Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

སྐྱོབ་གསོ་དང་། ལྐོག་ཟའི་འགྲན་རྩོད།

Posted on 2015-05-032015-05-03 By ཁ་བརྡ 11 Comments on སྐྱོབ་གསོ་དང་། ལྐོག་ཟའི་འགྲན་རྩོད།

ཨ་འདུས་སྐལ་བཟང་རྒྱ་མཚོ།

 
ས་ཆེན་པོ་འགུལ་ཐེངས་གཅིག་གིས་མི་མང་སྟོང་ཕྲག་མང་པོའི་ཚེ་སྲོག་བཅད་ཅིང་། ལོ་རྒྱུས་རང་བཞིན་ལྡན་པའི་གྲགས་ཅན་གྱི་གནའ་ཤུལ་རིག་དངོས་བཅུ་གཉིས་ལྷག་ལ་ཉམས་ཆག་ཆེན་པོ་བྱུང་ཡོད་ནའང་། ནང་པའི་གནས་ཆེན་མཆོད་རྟེན་བྱ་རུང་ཁ་ཤོར་དང་། ལུམྦིནི་སོགས་ལ་དེ་ཙམ་གྱིས་ཉམས་ཆག་བྱུང་མེད། འོན་ཀྱང་ས་འགུལ་བྱུང་ཉིན་ནས་བཟུང་། འཛམ་གླིང་གི་བརྒྱུད་ལམ་ཆེ་ཁག་དབྱིན་ཇའི་བྷི་བྷི་སི་དང་། ཨ་རིའི་སི་ཨེན་ཨེན་སོགས་ལ་བང་འགྲན་པ་བཞིན་ཐོན་པས། གནད་དོན་དེ་ནི། འཛམ་གླིང་མི་མང་གི་མིག་སྔར་ཆེས་ཆེ་བའི་གསར་འགྱུར་དུ་གྱུར་སོང་།

ས་གཡོས་པའི་ཤུགས་ཚད་ཧ་ཅང་ཆེ་ནའང་། དེས་དངོས་ཟོག་སྐྱེལ་འདྲེན་གྱི་ལྟེ་གནས་གལ་ཆེ་ཤོས་གནམ་ཐང་ལ་ཉེན་ཁ་མ་བྱུང་བ་དེ་དགའ་འོས་པ་ཞིག་རེད། ཉིན་དེ་ནས་བཟུང་ཉིན་མཚན་མེད་པར་ཆས་གོས་འདྲ་མིན་གྱོན་པའི་རོགས་སྐྱོར་བ་མང་པོ་འབྱོར་བ་དེས། ཕྱོགས་གཅིག་ནས་གནོད་ཐེབ་མང་ཚོགས་ཀྱི་འཚོ་བར་སྤོབས་པ་སྩལ་ཡོད། ས་ཡོམ་གྱི་སྐྱོབ་གསོའི་ལས་འགུལ་ཁྲོད། ཚེ་སྲོག་གི་བདེ་ཐང་ནི་ཨང་དང་པོ་དང་། སྡོད་གནས་དང་བཟའ་འབྲུ་ཨང་གཉིས་པར་གྱུར་ཡོད་པས།

unnamed-3

མཐོ་ཤར་ནུབ་ཀྱི་རྒྱལ་ཁབ་ཁག་དང་། དམའ་ས་སློབ་ཆུང་གི་སློབ་མ་ཚུན་ཆད་ཀྱི་དངུལ་ཁུག་ནས་བལ་ཡུལ་མི་དམངས་ཀྱི་ཆེད་དུ་ཞལ་འདེབས་མི་ཉུང་པ་ཞིག་དབྱར་གྱི་ཆུ་བོའི་རླབས་ལྟར་འབྱོར་བཞིན་ཡོད་དེ། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཨ་སྒོར་ས་ཡ་བཅོ་ལྔ་དང་། ཡུ་རོབ་མཉམ་འབྲེལ་གྱིས་ཨ་སྒོར་ས་ཡ་གསུམ། ཨ་རིས་ཨ་སྒོར་ས་ཡ་བཅུ། ཨོ་སི་ཁྲི་ལི་ཡིས་ཨ་སྒོར་ས་ཡ་གསུམ། རྒྱ་ནག་གིས་ཨ་སྒོར་ས་ཡ་གསུམ། དབྱིན་ལན་གྱིས་ཨ་སྒོར་ས་ཡ་བདུན། རྒྱ་གར་གྱིས་མྱུར་སྐྱོབས་ཆེན་གནམ་གྲུ་བཅུ་གསུམ་དང་། ཐད་འཕུར་གནམ་གྲུ་བརྒྱད་མཁོ་འདོན་གནང་བ་དང་། འབྲུག་གིས་ཨ་སྒོར་ས་ཡ་གཅིག ཕྱི་སྡོད་བོད་མིའི་སྒྲིག་འཛུགས་ཀྱིས་བལ་སྒོར་འབུམ་ཉི་ཤུ་བཅས་འབྱོར་ཡོད་པ་བཅས་ནི། མིག་སྔའི་རོགས་དངུལ་གྱི་དཔེ་མཚོན་ཙམ་ཡིན། དེ་དག་གི་ཁྲོད་ནས་ཉི་ཧོང་གིས་ཨ་སྒོར་འབུམ་བརྒྱད་བརྒྱ་ཕུལ་བ་མིག་སྔར་ཕོན་ཆེ་ཤོས་སུ་གྱུར་ཡོད།

གཞན་ཡང་གཞུང་འབྲེལ་བ་མ་ཡིན་པའི་ཚོགས་སྡེ་འདྲ་མིན་ནས་བཏུང་ཆུ་དང་། སྨན། མལ་ཆས། ཟས་རིགས། སྡོད་གུར་བཅས་ཀྱི་མཐུན་རྐྱེན་ཐད་རྒྱབ་སྐྱོར་ཤུགས་ཆེར་བྱས་ཡོད་ནའང་། དོན་དངོས་ཐོག་དེ་དག་མང་ཚོགས་ཀྱི་ལག་ཏུ་ངོ་བོ་དང་། རྣམ་འགྱུར་ཅི་ཞིག་ཐོག་ནས་འབྱོར་གྱིན་ཡོད་མེད་ང་ཚོས་མིག་མཐོང་ལག་ཟིན་ལྟ་བུར་གྱུར་ཡོད་དེ། གྲོང་ཁྱེར་ཀཐམནྜི་གཡས་གཡོན་གྱི་རི་ཚོགས་བརྒལ་ཏེ་སོང་ན། མགོན་མེད་སྐྱབས་བྲལ་དུ་ལུས་པའི་གྲོང་གསེབ་པ་ཁྲི་ཕྲག་མང་པོའི་རེ་བའི་མིག་ཟུང་གཏོད་ས་ཞིག་ཡོད་པ་ནི། གནས་སྐབས་རིང་བལ་ཡུལ་དུ་རྟེན་གཞི་བྱས་པའི་བོད་བརྒྱུད་ནང་བསྟན་གྱི་དགོན་སྡེ་ཁག་དང་། གཞུང་འབྲེལ་མ་ཡིན་པའི་ཐེབ་རྩ་ཁག་གིས་བྱམས་བརྩེས་གནང་བའི་སྐྱོབ་གསོ་ཙམ་རེད་ཅེས་བཤད་ན་ཆོག

unnamed-4

ངོ་གདོང་ཐལ་རྡུལ་གྱིས་སྦག་ཅིང་། ལག་ཟུང་སེར་ཀས་བསྡམས་པའི་ཞིང་པ་ཞིག་གིས་བཤད་རྒྱུར། ས་འགུལ་བརྒྱབ་ནས་ཉིན་ལྔ་ཕྱིན་རུང་། ང་ཚོའི་ལག་ཏུ་གཞུང་ཕྱོགས་ནས་རོགས་སྐྱོར་བཟའ་འབྲུ་རྡོག་གཅིག་ཀྱང་འབྱོར་མ་སོང་ཞེས་ངུ་འབོད་བྱེད་ཀྱི་ཡོད། དེ་ནི་ཅིས་ཀྱང་བདེན་པར་འདུག་སྟེ། རྡོ་རྩིག་ཅན་གྱི་གནའ་ཁང་རྨང་ནས་ཞིག་ཅིང་། འོ་མའི་འབྱུང་དུ་གྱུར་པའི་བ་མོ་དག་ས་ཡོམ་གྱིས་བསད་པའི་གྲོང་གསེབ་པ་འདི་དག་ལ་མཚོན་ན། མིག་སྔར་འཚོ་བའི་རྟེན་ས་གཅིག་ལྷག་ཡོད་པ་ནི། གསོན་ཤུགས་མ་རྒྱས་པའི་མ་རྨོས་ལོ་ཏོག་གི་འབྲས་སུ་དེ་དག་རེད། འོན་ཀྱང་གནམ་གཤིས་ཀྱི་རྐྱེན་པས་དེ་ཡང་རེ་ཞིག་བེད་མེད་ལྟ་བུར་གྱུར་ཡོད། རྒྱལ་ས་དང་བར་ཐག་ཉེ་བའི་གྲོང་གསེབ་དག་ན། རྒྱ་གྲམ་དམར་པོ་ཞེས་པའི་ཚོགས་པ་དེས་སྡོད་གུར་གྱི་ཚབ་ཏུ་འགྱིག་ཤོག་གྲུ་བཞི་ཁྲམ་རྟགས་དམར་པོ་ཅན་རེ་སྤྲད་འདུག་ཀྱང་། དེས་མི་ཅི་ཙམ་ལ་སྡོད་ཁང་གི་ཚབ་བྱེད་ཐུབ་ཨང་།

བལ་གཞུང་གི་བྱེད་ཕྱོགས་མང་པོ་ཞིག་ནི། ཁྱི་རྒན་སྡར་མ་དག་གིས་རྡོ་སུ་ཞིག་གིས་འཕང་མིན་ལ་མི་དཔྱོད་པར་རྡོ་རྗེས་སུ་བསྙེགས་པ་དང་འདྲ་སྟེ། ཁོང་ཚོས་གནོད་ཐེབ་མང་ཚོགས་ལ་ཕྲལ་དུ་གང་ཞིག་མཁོ་བའི་ལམ་བུ་ཐག་གཅོད་དང་། ལག་ལེན་མི་བྱེད་པར། ས་ཁང་ཇི་ལྟར་རྡིབ་པ་དང་། མ་འོངས་པར་བལ་གཞུང་གིས་དེའི་ཐད་ཅི་ཞིག་བྱེད་དགོས་མིན་སོགས་བཤད་ནས་ཉི་མ་སྐྱེལ་བཞིན་ཡོད། སྐོམ་ན་ཆུ་དགོས་པ་དང་། སྐྱོ་ན་སེམས་གསོ་མཁོ་བའི་གནད་དོན་ལས་ཐག་རིང་བའི་དགོས་མེད་ཀྱི་ཚོགས་འདུ་རྐྱང་པ་འཚོགས་བཞིན་པ་དེས་ཅི་ཞིག་ཕན་ཨང་།

unnamed-2བརྒྱུད་ལམ་ཁག་ནས་ཐོན་པ་ལྟར་ན། ད་ལོའི་ས་འགུལ་གྱི་གོད་ཆག་འདི་བལ་ཡུལ་གཞུང་གིས་ལོ་བཅུའི་རིང་གསབ་མི་ཐུབ་པར་བཤད་ཀྱིན་ཡོད་པ་ལྟ་བུ་སོགས་ཀྱིས་ནི། བཀྲེས་སྐོམ་དང་། འཇིགས་སྣང་གིས་མནན་པའི་གནོད་ཐེབ་མང་ཚོགས་ལ་ཅི་ཞིག་ཕན་སྲིད་དམ། དེ་བས་ཕྲལ་དུ་གང་ན་དཀའ་ངལ་ཡོད་ན། དེ་རུ་རོགས་སྐྱོར་སླེབས་ཐུབ་པའི་ལང་ཕྱོགས་བརྟན་པོ་ཞིག་རྒྱུན་སྐྱོང་ཐུབ་པར་ཤོག་ཨང་།

སྤྱི་ཚོགས་ཁྲོད་གླེང་ཕྱོགས་ཤིག་ཡོད་པ་ནི། ཐེངས་འདིའི་ཕྱིའི་རྒྱལ་ཁབ་དག་གིས་གནང་བའི་རོགས་སྐྱོར་གྱིས་བལ་ཡུལ་གྱི་མི་སེར་དཀྱུས་མ་ཚོ་སྐྱོབ་ཐུབ་མིན་ནི་དྲི་བ་ཞིག་ཆག་ཡོད་ནའང་། གཞུང་ཕྱོགས་ཀྱི་དཔོན་རིགས་ཚོ་སྔར་བས་ཀྱང་ཕྱུག་བདག་ཏུ་བསྒྱུར་ཡོད་པའི་ངོས་འཛིན་གཅིག་མཚུངས་སུ་བྱེད་ཀྱིན་ཡོད་དེ། ད་ལྟའི་བལ་ཡུལ་གཞུང་ལ་མཚོན་ན། ཡོངས་ཀྱིས་ཡིད་རྟོན་དང་། བརྩི་འཇོག་བྱ་སའི་མི་སྣ་རླབས་ཆེན་དེ་འདྲ་མེད་ཁར། གཞུང་ཕྱོགས་ཀྱི་དཔོན་རིགས་ཚོའི་རྒྱུ་ནོར་ལ་དཔྱད་ཞིབ་ནན་པོ་བྱེད་པའི་ཆེས་མཐོའི་ཁྲིམས་ཞིབ་ཚན་པ་ནུས་ཤུགས་ཅན་ཞིག་ཀྱང་མེད་པས། དཔོན་རོགས་ཚོས་རྒྱུ་ནོར་ལྐོག་ཟ་བྱེད་པ་ནི་ཐོབ་ཐང་ལྟ་བུར་གྱུར་ཡོད།

གནས་ཚུལ་འདི་རིགས་ལ་ཤེས་རྟོགས་ཡོད་པའི་དབང་གིས་རྒྱལ་ཁབ་མང་པོ་ཞིག་གིས་བལ་གཞུང་ལ་ཐད་ཀར་རོགས་དངུལ་གཏོང་རྒྱུའི་ཐད་ནུས་པ་བཏོན་མེད་པའི་གླེང་ཕྱོགས་ཀྱང་བདེན་པར་སྙམ། དེས་ན། ཁོ་བོའི་ལྟ་ཚུལ་ནི། གལ་སྲིད་ཁྱོད་ལ་གྲོང་གསེབ་ཀྱི་བྱིས་པ་སྣབ་ལུགས་ཚོའི་སེམས་པ་འགུག་པའི་བྱི་རིལ་རྐང་གཅིག་གི་རོགས་སྐྱོར་ལས་གནང་རྒྱུ་མེད་རུང་། ཁྱོད་ཀྱིས་ངེས་པར་དུ་མང་ཚོགས་རང་གི་ལག་ཏུ་འཕྲོད་ཐབས་བྱེད་རྒྱུ་མ་བརྗེད་རོགས་ཞུ་རྒྱུ་དེ་ཡིན་ནོ། །

ཨ་འདུས་སྐལ་བཟང་རྒྱ་མཚོས། ས་སྐྱ་རྒྱལ་ཡོངས་གསུང་རབ་སློབ་གཉེར་ཁང་གི་སྡོད་གུར་ནས།

རྩོམ་རིག

Post navigation

Previous Post: རྒྱང་རིང་གི་མྱི་ལ་མངལ་ཆགས་པ།
Next Post: སེམས་དཔའ་ཆེན་པོའི་འོད་སྣང་ནུབ་ཕྱོགས་སུ་མཆེད་པ། མུ་འགོད་བཅོ་བརྒྱད་པ།

Comments (11) on “སྐྱོབ་གསོ་དང་། ལྐོག་ཟའི་འགྲན་རྩོད།”

  1. BONPO says:
    2015-05-03 at 9:58 am

    ཨ་འདུས་སྐལ་བཟང་རྒྱ་མཚོས་བདེན་པར་གསུངས་འདུག ། ད་ལན་བལ་ཡུལ་གྱི་ས་འགུལ་ཆེན་པོའི་རྐྱེན་ངན་གོད་ཆག་བྱུང་ས་གཙོ་ཆེ་བ་ནི་གདོད་མའི་བོད་རིགས་གནས་འཆའ་སའི་ས་ཁུལ་དང་རི་ལུང་གི་གྲོང་སྡེ་ཁག་རེད་བཞག། དཔེར་ན་སྒོར་ཁ་ཟེར་བའི་རྫོང་ཁག་དེར་གདོད་མའི་བོད་རིགས་ཧ་ཅང་མང་པོ་ཡོད། དེར་བལ་ཡུལ་གཞུང་གི་མངའ་བདག་སྣ་རིང་ཚོས་དོ་སྣང་དེེ་ཙམ་བྱེད་མདོག་མ་རེད། བལ་ཡུལ་གྱི་རྒྱལ་སར་ཆ་མཚོན་པ་ཡིན་ནའང་ནེ་ཝར་དང་རྟ་མང་ཟེར་བའི་གདོད་མའི་བོད་རིགས་དེ་ཚོའི་མི་རྒྱུ་གཉིས་ལ་ཧ་ཅང་གོད་ཆག་ཆེན་པོ་བྱུང་ཡོད་བཟོ་འདུག ཁྱེད་ཚོས་རོགས་སྐྱོར་གྱི་སྦྱིན་པ་དེ་རྣམས་ཉམ་ཐག་གདོད་མའི་བོད་རིགས་ཚོ་གནས་སར་སླེབས་ཐབས་ལ་འབད་ན་་ཤིན་ཏུ་དགེ་མཚན་ཆེ་བར་སེམས། །

  2. དགའ་སྐུ་ says:
    2015-05-03 at 10:10 am

    མུ་འགོད་གནང་བར་ཐུགས་རྗེ་ཆེ། ཡིན་ཡང་བལ་གཞུང་གི་བྱེད་ཕྱོགས་དེ་སྐྱོ་བ་ལ་ཨང་།

  3. ཀརྡོ་གཉེར་ཕྱག་པ་ says:
    2015-05-03 at 1:48 pm

    གལ་སྲིད་ཁྱོད་ལ་གྲོང་གསེབ་ཀྱི་བྱིས་པ་སྣབ་ལུགས་༼སྣབས་ལུད་༽ཚོའི་སེམས་པ་འགུག་པའི་བྱི་རིལ་རྐང་གཅིག་གི་རོགས་སྐྱོར་ལས་གནང་རྒྱུ་མེད་རུང་།

  4. BONPO says:
    2015-05-03 at 8:46 pm

    CNN གསར་ལམ་ནས Japan: Announced a 1 billion yen ($8.4 million) grant and sent rescue personnel. འདི་འདྲ་ཞིག་བྲིས་འདུག །
    ཁྱེད་ཀྱིས། ༼དེ་དག་གི་ཁྲོད་ནས་ཉི་ཧོང་གིས་ཨ་སྒོར་་་འབུམ་བརྒྱད་བརྒྱ་་་ཕུལ་བ་མིག་སྔར་ཕོན་ཆེ་ཤོས་སུ་གྱུར་ཡོད།༽ བྲིས་གནང་འདུག་པས་འདི་དངོས་བདེན་ཡིན་ནམ། ཞིབ་དཔྱོད་ཡོང་བ་ཞུ། །

  5. ཀརྡོ་གཉེར་ཕྱག་པ་ says:
    2015-05-04 at 12:14 am

    ཨ་རིས་དང་པོ། ཨ་སྒོར་ས་ཡ་གཅིག་དང་། དེ་ནས་ས་ཡང་དགུ་ཞལ་འདེབས་གནང་ནས་ས་ཡ་བཅུ་འམ། བྱེ་བ་གཅིག་སྤྲད་་ཡོད་པས། དངུལ་ལོར་གྱི་ཆ་་ནས་ཨ་རི་མཐོ་ཤོས་ཡིན་དགོས། ཕན་ཐོགས་གི་ཆ་ནས་བོད་རིགས་དགོན་སྡེ་ཁག་གི་གྲྭ་པ་དམར་སེར་ཚོ་ཡིན་དགོས་ཚོད། ཧ་ཧ། ཕྱེད་ཀུ་རེ་ཡིན་ནོ།། །།

  6. གཅན་འོད་འབར། says:
    2015-05-04 at 1:04 am

    ངོ་ཚ་ཁྲེལ་མེད་ཀྱི་གནད་ཚུལ་འདི་འདྲ་མང་པོ་བྱུང་དང་འབྱུང་བཞིན་གསར་འགྱུར་བརྒྱུད་ལམ་ཁག་ཏུ་ཐོན་གྱི་འདུག གནད་དོན་འདི་ལ་ཧ་ཅང་གཟབ་དགོས་པ་འདུག་ཨང་སྙམ་པའི་ཚོར་བ་ཤུགས་ཆེན་པོ་ཞིག་བྱུང་སོང་།།

  7. སྐལ་བ་ཡར་འགྲོ། says:
    2015-05-04 at 5:13 am

    བཀའ་དྲིན་ཆེ། ཨ་འདུས་སྐལ་བཟང་ལགས། ཁྱེད་ཀྱིས་སྐད་འཕྲིན་savefortibetའདིའི་ཐོག་ལ་འབྲེལ་ཞིག་གནང་རྒྱུར་ཐུགས་རྗེས་གཟིགས།

  8. ཨ་འདུས་སྐལ་བཟང་རྒྱ་མཚོ། says:
    2015-05-04 at 7:30 am

    རྣམ་པ་ཚོས་ཐུགས་ཕན་འདྲ་སོས་ཡོད་ན། ངའི་བློ་བདེ་སོང་བ་ཡིན། ངའི་དམིགས་ཡུལ་གཙོ་བོ་དེ་བལ་གཞུང་ལ་སྐྱོན་འཛུགས་བྱེད་རྒྱུ་དེ་མ་ཡིན་པར། རོགས་དངུལ་དུས་ཐོག་ཏུ་མང་ཚོགས་ཚོར་འབྱོར་ན་བསམས་པ་ཡིན།

  9. ཀརྨ་བློ་གསལ་ says:
    2015-05-04 at 8:48 am

    གཞན་ལ་ལྟ་བའི་མིག་ཡོད་ཀྱང་། རང་ཉིད་ལྟ་ན་མེ་ལོང་དགོས། བཙན་བྱོལ་སྤྱི་ཚོགས་ནང་དུ་རེག་གིན་པའི་ལོ་རེ་རེ་ཡི་སྐྱོབ་གསོའི་གནས་སྟངས་ཤེས་མཁན་ཡོད་དམ། བརྩད་གཅོད་གཏོང་བསམ་མཁན་མེད་དོན་ཅི།

  10. BONPO says:
    2015-05-04 at 10:04 am

    བལ་ཡུལ་དུ་སྐྱབས་བཅོལ་བོད་མིའི་དགོན་སྡེ་ཁག་དང་སློབ་གྲྭ་ཁག་རོགས་ཚོགས་ཁག་གིས། དུས་རྒྱུན་སློང་ཟས་སློང་ཆུ་འགྲོ་སོང་བཏང་བ་དང་འཛུགས་བསྐྲུན་བྱས་པའི་དངུལ་སྒོར་དེ་ཚོ་ཕྱོགས་བསྡོམས་ཡག་པོ་ཞིག་བྱས་པ་ཡིན་ན་ཨ་སྒོར་ས་ཡ་མང་པོར་སླེབས་ངེས་པ་རེད། སྟོབས་འབྱོར་གཉིས་ལྡན་གྱི་རྒྱལ་ཁབ་ཨ་རི་དང་རྒྱ་ནག་དང་ཉི་ཧོང་དང་རྒྱ་གར་སོགས་དང་ཕལ་ཆེར་འདྲ་མཉམ་ཡིན་འགྲོ། མ་རེད་དམ་གྲོགས་པོ་ཚོ། །
    བོད་པ་ཚོ་སྐྱབས་བཅོལ་བ་ཡིན་ནའང་བྱ་བ་བཟང་པོ་བྱས་པར་སྤོབས་པ་ཏོག་ཙམ་ལོས་ཁྱེར་ཆོག ཡིན་ནའང་གནས་སྟངས་འདི་ཚོར་བལ་ཡུལ་གཞུང་གི་མངའ་བདག་རོང་རྒན་སྣ་རིང་ཚོས་དུས་ནམ་ཡང་དོ་སྣང་དང་གདེངས་འཇོག་མི་བྱེད། ཅི་འདྲའི་སེམས་པ་སྐྱོ་བ་ལ། ཅིའི་ཕྱིར་ན་ཁོ་ཚོའི་མིག་ལམ་དུ་ས་སྟེང་འདི་ཡི་བོད་རིགས་ཡིན་ནོ་ཅོག་རིགས་ངན་དང་བཙོག་པར་ལྟ་བས་སོ། ལྟ་ཚུལ་དེ་ནི་གདོད་མའི་བོད་རིགས་ཡིན་ནོ་ཅོག་ཁོ་ཚོའི་མི་ཁུངས་དང་ཆོས་ཁུངས་གཅིག་པ་མ་ཡིན་པའི་རྒྱུ་མཚན་གྱིས་རེད། གདོད་མའི་བོད་རིགས་ཕ་རབས་བུ་རབས་ཚང་མ་རིགས་ངན་དང་བཙོག་པ་ཐ་ཤལ་དུ་ལྟ་མཁན་གྱི་གཞུང་འཛིན་ཁྲེལ་མེད་རོང་རྒན་སྣ་རིང་དེ་ཚོར་ད་དུང་བཀའ་དྲིན་ལེགས་གསོལ་བཞུས་ནས་རྔ་མ་བརླ་བར་དུ་བརྫངས་ནས་སྡོད་ཐུབ་ན། བུ་རྒོད་པོ་དམ་ཚིག་ཅན་བཅོམ་ལྡན་འདས་ཀྱི་བསྟན་པའི་སྒོ་རུ་བཞུགས་དང་མ་བཞུག་ལ་ཁྱད་པར་ཅི་ཡོད། ཡིན་ནའང་རླབས་ཆེའི་རོགས་དངུལ་དེ་རྣམས་དུས་ཐོག་ཏུ་མང་ཚོགས་ཚོར་བལ་གཞུང་གི་ངོས་ནས་རིགས་རུས་དང་ཆོས་ལུགས་ཀྱི་དབྱེན་འབྱེད་མེད་པར་འདྲ་མཉམ་དུ་བགོ་འགྲེམ་བྱས་ན་བསམ་པའི་རེ་བས་བཅིངས་བ་ཡིན་ནོ། །

  11. ལྷ་སའི་བུ་ says:
    2015-05-04 at 10:45 am

    སྔོན་མ་ཡིན་ན་བོད་བའི་སྤྱི་ཚོགས་ནང་་སྤྱི་རྒྱུ་སྒེར་བདག་དང། ལྐོག་ཟ་བྱེད་རྒྱུའི་སྒོ་སྐབས་བྱུང་ན་ཐེ་ཚོམ་མེད་པར་བྱེད་རྐྱང་བྱེད་མཁན་མེད་པ་མ་རེད། འོན་ཀྱང་༧གོང་ས་མཆོག་དང། མཁས་གྲུབ་གཉིས་ལྡན་གྱི་སྐྱེས་བུ་དམ་པ་མང་པོས་ནང་པའི་ཆོས་ཀྱི་གོ་རྟོགས་ཤུགས་ཆེན་པོ་སྤེལ་གནང་བའི་གྲུབ་འབྲས་དང། བོད་མི་གཞོན་སྐྱེས་ཚོར་ཤེས་ཡོན་སློབ་སྦྱོང་གི་གོ་སྐབས་བཟང་པོ་ཐོབ་ཡོད་ཙང་སྤྱི་རྒྱུ་སྒེར་བདག་དང་། ལྐོག་ཟ་བྱེད་མཁན་ཉུང་ཉུང་རེད་བསམ་གྱི་ཡོད།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme