Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

“སྐྱེས་པ་རླབས་ཆེ་ཞིང་འཆི་བ་ལ་གཟི་བརྗིད་ལྡན།”

Posted on 2012-02-18 By ཁ་བརྡ་ 5 Comments on “སྐྱེས་པ་རླབས་ཆེ་ཞིང་འཆི་བ་ལ་གཟི་བརྗིད་ལྡན།”

༼རང་རེའི་བོད་ཀྱི་རྒྱལ་གཅེས་དཔའ་བོ་དཔའ་མོ་ཚོ་ལ་རྗེས་དྲན་ཆེད་དུ་བྲིས་པ།༽

ཚྭ་རུ་མ་ཐབས་མཁས་ཀྱིས་བྲིས།

༡༽ ཁ་སང་།

སྐྱེས་པ་རླབས་ཆེ་ཞིང་འཆི་བ་ལ་གཟི་བརྗིད་ལྡན་ཞེས་པ་ལྟར་ང་ཚོའི་ཕ་ས་ཕ་ཡུལ་ན། མཚམས་འཇོག་མེད་པར་རྒྱུན་མཐུད་དུ་འབར་བཞིན་པའི་མེ་ལྕེ་འདི་དག་བུད་ཤིང་དང་། འབར་སྣུམ་སོགས་ལས་བྱུང་བ་མིན་པར་འདི་དག་ནི། ཕུང་ལྔའི་ཚོགས་ཙམ་ཉིད་དུ་གྲུབ་པའི་རང་རེའི་བོད་མི་ཚོའི་ཤ་ཁྲག་རུས་གསུམ་ཚག་སེར་བསྒྲོན་པ་དང་། ལྷམ་སེར་འབར་བའི་མེ་ལྕེ་ཏག་ཏག་ཡིན་པ་ང་ཚོས་ངེས་པར་དུ་ཤེས་དགོས། ཐེ་ཚོམ་དང་མཚམས་འཇོག་མེད་པར་ལོ་ཟླ་ཉིན་སྦྲེལ་ངང་ང་ཚོའི་ཕ་ཡུལ་གྱི་རྒྱལ་གཅེས་དཔའ་བོ་དཔའ་མོ་ཚོས་འདི་ལྟར་རང་རང་གི་གཅེས་སྲོག་དམར་པོ་ང་ཚོའི་རྒྱལ་ཁབ་དང་མི་རིགས་ཀྱི་ཆེད་དུ་ཕུལ་དང་འབུལ་བཞིན་པ་ནི། ང་ཚོ་བཙན་བྱོལ་ཕྱི་ཡུལ་ན་ཡོད་པའི་སྒེར་དོན་དང་། རང་གཅེས་ལ་འཇོན་པའི་བོད་པ་ཚོར་ཁ་བཤད་དོན་ཐོག་ཏུ་ལག་བསྟར་དགོས་པའི་ལམ་སྟོན་དང་སྣེ་ཁྲིད་གནངས་པ་ཞིག་ཡིན་ཞིང་། རང་དོན་ལས་གཞན་དོན་དང་སྒེར་ལས་སྤྱི་གཙོ་བོར་འཛིན་པའི་ཀུན་སྤྱོད་རྣམ་དག་དགོས་པའི་མིག་དཔེ་གསོན་པོ་ཞིག་ཀྱང་གསར་བཏོད་གནང་བཞིན་པ་རེད།

ཡིན་ཡང་ང་ཚོ་བཙན་བྱོལ་གཞུང་མང་གཉིས་ཀྱིས་ཕ་ཡུལ་བོད་ནས་ལུས་སྲོག་གིས་མེ་མཆོད་ཕུལ་ཐེངས་རེར་ཕྱི་ཡུལ་ནས་ཞག་སྒྲོན་གྱི་མཆོད་མེ་རེ་སྦར་ནས་སྡོད་པ་ལས་རྒྱལ་སྤྱི་དང་། འཛམ་གླིང་མི་སྡེ་ཡོངས་ལ་གོ་བརྡ་འཕྲོད་པའི་ཛ་དྲག་གནས་ཚུལ་གྱི་གསར་འགྱུར་ཁྱབ་བསྒྲགས་དོན་དང་མཐུན་པ་ཞིག་ཀྱང་ད་བར་བྱེད་ཐུབ་ཀྱི་མེད། ད་དུང་ཡང་འདི་ལྟར་སྡོད་པ་ལས་ཆེད་དམིགས་ཀྱིས་ལས་འགུལ་ཅི་ཡང་མི་བསྒྲུབ་པར་ངེས་ཏེ། ང་ཚོ་བཙན་བྱོལ་གཞུང་མང་གཉིས་ཆ་ལ་ཡང་ཕ་ཡུལ་གྱི་རྒྱལ་གཅེས་དཔའ་བོ་གཅིག་གི་ལྷག་བསམ་དང་གཞན་གཅེས་ཀྱི་བསམ་སྤྱོད་མེད་པས་སོ། །

ཕྱི་ཡུལ་ན་ང་ཚོ་བཙན་བྱོལ་བོད་པ་ཚོས་འཇོན་པ་ནི། རང་གི་རྒྱལ་ཁབ་དང་མི་རིགས་ཀྱི་མ་འོངས་པའི་ཆེད་དུ་ལུས་སྲོག་ལོངས་སྤྱོད་དང་བཅས་པ་ཡོད་ཚད་ཀྱི་ཡོད་ཚད་འབུལ་ཐུབ་ཀྱི་མེད་པར་རང་གི་ཁྱིམ་ཚང་དང་། ཕྱི་ཡུལ་ནས་ཕྱི་ཡུལ་དུ་བསྐྱོད་རྒྱུའི་སང་ཉིན་གྱི་རང་དོན་ཆུང་ངུ་ཞིག་གི་ཆེད་དུ་ཡོད་ཚད་ཀྱི་ཐམས་ཅད་བློས་གཏོང་ངང་རྒྱུག་གིན་ཡོད་ཅིང་། ཕ་ཡུལ་གྱི་རྒྱལ་གཅེས་སྤུན་ཟླ་དཔའ་བོ་དཔའ་མོ་ཚོའི་དཔའ་མཛངས་ཀྱི་བསམ་སྤྱོད་ལྟ་བུ་ནི། ང་ཚོ་བཙན་བྱོལ་བོད་པ་ཕལ་ཆེ་བའི་བསམ་བློར་འཁོར་མྱོང་ཙམ་ཡང་མེད་ཟེར་ནས་བཤད་ཆོག་པར་སྙམ།

རྒྱུ་མཚན་ནི། ང་ཚོ་བཙན་བྱོལ་བོད་པ་མང་ཆེ་བར་རང་དོན་དང་རང་ཉིད་གཅིག་པུ་ལས་གཞན་དོན་དང་། མང་ཚོགས་ཀྱི་ཆེད་དུ་ལས་ཀ་བསྒྲུབས་མྱོངས་མེད་ཅིང་། གཞན་ཕན་གྱི་ཆེད་དུ་བསམ་བློ་ཙམ་ཡང་གཏོང་ཁོམ་མེད་པས་རེད།

ངོ་མ་བཤད་ན། རྒྱལ་གཅེས་དཔའ་བོ་དཔའ་མོ་ཁྱེད་ཅག་གིས་ང་ཚོའི་ཆེད་དུ་འདི་ལྟར་རང་ཉིད་བློས་གཏོང་བྱས་པ་འདི་འདྲ་ནི། ང་ཚོས་ང་ཚོ་རང་ཉིད་སྒེར་གྱི་ཆེད་དུ་ཡང་བསྒྲུབ་མི་ཐུབ་པར་མ་ཟད་བསམ་ཡང་མི་ཕོད་པར་ངེས་སོ། །

༢༽ དེ་རིང་།

དེ་རིང་ད་དུང་ཡང་མུ་མཐུད་དུ་ཕ་ས་ཕ་ཡུལ་ན། འདི་ལྟར་རང་བདེ་དང་རང་ཉིད་དབུས་སུ་འཛིན་པའི་བསམ་སྤྱོད་ཡོངས་སུ་དོར་ནས། རང་གི་ཡོད་ཚད་གཞན་ཕན་དང་གཞན་དོན་དུ་བློས་གཏོང་གནང་བཞིན་པའི་རྒྱལ་གཅེས་དཔའ་བོ་དཔའ་མོ་ཚོས་ང་ཚོ་བོད་དང་། བོད་པའི་སང་ཉིན་གྱི་ཆེད་དུ་དྲག་གནོན་དང་། མེ་མདའི་རྩེ་མོ་ནས་རང་གི་གཅེས་སྲོག་དམར་པོི་མེ་རུ་སྦར་བཞིན་བཞུད་དང་། བཞུད་ཀྱིན་ཡོད་པ་ལ་ཞིབ་ཏུ་ཇི་ལྟར་ཅིའི་ཕྱིར་ཁོང་ཚོས་རང་ལུས་མེ་རུ་སྲེག་གིན་ཡོད་པར་བསམ་གཞིགས་རྣལ་མ་ཞིག་ཐོངས་དང་། གལ་སྲིད་སེམས་པ་རྡོ་ལས་མ་གྲུབ་ཅིང་། དྲན་ཤེས་རྣལ་དུ་གནས་པའི་མི་ཞིག་ཡིན་ཕྱིན། ང་ཚོའི་སེམས་ལ་ཧང་སངས་པ་དང་། བཟོད་དཀའ་བའི་ན་ཟུག་གི་ཚོར་བ་འབར་བཞིན་ཕངས་སེམས་ཆེན་པོ་རེ་མི་སྐྱེ་བ་ག་ལ་སྲིད།

ཡིན་ཡང་ང་ཚོའི་བཙན་བྱོལ་སྤྱི་ཚོགས་ནང་ང་ཚོ་ལས་ང་གཙོ་བོར་འཛིན་པའི་བསམ་སྤྱོད་ཉིན་རེར་བཞིན་ཤུགས་ཆེ་ནས་ཆེ་རུ་འབར་བཞིན་ཡོད་པས། འདི་ལྟའི་རང་རེའི་རྒྱལ་གཅེས་པ་ཚོའི་ཕུལ་དུ་བྱུང་བའི་རླབས་ཆེན་གྱི་བྱས་རྗེས་ལ་དོ་སྣང་ཙམ་ཡང་མེད་པར་རང་དོན་རང་གཅེས་ཀྱི་ན་ཟུག་མ་ཐེག་པར་འཛམ་གླིང་གི་ས་ཆ་གང་སར་མེད་མུག་གི་ངུ་དབྱངས་འཐེན་ཞོར་སྤྲང་ཕོར་གནམ་ལ་བཟེད་ནས་སྡོད་མཁན་ཧ་ཅང་མང་བར་སེམས་སོ། །

༣༽ སང་ཉིན།

ང་ཚོ་གཞིས་བྱེས་ཀྱི་བོད་མི་ཡོངས་ཀྱིས་ནམ་ཡང་བརྗེད་མི་སྲིད་པ་དང་མི་ཆོག་པ་ནི། ང་ཚོའི་རྒྱལ་ཁབ་དང་མི་རིགས་ཀྱི་སང་ཉིན་གྱི་ཆེད་དུ་སྐྱེས་པ་རླབས་ཆེ་ཞིང་འཆི་བ་ལ་གཟི་བརྗིད་ལྡན་པའི་ང་ཚོའི་སྙིང་དབུས་ནས་ཆེས་བཀུར་བར་འོས་པའི་རྒྱལ་གཅེས་དཔའ་བོ་དཔའ་མོ་ཁྱེད་ཚོ་ཡིན་ཞིང་། ཁྱེད་ཚོ་ནི་དུས་རབས་ཤིག་གི་དཔའ་བོ་དང་རྒྱལ་ཁབ་ཅིག་གི་དཔའ་བོ། མི་རིགས་ཤིག་གི་དཔའ་བོ་ཡང་ཡིན་པས། ཁྱེད་ཚོ་ལ་དཔའ་མིང་སུམ་རྩེག་ནས་དགུ་རྩེག་ངང་ང་ཚོའི་ཡབ་མེས་ཀྱི་འོད་སྟོང་འབར་བའི་ལོ་རྒྱུས་ནང་གསེར་བྲིས་སུ་བྲིས་ཡོད་ལ། ང་ཚོའི་བློན་པོ་མགར་སྟོང་བཙན་དང་སྟག་སྒྲ་ཀླུ་གོང་། མཛངས་པའི་མི་བདུན་སོགས་ཡབ་མེས་རྒྱལ་གཅེས་པ་དག་གི་རླབས་ཆེན་བྱས་རྗེས་བཞག་པའི་རྗེས་དྲན་རྡོ་རིང་ངོས་སུ་ཡང་ཁྱེད་ཚོའི་མིང་ཡིག་གསལ་བོ་རུ་བརྐོས་ཟིན་ཡོད།

ཁྱེད་ཚོའི་ཡོད་ཚད་ང་ཚོའི་ཆེད་དུ་འདི་ལྟར་ཕུལ་ནས་བཞུད་དང་བཞུད་ཀྱིན་ཡོད་པས། ང་ཚོས་དུས་གཏན་དུ་ཁྱེད་ཚོ་ནི་རང་རེའི་རྒྱལ་ཁབ་ཀྱི་གངས་སེང་གིས་མཚན་པའི་རྒྱལ་དར་གྱི་ཆེན་པོའི་གཟི་མདངས་སུ་ཤར་ནས་མཁའ་དབྱིངས་སུ་ལྷབ་ལྷུབ་ངང་བསྐྱོད་བཞིན་ཡོད་ཅིང་། སེངྒེ་ཁ་སྤྲོད་ཀྱི་ང་ཚོའི་རྒྱལ་རྟགས་ཀྱི་གཟི་བརྗིད་ངོ་མ་དེ་ཡང་ཁྱེད་ཚོ་ཁོ་ན་ཡིན།

ཁྱེད་ཚོ་འདི་ལྟར་ལྷག་བསམ་གྱི་སྙིང་སྟོབས་ཆེན་པོ་ཞིག་དང་མེ་ལྕེ་ཆེན་པོ་ཞིག འབོད་སྒྲ་ཆེན་པོ་ཞིག་དང་བཅས་ང་ཚོའི་མིག་སྔུན་ནས་བཞུད་སོང་ན་ཡང་། ང་ཚོའི་མི་རབས་ནས་མི་རབས་བར་ང་ཚོའི་སེམས་ནང་ནས་དུས་ནམ་ཡང་བཞུད་མི་སྲིད་དོ། །

ད་དུང་ཁྱེད་ཚོའི་བླ་ན་མེད་པའི་བཀའ་དྲིན་གྱིས་ད་ལྟའི་དུས་སུ་ང་ཚོ་གཞིས་བྱེས་བོད་མིའི་སེམས་པ་ལྷན་དུ་མདུད་ནས་འཕར་ལྡིང་དང་འཕག་འཚག་ཅིག་ཅར་ངང་བྱེད་དུ་བཅུག་ཅིང་། ང་ཚོའི་ཆོལ་ཁ་གསུམ་གྱི་བོད་པ་ཚོ་ཡང་ཆོལ་ཁ་གཅིག་ཏུ་བྱས་སོང་། མ་ཟད་ང་ཚོ་བོད་པའི་མི་རིགས་དང་ས་ཆ་ལ་རང་གི་རིགས་ལ་ཞེན་པ་དཀར་པོ་ངོ་མ་ཞིག་དང་། རང་གི་རྒྱལ་ཁབ་ཀྱི་རྒྱལ་མཚམས་ལའང་ཐིག་གསལ་བོ་ཞིག་བྲིས་བྱུང་།

ད་དུང་ཕ་ས་ཕ་ཡུལ་གྱི་གྲི་མདུང་གི་རྩེ་མོ་ནང་ལ་སྐོར་བའི་འཁྲུགས་རྩོད་ཡ་ང་བ་དེ་ཡང་གློ་བུར་དུ་འཇགས་ནས། རང་རེའི་མདོ་དབུས་ཁམས་གསུམ་གྱི་བོད་མི་ཡོངས་ལ་བོད་ཟེར་བའི་མིང་ཡིག་འདི་ང་ཚོའི་ཡབ་མེས་ཚོའི་ཚེ་སྲོག་གིས་བྲིས་པའི་མིང་ཡིག་ཅིག་ཡིན་པར་ངོ་ཤེས་པར་བྱས་ཤིང་། མིང་ཡིག་འདི་ཉིད་ང་ཚོས་ཀྱང་ཚེ་སྲོག་གིས་སྲུང་སྐྱོབ་བྱ་དགོས་པར་ངོ་སྤྲོད་བྱས་སོང་།

ང་ཚོ་གཞན་ཡུལ་ན་གྱར་པའི་བོད་པ་ཚོར་ཡང་ལོ་ངོ་ལྔ་བཅུ་ལྷག་གི་རིང་རང་རང་གི་སྒེར་དོན་གཙོར་སྒྲུབ་བྱེད་བཞིན་པའི་རང་གི་བསམ་སྤྱོད་སྐྱུག་བྲོ་བ་དེར་འགྲིག་མིན་བསྐྱར་ཞིབ་ཅིག་དགོས་པར་དྲན་གསོ་བྱས་སོང་ལ། ཁ་བཤད་ཁོ་ན་ལས་ལག་ལེན་མེད་པའི་ང་ཚོའི་དཔོན་རིགས་སྐུ་ངོ་ཚོར་ཡང་བཤད་མཁས་པ་གཅིག་པུས་མི་ཆོག་པར་ང་ཚོའི་རྩ་དོན་ཐོག་འཕག་འཚག་རྒྱག་དགོས་པའི་སློབ་གསོ་བྱས་སོང་།

ཐ་ན་ཁྲོམ་སྲང་ན་གཅེར་ཉལ་བྱེད་བཞིན་པའི་རང་རེའི་བོད་པ་ཐ་མག་ནག་པོ་འཐེན་མཁན་དང་། ཆང་གིས་བཟི་བོ་ཚོས་ཀྱང་གཅིན་པ་སྒྱིད་ཁུག་ལ་འཛར་ཞོར་ཁ་ནས་Free Tibet (བོད་རང་དབང་།)ཟེར་ནས་ངར་ཤུགས་གསར་པ་ཞིག་འཕར་དུ་བཅུག་སོང་ལ། རང་གི་ཉིན་རེའི་འཚོ་བ་དང་ཕུགས་འདུན་ཡོད་ཚད་བོད་དང་། བོད་པའི་མིང་བྱང་འོག་ནས་འཚོ་ཞིང་། ཆབ་སྲིད་གར་སྟེགས་ཐོག་ན་འབར་བཞིན་པའི་སྐབས་འཚོལ་ཆབ་སྲིད་པ་ཚོས་ཀྱང་བདེན་རྫུན་སྣ་ཚོགས་བསྲེས་པའི་བོད་དང་། བོད་པའི་དེང་སྐབས་ཀྱི་གནས་ཚུལ་སྣ་ཚོགས་ར་མ་ལུག་གི་སྐད་ཆ་བཤད་ཀྱིན་འཛམ་གླིང་གི་རྒྱལ་ཁབ་གང་སར་རླུང་འཕྲིན་དང་། བརྙན་འཕྲིན་སོགས་བརྒྱུད་ལམ་སྣ་ཚོགས་ནང་སྐད་འཛེར་འཛེར་ངང་འབོད་རྒྱངས་སྒྲོག་ཏུ་བཅུག་སོང་།

མདོར་ན་ཁྱེད་ཚོས་རང་གི་ཡོད་ཚད་ང་ཚོའི་ཆེད་དུ་འདི་ལྟར་སྦར་ཞིང་འདི་ལྟར་ཕུལ་དུས། ང་ཚོ་བོད་མི་ཡོད་ཚད་གཉིད་ལས་སད་དུ་བཅུག་ཅིང་། ང་ཚོའི་རྨི་ལམ་ནང་གི་བོད་དང་བོད་པ་དེ་ཡང་རྨི་ལམ་ཞིག་མིན་པ་ཚོར་དུ་བཅུག་སོང་།

དུས་གཏན་དུ་རླབས་ཆེན་གྱི་ལོ་རྒྱུས་མི་སྣ་རུ་བཀུར་འོས་པའི་རང་རེའི་རྒྱལ་གཅེས་དཔའ་བོ་དཔའ་མོ་ཁྱེད་ཚོ། ང་ཚོས་དུས་ནམ་ཡང་བརྗེད་མི་སྲིད། ང་ཚོས་ཁུ་ཚུར་གནམ་ལ་བསྒྲེངས་ནས་བོད་རྒྱལ་ལོ་ཟེར་དུས་ཁྱེད་ཚོ་དྲན་ངེས་ལ། ང་ཚོས་ཐལ་མོ་སྙིང་གར་ཟུམ་ནས་གསོལ་བ་སྨོན་ལམ་འདེབས་དུས་ཀྱང་ཁྱེད་ཚོ་དྲན་ངེས་ཡིན། ཁྱེད་ཚོས་འདི་ལྟར་ང་ཚོའི་རྒྱལ་ཁབ་དང་མི་རིགས་ཀྱི་ཆེད་དུ་རང་ཉིད་མེ་རུ་བསྒྲོན་ཞིང་མེ་རུ་འབར། མེ་རུ་ཚིག་ནས་མེད་པར་གྱུར་པ་ང་ཚོས་དུས་གཏན་དུ་བརྗེད་མི་སྲིད་དོ།། །།

ཕྱི་ལོ་ ༢༠༡༢ ༢ ༡༨

རྩོམ་རིག

Post navigation

Previous Post: ཁ་བརྡ་དྲྭ་བ། ངས་རྒྱང་རིང་ནས་དུང་བའི་མིག་ཟུང་ཁྱོད་ལ་བཅེར་ཡོད།
Next Post: ང་གནས་དེར་ཕྱིར་ལོག་ན་འདོད།

Comments (5) on ““སྐྱེས་པ་རླབས་ཆེ་ཞིང་འཆི་བ་ལ་གཟི་བརྗིད་ལྡན།””

  1. བདག་པོ། says:
    2012-02-18 at 4:45 pm

    ང་ཚོས་གཅིག་གི་བྱེད་ཀྱི་མི་འདུག གཞན་གྱི་བྱེད་ཀྱི་མི་འདུག་ཟེ་བཤད་ཀྱིན་བསྡད་ན་ཐུན་མོང་གི་མཐུན་སྒྲིལ་བརླག་གི་་རེད། བོད་ནས་སྐུ་ལས་བཀྱོན་པ་བཞིན་བཙན་བྱོལ་བའི་སྤྱི་ཚོགས་གང་ས་ནས་སྐུ་ལས་བཀྱོན་བཞིན་པ་ཡིན། བོད་ནས་ཞི་བའི་གྱེན་ལངས་གནང་བ་ལྟར་བྱེས་ནས་ཁྱབ་བསྒྲགས་གནང་གི་ཡོད། ཚང་མས་འབད་བརྩོན་གནང་བར་བརྟེན་རྒྱ་མི་གུང་ཁྲན་སྡུག་སྐད་ཤོར་གྱི་མི་འདུག་གམ༽ ད་ལྟའི་དུས་ཚོད་འདིར་སེམས་ཤུགས་བཅོག་གཞིའི་རྩོམ་ཡིག་སྤེལ་ན་ཐུན་མོང་གི་དམིགས་ཡུལ་བརླགས་ཡས་ཉེན་ཁ་ཆེ། བོད་པ་ཞིག་ཡིན་ཕྱིན་ཆད་བོད་པར་ཤ་ཚ་མེད་པ་ཡོང་མི་སྲིད། ཐུན་མོང་གི་འདུ་ཤེས་ཡོད་ན་མཉམ་དུ་ལག་གདང་སྦྲེལ་བར་འབད་བརྩོན་གནང་དགོས། འཇིའུ་མི་རིགས་ལྟར་ཕན་ཚུན་མཉམ་དུ་ནུས་པ་གཅིག་ཏུ་སྒྲིལ་རྒྱུར་འབད་བརྩོན་གནང་རྒྱུ་གལ་ཆེར་མཐོང་། ས་ཕྱོགས་གང་དུ་བཞུགས་ཀྱང་ཁ་བརྡའི་དྲ་བ་འདིས་ཕན་ཚུན་བགྲོ་གླེང་ལྷུག་པོ་གནང་ཡས་ཀྱི་ལམ་ཆེན་གསར་པ་ཞིག་སྐྲུན་པས་དུམ་མཚམས་འདིར་ངས་དྲ་བའི་ལས་མི་ཚང་མ་དང་དྲ་བ་འདིར་བཞུགས་མཁན་གྱི་གྲོགས་པོ་ཚང་མར་འཚམས་འདྲིའི་བཀྲིས་བདེ་ལེགས་ཞུ་རྒྱུ་ཡིན།

  2. སྟོབས་ says:
    2012-02-18 at 5:05 pm

    ད་ནི་ཁ་བརྡའི་དྲ་བའི་ནང་དུ་ནད་འབུ་འཇུ༹ས་འདུག་
    བཀའ་ཁྲི་གུང་སེང་སྐོར་གྱི་མཆན་བུ་བཀོད་ས་སྒོ་བརྒྱབ་ཆ༹ར་འདུག་དེའི་རྒྱུ་མཆ༹ན་ག་རེ་ཡིན་ན་

  3. ཀརྨ་ཡེ་ཤེས says:
    2012-02-18 at 5:13 pm

    འཇིགས་སྐུལ་དྲག་སྤྱོད་དུ་འགྱུར་སྲིད་པའི་བོད་ཀྱི་མེ་རྒོལ།

    འདོན་སྤེལ། ༢༠༡༢/༠༢/༡༦

    བསྟན་འཛིན་ཟླ་བ།

    འགྲོ་བ་གཞན་དང་སེམས་ཅན་གཞན། ཡང་ན་རྒྱལ་ཁབ་དང་མི་རིགས་ཀྱི་ཆེད་དུ། བསྟན་པ་ཆབ་སྲིད་ཀྱི་དོན་དུ། བྱང་ཆུབ་སེམས་དཔའི་མཛད་པ་རླབས་ཆེ་ཤོས་ཤིག་དང་། འཚེ་མེད་ཞི་བའི་ལག་ལེན་ཚད་མཐོ་ཤོས་ཤིག་སྟེ། ཐུ་བྷོད་བཙན་པོའི་སྙིང་སྟོབས་ཀྱི་དྲོད་མ་ཉམས་ཤིང་། སྙིང་རྗེ་རྩ་བ་ཅན་གྱི་བསྟན་པའི་རྩི་མ་ཡལ་བའི་བོད་པ་མེ་ཡིས་རྒོལ་མཁན་འདི་ཚོ། ཕྱི་ལོ་ ༡༩༩༨ ནས་ད་བར་བོད་ཕྱི་ནང་གཉིས་སུ་མེ་ཡིས་རྒོལ་མཁན་ཉི་ཤུ་རྩ་གྲངས་ཤིག་གིས་རྒྱ་གཞུང་གི་དྲང་བདེན་མིན་པའི་སྲིད་ཇུས་ལ་མེ་རྒོལ་བྱས་ཏེ་མིའི་རིགས་ཀྱི་འཚེ་མེད་ཞི་བའི་ལོ་རྒྱུས་ནང་མེ་རྒོལ་གྱི་ལམ་བུ་ཆེས་ཆེར་ཕྱེ་སོང་། རང་དབང་དང་བདེན་པའི་དོན་དུ་ཅི་སྙམ་པར་གཅེས་པའི་ཚེ་སྲོག་དྲོན་པོ་མེ་ལྷའི་ཞལ་དུ་བསྟབས་སོང་། གཅེས་པའི་ཕ་མ་དང་དུང་བའི་གཉེན་གྲོགས་ཐམས་ཅད་ལ་སྡུག་གི་ཁུར་བོ་བཀལ་ནས་ཕྱི་མའི་འཕྲང་རིང་འགྲིམས་སོང་། ད་དུང་མེ་ཀློང་ནས་ཞི་བའི་སྐད་འབོད་འདོན་ཞིང་། ཤི་ཁུང་ན་རེ་བའི་མིག་ཟུང་ཅེར་བཞིན་དམག་དང་མཚོན་ལ་རྒོལ་སོང་།

    དེ་བས་དེ་རིང་བདག་ཀྱང་ལས་དབང་གཅིག་པའི་རིགས་རྒྱུད་འདི་ལ་གཏོགས་ཕྱིེར་མེ་རྒོལ་བ་འདི་ཚོར་གདུང་སེམས་མཉམ་སྐྱེད་ཞུ་ཞིང་། ནང་མི་ཉེ་འབྲེལ་ཚོར་སྐྱོ་བའི་སེམས་གསོ་ཞུ་བ་དང་འབྲེལ་ནས་རེ་འབོད་ཅིག་ཞུ་སྙིང་བྲོ་སོང་། ངའི་རེ་འབོད་གཅིག་ནི་རྒྱ་ནག་གི་མཁས་པ་ཚོ་དང་ལྷག་པར་དེང་གི་དམར་ཤོག་གི་དབང་འཛིན་པ་ཚོ་ཡིན་ལ། གཅིག་ཤོས་ནི་རང་རེ་བཙན་བྱོལ་བོད་མི་ཚོར་ཡིན། ད་ནི་ཅིས་ཀྱང་རྒྱ་ཕྱོགས་ནས་ཤེས་དགོས་པ་ནི་བོད་དོན་འགྲིག་འཇགས་ཀྱི་བསམ་བློ་གཏོང་བའི་དུས་ལ་བསླེབས་ཡོད་ཅིང་། ས་གནས་ཀྱི་ལས་བྱེད་པ་བླུན་པོ་ཚོའི་ཁར་ཉན་ནས་མུ་མཐུད་དེ་མགོ་བོ་ནག་ཁུང་ནང་བཅུག་ནས་བསྡད་ན་དེ་ནི་བོད་རྒྱ་མི་རིགས་གཉིས་ཀའི་མ་འོངས་པའི་ལོ་རྒྱུས་ཁྲག་དང་མིག་ཆུའི་ནང་དུ་འཁྲིད་བཞིན་པ་སྟེ། མེ་ཡིས་རྒོལ་མཁན་འདི་ཚོས་རང་གི་ལུས་སྲོག་ལ་ཅི་མི་སྙམ་པར་འབར་བ་མེ་ཡི་ཞལ་དུ་བསྟབ་ཐུབ་པ་ལ་བསམ་ན། ད་ལྟའི་ཆར་སྔར་དང་མི་འདྲ་བར་ཆ་རྐྱེན་ཅི་ཡང་འཛོམས་པས་ལུས་ལ་འབར་རྫས་ཐོགས་ཏེ་རང་སྲོག་བློས་གཏོང་གི་དྲག་རྒོལ་ནི་དེ་ལས་ཀྱང་བྱ་ཐུབ་ངེས་ཡིན་པར་སྙམ།

    དེའི་ཕྱིར་རང་ཉིད་ནི་མི་དཀྱུས་མ་ཞིག་ཡིན་མིན་ལ་མ་ལྟོས་པར་མི་རིགས་འདི་གཉིས་ཀྱི་མ་འོངས་འདུན་ལམ་ལ་བསམ་ན་འཇིགས་སྣང་སྐྱེས་འོང་གི་འདུག དེ་ལྟ་ནའང་ད་སྔ་དེ་ལྟར་བྱུང་མེད་པ་ནི་ཏཱ་ལའི་བླ་མའི་འཚེ་བའི་ཞི་བའི་ལམ་སྟོན་ཁོ་ནས་བསྲུངས་པ་བྱས་ཡོད་པ་འདི་རྒྱ་གཞུང་གིས་ཤེས་དགོས་པ་གལ་ཆེ་བར་སྙམ་པ་མ་ཟད། བོད་རྒྱ་ཕྱོགས་གཉིས་ཀའི་ངོས་ནས་གཟབ་གཟབ་མ་བྱས་ན་མི་རིགས་འདི་གཉིས་ཀྱི་ལས་དབང་ཡོངས་རྫོགས་སྐབས་འཚོལ་བ་ཚོའི་ལག་ཏུ་ཤོར་ཉེན་ཡོད་པར་འདོད། རྒྱ་གཞུང་གིས་རང་དབང་རང་ལག་ལ་ཡོད་དུས་ངེས་པར་དུ་བསམ་གཞིག་བྱ་དགོས་པ་ལས་རྒྱ་ནག་འཐོར་ཞིག་གི་ལེ་ཚན་གྱི་མགོ་བཙུགས་པ་ནས་ཚར་སོང་བར་སྙམ།

    དྲག་པོ་མཚོན་གྱིས་མི་ཐུལ་ཅིང་། ཞི་བ་རྒྱུ་ཡིས་མི་འབྲིད་པའི་ཐུ་བྷོད་མི་རིགས་འདི་ལས་སླ་བོར་ཁྱུར་མིད་གཏོང་མི་ཐུབ་པའི་གནས་ལུགས་ར་འཕྲོད་ཡོད་པར་འདོད་ལ། ད་ནི་རང་མགོ་རང་གིས་མ་བསྐོར་བར་རྒྱ་གཞུང་ལ་གོ་སྐབས་གཅིག་ཡོད་པ་ནི་མི་རིགས་འདིའི་སེམས་ལ་ན་ཚ་གསར་བ་མི་སློང་རྒྱུ་རང་ཡིན་པར་སྙམ་ལ། དེ་ནི་བོད་རྒྱ་གཉིས་ཀའི་མ་འོངས་བདེ་སྐྱིད་ཀྱི་ལམ་བུ་ཡིན་པར་སྙམ།

    མ་གཞི་ནས་འདི་ག་བཙན་བྱོལ་ནང་ནས་ལས་འགུལ་སྤེལ་ན་བོད་ནང་གི་བོད་མི་ཚོར་མི་བཟང་བར་བཤད་མཁན་དང་། ཡང་མ་སྤེལ་ན་བོད་ནང་བློ་ཕམ་འབྱུང་རྒྱུ་ཡིན་པའི་བསམ་ཚུལ་ཕྱོགས་གཉིས་ཤིག་ཡོད་མིན་ལ་མ་ལྟོས་པར་ང་རང་ལ་འདོད་པ་མི་ཚིམ་ས་ཞིག་ཡོད་པ་ནི་བོད་གཞུང་དང་ཚོགས་པ་ཁག་གི་ཁྱབ་བསྒྲགས་འདི་ཚོ་ཡིན། ཁོང་ཚོ་ཚང་མས་མགྲིན་གཅིག་དབྱངས་གཅིག་གིས་བོད་མི་མེ་རྒོལ་བ་ཚོས་འ་ཆད་འུ་ཐུག་གིས་རང་ལུས་མེ་རུ་བསྲེགས་ཚུལ་གསུང་གིན་པ་ལས། འདིའི་འགན་སུ་ལ་ཡོད་མེད་དང་། ལས་འགུལ་འདི་གང་འདྲ་ཞིག་ཏུ་འགྱུར་གྱིན་ཡོད་མེད་སོགས་ལ་གསུང་བཤད་གནང་མཁན་སུ་གང་མི་འདུག འདི་ཅི་ཞིག་ཡིན་ནམ།

    ངའི་བསམ་ཚོད་ལ་ང་ཚོས་ངེས་པར་དུ་རྒྱ་གཞུང་ལ་ར་སྤྲོད་བྱ་དགོས་པ་ནི་ལས་འགུལ་འདིའི་འབྱུང་རྩ་རྒྱ་གཞུང་གི་དྲང་བདེན་མིན་པའི་སྲིད་ཇུས་ལ་ཐུག་ཡོད་པ་དང་། གལ་སྲིད་འདི་དྲག་སྤྱོད་ཅིག་ཏུ་མི་འགྱུར་བའི་ངེས་པ་མེད་ན་དེའི་འགན་ཡོངས་རྫོགས་རྒྱ་གཞུང་རང་གིས་ཁུར་དགོས་པ་འདི་ཅིས་ཀྱང་གསལ་སྟོན་གནང་དགོས་བསམ། ང་ཚོས་དམག་དང་མཚོན་གྱིས་མི་ཁེགས་པའི་དཀྱིལ་ཤར་ཡུལ་གྲུའི་གསར་བརྗེའི་འོས་ལངས་དང་། རུལ་སུངས་སུ་གྱུར་ཟིན་པའི་དམར་བོའི་སྲིད་གཞུང་ཁག་ལ་བསམ་ན་ད་ནི་དངོས་གནས་བོད་རྒྱ་མི་རིགས་གཉིས་ཀའི་ལོ་རྒྱུས་ཀྱི་འགག་མདོ་ཞིག་སྟེ། གཉེན་དང་གྲོགས་ཀྱི་ལག་འཇུ་བྱས་ཏེ་འཛམ་གླིང་ཤར་ཕྱོགས་ཀྱི་སྟོབས་ལྡན་རྒྱལ་ཁབ་ཅིག་གི་ངོ་བོར་གནས་རྒྱུ་ཡིན་ནམ། འཁོན་དང་འགྲས་ཀྱི་ཞེ་རྩ་བཅད་དེ་སྟོབས་ལྡན་གཞན་ཞིག་གི་གཡོག་པོར་འགྲོ་རྒྱུ་ཡིན་པའི་ལམ་གྱི་གཞི་མདོ་ཏག་ཏག་དེར་སླེབས་འདུག་སྙམ། ལོ་རྒྱུས་ཀྱི་འགན་ལྕི་མོ་འདི་བསམ་ཤེས་གཏན་ནས་མེད་པའི་རྒྱ་གཞུང་ལ་ཡོད་པའི་གནས་ཚུལ་ཅིས་ཀྱང་འཛམ་གླིང་གི་གཟུར་གནས་ཚོར་ཤེས་སུ་འཇུག་དགོས་པ་ཡིན།

    ང་ཚོའི་སྨྱུ་གུ་ཐོགས་མཁན་ཡིན་ཟེར་མཁན་ཚོ་ཡང་འདིའི་ཕྱོགས་ལ་ལྐུགས་པའི་རྟུལ་ཞུགས་འཛིན་གྱི་འདུག ནང་ཁུལ་ནས་ཉོག་དྲ་མེད་ས་ནས་བཙལ། ཡོད་ས་ནས་ཆེ་རུ་གཏོང་བ་སོགས་ལ་ཁྱོད་མཁས་ང་མཁས་རེད་ལ། གནད་ཡོད་མི་སྣ་ཞིག་གམ་གྲྭ་བ་ཞིག ཡང་ན་ཚོགས་པ་ཞིག་གི་སྐྱོན་རེ་མཐོང་ན་དེའི་ཡོན་ཏན་ཐམས་ཅད་བསྒྲིབས་ནས་དེ་ལ་ཉེས་སྐྱོན་ལུང་བ་གང་བགྲང་རྒྱུ་ཡོད། ད་འདི་ལྟ་བུའི་གནས་སྐབས་སུ་ཡོད་དགོས་པ་ལ་གོ་མེད་ཚོར་མེད་དུ་འདུག ངས་སྐུར་བ་བཏབ་པ་དེ་འདྲ་གང་ཡང་མིན། གནད་འགག་འདི་ཚོ་རྩོམ་པ་པོ་ཡིན་ཟེར་མཁན་ཚོས་ཤེས་དགོས་པར་མ་ཟད། རྒྱ་ཆེ་མང་ཚོགས་ཀྱིས་དེ་བས་ཀྱང་ཤེས་དགོས་ཀྱི་འདུག་སྙམ།

    དེ་བཞིན་དུ་སྲིད་དོན་ཤེས་ཟེར་མཁན་དང་ནམ་རྒྱུན་གཞུང་དང་༸རྒྱལ་བ་རིན་པོ་ཆེར་ཁ་བཏང་ནས་སྡོད་མཁན་ཚོས་ཀྱང་ད་ནི་ཅི་ཞིག་བྱེད་ཀྱི་ཡོད་དམ། ཕྱི་དགྲ་བོར་ཐུག་ན་ཝ་འབྲོས་འབྲོས། ནང་ཕུ་ནུར་ཐུག་ན་སྟག་ངར་ངར་བྱེད་པའི་མི་འདི་ཚོའི་གཤིས་ཀ་ཞིག་ལྟོས་དང་། བོད་མི་ག་ཚོད་ཅིག་གིས་རང་ལུས་མེ་ལ་བསྒྲོན་སོང་། སྤུན་ཟླ་ག་ཚོད་ཅིག་ལ་རྒྱ་མིས་མནར་གཅོད་བཏང་སོང་། ད་ནི་དངོས་གནས་རུས་པའི་ནང་ན་རྐང་ཡོད་ན་སྟོབས་ཤུགས་གཅིག་ཏུ་སྤུངས་པའི་དུས་ལ་བབ་ཡོད་སྙམ། འདི་ནི་ངས་བོད་ཕྱོགས་ལ་ཞུས་པའི་རེ་བ་དང་འབོད་པ་ཡིན།

  4. ལྕགས་འགོར says:
    2012-02-19 at 3:39 am

    བདག་པོའི་བཤད་ནོ་བདེན་གི་ཡ། ཁ་ནང་ལ་འཁོར་ནས་བླ་བཙག་རྐྱང་རྐྱང་བཤད་ན་དགེ་མཚན་ཅི་ཡོད། ལྡོག་རྩ་གཅིལ་བསྒྲིལ་ལ་འབད་རྒྱུ་གལ་ཆེའོ།

  5. ཐེ་བོ་ཤེས་རབ་རྒྱ་མཚོ། says:
    2012-02-20 at 8:00 am

    གནད་ལ་ཁེལ་བའི་སྐད་ཆ་ཞིག་བཤད་འདུག

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme