Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

སྐྱོ་མ་གཡོ་མཁན་གྲོས་ཚོགས་ཀྱི་རྒྱུན་ལས་ཚོ་ཡིན་ཚེ། གཙང་བཟོ་གནང་མཁན་ཡང་རྒྱུན་ལས་ཚོ་ཉག་ཅིག་ཡིན།

Posted on 2021-04-14 By ཁ་བརྡ 2 Comments on སྐྱོ་མ་གཡོ་མཁན་གྲོས་ཚོགས་ཀྱི་རྒྱུན་ལས་ཚོ་ཡིན་ཚེ། གཙང་བཟོ་གནང་མཁན་ཡང་རྒྱུན་ལས་ཚོ་ཉག་ཅིག་ཡིན།

རྩོམ་པ་པོ། ན་ཟླུམ་བསྟན་འཛིན་ཚེ་རིང་།(ཨ་མའི་བུ།)

ཆ་མ་སྙོམས་པའི་ཁ་སང་དེ་རིང་ཡ་མཚན་གྱིས་ཧལ་སོང་། ལ་ལ་ནི་སངས་རྒྱས་དབུ་ལ། བྱིས་པའི་ལག་རྩེད། ལ་ལ་ནི་ཕྲག་དོག་ཁྲག་གིས་སྨྱོ་སྟེ་སངས་རྒྱས་ལའང་ཀ་ཁ་སློབ་ཁྲིད།  ཆུ་མགོ་ནས་རྙོག་ན་དྭངས་མེད་རེད། འགྲིགས་མགོ་ནས་འཆོལ་ན་བཅའ་མེད་རེད། སྤུན་ཟླའི་མདུན་དུ་མིག་ཧྲིག་ཧྲིག དགྲ་བོའི་མདུན་དུ་འདར་སིག་སིག ། ཁྱིམ་ཚང་ནང་དུ་མཁས་མདོག་མདོག  དགྲ་བོའི་ཕྱོགས་སུ་དཔའ་ཞུམ་ཞུམ།  ནང་ཁུལ་དུ་མགོ་བོ་འཕྲེད་དུ་གཡུག་གཡུག །  དགྲ་ཕྱོགས་སུ་མགོ་བོ་ས་ལ་སྒུར་སྒུར་སོགས་ནི་མཁས་པའི་བཞད་གད་ཀྱི་རྒྱུ་ཁོ་ན་ལས་རྩ་དོན་འཐབ་རྩོད་ཅིག་ག་ལ་ཡིན་སྲིད།  ཡོད་པ་དེ་མེད་པར་བཟོས། ད་ར་དེ་ཆུ་ཁུ་རུ་བཏང་ན། གོ་ལྡོག་པའི་སྐྱབས་བཅོལ་བ་ཚོ་རང་ཡུལ་དུ་ཕྱིར་ལོག་ཨེ་ཐུབ། ནང་ལ་སྟག་དང་། ཕྱི་ལ་ཞི་མི་བྱེད་མི་ཉན། མཁྲེགས་འཛིན་གྱི་ལྟ་བ་དང་ཁེངས་དྲེགས་ཀྱི་རྨོངས་ཞེན་མྱུར་དུ་དོར། སེར་ཁ་གས་པའི་ཕ་ས་དེ་སླར་གསོའི་ཆེད་དུ། འཐབ་རོགས་ནང་ཁུལ་དུ་རང་ཤེད་དང་འཁོན་འཛིན་བྱེད་པ་ནི་ཞི་འཇམ་གྱི་འགེགས་རྐྱེན་གཙོ་བོ་ཞིག་ཡིན་པར་ངེས་ཤེས་དགོས། ལྟ་བ་རྟེན་འབྱུང་གི་འདུ་ཤེས་ཡོད་ཚེ། མང་གཙོའི་ཀ་བ་གསུམ་ཡང་

གཞན་དབང་སྟབས་བསྟུན་གྱི་ངང་ནས་གནས་དགོས་དུས། དཔོན་ཉམས་ཆེ་བའི་དབང་འཛིན་པ་ཁྱེད་ཅག་གིས་བསམ་སྦྱོར་ཡང་དེ་དེ་བཞིན་གནང་དགོས་པ་ཨ་ཅང་ཅང་། གློ་བུར་དུ། རྟ་མགོ་ལ་རྭ་ཅོ་ཡོད་པའི་རྣམ་ཐར་ཟུར་ཙམ་བཤད་དེ་ཁྲིམས་ཞིབ་ཁང་གི་ཁྲིམས་དཔོན་རྣམ་གསུམ་འཕོ་འགྱུར་བཏང་བ་ནི་མི་དམངས་ཀྱི་བློ་ཡུལ་དུ་ཤོང་དཀའ་བས། ཉམ་ཆུང་མི་མང་ཐུན་མོང་གི་བཟོད་གླགས་བྲལ་བའི་ན་ཟུག་དེ། དོ་ནུབ་ས་སྲོད་ཁོ་བོས་བྲང་གཞུང་ནས་བཀག་ཀྱང་མི་ཁོགས་ཏེ་འབྲེལ་ཡོད་སྤྱི་མི་ཚོའི་སྙན་ལམ་དུ་ཤར་མར་ཤོར་སོང་།

སྤྱིར་བཏང་གངས་སུ་ཤ་ཤེད་རྒྱས་པའི་གངས་ཕྲུག་བདག་ནི་མཐོ་སྒང་ཚང་ལ་མེ་ལྕེ་བཞིན་འབར་བའི་རྒྱལ་ཞེན་འཕྱོ་མཁན་ཞིག་ཡིན་ལ། དེ་སྔ་ཁྱེད་ཅག་ལའང་རེ་འདོད་ཆེན་པོ་བྱེད་མཁན་གྱི་གྲས་ཤིག་ཡིན། འོན་ཀྱང་། བསམ་ཡུལ་འདས་པ་ཞིག་ནི། སྲིད་སྐྱོང་དང་སྤྱི་འཐུས་མང་དག་ཅིག་གནམ་མཁའ་ལ་ལྡིང་ནས་ས་གཞི་ལ་ཁྱོན་ནས་འབབ་མ་སོང་། ཁྱེད་ཚོས་གནང་བའི་འདས་པའི་ལོ་བཅུའམ་ལྔ་ཡི་མཇུག་འབྲས་དེ། རྨ་ཁ་མེད་པའི་ན་ཟུག་ཅིག་སྤྲད་པ་ནི་ཁྱེད་ཅག་གི་ངོ་གདོང་མཐོང་བ་ཙམ་གྱིས་སྐྱུག་བྲོ་སོང་། ལྷག་པར་དུ་གྲོས་ཚོགས་ནང་གི་མགོ་རིལ་ཁྱེད་ཚོའི་པར་རིགས་མཐོང་བ་ཙམ་གྱིས་ཞག་རྩི་མཐོང་བ་ལྟ་བུ་སྐྱུག་མེར་ལང་གིན་ཡོད་པའི་སྐད། སྤྱི་མི་ཁྱེད་ཚོས་མི་མང་གི་འདྲེན་བྱེད་མདུན་དུ་ལས་ཀའི་མཐའ་མཇུག་གི་གྲུབ་འབྲས་ཆེན་པོ་ཞིག་བཤད་རྒྱུ་ཡོད་ངེས་རེད་བསམ་སྟེ་དགའ་སྣང་ཆེན་པོོ་སྐྱེས་ཏེ་གཅིག་རྗེས་གཉིས་མཐུད་ངང་ནས་གྲོས་ཚོགས་ཀྱི་གཏམ་རྙོག་ཆ་ཚང་ཉན་ཏེ་རེ་སྒུག་ཟིན། འོན་ཀྱང་། སྤྱི་འཐུས་ཚོགས་གཙོ་དང་སྤྱི་འཐུས་ཞེས་མིང་དུ་བཏགས་པའི་སྤྱི་མི་ཁྱེད་ཚོས་གཅིག་གིས་གཅིག་ལ་ངར་ངར་རྒོད་རྒོད་ཀྱི་ངང་ནས་ཟུར་ཟ་དང་ཚིག་ཀྱལ་བ་ཤ་སྟག་བཤད་རེས་བྱས་པ་ནི་སྤྱི་ལ་ཕན་རྒྱུ་མེད་པའི་གད་སྙིགས་ལྟ་བུའོ། །བློས་གྲོད་པར་བཀལ། གྲོད་པས་ཆུ་གློད་ཅེས་པའི་སྔ་མའི་གཏན་ཚིགས་བཞིན་ད་ལྟའི་སྲིད་སྐྱོང་དང་སྤྱི་འཐུས་མང་དག་ཅིག་ལ་རྦད་དེ་ཡིད་ཐང་ཆད་སོང་། ཁྱེད་ཚོས་ཡང་བསྐྱར་རྟ་ལམ་བོང་བུས་མི་བཀག་པའི་རེ་སྙེག་ཞུ་བཞིན་ཡོད། མང་གཙོའི་སྤྱི་ཚོགས་སུ་ཉེན་ཁ་ཆེ་ཤོས་གཅིག་ནི། འོས་བསྡུའི་སྐབས་སུ་དངུལ་གྱི་ཤེད་ “money power”.སྟོབས་ཀྱི་ཤེད་ “Muscle Power”.བཅས་གཉིས་ཡིན་པར་ཆབ་སྲིད་མཁས་ཅན་མང་པོས་གླེང་བའི་ལོ་རྒྱུས་གོ་ཐོས་བྱུང་། སླད་འུ་ཅག་གི་མང་གཙོའི་སྤྱི་ཚོགས་ཀྱི་སྲིད་སྤྱིའི་འོས་བསྡུ་ཆེན་མོའི་སྐབས་སུ་དེ་ལྟར་མི་ཡོང་བའི་འཚོལ་ཞིབ་དང་དམ་དྲག་ཞུ་དགོས་པ་ནི་ཤིན་ཏུ་གལ།

དེ་ཡང་འཛམ་གླིང་གི་སྟོབས་ཅན་རྒྱལ་ཁབ་ཚོའི་ཆབ་སྲིད་ཀྱི་ལོ་རྒྱུས་ནང་དུ་བྱུང་མི་མྱོང་བ་ཞིག་ནི། ཉེ་བའི་ཉིན་ཤས་སྔོན་བོད་མིའི་སྒྲིག་འཛུགས་མང་གཙོའི་ཀ་བ་གསུམ་ནས་ཀ་བ་ཞིག་ནག་ཉེས་ཚབས་ཆེན་སོགས་གང་ཡང་ཐེར་འདོན་མེད་པར་མིག་ཡུད་ཙམ་ཞིག་ལ་འཕོ་འགྱུར་བཏང་བ་ནི། རིན་ཐང་ཆེ་བའི་གསེར་རྡོག་ཅིག་ཐལ་དོང་དུ་གཡུགས་པའི་དཔེ་ལྟར་གཅིག་མཚུངས་ཡིན་པ་མ་ཟད། རྙོག་གྲའི་སྒམ་ཆུང་གསར་པ་ཞིག་ཀྱང་སྒོ་འབྱེད། ད་དུང་། དེ་བས་ག་ལ་ཚད། སྔོན་སངས་རྒྱས་བཅོམ་ལྡན་འདས་ཀྱིས་ཞལ་ནས་ཀྱང་། གང་ཟག་གི་ཚད་གང་ཟག་གིས་མི་ལོན་ཞེས་གསུངས་ཡོད་པ་བཞིན་ཚོགས་གཙོ་མཆོག་ཁ་ཁུ་སིམ་མེར་དགོངས་པ་ཞུས་པ་དེ་བཟང་སྤྱོད་ཡིན་ཟེར་ན་ཆེས་ཡ་མ་བརླ། རྒྱུ་མཚན་གང་ལགས་ཤེ་ན། གཅིག་ནི། དཀའ་སྡུག་ཁྲོད་ནས་གཡོ་ཐབས་བྱེད་མཁན་ནི་ཡག་རྟགས་ཤིག་མིན། གཉིས་ནི། ཁྱེད་ཚོ་ནི་མི་མང་གི་དོགས་སློང་དང་དཀའ་ངལ་སེལ་མཁན་གྱི་སྤྱི་མི་ཞིག་རེད་མ་གཏོགས། མི་མང་ལ་དཀའ་སྡུག་བཟོ་མཁན་གྱི་ཇག་དཔོན་ནི་ནམ་ཡང་མིན། གནས་ལུགས་འདི་དབང་གིས།  སྐྱོ་མ་གཡོ་མཁན་སོ་སོ་ཡིན་ཙང་། གཙང་བཟོ་གནང་རྒྱུའི་འོས་འགན་དེ་སོ་སོས་འཁྱེར་དགོས་པ་ནི་སྨྲ་བསམ་བརྗོད་མེད་རེད་ཨང་།

ཀླད་རྙིང་མཁྲེགས་འཛིན་གྱི་ལྟ་བ་ནི། ཁ་སང་དེ་རིང་སུའང་ཕན་ཐོགས་ཏིལ་འབྲུ་ཙམ་མེད་པ་ཡིན་པས། སྤྱི་ཚོགས་འཁྲུག་རྩོད་ཆེན་པོ་རུ་འགྲོ་བཞིན་པའི་སྐབས་སུ། འབྲེལ་ཡོད་གཙོ་འཛིན་ལས་ཀྱི་སྣེ་བ་སྤྱི་འཐུས་རྒྱུན་ལས་དང་འཛིན་སྐྱོང་བཀའ་ཤག་བཅས་ཀྱིས་དགོངས་པ་རྒྱ་ཆེར་བཞེས་ཏེ་འཛོལ་མེད་འཁྲུལ་མེད་ཀྱི་དཀར་ནག་དབྱེ་བ་ཤེས་པའི་ཐོག་ཐག་གཅོད་ནན་པོ་ཞིག་གནང་དགོས་པ་གལ་ཆེའི་ནང་ནས་དོན་ཆེན་ཞིག་ཡིན་པ་སྨོས་ཅི་དགོས། སོ་སོས་བཙོས་པའི་ཆང་དེ། ཞིམ་པོ་མེད་ཀྱང་འཐུང་རྒྱུ་རེད་ཅེས་འཇིག་རྟེན་པའི་དཔེ་ལྟར་དཀའ་རྙོག་ཁྲོད་ནས་གཡོ་ཐབས་མ་གནང་པར། དྲང་བདེན་གྱི་ཁུངས་ལུང་དང་ཁྲིམས་ལུགས་ཀྱི་རྩ་འཛིན་ཡོད་ཚེ་དགོངས་པ་མ་ཞུས་གོང་དུ། སྐུ་ཉིད་ཀྱིས་འགན་འཁུར་ཆེ་བཞེས་ངང་ནས་ད་ལྟའི་རྩོད་གླེང་དེ་གོ་བ་ལོག་སྒྲུབ་བྱུང་བའི་ཁུལ་དུ་བརྩིས་ཞོག ། ཁྱེད་ཅག་ལ་བཟང་སྤྱོད་ཅེས་པ་དེ་དོན་དངོས་སུ་ཡོད་སོང་ན། བཟང་སྤྱོད་ཀྱི་ལམ་ནས་གནས་ཡོད་ཁྲིམས་ཞིབ་པ་གསུམ་ལ་ངེས་པར་དུ་དགོངས་སེལ་ཞུ་དགོས་ལ། སྔ་ལྟར་ཁོང་རྣམ་པའི་ལས་གནས་བསྐྱར་གསོ་གནང་རྒྱུ་ཐུགས་ཐག་ནན་པོ་ཞིག་གཅད་རན་པའི་དུས་ལ་བབས།

རྟ་མེད་ན་བྱང་ལམ་མི་ཆོད། སྒ་མེད་ན་ཨོང་ཤ་མི་བདེ་ཞེས་པའི་དཔེ་བཞིན་ཚོགས་གཙོས་དཀའ་རྙོག་དེ་གཙང་གསལ་མ་བཟོས་ཚེ། ཁྲིམས་ཞིབ་པ་གསུམ་འཕོ་འགྱུར་བཏང་བའི་རྩོད་རྙོག་དེ་ལྷིང་འཇགས་སུ་འགྲོ་རྒྱུ་ནི་བརྗོད་དཀའ། དམངས་ཀྱི་དོགས་གཞི་མ་སེལ་ན། དགོངས་པ་ཞུས་ཀྱང་བཟང་སྤྱོད་ཅིག་ག་ལ་ཆགས། རྙོག་གྲ་དག་ཐེར་མ་བཟོས་ན། རྩ་དགོངས་ཞུས་ཀྱང་སུ་ལ་སྨན། གང་ལྟར། གོ་ཤེས་ཉན་ཤེས་ཡོད་པའི་སྤྱི་མི་ཞིག་ཡིན་ཚེ། བསམ་བློ་གུ་ཡངས་དང་ལམ་ལོག་བསྒྱུར་བཅོས་གནང་སྟེ་མང་གཙོ་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ་སྐྱིད་སྡུག་མཉམ་མྱོང་གནང་འོས། འདས་པའི་ལོ་བཅུའི་རྐང་ལམ་ཕྲ་མོའི་ནང་དུ། ནང་ཁུལ་ལ་འཕོ་འགྱུར་རིམ་པ་མང་དྲགས་པའི་རྐྱེན་གྱིས་རྩ་དོན་དངོས་སྤོ་ལོ་དབུགས་ཤོར་བ་ལྟ་བུ་ནུས་མེད་དུ་གྱུར། དོན་དངོས་སུ་ཁྱེད་ཚོ་ལ་དམིགས་བསལ་གྱི་མཐུ་ནུས་དང་འཇོན་སྟངས་ཡོད་ཚེ། མཐོ་ཞིང་གཙང་བའི་བོད་ཡུལ་སྟོད་སྨད་བར་གསུམ་ནས་བཙན་རྒྱལ་རིང་ལུགས་དེ་ཕྱིར་ཕུད་གཏོང་ཐུབ་ན་དགའ་བསུ་དང་བསྔགས་བརྗོད་ཞུས་ཆོག  དེ་མིན་རྡ་སའི་རི་གྲོང་ངོགས་སུ་དབང་ཆ་ལོག་སྤྱོད་དང་སྤུན་ཟླ་ནང་འཁྲུག་གི་མེ་ཁ་དེ་མཚམས་འཇོག་གནོངས། ཝ་མོ་འགྲོ་རྒྱུ་རྒོད་ན། རྔོན་པའི་རྙི་རུ་ཐེབས་ཞེས་པའི་གཏམ་རྩལ་གྱི་དོན་ལྟ་བུ་དབང་ཆའི་ཐབས་རྩོད་བྱས་ན། མཐའ་མ་རང་མེད་མི་མེད་ཀྱི་ལོག་ལམ་དུ་བསྐྱོད་རྒྱུ་གཏན་འཁེལ་རེད་དོ། །

མདོར་བསྡུས་ན། སྐྱོམ་སྐྱོམ་བྱེད་པའི་ད་ལྟའི་བཙན་བྱོལ་སྤྱི་ཚོགས་སུ། གཅིག་ལ་མ་འགྲིག་ན་གཞན་གྱི་སྐྱོན། ཀུན་ལ་མ་འགྲིག་ན་རང་གི་སྐྱོན། མི་མང་སེམས་ཁམས་ལ་ཕོག་ཐུག་ཆེན་པོ་བྱུང་ཡོད་སྟབས། བཅའ་ཁྲིམས་ལ་འགྲེལ་ལོག་རྒྱག་མི་ཉན། བཅའ་ཁྲིམས་དོན་ཚན་ང་བཞི་དང་བཞི་བཅུ་སོགས་ཀྱི་ས་མཚམས་མི་འདའ་བ་ཞིག་གནང་དགོས་པ་ནི་ཁྱེད་ཅག་གི་གཉའ་སྒང་དུ་འཁྲིས་བའི་འགན་འཁྲི་ལྕི་བ་ཞིག་ཡིན། སྐྱབས་བཅོལ་བའི་གནས་བབས་ལ་དཔག་པའི་ཚད་གཞི་བརྒལ་མི་ཉན། ཀུག་ཀུག་ན་ཆག་འགྲོ། འཐེན་འཐེན་ན་ཆད་འགྲོ་བ་བཞིན་ཕྱི་གསལ་ནང་གསལ་གང་མེད་པར་ཁྲིམས་དཔོན་གསུམ་ལྷན་དུ་འཕོ་འགྱུར་བཏང་བ་ནི་རྦད་དེ་ཐལ་ཆ་ཆེ་དྲགས་འདུག  ཁྱེད་ཅག་ལ་སེམས་ཤུགས་ཅན་གྱི་མི་སྣ་མང་པོས་རང་སྐྱོན་ངོས་ལེན་དང་སྤྱི་ཚོགས་ཡོ་བསྲང་བྱེད་དགོས་པའི་སྐུལ་ལྕག་བཏང་ཡང་། ཁྱེད་ཚོས་ངོས་ལེན་གང་ཡང་མེད་ན། དེ་ནི་མི་མང་གི་མངོན་འདོད་ལ་སྣང་ཆུང་དང་མཐོང་ཆེན་མེད་པའི་རྟགས་མཚན་ཞིག་མ་ཡིན་ནམ། སེམས་པ་རྨོངས་གཉིད་ཀྱིས་ཟིན་པ་མིན་ན། ད་གཟོད། མི་མང་གི་རེ་འདུན་ལ་དེ་མ་ཐག་ཏུ་བསམ་གཞིག་གཏིང་ཟབ་ཅིག་བྱེད་རན་འདུག་ཅེས་དྲིལ་བུ་ཞིག་དཀྲོལ་བའི་ཁུལ་ཡིན། མང་གཙོ་ནི་སྦས་གསང་དང་འགེབས་སྲུང་གི་སྲིད་ཇུས་མིན། མང་གཙོ་ལ་རྐང་འཇབ་ལག་འཇབ་ཀྱི་ཁྱད་ཆོས་མེད། མང་གཙོ་ནི་ཨུ་ཚུགས་དང་བཅོས་མ་མིན། དམངས་གཙོ་ནི་དམངས་ལ་དབང་བ་དང་། དམངས་ཀྱིས་སྐྱོང་བ། དམངས་ཀྱིས་ལོངས་སུ་སྤྱོད་པ་བཅས་ཀྱི་སྲིད་གཞུང་ཞིག་ཡིན་ཞེས་ཨ་རིའི་ལོ་རྒྱུས་སུ་བྱུང་བའི་ཆབ་སྲིད་པ་གྲགས་ཅན་ཡ་པོ་ལ་ཧན་ལིན་ཁིན་གྱིས་གསུངས་པ་ལྟར་རོ།  །ཁ་གསངས་ན་གོ་བདེ། ནམ་ལངས་ན་འགྲོ་བདེའོ། །གང་ལྟར། སྨ་མེད་ཉིང་བཅུད་ལྡན་པའི་མང་གཙོའི་ཀ་གསུམ་དུང་བདུན་དེ་ཇི་སྲིད་བདེན་མཐའ་མ་གསལ་བར་དེ་སྲིད་དུ་སྲ་བརྟན་མཁོ། དམར་ལྷེམ་ལྷེམ་གྱི་མེ་ལྕེ་འབར་སའི་ཐབ་རྡོ་གསུམ་གྱི་སྒང་དུ་སྣོད་བཞག་སྟེ་གསོལ་ཇ་སྐོལ་བ་བཞིན། ད་ཡོད་ཀྱི་མང་གཙོའི་ཀ་བ་གསུམ་ཡང་ལག་རྡང་སྦྲེལ་ཏེ་གཡས་སྐྱོར་གཡོན་སྐྱོར་གྱི་ངང་ནས་ནུས་པ་མཉམ་སྤུངས་གནང་བར་མཛོད།  །སརྦ་མངྒ་ལམ།།།།

                   ༢༠༢༡/༤/༡༡/ཉིན་ཧྥ་རན་སིའི་དཔེ་མཛོད་ཅིག་ནས་རྩོམ་པ་པོ་ཨ་མའི་བུ་ན་ཟླུམ་བསྟན་འཛིན་ཚེ་རིང་གིས་འོ་ཆུ་གཅིག་འདྲེས་ཀྱི་མཛའ་གཅུགས་དང་དུངས་ཚོར་གསོན་ཤུགས་ཆེ་བའི་མང་ཚོགས་ཀྱི་འདྲེན་ཚབ་བྱས་ཏེ་ཤར་མར་བྲིས་པར་དགེའོ།།

བསམ་ཚུལ།

Post navigation

Previous Post: སྤྱི་འཐུས་གྲོས་ཚོགས་ནས་ཆེས་མཐོའི་ཁྲིམས་ཞིབ་པ་ཆ་ཚང་འཕོ་འགྱུར་བཏང་བའི་སྐོར་ལ་དཔྱད་པའི་གཏམ།
Next Post: ཐན་སྐད།

Comments (2) on “སྐྱོ་མ་གཡོ་མཁན་གྲོས་ཚོགས་ཀྱི་རྒྱུན་ལས་ཚོ་ཡིན་ཚེ། གཙང་བཟོ་གནང་མཁན་ཡང་རྒྱུན་ལས་ཚོ་ཉག་ཅིག་ཡིན།”

  1. རྣམ་རྒྱལ་སྒྲོལ་དཀར། says:
    2021-04-14 at 3:29 pm

    སྙིང་དབུས་ནས་བཀའ་དྲིན་ཆེ། མི་མང་གི་འདྲེན་ཚབ་ངོ་མ་རེད་འདུག ངས་བསམ་པ་དེ་བྲིས་འདུག

  2. པ་རྡོ་རེ། says:
    2021-04-15 at 2:18 am

    ༌༌སྤུན་ཟླའི་མདུན་དུ་མིག་ཧྲིག་ཧྲིག དགྲ་བོའི་མདུན་དུ་འདར་སིག་སིག ། ཁྱིམ་ཚང་ནང་དུ་མཁས་མདོག་མདོག དགྲ་བོའི་ཕྱོགས་སུ་དཔའ་ཞུམ་ཞུམ། ནང་ཁུལ་དུ་མགོ་བོ་འཕྲེད་དུ་གཡུག་གཡུག ། དགྲ་ཕྱོགས་སུ་མགོ་བོ་ས་ལ་སྒུར་སྒུར་སོགས་ནི་མཁས་པའི་བཞད་གད་ཀྱི་རྒྱུ་ཁོ་ན་ལས་རྩ་དོན་འཐབ་རྩོད་ཅིག་ག་ལ་ཡིན་སྲིད། ཡོད་པ་དེ་མེད་པར་བཟོས། ད་ར་དེ་ཆུ་ཁུ་རུ་བཏང་ན། གོ་ལྡོག་པའི་སྐྱབས་བཅོལ་བ་ཚོ་རང་ཡུལ་དུ་ཕྱིར་ལོག་ཨེ་ཐུབ།༌༌ ཞེས་པར་རྒྱབ་སྐྱོར་གཙང་མ་ཞུ། ལྷག་པར་ད་ཡོད་སྤྱི་འཐུས་ཟེར་སྐད་ཀྱི་མགོ་རིལ་དེ་རྣམས་ལ་སློབ་སྟོན་སུས་གནང་ཐུབ་བམ། དེ་རྣམས་ཀྱིས་ལས་རྒྱུ་འབྲས་ལ་མི་བརྩི། ངོ་ནི་ཚ་མི་ཤེས། རང་གིས་སྦྱངས་པའི་མདོ་སྔགས་ཀྱི་ཤུལ་ཡང་མེད། དེང་སང་གི་ཤེས་ཡོན་སྤྱི་དང་བོད་ཡིག་ཐ་ཐོར་ཞིག་ཀྱང་མི་ཤེས། བོད་མིའི་འགོ་ཁྲིད་ཡིན་ཁུལ་གྱིས་གང་བཤད་ཀྱང་འགྲོ་ས་ཡོད་བསམ་མཁན་གྱི་ཀླད་ཆུང་ཡིན། ཁྱེད་རྣམས་ལ་ལས་རྒྱུ་འབྲས་ཀྱིས་འཕྱུགས་མ་ཡོང་ངོ་།།

    བོད་མིའི་སྤྱི་འཐུས་ཡིན་ཟེར་བའི་ན་གཞོན་རང་ཚུགས་མ་ཟིན་པ་རྣམས་ཀྱང་སྙིང་རེ་རྗེ། ༸གོང་ས་མཆོག་གི་བཀའ་དྲིན་ལ་བརྟེན་ནས་ཤེས་ཡོན་ཞིག་ཐོབ། རང་ཉིད་ལ་ཆེ་མཐོང་ཞིག་ཀྱང་དེ་ཡི་མཐུ་ལས་རག ད་བྱེད་སྟངས་ལ་ལྟོས་དང་ཁྱེད་རྣམས་ཀྱིས་བོད་མི་རིགས་ཀྱི་ལས་ཀ་འཇོན་ཐུབ་བམ། ༸གོང་ས་མཆོག་དང་སྔ་རབས་བོད་མི་རྣམས་ཀྱི་སྐུ་ངལ་བརྒྱ་ཕྲག་གིས་ད་བར་ང་ཚོའི་ཚད་ལྡན་སྐྱབས་བཅོལ་གྱི་སྤྱི་ཚོགས་ཡོད་པ་དེ་མེད་པ་བཟོ་བར་བརྩོན། རང་གི་རྐང་པར་རང་གིས་སྟ་རེས་གཞུས་པ་ངོ་མི་ཚའམ།

    འོན་ཀྱང་། བོད་མི་རྣམས་ནས་རྒྱུན་དུ་ནས་ཤེས་དགོས་པ་ཞིག་ལ། བོད་མིའི་ནང་རྒྱ་དམར་གྱི་དངུལ་དངོས་སིམ་འཛུལ་གྱིས་སྤྱི་ཚོགས་ཀྱི་བདེ་འཇགས་ལ་གནོད་སྐྱོན་བཏང་དང་གཏོང་བཞིན་ཡོད་པ་ལ་དོ་སྣང་དགོས། དེ་ལྟར་གྱི་བོད་མི་ཞིག་ཡོད་ཕྱིན་ཞབས་འདྲེན་དང་དེས་རང་རིགས་དང་རྒྱལ་ཁབ་ཀྱི་སྐད་ཆ་ཇི་ཙམ་བཤད་ཀྱང་ངོ་ལྐོག་ཡིན་པས་བོད་མི་ཡོད་དོ་ཅོག་གིས་འཛེམ་དགོས་སོ།།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (94)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (65)
  • ཨེ་ལི་སི། (53)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (35)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme