གཞན་གྱིས་དེའི་མིང་ཐོགས་ནས་འགྲོ་དོན་མི་འོང་། ནམ་མཁའི་མཚན་ཅན་གྱི་མིང་ཐོགས་ནས་འགྲོ་དོན་མང་དུ་མཛད་ཐུབ་ཀྱང་། བར་ཆད་ཆེ་བས་རྟ་མགྲིན་ཡང་གསང་གི་གཟུངས་སྔགས་མང་དུ་ཐོན་གསུངས། དེ་ནས་ཕྱིར་རྔ་བའི་ཕྱོགས་སུ་ཤར་རྫ་རིན་པོ་ཆེའི་མདུན་དུ་ཕྱིན་ནས། ཆོས་དབང་དུ་མ་དང་། ཁོང་གི་བཀའ་གསུངས་དང་དུ་བླངས་ནས་བསྙེན་མཚམས་མཛད། ཁོང་གི་ཞལ་ནས། ཁྱེད་ནི་དྲན་པ་ནམ་མཁའི་ཐུགས་ཀྱི་སྤྲུལ་བ་ཡིན། མ་འོངས་པ་ན། སྐལ་བཟང་གི་སློབ་མ་འགའ་རེ་འབྱུང་བའི་དུས་ཤིག་བྱུང་ལ། དེ་དུས་གདམས་ངག་སྤེལ་བའི་དུས་ཡོད་གསུངས།

ཚ་ཁོ་བླ་མ་ལུང་རྟོགས་རྒྱ་མཚོ་ཚང་གིས་ཁོང་ལ་ཞབས་བརྟན་གསོལ་འདེབས་ཤིག་མཛད་པ་འདི་ལྟར་ཏེ། སྨྲས་པ། བསྟན་པའི་བདག་པོ་བླ་ཆེན་གྱེར་སྟོན་རྗེ། །ཐུགས་སྤྲུལ་བཀོད་པ་སྙིགས་དུས་འགྲོ་བའི་དཔལ། །དཀོན་པའི་མཆོག་གྱུར་རྟོག་བྲལ་གཞན་ཕན་ཅན། །མགོན་ཁྱོད་བསྐལ་བ་རྒྱ་མཚོའི་བརྟན་བཞུགས་གསོལ། །ཞེས་བསྟན་པ་དཀོན་མཆོག་ཅེས་པའི་དོན་ལ་སྦྱར་ནས་གསུངས་པ་འདི་ནི། དེ་དུས་ཁོང་གི་ཞལ་ནས་དངོས་སུ་གསུངས་པ་ལྟར་ངས་ཟིན་བྲིས་སུ་བཏབས་པ་ཡིན། དེ་དུས་སྤྱི་ལོ1989ཡས་མས་ཤིག་ཡིན་ནམ་སྙམ། དེའི་རྗེས་སུ་ཁོང་དགོན་པར་མི་བཞུགས་པས། ངས་ཆེད་དུ་ཁོང་གི་གཞིས་ཀར་ཐེངས་གཅིག་བལྟ་རུ་སོང་བ་ཡིན།

སྐབས་དེར་ཁོང་གིས་ཐུགས་གཏིང་ནས་དགྱེས་ཏེ་མཆོད་ཁང་ནང་གི་སྐུ་པར་དང་ལྷ་སྐུ་དག་བསྟན་ཏེ་རེ་རེ་ནས་གསལ་བཤད་དང་བཅས་ང་ལ་ཕ་ཡུལ་དུ་ཁྱེད་ལྟ་བུའི་གྲོག་པོ་བཟང་པོ་ཞིག་ཡོད་པ་ཇི་འདྲའི་དགའ་འོས་པ་ཞིག་རེད་ཨང་གསུངས་པ་དང་། དེ་ནས་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་དང་འབྲེལ་ནས་མི་ལའི་མགུར་འབུམ་དང་། ཞབས་དཀར་ཚང་། ཤར་རྫ་ཚང་བཅས་ཀྱི་མགུར་འགའ་རེ་དབྱངས་ལ་གྱེར་ཏེ། གསུང་མགུར་འདི་དག་འདོན་གིན་འདོན་གིན་ཞལ་ནས་ཇི་འདྲའི་དོན་སྙིང་ལྡན་པ་རྐྱང་རེད་ཨང་ཞེས་ཕྱག་གཉིས་ཐལ་མོ་སྦྱར་ཏེ་སྤྱན་ཆབ་བཏང་བ་ད་དུང་ཡང་ངའི་སེམས་ན་གསལ་ལེར་དྲན་གིན་འདུག

ཉེ་ཆར་ང་རང་པེ་ཅིན་དུ་ཡོད་སྐབས་ཤིག་ལ་ཁོང་འཇའ་ལུས་གྲུབ་སོང་ཞེས་ང་ཚོའི་སྡེ་བའི་མི་ཁ་ཅིག་གིས་བཤད་པ་ཐོས་པ་ལས། འཇའ་ལུས་ཇི་ལྟར་གྲུབ་སྟངས་སོགས་ཀྱི་གནས་ཚུལ་ཞིབ་ཕྲ་ཤེས་མ་བྱུང་ཡང་། ཁོང་སྐུ་གཤེགས་པའི་ཉིན་དེ་དག་ལ་སྒོ་དམར་དང་ཧོར་ནག་བཅས་སུ་འཇའ་འོད་འདྲ་མིན་སྣ་ཚོགས་ཤར་བ་སོགས་ནི་རེབ་གོང་གི་མི་དུ་མ་ཞིག་ལ་བཤད་རྒྱུན་འདུག་གོ། ཞེས་པ་འདི་ནི་བན་བོན་གྱི་བླ་མ་བསྟན་པ་དཀོན་མཆོག་ཚང་ལ་མཇལ་བའི་གནས་ཚུལ་རྗེས་དྲན་གྱི་ཚུལ་དུ་ཟིན་ཐོར་བཀོད་པའོ། །

3

ལོ་རྒྱུས།

Post navigation

Previous Post: མངོན་པ་མཛོད་ཀྱི་ལམ་ཡིག
Next Post: རྒྱལ་སྤྱིའི་བོད་ཀྱི་གསོ་རིག་གི་ཚོགས་ཆེན་གསུམ་པ།

Comments (24) on “སྒོ་དམར་ཨ་ལགས་བསྟན་པ་དཀོན་མཆོག་ཚང་གི་ལོ་རྒྱུས་བསྡུས་པ།”

  1. སྨུ་ཐག་གི་བུ་རྒྱུད། says:
    2014-09-12 at 2:36 am

    ཨ་ལགས་འདི་བ་ཚང་ལ་ལན་མང་མཇལ་མྱོང་། ཉིད་ཀྱིས་བཤད་པ་བཞིན་ཁོང་རྒྱུགས་རྩལ་འགྲན་རྒྱུར་ཧ་ཅང་དགའ། རེབ་གོང་བོན་བརྒྱ་དགོན་གྱི་ལ་གཤམ་ནས་དགོན་པའི་གྲྭ་གཞོན་ཚོ་དང་རྒྱུགས་འགྲན་ལན་མང་བྱས་པའང་ངས་གསལ་པོ་དྲན་གྱི་འདུག དེར་མ་ཟད་རྟགས་བསལ་གཏོང་བར་གཟིགས་རྒྱུ་ཤིན་ཏུ་དགའ། བོན་བརྒྱ་དགོན་ལ་བཤད་གྲྭ་བཙུགས་པའི་སྐབས་སུ་ཁོང་ཆོས་རར་གཟིགས་སྐོར་དུ་ཕེབས་པ་དང་། གུང་གསེང་གི་སྐབས་སུ་གྲྭ་ཤག་ཏུ་ཕེབས་ནས་གྲྭ་བ་འགའ་རེ་ཡོད་ཚེ་གཏོང་བསལ་གཏོང་དུ་འཇུག་པ་སོགས་བྱེད།

  2. ལ་དྭགས་བློ་བཟང་འཇམ་དཔལ་ says:
    2014-09-12 at 10:14 am

    འདིའི་སྔོན་དུ་ཨ་རི་ན་བུ་མོ་ལོ་ཆུང་ཞིག་གིས་རང་སྲོད་བཅད་ནས། ཚེ་འཕོས་པར་སྨོན་ལམ་འདོན་གྲོགས། ཞེས་སློབ་མ་ཐོས་པ་དགའ་ནས་། དྲ་འཕྲིན་འབྱོར། ་བན་བོན་གྱི་བླ་མ་བསྟན་པ་དཀོན་མཆོག་ཚང་གི་ཡང་སྲིད་གང་དུ་འབྱོན་པ་དེར་ཚེ་འཕོས་བུ་མོའི་ཡང་སྲིད་ཀྱང་དེར་སྐྱེས་ཏེ། ཆོས་སྤྱོད་ཉམས་ལེན་གྱིས་མཐར་ཐུག་སངས་རྒྱས་ཀྱི་གོ་འཕང་ཤོག

    ཆོས་རྣམས་འདུན་པའི་རྐྱེན་བཞིན་ཏེ།
    འདུན་པའི་རྩེ་ལ་རབ་ཏུ་གནས།
    གང་གིས་སྨོན་ལམ་ཅི་བཏབ་པ།
    དེ་དེ་ཉིད་དུ་སྨིན་པར་འགྱུར།།

    ཞེས་པ་ལྟར་ན་ཚ་ཡོད་པ་དང་། ཤི་བ་སོགས་ལ་སྨོན་ལམ་རྒྱབ་གྲོགས་བཅོལ་བ་ཨ་རི་པ་ཀུན་གྱི་ལུགས་སྲོལ་ལྟུ་བུར་མཆིས་སོ།

  3. ལྷ་སྡེ་གནམ་ལོ་ཡག says:
    2014-09-12 at 10:19 am

    འཇའ་ལུས་འཐིམས་པའི་སྒྲུང་ཁ་ཤས་ངས་ཕ་ཡུལ་དུའང་སྔར་གོ་མྱོང་། སྒོས་སུ་རྒྱ་དམར་གཞུང་གིས་བླ་མ་ཞིག་ལ་འཐབ་རྩོད་བཟུང་ནས་བཙོན་ལ་ཁྲིད་སྐབས་འཇའ་ལུས་འཐིམས་པའི་ལོ་རྒྱུས་འདུག ཡིན་ནའང་། རླབས་ཆེན་གྱི་སྤྱོད་པ་འདི་བོན་གྱི་སྒྲུབ་སྦྱོང་ལ་འབྲེལ་བ་ཡོད་པ་གོ་བ་ནི་ཐོག་མ་ཡིན། བཀའ་དྲིན་ཆེ།

  4. རང་ཤར་རིག་གྲོལ་རྩལ says:
    2014-09-12 at 3:27 pm

    ང་ཡང་ཆུང་དུས་སུ་ཁོང་ལ་མཇལ་མྱོང་། ཨ་ལགས་སྒོ་དམར་ཚང་འཇའ་ལུས་སུ་གྲུབ་ཡོད་མེད་ང་ལ་ཐེ་ཚོམ་ཅུང་ཞིག་འདུག འཇའ་ལུས་ཟེར་རྒྱུ་དེ་ལས་སླ་བོའམ་སྟེ་དབང་གིས་གྲུབ་རྒྱུ་ཞིག་མ་རེད། སྒྲོན་མ་དྲུག་དང་སྣང་བ་བཞི་མཐར་ཕྱིན་པའི་གང་ཟག་འཇའ་ལུས་སུ་གྲུབ་སྐད་ཐོས། འོན་ཀྱང་ཨ་ལགས་འདིའི་བླ་མ་ཤར་རྫ་བ་བཀྲ་ཤིས་རྒྱལ་མཚན་ནི་འཇའ་ལུས་སུ་གྲུབ་པ་ཡོངས་གྲགས་རེད། དེའི་སློབ་མ་བཞི་འཇའ་ལུས་སུ་གྲུབ་སྐད་ཐོས། བཞི་བོའི་རྣམ་ཐར་མཇལ་མ་མྱོང་མོད། ཟླ་བ་གྲགས་པ་ནི་འཇའ་ལུས་སུ་གྲུབ་པ་བདེན་པ་རེད། ཁོང་དགུང་ལོ་བཞི་བཅུའི་ནང་དུ་འཇའ་ལུས་ཀྱི་སྐུ་བསྙེས་འདུག ཤར་རྫ་བ་བཀྲ་ཤིས་རྒྱལ་མཚན་དགུང་ལོ་དྲུག་བཅུའི་ནང་དུ་འཇའ་ལུས་ཀྱི་སྐུ་བསྙེས་ཡོད་བསམ་བྱུང་། འདི་གཉིས་ཀྱི་རྣམ་ཐར་རྒྱས་པ་མཇལ་མྱོང་ཡོད། འོན་ཀྱང་གསལ་པོ་ཞིག་དྲན་གྱི་མི་འདུག །

  5. ལ་དྭགས་བློ་བཟང་འཇམ་དཔལ་ says:
    2014-09-12 at 5:23 pm

    ལོ་ངོ་ལྔ་བརྒྱ་དྲུག་བརྒྱའི་སྔོན་དུ། རྒྱ་གར་པནྦབ་ཏུ། གུ་རུ་ན་ནཀ་ཞེས་པའི་བླ་མ་ཞིག་བྱུང་། དེ་ལ་ཧིནྡུ་དང་། མུ་སུལ་མན་གི་སློབ་མའི་ཁྱུ་ཞིག་ཡོད་སྐད། ཧིནྡུ་གང་ཡིན་གྱིས་སྐུ་ལུས་མེས་སྲེག་དགོས་དང་། མུ་སུལ་མན་གང་ཡིན་གྱིས་སྐུ་ལུས་ས་ལ་སྦེད་དགོས་ཞེས་རྩོད་པ་བྱེད་པ་ན། སྐུ་ལུས་དེ་འཇའ་ལུས་སུ་སོང་སྟེ། རྗེས་སློབ་མ་རྣམས་ལ་སྐུ་ལུས་སྒང་ལ་གཡོགས་པའི་མེ་ཏོག་རེ་བགོ་སྐལ་དུ་ཐོབ་པ་བྲིས་འདུག

  6. བསམ་ཤེས། says:
    2014-09-12 at 6:38 pm

    རྗེས་སུ་ཡི་རངས་ཡོད། རྒན་ལ་དྭགས་ལགས་ཀྱི་གསུང་ལ་ཕྱི་པར་ཡང་འཇའ་ལུས་ཡོད་རབས་གསུང་པ་འདི་ལེགས། ཕྱི་ནང་ཁྱད་པར་མིན་འདུག སངས་རྒྱས་ཀྱི་གོ་འཕང་ཐོབ་ན་རབ། མ་མཐར་ཡང་འཁོར་བའི་སྡུག་བསྔལ་ལས་བསྒྲལ་ཐུབ་ན་དགོས་རྒྱུ་འདི་རེད།

    འཇའ་ལུས་ཀྱི་སྐོར་ལ་འགྲེལ་བཤད་དང་སློབ་ཁྲིད་གནང་རོགས།

  7. དཔལ་འབྱོར་ says:
    2014-09-12 at 6:43 pm

    ཨ་ལག་ཁོང་གིས་མི་ཚེ་གཅིག་ལ་སྐུ་གཟུགས་སྤྲུས་མྱོང་ཡོ་མ་རེད་ཟེར་ དེ་འདྲ་ཡིན་ན་དངོས་གནས་བྱིན་རླབས་ཆེན་པོ་རེད་ སྐྱབས་སུ་ཆེའོ།

  8. ལ་དྭགས་བློ་བཟང་འཇམ་དཔལ་ says:
    2014-09-13 at 7:08 pm

    བསམ་ཤེས་མཆོག་ལ།
    གུར་ན་ན་ཀ་འདི་གཞན་དང་མི་འདྲ་བའི་སྐྱེས་བུ་ཁྱད་པྲ་ཅན་ཞིག་སྟེ། གཅིག་ན། མུ་སྟེགས་བྱེད་ཀྱི་བུ་བྱང་ཆུབ་སེམས་དཔའ་བདེན་པར་སྨྲ་བའི་སྤྲུལ་པ་མ་ཡིན་ནམ། དུས་ཤིག་ལ་གུརུ་ན་ན་ཀ་མུ་སུས་མན་གྱི་གནས་མ་ཁ་ཞེས་པར་གནས་བསྐོར་དུ་སླེབས། ཁང་པ་མཆོད་བྱའི་གནས་སུ་གྲུར་པར་རྐང་པ་བསྟན་ནས་ཉལ་པ་ན། གཞན་ཞིག་གིས་དེ་འདྲ་མ་བྱེད། ལྷ་ལ་མ་གུས་པར་འགྱུར། ཞེས་པའི་ལན་དུ། ལྷ་གནས་ཐམས་ཅད་ན་ཡོད། ཅེས་ལན་བརྒྱབས། དེའི་ཁྲིའི་ཐོག་གི་རྒྱུད་པ་གུ་རུ་འགའ་ཞིག་བྱུང་། གུ་རུ་གོ་བིནྡ་ཞེས་པའི་སྐབས་སུ་མུ་མུལ་མན་ཁ་ཅིག་གིས་མ་གུས་པར་བྱས་པས། ༡༩༤༧་༨་སྐབས་ཧིནྡུ་འགའ་དང་མུ་སུལ་མན་འགའ་འཁྲུགས་པ་ན། སིཁ་སྟེ་སློབ་པ་འགའ་ཧིནཱུ་འགའི་ཕྱོགས་སུ་གྱུར་ཏེ། མུ་སུལ་མན་འགའ་དང་འཐབ་འཛིངས་བྱུང་། པཉྗབ། ཨམྲི་ཏ་སཱ་ར་ཞེས་པ་ན། གསེར་ཟངས་ཀྱི་གཙུག་ལག་ཁང་ཞིག་ན། གུ་རུའི་གསུང་སྒྲོགས་པ་མ་གཏོགས་སྐུ་འདྲ་མེད། ང་རང་ལོ་༡༦པའི་སྐབས་བོད་ལ་འགྲོ་བའི་ལམ་དུ་དེར་སླེབས། ཁང་པ་ཆེན་པོ་ཞིག་ཏུ་ཟས་སྦྱིན་པ་ཟ་བར་སླེབས། དགེ་བའི་མགྲོན་ཁང་དུ་ཡང་ཉིན་གཅིག་གཉིས་བསྡད། ཨ་མདོ་དགེ་འདུན་ཆོས་འཕེལ་རྒྱ་གར་གནས་བཤད་དུ། སྦྱིན་པ་ལ་དགའ་བ་ནང་པ་ལྟར་ཡོད་ཅེས་གསུངས། ཉེ་བའི་དུ་ལ་ཆོས་ལུགས་འདིའི་མིང་ཁྱེར་ནས། རྒྱ་གར་དུ་མི་བདེ་བ་བཟོས་ཏེ། མི་མང་པོ་གློ་བུར་རྐྱེན་ངན་གྱིས་ཤི་བ་བྱུང་། ཆོས་ལུགས་འདི་ཡི་རྣམ་དཔྱོད་དང་ལྷན་པ་དག་གི་འབད་པ་དང་། རང་རེའི་བླ་མ་མཆོག་གི་ཐུགས་བསྐྱེད་ཟབ་མོའི་བྱིན་རླབས་ཀྱིས་དིང་དུས་རྒྱ་གར་གྱི་ཆོས་ལུགས་པ་ཚང་མ་ཞི་བདེའི་དཔལ་ལ་སྤྱོད་དོ།
    ལ་དྭགས་ན་བླ་མ་གུ་རུ་ཞེས་པ་མིའི་གཟུགས་ཀྱི་སྤར་འཐོན་པའི་ཕ་བོང་ཞིག་ལ་འགྲུལ་པ་དག་གིས་རྩད་ཆེན་བརྩིས་ནས ཕ་བོང་དེའི་ཁོག་སྟོངས་དེ་ལ་མར་གསོལ་ཏེ་མར་གྱི་སྣུམ་གོས་པ་ཞིག་ང་ཆུང་ཆུང་དུས་སུ་བདག་གིས་་མཐོང་མྱོངས། ལ་དྭགས་པའི་གཏམ་རྒྱུད་དུ། གླིང་གེ་སར་ལ་སྲིན་མོས་དེད་པ་ན། རྡོ་ཕ་བོང་དེའི་ནང་ལ་ཡིབས་པའི་སྤར་ཡིན་ཟེར། དེ་ནས་སིཁ་ཆོས་ལུགས་པའི་མི་ཞིག་༡༩༨༠པ་ཙམ་ལ་ལམ་བཟོར་ཡོད་པ་ན། རྡོ་ཕ་བོང་དེ་ལ་འོད་ཆགས་པར་མཐོང་སྟེ། གུ་རུ་ན་ན་ཀའི་སྤར་ཡིན་པར་མོས་པ་བྱས། དིང་སང་སིཁ་ཆོས་ལུགས་ཀྱི་གཙུག་ལག་ཁང་བཞེངས་ཏེ། ཇ་སོགས་སྦྱིན་པར་གཏོང་བས། བདག་ཀྱང་ལན་གཅིག་དེར་ཇ་འཐུང་བར་སླེབས་མྱོངས། ས་ཆ་ནི་ཆུ་མེད་ལུང་སྟོང་ཡིན། འོན་ཀྱང་རྒྱ་ལམ་འཁྱེལ་བས་དེ་ཉིད་མཐོང་ཐུབ། མོས་ན་ཁྱི་སོ་ལ་མེ་འབར་བ་དངོས་གནས་བྱུང་ངོ་། །

  9. བསམ་ཤེས། says:
    2014-09-13 at 9:50 pm

    རྒན་ལ་དྭགས་པ་ལགས།

    ཁྱེད་ཀྱིས་བདག་ལ་གསེར་ལས་དཀོན་པའི་དུས་ཚོད་བཀོལ་ནས་གོང་གི་སྒྲུང་དེ་དག་གནང་བར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་བ་ལགས། རྒན་ལགས་སྐུ་གཟུགས་བདེ་ཐང་ཡིན་པར་ཤོག

    གུས་པར་འདྲི་བ་གཞན་ཞིག་ཡོད་པས་རྒན་ལགས་ཀྱིས་ལན་ཐུང་ཐུང་ཞིག་གནང་ན་ཆོག རྒན་ལགས་དགུང་ལོ་མཐོན་པོ་འདི་འདྲར་ཕེབས་པས། བསུན་པོ་བཟོ་མི་ནུས་ལགས།

    རྗེས་འཇུག་”ན”བྱ་ཚིག་གི་རྗེས་ལ་བཀོལ་ནས་མིང་གཞི་སྒྲུབ་ཚུལ་ཞིག་འདུག དཔེར་ན། བྱ་ལ་བྱན། རྐོ་ལ་རྐོན། བརྐུ་ལ་རྐུན་མ། དེ་བཞིན་འདི་འདྲ་བའི་ང་ཚོས་མ་ཐོང་བ་རྒན་ལགས་ཀྱིས་སྔོན་མ་མཁྱེན་པའི་ཚིག་འཇུག་ཚུལ་འདི་འདྲ་ཡོད་དམ།

  10. སྨུ་ཐག་གི་བུ་རྒྱུད། says:
    2014-09-14 at 2:41 am

    རྒན་ལ་དྭགས་པ་ལགས། ཉིད་ཀྱིས་ནམ་རྒྱུན་སྐད་ཡིག་གི་སྐོར་ལ་མང་དག་ཅིག་བཤད་ཀྱིན་འདུག་ཀྱང་ཉིད་ཀྱིས་ཡི་གེ་བྲིས་ཡོང་དུས་དག་ཡིག་དང་མི་མཐུན་པ་དང་དག་ཆ་ངེས་པ་མེད་པ་སྣ་ཚོགས་འབྲི་བ། སུམ་ཅུ་བའི་གཞུང་དང་མི་མཐུན་པ། རྒྱ་གར་བའི་ས་མིང་དང་མི་མིང་སོགས་འབྲི་སྟངས་སྔ་ཕྱི་མི་འདྲ་བ་སོགས་མང་པོ་ཞིག་ཡོང་གི་འདུག་པས་དེ་དག་ལ་རྒྱབ་རྟེན་གྱི་གཞུང་ལུགས་འདྲ་ཡོད་པ་ཡིན་ན་གསལ་སྟོན་གནང་རོགས།

  11. ལ་དྭགས་བློ་བཟང་འཇམ་དཔལ་ says:
    2014-09-14 at 5:46 am

    བསམ་ཤེས་མཆོག་དང་། སྨུ་ཐག་གི་བུ་རྒྱུད་མཆོག་ལ།
    དཔེར་ན། བྱ་ལ་བྱན། རྐོ་ལ་རྐོན། བརྐུ་ལ་རྐུན་མ། ཏན་ཏན་རང་མི་ཤེས།
    བྱེད་ བྱས་ བྱ་ བྱོས གཅིག་ན། རྗེས་འཇུག་ས། རྗེས་འཇུག་ས། ན་རུ་འབོད། ཟས་ལ་ཟན་དང་། ཚོས་ལ་ཚོན།
    རྐོ་ བརྐོས་ བརྐོ རྐོས
    རྐུ་ བརྐུས་ བརྐུ་ རྐུས་
    འདི་དག་ད་ལྟ་འདས་མ་འོངས་ཡིན་པའི་ཁུལ་ཡིན། ཚད་ལྡན་ཡིན་མིན་མི་ཤེས།
    བྱ་ཚིག་ལས་མིང་ཆགས་སྟངས་སྐོར་ལ། གོང་གསལ་དུས་སུམ་དང་། སྐུལ་ཚིག་གང་རུང་ལས་འཐོན། དཔེར་ན། ཆོས། ཞེས་པ་ལྟ་བུ། གོང་གསལ་ད་ལྟ་སོགས་གང་ལས་ཀྱང་། འཐོན་པ་མ་ཡིན་པ། རྐུན་མ། བརྩེགས། ཞེས་པ་ལྟ་བུ། འདི་སྐོར་ལ་བསྟན་དར་ལྷ་རམས་པ། སོག་པོ་བོད་ཀྱི་སྐད་ལ་ནང་བྱན་ཆུད་པས་བྲིས་པ་ཡོད་པར་སེམས་སོ།
    སྨུ་ཐག་གི་བུ་རྒྱུད་མཆོག་ལ།
    ་མི་འདྲ་བ་སོགས་མང་པོ་ཞིག་ཡོང་གི་འདུག་པས། ཞེས་པས་མི་ཕན། དེ་དག་འདི་དང་འདི་ཞེས་བསྟན་དགོས་པ་གལ་ཆེ། ཡིན་པ་དང་། མ་ཡིན་པ་འགལ་བ་བྲིས་པ་ལ་ཁྱེད་ཀྱིས་དག་བཅོས་ཐུབ་ན། བདག་ཙམ་དུ་མ་ཟད། བོད་ཡིག་སྦྱོང་བ་པོ་ཀུན་ལ་ཕན། བདག་ནི་བོད་ཀྱི་མཁས་པས་བྲིས་པའི་ཡི་གེ་དག་ཆ་སྲུང་བ་ལ་འབུངས་པས། ཡོང་ལ་འོང་དང་། ནམ་རྒྱུནལ་རྣམ་རྒྱུན། རྒྱ་གར་བའི་ཞེས་པར་རྒྱ་གར་པའི། ཞེས་འབྲིའོ།

  12. ཨ་ར་དཀར་པོ says:
    2014-09-14 at 7:28 am

    རྐོན་དང་རྐུན་ཟན་སོགས་རིམ་བཞིན་རྐོ་བ་དང་རྐུ་བ་ཟ་བ་སོགས་ཀྱི་བྱེད་པོ་སྟོན་བྱེད་ཡིན་པར་སེམས་ཏེ། དཔེར་ན། ས་རྐོ་མཁན་ལ་ས་རྐོན་དང་ལུག་རྐུ་མཁན་ལ་ལུག་རྐུན། ཤ་ཟ་མཁན་ལ་ཤ་ཟན་སོགས་ཟེར་བ་ལྟར་རོ། དེ་ནས་རྒྱ་གར་བ་ཞེས་པའི་བ་ཡིག་བདག་སྒྲར་བྱས་པ་མ་དག་པར་འདོད་མཁན་མང་ཡང་པ་བ་གཉི་ག་བདག་སྒྲར་འགྲོ་བས་འདམ་ང་ཅན་དུ་བྱས་ན་ལེགས་པར་སེམས་ཏེ། འགྲོ་བ་ཞེས་པ་བྱ་བ་སྟོན་པའི་མིང་མཐའ་ཡིན་ཡང་མཐའ་ཡས་འགྲོ་བ་འདི་ཀུན་བདག་གི་མ་ལྟ་བུའི་བ་ཡིག་དེ་བདག་སྒྲར་འདོད་ཀྱང་དེ་ལ་འགྲོ་པ་འདི་ཀུན་ལྟ་བུ་འབྲི་ཚུལ་ཡོད་པ་མ་མཐོང་། ཤེས་མཁན་ཡོད་ན་ལན་གནོངས།

  13. ལ་དྭགས་བློ་བཟང་འཇམ་དཔལ་ says:
    2014-09-14 at 11:23 am

    དེ་ལ་འགྲོ་པ་འདི་ཀུན་ལྟ་བུ་འབྲི་ཚུལ་ཡོད་པ་མ་མཐོང་། འདི་ཤིན་ཏུ་བདེན། འགྲོ་བ། ཞེས་པར་བདག་སྒྲ་ལ་འགྲོ་བ་པོ། འགྲོ་པོ། ཞེས་པ་ལྟ་བུ་དབུ་མ་ཚིག་གསལ་ན་མཆིས། སྔར་གྱི་མཁས་པའི་བདག་སྒྲ་རྣམས་གཟིགས་ཏེ། སི་ཏུ་པཎ་ཆེན་གྱིས་བདག་སྒྲ་ལ་པ་དང་པོ་གཉིས་ཁོ་ན་འཇོག་པར་མཛད། གལ་ཏེ་བ་དང་བོ་གཉིས་བདག་སྒྲར་འཇོག་ན།
    སུམ་ཅུ་པའི་རྩ་བ་ན།
    ་
    གང་མིང་གི་ནི་མ་མཐའ་ན།
    ཕོ་ཡི་རྟགས་ཀྱི་སྒྲ་མེད་པ།
    དེ་ལ་ཕོ་ཡི་རྟགས་སྦྱར་ན།
    བདག་པོའི་སྒྲར་ནི་ཤེས་པར་བྱ།།
    ་
    སྟབས་ལེགས་ཀྱིས་བོད་ཀྱི་ཡུལ་འགའ་རེ་ན། ཁ་སྐད་དུ་ཡང་བདག་སྒྲ་ལ་པ་དང་པོ་ཁོ་ན་བཀོལ་བ་མཆིས། དེ་ཡང་རང་རེས་བཀོལ་སྤྱོད་བྱེད་པའི་མཁས་པས་བྲིས་པའི་དཔེ་ཆ་དག་གི་དབང་དུ་བྱེད་ཀྱི། དེ་མ་ཡིན་པར་སྐད་འགྱུར་བའི་དབང་དུ་བྱས་ན། བདག་སྒྲ་ལ་མ་འོངས་པ་ཇི་ལྟར་འོང་སུས་ཤེས། འགྲོ་བ། ཞེས་པ་མིང་ཚིག་ཡིན་གྱི་བདག་སྒྲ་མ་ཡིན་པར་གོང་གི་དཔེར་བརྗོད་དག་དབུ་མ་ཚིག་གསལ་ནས་དྲངས་པ་དང་། སུམ་ཅུ་པའི་རྩ་ཚིག་ལས་ཀྱང་ཤེས་ནུས་སོ། ཨ་ར་དཀར་པོ་མ་ཆགས་པར་གཞོན་པའི་ཉམས་ཀྱིས་བོད་ཀྱི་སྒྲ་རིག་པའི་འགྲོ་སྟངས་ཡུན་རིང་དུ་སྦྱོང་བར་སྨོན། ཅེས་སོ།

  14. lobsang199 says:
    2014-09-14 at 1:22 pm

    ‚‚པ‚‚ དང་ ‚‚བ‚‚
    འདི་གཉིས་ག་དུས་ཡིན་རྙོག་གྲ་ཚ་བ་ལ།
    ལྔ་པ་ རེད་དམ། ལྔ་བ་རེད། བཞི་པ་རེད་དམ། བཞི་བ་རེད། ཞི་པ་རེད་དམ། ཞི་བ་རེད། འགྲོ་པ་རེད་དམ། འགྲོ་བ་རེད།
    སྟོང་པ། རེད་དམ། སྟོང་བ་རེད། གཞིང་པ་རེད་དམ། གཞིང་བ་རེད། སྙིང་པོ་རེད་དམ། སྙིང་བོ་རེད། གྲོང་པ་རེད་དམ་གྲོང་བ་
    རྒྱ་གར་པ་རེད་དམ། རྒྱ་གར་བ་རེད།
    ལྷ་ས་པ་རེད་དམ། ལྷ་ས་བ་རེད།
    བོད་པ་རེད་དམ། བོད་བ་རེད།
    རྒྱལ་པོ་རེད་དམ། རྒྱལ་བོ་རེད།

  15. ལ་དྭགས་བློ་བཟང་འཇམ་དཔལ་ says:
    2014-09-14 at 9:45 pm

    བོད་ཀྱི་ཆོས་སྐད་དམ། རིག་གཞུང་སྐད་ལ་སྤྱངས་པ་ཆེར་མེད་ཚེ། “འདི་གཉིས་ག་དུས་ཡིན་རྙོག་གྲ་ཚ་བ་ལ།” ཞེས་པ་ཤིན་ཏུ་བདེན། བཀའ་བསྟན་གསུང་འབུམ་དག་དང་། བོན་གྱི་རིག་གཞུང་དེ་དག་གི་སྐད་དོད་ལ་གང་ཡོད་ཞིབ་གསལ་བདག་གིས་མི་ཤེས། གཞུང་ལུགས་དེ་དག་ཏུ་བོད་ཀྱིས་མཁས་པ་རྣམས་ཀྱིས་བྲིས་པ་དག་ན། པ་འདུག་གམ། བ་འདུག ཀློག་པ་པོ་དག་གིས་གཟིགས་གྲོགས། རྗེས་འཇུག་ཡི་གེ་ཕལ་ཆེ་བ་ལ་མིང་མཐའ་འདྲེན་ཚུལ་མཚུངས་ཀྱང་། དམིགས་བསལ་ཡོད་པ་ཡང་རང་རེས་རྟག་སྦྱོར་དང་གུས་སྦྱོར་གྱིས་ཤེས་དགོས་པ་ཡིན། དཔེར་ན། རྐང་པ་དང་། འབྱུང་བ་དང་། འབྱུང་པོ། ཞེས་པ་མིང་ཚིག་དང་། དེ་དག་ལ་བདག་སྒྲ་སྦྱར་དགོས་ན། རྐང་པ་པ་དང་། འབྱུང་བ་པ་དང་། འབྱུང་པོ་པ། ཞེས་འཐོབ་དགོས་པར་སེམས། འདི་ལ་འཐད་ལྡན་གྱི་དགག་པ་ཡོད་ན། ཁོ་བའི་བློ་གྲོས་ལ་ཕན་ནོ།

  16. lobsang199 says:
    2014-09-15 at 2:40 am

    ཐུགས་རྗེ་ཆེ་ང་གོ་ཐོམ་ས་དེ། མིང་ཚིག་གི་‚‚པ་‚‚དང་ ‚‚བ‚‚། བདག་སྒྲའི་‚པ་‚‚དང་ ‚‚བ‚‚།འདི་དག་རེ་འདུག་ད་ཧ་གོ་སོང།

  17. སྨུ་ཐག་གི་བུ་རྒྱུད། says:
    2014-09-15 at 6:12 am

    (་སྐྱེས་བུ་ཁྱད་པྲ་ཅན མུ་སུས་མན་གྱི་གནས་ མུ་སུལ་མན་འགའ་དང མུ་མུལ་མན་ཁ་ཅིག་གིས ཨ་མདོ་དགེ་འདུན་ཆོས་འཕེལ་རྒྱ་གར་གནས་བཤད་དུ རྣམ་དཔྱོད་དང་ལྷན་པ་དག་གི་འབད་པ་དང་ དིང་དུས་ རྩད་ཆེན་བརྩིས་ནས ཕ་བོང་དེའི་ཁོག་སྟོངས་དེ་ལ་མར་གསོལ་ཏེ་མར་གྱི་སྣུམ་གོས་པ་ཞིག་ང་ཆུང་ཆུང་དུས་སུ་བདག་གིས་་མཐོང་མྱོངས། གླིང་གེ་སར་ལ་སྲིན་མོས་དེད་པ་ན།
    རྡོ་ཕ་བོང་དེའི་ནང་ལ་ཡིབས་པའི་སྤར་ཡིན་ཟེར ་སིཁ་ཆོས་ལུགས་པའི འོན་ཀྱང་རྒྱ་ལམ་འཁྱེལ་བས་) འདི་དག་གོང་དུ་ཁྱེད་ཀྱིས་མཆན་ཡིག་བཀོད་པ་དེ་ལས་བླངས་པ་ཡིན། འདིའི་ནང་དུ་དག་ཆ་སྔ་ཕྱི་མི་མཐུན་པ་དང་དག་ཆ་ནོར་བ། དགོས་མེད་ཀྱི་ཚིག་ལྷག་སོགས་འདུག་སྙམ་དུ་བསམ་པས་དེར་གསལ་བཤད་ཅིག་གནང་རོགས་ཞུ། ངས་ནོར་ཡོད་ན་དགོངས་དག་ཞུ།

  18. སྤོབས་པ་མཐའ་ཡས། says:
    2014-09-15 at 6:22 am

    ལ་དྭགས་པའི་སློབ་དཔོན་གྱི་བཀའ་བསྟན་གྱི་ཆོས་སྐད་ཡ་མཚན་ཅན་དེ་ཡང་ལོ་རེ་ནས་ལོ་རེ་བཞིན་དུ་མི་འདྲ་བ་ཞིག་ལ་འགྱུར་ཡོད་གིན་འདུག སྐད་གསར་བཅད་ཐེངས་བཅུའམ་བཅོ་ལྔ་ཙམ་ཞིག་ལ་སླེབས་པ་ཡིན་ནམ། ཁྱད་པྲ་བ་ཟེར་བ་ལྟ་བུ། གླིང་གེ་སར་ལ་སྲིན་མོས་དེད་ཞེས་པ་ལྟ་བུ། སིཁ་ཆོས་ལུགས་ཟེར་བ་ལྟ་བུ་སོགས་ཡ་མཚན་ཅན་གྱི་འབྲི་སྲོལ་མང་པོ་གསར་བཏོད་མཛད་ཡོང་འདུག

  19. ཨ་ར་དཀར་པོ says:
    2014-09-15 at 6:52 am

    ལམ་དུ་འགྲོ་མཁན་ལ་འགྲོ་བ་པོ་འམ་འགྲོ་བ་བོ་ཞེས་པ་དང་འགྲོ་བ་རིགས་དྲུག་གི་ཁོངས་སུ་གཏོགས་པའི་འགྲོ་བ་གཉིས་ཀྱི་ཁྱད་་པར་རྒན་ལགས་ཀྱིས་མཁྱེན་མི་འདུག འགྲོ་བ་སེམས་ཅན་ཞེས་པའི་འགྲོ་བ་ནི་དཔེར་ན་བོད་རིགས་སུ་གཏོགས་པ་ལ་བོད་པ་ཟེར་བ་ལྟར་ཡིན་པ་ལས་ལམ་དུ་འགྲོ་མཁན་གྱི་གང་ཟག་དེ་ལ་གོ་བ་མིན། ལམ་དུ་འགྲོ་མཁན་དེར་འགྲོ་བ་པོ་དང་འགྲོ་བ་རིགས་དྲུག་གང་རུང་དུ་གཏོགས་པའི་གང་ཟག་ལ་འགྲོ་བ་ཞེས་བདག་སྒྲ་བ་བཀོལ་བ་ཡིན་ནོ། མཐའ་ཡས་འགྲོ་བ་འདི་ཀུན་བདག་གི་མ། ཡང་ཡང་དྲིན་གྱིས་བསྐྱངས་པའི་ཚུལ་བསམས་ནས་་་་་ལྟ་བུ།

  20. ཨ་ར་དཀར་པོ says:
    2014-09-15 at 7:02 am

    རྐང་པ་པ་་་་་ཧཧཧཧཧ པ་པོ་མ་གཏོགས་ཅན་ལྡན་གཉིས་བེད་སྤྱོད་མེད་པའམ་བདག་པོ་སྟོན་མི་ཐུབ་པ་ག་ལ་ཡིན། མིང་ཞིག་ཡིན་ན་དེས་དོན་ཞིག་སྟོན་ཐུབ་པས་ཡོད་ཚད་ལ་བདག་སྒྲ་ཨུ་ཚུགས་ཀྱིས་སྦྱོར་དགོས་དོན་ཨེ་ཡོད་ན། མི་ལ་མི་ཞེས་བརྗོད་པས་འཐུས་ཀྱི་མི་པ་སོགས་བརྗོད་སྲོལ་ག་ལ་ཡོད།

  21. ལ་དྭགས་བློ་བཟང་འཇམ་དཔལ་ says:
    2014-09-15 at 10:41 am

    ད་གཉིད་ལོག་རན་སོང་། སང་ཉིན་བར་དུ་མ་ཤི་ན། ཨ་ར་དཀར་པོ་མཆོག་དང་། སྤོབས་པ་མཐའ་ཡས་པ་ལེགས་ལ་གཏམ་ལན་ཚ་ཐག་ཆོད་རེ་ འབུལ་བར་ཡིད་ལ་དམ་བཅས་སོ།

  22. lobsang199 says:
    2014-09-16 at 12:16 am

    ཨ་ར་དཀར་པོ་ལགས། སྲིད་པ་ཞེས་པའི་ ‚‚པ‚‚། འདི་ཡང་བདག་སྒྲ་ཡིན་པར་ཐལ་ལོ། ཡང་། འཁོར་བ་ཞེས་པའི་‚‚བ‚‚་འདི་ཡང་བདག་སྒྲར་ཐལ་ལོ། འདོད་ན་‚‚བ་‚‚་ཡིན་བདག་སྒྲ་ཡིན་པས་ཁྱབ་པར་ཐལ་ལོ། མ་ཡིན་ན་ཡང་བདག་ཡིས་པས་ཁྱབ་པར་ཐལ། འདོད་ན། མ་ཡིན་པར་ཐལ། མ་ཡིན་ན་དགག་སྒྲ་ཡིན་པས་ཁྱབ་པའི་ཕྱིར། དེ་ཉིས་ལ་སྔ་ཕྱིའི་ཁྱད་ཡོད་ཟེར་ན། རྭ་མ་ཞེས་པའི་‚‚མ་‚‚་དང་ཨ་མ་ཞེས་པའི་‚‚མ‚‚་ཡང་བདག་སྒྲར་ཐལ་ལོ། འདོད་ན་ཨ་དེའི་བདག་པོ་མ་ཡིན་པར་ཐལ་ལོ་ཧཧཧཧཧཧཧ

  23. ཨ་ར་དཀར་པོ says:
    2014-09-16 at 1:02 am

    ཨོ་བློ་བཟང་ཟེར་བ་ཉོན། པ་བ་ཡོད་ཚད་བདག་པོ་སྟོན་བྱེད་ག་ལ་ཡིན་ཏེ། སྲིད་པ་དང་འཁོར་བ་ནི་སྣོད་ཀྱི་འཇིག་རྟེན་དང་འགྲོ་བ་ཐམས་ཅད་ལྟ་བུའི་འགྲོ་བ་ནི་ནང་བཅུད་ཀྱི་སེམས་ཅན་ཡིན་པའི་ཁྱད་པར་ཨེ་ཤེས། བོད་ཡུལ་དང་བོད་མི་བུམ་པ་དང་བུམ་ཆུ་གཅིག་ཏུ་འཁྲུལ་བ་དག་གིས་ད་དུང་མང་ཙམ་སྦྱོངས།

  24. ལ་དྭགས་བློ་བཟང་འཇམ་དཔལ་ says:
    2014-09-16 at 10:43 am

    སྤོབས་པ་མཐའ་ཡས་མཆོག་དང་། ཨ་ར་དཀར་པོ་མཆོག་གཉིས་ལ
    “སྐད་གསར་བཅད་ཐེངས་བཅུའམ་བཅོ་ལྔ་ཙམ་ཞིག་ལ་སླེབས་པ་ཡིན་ནམ། ཁྱད་པྲ་བ་ཟེར་བ་ལྟ་བུ། གླིང་གེ་སར་ལ་སྲིན་མོས་དེད་ཞེས་པ་ལྟ་བུ། སིཁ་ཆོས་ལུགས་ཟེར་བ་ལྟ་བུ་སོགས་ཡ་མཚན་ཅན་གྱི་འབྲི་སྲོལ་མང་པོ་གསར་བཏོད་མཛད་ཡོང་འདུག”
    ཁྱད་པྲ་བ་ཟེར་བ་ལྟ་བུ། ཞེས་པ་འདི་ངས་པ་ལ་མཛུབ་གནོན་བྱེད་པ་བརྗེད་པས ཁྱེད་ལ་གྲོགས་སུ་གྱུར། དེ་ལ་གླིང་ངམ་ལིང་གང་ཡིན་བློ་ལ་ངེས་པ་མེད་ཀྱང་། ཕལ་ཆེར། གླིང་། ཡིན་སྙམ། ཧོར་དང་གླིང་། ཇོ་ཇོ་འབྲུག་མོའི་ཆེད་དུ་དམག་འཐབས་པའི་སྒྲུང་རིང་པོ་ཞིག་ཕྲུག་གུའི་དུས་སུ་ཐོས་མྱོངས། དེད། ཅེས་པའི་བྱ་ཚིག་གི་ད་ལྟ་འདས་མ་འོངས་སྐུལ་ཚིག་ཤེས་འདོད་ན། ཕྱི་རྒྱལ་མཁས་པ། Jaschke_Tib-Eng_Dict་ དང་། Goldstein_Dictionary-wAdOCR.pdf དོན་གཉེར་དང་། ཡི་གེ་དག་པ་ལ་རང་རེ་བོད་རིགས་ལ་ངོ་མཚར་དང་། ཡ་མཚན་སྐྱེ་དགོས་་པ་འདུག བདག་གིས་བརྗོད་པ་དེ་དག་གསར་གཏོད་བྱས་པ་མ་ཡིན་པར་སྔར་ཡང་དེ་ལྟར་བཀོལ། ད་ལྟར་ཡང་དེ་རང་ཡིན།
    སྤོབས་པ་མཐའ་ཡས་ཀྱི་མཆན་ན། ཐེངས། ཞེས་པ་དེ་ཉིད་བོད་ཀྱི་རིག་གཞུང་སྐད་དམ། ཆོས་སྐད་ལ་དངོས་སུ་གནོད་པ་ཁྱེད་རྣམ་དཔྱོད་ཅན་ཞིག་པས་མཁྱེན་ངེས། ཆོས་སྐད་ན། ཡོད་པའི་ལན་གཅིག ལན་གཉིས། ལན་གསུམ་སོགས་ཡོད། དེ་མ་ཡིན་པ་དངོས་གནས་ཡ་མཚན་ཅན་ཡོད་ན། དེ་དག་སྟོན་གྲོགས་མཛོད།
    ་
    ཨ་ར་དཀར་པོ་མཆོག་ལ་གོང་དུ། མཆན་13 པར། བོད་ཀྱི་སྒྲ་སྒྱུར་པ། པ་ཚབ་ཉི་མ་གྲགས་ཀྱིས་བཀོལ་བའི་བདག་སྒྲའི་དཔེར་བརྗོད་དང་། སུམ་ཅུ་པའི་ཚིགས་བཅད་བཅས་བྲིས་པ་ཁྱེད་ཀྱི་ཐུགས་ལ་བབས་མེད་པ་ལྟ་བུ་འདུག མ་ཤི་ན། རྗེས་སུ་མཇལ་འོང་། སློབ་གྲྭར་འགྲོ་དགོས་པ་སོགས་བྱ་བ་མང་བས་འགོར་སོང་འདུག དགོངས་དག

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme