Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

སྐྱེ་རྒུ་མདོའི་ས་ཡོམ་རྗེས་ཀྱི་སྡུག་གཏམ་རིང་མོ།

Posted on 2010-04-23 By དགེ་རབ་ 6 Comments on སྐྱེ་རྒུ་མདོའི་ས་ཡོམ་རྗེས་ཀྱི་སྡུག་གཏམ་རིང་མོ།

ཨ་རིག་འགྱུར་མེད།
—————————–
གཅིག རྒྱ་ནག་གི་དབུ་ཁྲིད་ཚོ་དང་ལྷག་པར་དུ་མཚོ་སྔོན་ཞིང་ཆེན་གྱི་མགོ་ཁྲིད་ཚོ།
འདས་པའི་ལོ་ངོ་གསུམ་བཞིའི་རིང་རྣམ་པ་ཚོས་བོད་ཡུལ་གྱི་མཛེས་སྡུག་གི་རང་བྱུང་ཁམས་ཆེན་མོར་ཡང་བསྒྱུར་བཅོས་ཀྱི་མགོ་བརྩམས་ཤིང་། མཐོ་སྒང་གི་ལ་དང་ལུང་པར་ཁ་འཐོར་དགུ་འཐོར་དུ་གནས་པའི་བོད་རིགས་འབྲོག་པ་མང་ཚོགས་མཉམ་གཅིག་ཏུ་བསྡུས་ནས། གྲོང་ཁྱེར་དང་གྲོང་བརྡལ་གྱི་རྣམ་པར་བསྒྱུར་ཏེ་སྡོད་ཁང་གསར་རྒྱག་དང་ཆུ་གློག་དང་ཁ་པར་སྐུད་ལམ། བརྙན་འཕྲིན་སོགས་དུས་རབས་ཉེར་གཅིག་པའི་ཉེར་མཁོའི་ཅ་ལག་དག་ལོངས་སུ་སྤྱོད་ཐུབ་པར་བྱས། ངོ་མ་རླབས་ཆེ་ཞིང་ལོ་རྒྱུས་ཀྱི་དོན་སྙིང་ཆེན་པོ་ལྡན་པའི་འཛུགས་སྐྲུན་གསར་བ་དང་བྱ་འགུལ་གསར་བ་རེད། ཡིན་ནའང་། ད་བར་ཁྱེད་ཚོས་བརྩིགས་པའི་ཁང་བའི་རྨང་གཞིས་རང་བྱུང་ས་འགུལ་གྱི་ཚད་རིམ་ ༦་༩ ༼ རྒྱ་ནག་གིས་ ༧་༡ ཡིན་སྐོར་བརྗོད་དེ། རང་གི་བྱས་ཉེས་སྤས་ཡོད། ༽ ཅན་གྱི་སྣ་ཡང་མི་རྟེན་པར་སྔོན་ཆད་མཛེས་སྡུག་དང་གྲོང་ཁྱེར་གྱི་རྣམ་པར་གྱུར་བའི་སྐྱེ་རྒུ་གྲོང་ཁྱེར་དེ་དུས་ཡུན་སྐད་ཅིག་ལ་ཞིག་རོ། གྱང་རོ། མི་རོ་བཅས་གཤིན་རྗེའི་ཁྲིམས་ར་དམར་བོ་ཞིག་ཏུ་གྱུར་ཏེ། ངའི་རིགས་མཐུན་གྱི་སྤུན་ཟླ་ཁྲི་ཁྲག་ལྷག་དཀར་ངོགས་ཀི་འཇིག་རྟེན་འདི་དང་ཞལ་གྱེས་བྱུང་། དེ་ནི་ཁྱེད་ཅག་གི་ཁ་འཐོར་དུ་གནས་པའི་སྒང་པ་བོད་པ་ཚང་གི་འབྲོག་པ་རྣམས་གཞི་གཅིག་ཏུ་བསྡུས་ཏེ། དེང་རབས་རང་བཞིན་གྱི་འཚོ་བ་གསར་བར་ལོངས་སུ་སྤྱོད་བཅུག་པའི་འབྲས་བུ་དང་། བདེ་སྐྱིད་དང་འཚོ་བ་གསར་བའི་ཁ་གཡང་འོག་གི་ཚབས་ཆེའི་འགལ་མཛོད་ཐེངས་ཤིག་རེད།
འདས་པའི་ལོ་གཉིས་ཀྱི་ཡར་སྔོན་དུ་ས་ཁུལ་དེ་དག་ཏུ་འགྲོ་བ་མིའི་ཐོབ་དང་སྨྲ་བརྗོད་རང་དབང་། ཆོས་ལུགས་དད་མོས་རང་དབང་། འགྲོ་འདུག་ཉལ་གསུམ་གྱི་རང་དབང་མེད་པའི་བོད་མི་ཚོ་ཨ་ཆད་ཨུ་ཐུག་ཏུ་གྱུར་ཏེ། ལ་རྒྱ་དང་སྤོབས་པའི་མགོ་བོ་དགོང་ལ་བཏེགས་ཤིང་རང་གི་རྩ་བའི་བླ་མ། གཙུག་གི་ནོར་བུའི་མཚན་ནས་བོས་ཏེ་བོད་གངས་ཅན་ལྗོངས་ཀྱི་བདེ་སྡུག་འཛམ་གླིང་ལ་བསྒྲགས་དུས། ཁྱེད་ཅག་གི་དམག་མི་ཚོ་དུས་ཡུན་སྐར་ཆ་འགའི་ནང་དུ་ཁྱུ་དང་ཁྱུ་བྱས་ནས་ཡོང་ཐུབ་ཀྱི་ཡོད་མོད། ས་ཡོམ་བྱུང་བའི་ཉིན་དེར་ཞོགས་པ་ནས་ཕྱི་དྲོ་བར་དུ་ཁྱེད་ཚོའི་དམག་མི་ཚོ་བླ་འཁྱམ་དུ་ལྷག་པ་དང་། ༼ རྒྱ་ནག་གིས་དུས་ཚོད་གཅིག་ནང་ཚུན་དུ་མྱུར་སྐྱོབ་རུ་ཁག་དང་དམག་མི་འབྱོར་ཚུལ་རྫུན་སྒྲོག་བྱེད་ཀྱིན་ཡོད། ༽ ཡར་འབྱོར་རྗེས་ཀྱང་ཚེ་སྲོག་རྟ་རྔ་འདྲ་བོ་ཆད་ལ་ཡོད་པའི་ས་འོག་གི་བོད་རིགས་མང་ཚོགས་སྐྱོབ་རྒྱུའི་འབད་པ་མི་བརྟེན་པར། ཆུ་མཛོད་ཁ་སྒྱུར་ལ་ཁ་གཡར་ཏེ་མཐོ་སར་སོང་ནས་རང་ཉིད་ཉེན་ཡོལ་བྱས་ཡོད། ཁྱེད་ཚོས་མ་བརྗེད། ཟི་ཁྲོན་ཝིན་ཁྲིན་དུ་ས་ཡོམ་བྱུང་སྐབས་དང་མཚོ་སྔོན་ཡུལ་ཤུལ་ཁུལ་དུ་ས་ཡོམ་བྱུང་བའི་སྐབས་སུ། ཁྱེད་ཚོས་ཐོག་དང་པོའི་དོ་སྣང་སྤྲོད་སྟངས་དང་བྱ་འགུལ་སྤེལ་སྟངས་ཐད་ཚབས་ཆེའི་ཧེ་བག་ཤོར་ཡོད་ལ། དེས་ས་གནས་འདི་གཉིས་གང་ཡིན་རུང་ད་ལྟ་རྒྱ་ནག་གི་སྒྲོམ་གཞིའི་འོག་གི་ཁྱེད་ཚོའི་འབངས་མི་ཡིན་པ་གཅིག་མཚུངས་ཡིན་ནའང་། རིགས་མི་གཅིག་པའི་འབངས་མི་འདི་གཉིས་ལ་བཟུང་བའི་རིན་ཐང་ལྟ་ཚུལ་མི་གཅིག་པ་དེ་ལྷང་ལ་བུད་ཡོད།
སྐྱེ་རྒུ་མདོར་རང་བྱུང་ཁམས་ཀྱི་ཚབས་ཆེའི་གནོད་སྐྱོན་ཐེབས་ཏེ་ཉམ་ཐག་པའི་བོད་རིགས་མང་ཚོགས་ལ་འཆི་གསོན་གྱི་སྡུག་བསྔལ་མི་བཟོད་པ་བྱུང་བའི་སྐབས་འདི་ལྟ་བུ་ཞིག་ཏུའང་། ཁྱེད་ཅག་གི་གཞུང་འབྲེལ་དྲིལ་བསྒྲགས་ཀྱི་ཡིག་ཆ་མུ་མཐུད་དེ་རྫུན་བཟོ་རྫུན་སྒྲོག མགོ་སྐོར་གཡུ་སྒྱུའི་ཕྱོགས་སུ་རྒྱུག་པ་ཤུགས་ཆེ་ཞིང་། མིག་གི་བལྟས་བལྟས་རིག་རིག་ཏུ་འཆི་བཞིན་པའི་ངའི་སྤུན་ཟླ་མང་ཚོགས་དང་། ཁྱེད་ཚོའི་འབངས་མི་སེར་ཚོའི་སེམས་རྩ་དྲོན་མོ་འཁྱག་ལ་སྦྱར། སྙིང་ཆུང་དམར་བོ་རྡོ་ལ་རྡེབ་ཀྱིན་ཡོད། ཁྱེད་ཚོས་ད་དུང་བོད་ཡུལ་གྱི་ཕྱོགས་ཁག་སོ་སོ་ནས་ཡོང་བའི་བོད་རིགས་མང་ཚོགས་ལ་ཚོད་འཛིན་དང་ལག་ཁྱེར་ཡོད་མེད་བསྙལ་ཏེ། ས་གནས་སུ་སོང་ནས་མྱུར་སྐྱོབ་བྱ་འགུལ་སྤེལ་བ་དང་མདོ་དབུས་ཁམས་གསུམ་གྱི་སྤུན་ཟླ་ཚོས་ཕན་ཚུན་ལ་གདུང་སེམས་མཉམ་སྐྱེད་དང་རོགས་ཕན་བྱ་རྒྱུར་འགོག་རྐྱེན་བཟོས། པར་རིས་ཤིག་གི་སྟེང་དུ་བོད་བརྒྱུད་ནང་བསྟན་ཆོས་ལུགས་ཀྱི་རྗེས་འཇུག་པའི་གྲྭ་པ་ཞིག་སར་ཉལ་ནས། རང་གི་མཐེ་བོང་གཉིས་ཡར་གཏེགས་ཏེ་མདུན་དུ་བཀག་ཡོད་པའི་དམག་མི་ཚོར་སེམས་ཁོང་གི་རེ་འབོད་ཞུ་བཞིན་པ་མཐོང་བྱུང་ངམ། སྙིང་རྗེ་སྐྱེ་འོས་པ་ཞིག་ཏུ་མི་འདུག་གམ།
སྤྱིར་ད་ལྟའི་རྒྱ་ནག་དམར་བོའི་སྲིད་གཞུང་གི་ཆབ་སྲིད་སྲིད་ཇུས་ལྟར་ན། རྒྱལ་ཁབ་ཁ་བྲལ་དང་མི་རིགས་མཐུན་སྒྲིལ་ལ་གཏོར་བརླག ཏཱ་ལའི་རུ་ཚོགས་དང་ངན་འབྲེལ་བྱས་ཏེ་རྒྱལ་ཁབ་མགོ་རྟིང་སློག་རྒྱུའི་ངན་གཡོ་བཤམས་ཚེ། རྡུང་རྡེག་མནན་པོ་བཏང་སྟེ་ཁྲིམས་ཆད་གཅོད་ཀྱིན་ཡོད་ལ། ཡ་ཆུང་ན་སློག་སློག་ཏུ་ལྡིང་བའི་དམར་བོ་སྙིང་ཆུང་དེ་ཡང་ཕྱིར་དབྱུང་རྒྱུར་ཐེ་ཚམ་སྤུ་ཙམ་ཡང་མེད་པ་དེ་ཤེས་ཡོད། ཡིན་ནའང་། རིགས་མཐུན་གྱི་སྤུན་ཟླ་འདི་ཚོས་ཕན་ཚུན་ལ་མཛའ་བརྩེ་མཚོན་པ་དང་མྱ་ངན་ཞུ་བ། མྱུར་སྐྱོབ་བྱ་བར་རོགས་སྐྱོར་བྱེད་རྒྱུར་ཡང་བཀག་འགོག་དང་བར་ཆད་བཟོ་བ་འདི་རྒྱ་ནག་གི་ཆབ་སྲིད་སྲིད་ཇུས་ཀྱི་དགོངས་དོན་ཡིན་ནམ། ད་ལྟའི་རྒྱ་ནག་གི་བཅའ་ཁྲིམས་དོན་ཚན་གང་དུ་འགལ་འདུག་གམ།
ཁྱེད་ཚོ་དངོས་གནས་དྲང་གནས་བཙན་བྱོལ་བོད་གཞུང་ལ་བལྟས་ན་བརྒྱ་འགྱུར་ལྡབ་འགྱུར་གྱི་ཀླད་ཤུགས་འཛོམས་པ་དང་། འདས་མ་ད་གསུམ་གྱི་བྱ་བར་བཀོད་འདོམས་བྱེད་མཁས་པར་མ་ཟད། ཆབ་སྲིད་སྲིད་ཇུས་ཐད་ཀླད་པ་གྲུང་ཞིང་མྱུར་བ་དང་དུས་ཚོད་དམ་འཛིན་བྱེད་པར་བྱུང་ཆུབ་འདུག སྐྱེ་རྒུ་མདོར་ས་ཡོམ་བྱུང་སྟེ་བདུན་ཕྲག་གཅིག་འདས་རྗེས་རྒྱལ་ཡོངས་དང་ཕྱི་རྒྱལ་དུ་ཡོད་པའི་གཞུང་ཚབ་ཁང་སོ་སོ་ནས་འདས་ཟིན་པའི་བོད་རིགས་སྤུན་ཟླ་ཚོར་མྱ་ངན་ཞུས་ཤིང་། བྱ་འགུལ་དེས་ཨུ་ཐུག་ཐབས་ཟད་ཀྱི་གནས་སུ་གྱར་བའི་ངའི་རིགས་མཐུན་གྱི་སྤུན་ཟླ་ཚོ་དང་། འཛམ་གླིང་ཡུལ་གྲུ་ཁག་གི་རྒྱལ་ཆེའི་མང་ཚོགས་ལ་སེམས་འགུལ་ཐེབས་པར་བྱས། ཡིན་ནའང་། སྐབས་དེ་དག་ཏུའང་ཁྱེད་ཚོས་བརྙན་འཕྲིན་ཡོ་ཆས་དང་དཔར་སྐྲུན་ཡོ་ཆས། རྒྱང་སྒྲོག་ཁང་ཡོད་ཚད་ཀྱི་ཁ་ཁྱེད་ཚོ་རང་ཉིད་ཀྱི་སྟེང་བསྐོར་ཡོད་པ་ལས་རྒྱ་ཆེའི་བོད་རིགས་མང་ཚོགས་ཁྲོད་བསྐོར་མེད་པ་ཅིའི་ཕྱིར་ཡིན་ནམ། མདོ་དབུས་ཁམས་གསུམ་གྱི་བོད་རིགས་སྤུན་ཟླ་དག་གིས་རང་རང་ས་ནས་ཕྱུག་པོས་བརྒྱ་འབུལ་སྟོང་འབུལ་དང་། དབུལ་བོའི་མེད་ལ་ཡོད་བཏོད་དེ་འབུལ་བཞིན་པའི་སེམས་བསམ་པའི་ཕྱི་ནང་དེ་མཐོང་མ་བྱུང་ངམ།
ལྷག་པར་དུ། ས་ཡོམ་བྱུང་སྟེ་ཉིན་བཅུ་ལ་ཉེ་ནའང་ཁྱེད་ཚོས་ད་དུང་སྐྱེ་རྒུ་མདོའི་བོད་རིགས་མང་ཚོགས་ཤི་བའི་གྲངས་འབོར་ངོ་མ་དེ་ཕྱིར་བསྒྲགས་བྱེད་ཀྱིན་མེད། ཁྱེད་ཚོ་སྐྲག་གི་ཡོད། ངོ་ཚ་གི་ཡོད། དོན་དངོས་བརྗོད་པའི་སྤོབས་པ་བྲལ་ཡོད། དེ་ནི་རྒྱ་ཆེའི་བོད་རིགས་མང་ཚོགས་དང་རྒྱ་རིགས་མང་ཚོགས། འཛམ་གླིང་གི་རིགས་སོ་སོའི་མང་ཚོགས་དང་རྒྱལ་ཁབ་ཁག་གི་སྔུན་ནས། ད་བར་ཁྱེད་ཅག་གིས་རང་གི་མང་ཚོགས་ལ་སྔར་ལས་བདེ་ཞིང་སྐྱིད་པ་དང་། འཚོ་བ་གསར་བར་རོལ་དུ་འཇུག་པའི་ཁ་གཡང་འོག་ཚད་རིམ་ ༦་༩ ཅན་གྱི་ས་ཡོམ་ཕར་ཞོག རླུང་འཚུབ་ཅིག་ལྡིང་ནའང་རྡུབ་འགྲོ་བའི་ཁང་ཁྱིམ་དག་ཏུ་བསྙལ་ཡོད་པ་ནི་ཏང་གི་མཐོ་རིམ་ལས་བྱེད་མིན་པར་རྒྱ་ཆེའི་བོད་རིགས་མང་ཚོགས་ཡིན་པས་རེད།
ཐེངས་འདིར་ང་སེམས་འགུལ་ཐེབས་ས་དེ། ཁྱེད་ཚོས་རྩ་འཛུགས་ཡོད་པ་དང་འཆར་གཞི་ལྡན་པ། སྔ་འདང་ཕྱི་འདང་ཕོག་པའི་འགུལ་སྐྱོད་དང་རྒྱལ་ཡོངས་ཀྱི་རིགས་སོ་སོའི་མཐོ་རིམ་མི་སྣ་དག་ཀྱང་མྱ་ངན་ཞུ་བའི་མཛད་སྒོར་ཞུགས་པ་སོགས་མ་རེད། ངས་ཁྱེད་ཚོའི་དར་དམར་གྱི་འོག་ན་ང་ཚོ་དང་གཅིག་མཚུངས་ཀྱི་རང་དབང་མེད་པ་དང་། སྐྱིད་ན་སྐྱིད་མཉམ་དང་སྡུག་ན་སྡུག་མཉམ་གྱི་རྒྱ་ཆེའི་རྒྱ་རིགས་མང་ཚོགས་ཀྱིས་གཅིག་རྗེས་མཉིས་མཐུད་དང་མ་སྐུལ་དང་བླངས་ཀྱིས་ཞལ་འདེབས་འབུལ་བ་དེར་ཞེ་བསམ་པའི་སྟེང་ནས་དགའ་མགུ། ཚད་མཐོའི་གདེང་འཇོག སེམས་འགུལ་ཤོར་ཡོད། ཁོང་ཚོས་ཡིད་མགུ་ཐེབས་པའི་བྱ་འགུལ་དེ་དག་གིས་རིགས་མི་གཅིག་པའི་སྤུན་ཟླ་མི་རིགས་འདི་གཉིས་ཀྱི་བར་ན། གནད་འགག་གི་སྐབས་སུ་ཕན་ཚུན་ལ་ཞེ་བརྩེ་དང་ལར་ཞེན། ཁག་དཔུང་དང་ལ་རྒྱ་ཡོད་པ་མཚོན་འདུག
སྲིད་འཛིན་ཧུའུ་ཅིན་ཐོའོ་དང་སྲིན་བློན་ཝུན་ཇ་པོའོ་རྣམ་གཉིས་དུས་ཚོད་ཀྱི་སྔ་ཕྱི་མ་གཏོགས་ལོ་སྔོན་མའི་ཝིན་ཁྲིན་ས་འགུལ་གྱི་གནོད་སྐྱོན་ཐེབས་སར་སོང་ཡོད་ལ། ཐེངས་འདིར་ཡང་སྐྱེ་རྒུ་མདོར་ཡོང་སྟེ་ས་ཡོམ་གྱི་གོད་ཆག་ཁྲོད་འདས་གྲོངས་སུ་སོང་བ་རྣམས་ལ་མྱ་ངན་དང་། ཤུལ་དུ་ལྷག་པ་རྣམས་ལ་སེམས་གསོ་དང་གདུང་སེམས་མཉམ་སྐྱེད་བྱས་ཡོད། འོན་ཀྱང་ངས་ཁྱེད་གཉིས་ལ་གསལ་བོ་དག་པོ་བྱས་ཏེ་བཤད། ཁྱེད་གཉིས་ལས་ཀྱང་སྡུག་བསྔལ་གྱི་མནར་བའི་ཡུལ་ཤུལ་མི་མང་གི་གདུང་བ་སེལ་བའི་སྨན་དང་། གཤིན་པོའི་རྣམ་ཤེས་བདེ་བར་གཟིམ་པའི་རྒྱུ་ནི་ཕྱི་ཡུལ་ན་སྐྱབས་བཅོལ་དུ་བཞུགས་པའི་བོད་མིའི་ཆོས་སྲིད་གཉིས་ཀྱི་དབུ་ཁྲིད་༧གོང་ས་མཆོག་ཡིན་པ་ལས། ཁྱེད་གཉིས་མ་རེད། ༧གོང་ས་མཆོག་གི་བྱམས་བརྩེ་དང་སྙིང་རྗེའི་ཐུགས་སྨོན་སྐྱབས་འཇུག་ཡིན་པ་ལས། ཁྱེད་གཉིས་ཀྱི་འདས་མ་ད་གསུམ་གྱི་ཆབ་སྲིད་སྲིད་ཇུས་དང་། ཞར་ཞོར་དུ། ཏང་དང་ཀྲུང་གུང་ཀྲུང་དབྱང་གིས་ཁྱེད་ཚོ་དུས་ནམ་ཡང་མི་བརྗེད། ལྟ་བུའི་ཁ་སྟོང་ནང་གི་ཚིག་སྟོང་དེ་ཚོ་མ་རེད།
ཁྱེད་གཉིས་ལ་༧གོང་ས་མཆོག་ས་གནས་ས་ཐོག་ཏུ་ཕེབས་བསུ་བྱ་རྒྱུའི་སྤོབས་པ་ལྡན་ནམ། མི་ལྡན་ན་བོད་རིགས་མང་ཚོགས་དང་ལྷག་པར་དུ་སྐྱེ་རྒུའི་རྒྱ་ཆེའི་མང་ཚོགས་ཀྱི་སྡུག་བསྔལ་ལ་བསང་དུས་ཤིག་མེད་པ་སེམས་ལ་བརྟན་པོར་ཉར་འོས།
གཉིས། བཀུར་འོས་པའི་བོད་ལྗོངས་བརྙན་འཕྲིན་ཁང་གི་ལས་བྱེད་མི་སྣ་ཡོངས་ལགས།
ཁྱེད་ཅག་གི་ཁམས་བཟང་། སྤྱིར་ཡིན་ན་ང་ཚོའི་ལག་པའི་ཕྱི་ནང་ཤ་ཡིན་ལ་མཛུབ་མོ་ལྔ་བོ་སྤུན་ཡིན། ང་ཚོ་ནི་ཤ་རུས་གདོང་རྒྱུད་གཅིག་ཅིང་རྩ་ལམ་ན་གདོང་དམར་བོད་པ་ཚང་གི་དམར་བོ་སྙིང་ཁྲག་བཞུར་གྱིན་པའི་རང་རིགས་སྤུན་ཟླ་ཡིན། ང་ཚོ་ནི་རྒྱ་ནག་གི་མི་སེར་སྤེལ་ཡུལ་ན་སྣུམ་ཟད་ཀྱི་མར་མེ་ལྟར་ཚར་ལ་ཉེ་ཞིང་། སྡུག་སྦྱོང་དང་མནར་གཅོད། གཉའ་གནོན་དང་བཤུ་བཞོག་ཁུར་བའི་ཉམ་ཆུང་བའི་བོད་རིགས་སྤུན་ཟླ་ཡིན།
ཡིན་ནའང་། ངས་དྲན་ལམ་ན་དུས་ནམ་ཡང་བརྗེད་མི་སྲིད་པ་ཞིག་ཡོད་པ་ནི་ལོ་གཉིས་ཀྱི་སྔོན་ཏེ། བོད་མདོ་དབུས་ཁམས་གསུམ་ནས་ས་བྱིའི་ཞི་རྒོལ་ཆེན་མོའི་གཡོ་སྐྱོམ་སྐབས། ཁྱེད་ཅག་གི་ལས་བྱེད་མི་སྣ་ཚོ་རྒྱག་གི་སྔ་བ་དང་རྒྱུག་གི་མགོ་མ་བྱས་ཏེ། བོད་ལྗོངས་བརྙན་འཕྲིན་ཁང་རང་ངོས་ཀྱིས་ཆེད་བསྒྲགས་བརྙན་འཕྲིན་མང་བོ་པར་དུ་བླངས་ཤིང་། ཉིན་གྱི་ལྟོ་དང་མཚན་མོའི་ཟས་བཅགས་ཏེ་ཡུལ་ལུང་སོ་སོར་ཁྱི་རྒྱུག་རྒྱུག་བྱས་ནས། ཏང་ཡོན་པ་དང་རྒྱ་ནག་གི་རྒྱུག་ཁྱི་མང་བོར་ཏཱ་ལའི་རུ་ཚོགས་ལ་རྒོལ་བའི་བཅར་འདྲི་མང་བོ་བྱས། ཁྱེད་ཚོས་རྒྱ་གཞུང་གི་མཐོ་རིམ་མི་སྣའི་རྨི་ལམ་ནང་གི་སྟུག་དྲི་ཡན་ཆད་རྔུབ་སྟེ་མདོ་དབུས་ཁམས་གསུམ་གྱི་བོད་རིགས་སྤུན་ཟླ་ཚོར། རྒྱ་ནག་གི་ཆབ་སྲིད་སྲིད་ཇུས་ཀྱི་དགོངས་དོན་རྣམས་དྲིལ་བསྒྲགས་བྱས་ཤིང་། ཕྱི་ཡུལ་ན་སྐྱབས་བཅོལ་དུ་བཞུགས་པའི་འུ་ཅག་གདོང་དམར་བོད་པ་ཚང་གི་ཁོག་གི་མིག་དང་དཔྲལ་བའི་མིག ཚེ་འདི་ཕྱིའི་སྐྱབས་དང་ཉིན་མཚན་དུས་དྲུག་ཀུན་ཏུ་མས་རང་གི་བུ་ལ་སྙིང་ནས་བརྩེ་བ་ཇི་བཞིན། ཉམ་ཐག་པའི་བོད་རིགས་མང་ཚོགས་སྐྱོབ་ཆེད་སྐུ་ངལ་བསྐྱོན་གྱིན་པའི་༧གོང་ས་མཆོག་ཀྱང་། བདུད་མངོན་སུམ་ ༼ སྐབས་དེའི་བཅར་འདྲི་ཞིག་གི་སྐབས་སུ་རྒན་མོ་ལོ་ལོ་ཞིག་གི་སྐད་ཆ། ༽ གྱི་སྤྲུལ་པ་ཡིན་ཚུལ་དང་ཏང་དང་མེས་རྒྱལ་གྱི་སྲིད་ཇུས་བཟང་བོར་གཏོར་བརླག་བཏང་ཚུལ་སོགས་བསྒྲགས།
རེད་རེད། ཁྱེད་ཚོ་མདའ་ཁ་ནང་སྐོར་བྱས་དུས་ཆ་རྐྱེན་འཛོམས་པ་དང་སྐུ་ངལ་ལ་མི་འཛེམས་པའི་རྒྱལ་གཅེས་པ། རང་གི་སྤུན་ཟླའི་བློ་སྲོག་སྒུལ་རྒྱུར་མི་སྐྲག་པའི་རླབས་ཆེན་མི་སྣ་རེད། ཡིན་ནའང་། ད་ཐེངས་སྐྱེ་རྒུ་མདོར་ས་ཡོམ་བྱུང་སྟེ་གདོང་དམར་བོད་པ་ཚང་གི་ཤ་དང་ཁྲག་གི་རྒྱུན་ཐག་གཅིག་པའི་སྤུན་ཟླ་ཚོ། འཆི་གསོན་གཉིས་ཀྱི་སོ་མཚམས་ན་ཡ་ང་ཞིང་སྙིང་རྗེ་བའི་ཡུལ་དུ་ལྷག་སྐབས། ཁྱེད་ཚོའི་བོད་ལྗོངས་བརྙན་འཕྲིན་ལས་ཁུངས་ཀྱིས་ཆེད་སྒྲིག་ལེ་ཚན་མང་བོ་གོ་སྒྲིག་མི་བྱེད་པའི་རྒྱུ་མཚན་ཅི། རྒྱ་ནག་བརྙན་འཕྲིན་ལས་ཁུངས་ལྟར་འཆར་ཅན་གྱི་ལེ་ཚན་རེ་བཏང་སྟེ་ལྷོད་སྡོད་བྱས་འདུག་དོན་ཅི། ཁྱེད་ཚོར་མཚོན་ན་ས་བྱི་ལོའི་ཞི་རྒོལ་ཆེན་མོར་ཆེད་བསྒྲིགས་ལེ་ཚན་གཏོང་བའི་གལ་ཆེའི་དོན་སྙིང་ལྡན་པ་དང་། སྐྱེ་རྒུ་མདོའི་རང་རིགས་སྤུན་ཟླ་ཚོའི་གོད་ཆག་ལ་ཆེད་བསྒྲིགས་ལེ་ཚན་མང་བོ་གོ་སྒྲིག་བྱེད་པར་གལ་ཆེའི་དོན་སྙིང་མི་ལྡན་དོན་ཅི། མ་མཐར་ཡང་གནད་དོན་འདི་གཉིས་ལ་དེ་ལྟ་བུའི་ཁྱད་པར་ཅིག་འབྱུང་དགོས་པའི་འགག་རྩ་ཅི།
གསར་འགྱུར་ལས་རིགས་ཀྱི་ངོ་བོའི་ཐོག་ནས་བཤད་ན། གསར་འགྱུར་ལ་ཐག་རིང་ཐུང་གི་ཚད་གཞི་འཛིན་གྱི་ཡོད་ལ། གསར་འགོད་པས་ཅི་ཙམ་གྱིས་ཐག་ཉེ་བའི་གསར་འགྱུར་ལ་དོ་སྣང་ཤུགས་ཆེར་བྱེད་པ་ལས། ཐག་རིང་བོ་དེ་ཙམ་གལ་ཆེན་དུ་མི་བརྩི། དེ་བཞིན་གསར་འགོད་པས་ས་ཁད་ཀྱིས་ཐག་རིང་ཐུང་ལ་མི་བལྟ་བར་གསར་འགྱུར་དེ་རྒྱ་ཆེའི་ལྟད་མོ་བའི་སེམས་དང་ཐག་ཉེ་རིང་ལ་བལྟ་བ་རེད། དེ་ལྟར་ན་རྒྱ་ཆེའི་ལྟད་མོ་བོའི་སེམས་ཀྱི་ཐག་རིང་ཐུང་ལྟར་བྱས་ན། ཐེངས་འདིའི་ས་ཡོམ་གྱི་གོད་ཆག་འདི་བོད་ཕྱི་ནང་གི་བོད་རིགས་མང་ཚོགས་ཡོངས་ཀྱི་སེམས་བསམ་པ་དང་ཐག་ཉེ་བའི་གསར་འགྱུར་ཏུ་གྱུར་ཡོད།
རེད་ཡ། བོད་ལྗོངས་བརྙན་འཕྲིན་ཁང་གི་ལས་བྱ་མི་སྣ་ཡོངས་དང་ལྷག་པར་དུ་གཙོ་འགན་པ་རྣམ་པ། སྤྱིར་ཡིན་ན་ངས་སྐད་ཆ་འདི་ཚོ་ཁྱེད་ཚོར་མི་འབབ་སྲིད་མོད། ཁྱེད་ཚོས་ང་ཞེ་བསམ་པའི་སྟེང་ནས་ཕམ་གི་བཅུག་ཐལ། སྡུག་གི་བཅུག་ཐལ། ངུ་རྒྱུ་ཡོང་གི སྐྱོ་བ་སྐྱེ་གི
གསུམ། བཀུར་འོས་པའི་བཙན་བྱོལ་བོད་གཞུང་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གི་གཙོ་འགན་རྣམ་པ།
ཉིན་འདི་ཚོར་ཁྱེད་ཚོ་ཡང་གཞིས་བཞུགས་སྤུན་ཟླའི་གོད་ཆག་ལ་ཐུགས་ཕམ་ཚད་མེད་བྱེད་ཀྱིན་བཞུགས་ཡོད་སྟབས། ངས་མང་བོ་མི་བཤད། ལྷག་པར་དུ་ཁྱེད་ཚོ་༧གོང་ས་མཆོག་གི་ཕྱག་གཡས་པ་དང་དབུ་འོག་དཔུང་འདེགས་བྱེད་མཁན། བཙན་བྱོལ་བོད་རིགས་མང་ཚོགས་ཀྱིས་སྡུག་དུས་མཆི་མ་འདོན་ས། སྐྱིད་དུས་དྲོལ་ལ་རེ་ས་ཡིན་པས། ངས་ཚིག་ངན་རིགས་མི་སྨྲ་བར་དམ་བཅའ། ཡིན་ནའང་། སྐད་ཆ་ཚིག་གཅིག་གཉིས་ཤིག་བཀག་ཀྱང་ཁོག་གི་མི་འདུག དེའི་རིགས་བཤད་ཆོག་པར་ཞུ།
༡ ༽ གོ་སྐབས་ཟེར་བ་ནི་ཡང་དང་བསྐྱར་དུ་འཁོར་རྒྱུགས་བྱེད་སྲིད་པ་ཞིག་མ་རེད། ༧གོང་ས་མཆོག་གིས་ཁོང་ཐེངས་འདིའི་གནོད་ཐེབས་ས་ཁུལ་དུ་ཕེབས་འདུན་ཡོད་སྐོར་གསུངས། རྒྱ་ནག་གིས་ཕྱི་ཡུལ་དུ་སྡོད་པའི་སྤུན་ཟླ་ཚོ་རྒྱལ་ཁབ་སོ་སོའི་གཞུང་ཚབ་ཁང་བརྒྱུད་ནས་སྐྱེ་རྒུ་མདོར། མྱ་ངན་ཞུ་བ་དང་སེམས་གསོའི་འཚམས་འདྲི་གནང་བ། ཞལ་འདེབས་འབུལ་དུ་ཡོང་བ་བཅས་ལ་སྣེ་ལེན་བྱེད་རྒྱུ་ཡིན་ཟེར། འདི་གཉིས་ཀྱི་བར་ན་མཐའ་མཇུག་གི་རྒྱལ་ཁ་ཞིག་ཡོད་མེད་གང་ལྟར་ཡང་། རྩོད་ལེན་བྱེད་དགོས་པའི་གོ་སྐབས་ཤིག་རེད། ཆེས་སྡུག་ས་ནས་བཤད་ཀྱང་བཙན་བྱོལ་བོད་གཞུང་གིས་༧གོང་ས་མཆོག་བོད་དུ་ཕེབས་རྒྱུར་དྲ་སྒྲིག་དང་རྒྱ་ནག་གཞུང་གི་མཐོ་རིམ་དཔོན་རིགས་ཚོར། དེ་ལུགས་སྙན་གསན་ཞུ་མ་ཐུབ་པ་དེས་རྩ་ཆེའི་གོ་སྐབས་ཤིག་འཆོར་དུ་བཅུག་ཡོད། གཅིག་བྱས་ན་བཀའ་བློན་ཁྲི་པ་བཞུགས་སྒར་དུ་བཞུགས་མེད་སྟབས་མིན་འགྲོ གང་ལྟར་ཡང་། སྐབས་འདིར་ངས་བཀའ་ཁྲིས་ནམ་རྒྱུན་གསུངས་བསྡད་པའི་ཚིག་གཅིག་སྐྱོར་ཆོག དེ་ནི་འདི་ལྟ་སྟེ། དྲ་སྒྲིག་བཟང་ས་ནས་བྱོས། རེ་བ་སྡུག་ས་ནས་རྒྱོབས། ཞེས་པའི་དགོངས་དོན་ལྟར། ཐེངས་འདིར་བཟང་ཕྱོགས་ནས་རེ་བ་ཞིག་རྒྱག་རྒྱུར་ཡང་འབད་བརྩོན་གནང་མ་སོང་། བློ་ཕམ་ཡོད། ཞེ་བསམ་པའི་སྟེང་ནས་བློ་ཕམ་ཡོད།
ད་དུང་གཞུང་ཞབས་ལས་བྱེད་ཚོ། མིག་བཙུམ་ནས་མ་བཞུགས། རྣ་བཀབ་ནས་མ་བཞུགས། ཐུགས་སྤྲོ་ནས་མ་བཞུགས། ཁ་སང་དེ་རིང་བོད་ཀྱི་དུས་བབ་མདུན་ངོས་སུ་ཀློག་པ་བོ་རྣམས་ཀྱིས་བཀོད་པའི་མཆན་དག་ཏུ། རྒྱ་ཆེའི་མང་ཚོགས་ཀྱིས་ཁྱེད་ཚོར་ཁ་རྡུང་གཏོང་བཞིན་པར་གཟིགས་རོགས། རྒྱ་ཆེའི་མང་ཚོགས་ཚོ་གནད་དོན་གང་ལ་རེ་ཐག་ཆད་ཅིང་ཁྱེད་ཚོའི་བྱེད་སྟངས་གང་གིས་ཁོང་ཚོའི་འབྱུང་བཞི་དཀྲུགས་མིན་གཟིགས་རོགས། དེ་ཐུགས་ནས་མ་འདོར་རོགས། ཐུགས་རྗེ་གཟིགས། སྐྱིད་ཉལ་བདེ་འགྲོ་བྱེད་པའི་དུས་ཚོད་མ་རེད། བློ་བདེ་བགས་ཕེབས་བྱེད་པའི་དུས་ཚོད་མ་རེད།
མཇུག་མཐར། ཐེངས་འདིར་གཞུང་འབྲེལ་ངོས་ནས་ཉིན་བརྒྱ་དུས་གཅིག་ལ་མྱ་ངན་གྱི་བྱེད་སྒོ་ཞིག་ཀྱང་སྤེལ་ཐུབ་མ་སོང་། མདོར་དྲིལ་ང་ཚོ་ཡང་བསྐྱར་རྒྱ་ནག་གི་ཆབ་སྲིད་སྲིད་ཇུས་འོག་ནས་ཕམ་བྱུང་ལ། གཞིས་བཞུགས་བོད་རིགས་མང་ཚོགས་ཀྱི་སྔུན་ནས་ལྷག་སོང་།
༢ ༽ ཉེ་ཆར་གཞོན་ནུས་ས་གནས་སུ་མྱུར་སྐྱོབ་རུ་ཁག་གཏོང་གི་ཡིན་ཟེར། མྱུར་སྐྱོབ་བྱས་ཟིན་པས་མི་ཚད་ད་ལྟ་རྒྱ་ནག་གིས་སྐྱེ་རྒུ་མདོ་འདི་ལོའི་དགུན་ཟླ་མ་སླེབས་གོང་དུ་བསྐྱར་འཛུགས་བྱེད་པའི་རྡུབ་འཚུབ་ལངས་ཚར་ཡོད། དེ་མིན་གཞིས་བཞུགས་རྒྱ་ཆེའི་མང་ཚོགས་ཀྱིས་ཀྱང་སྐྱེ་རྒུ་མདོའི་རྒྱ་ཆེའི་མང་ཚོགས་ལ་ཕམ་ཁ་འཁུར་འཇུག་གི་མི་འདུག འོན་ཀྱང་། གོང་དུ་ཞུས་པ་ལྟར་ན་གོ་སྐབས་ཟེར་བ་ནི་ཡང་དང་བསྐྱར་དུ་འབྱུང་གི་མ་རེད་ལ། ད་ཐེངས་ཁྱེད་ཚོས་རྩ་འཛུགས་ཚོགས་པ་ཞིག་བཙུགས་ཏེ་རྒྱ་ནག་གཞུང་ཚབ་ཁང་བརྒྱུད་ནས་བོད་ལ་ཞལ་འདེབས་ཀྱི་རོགས་དངུལ་ཞིག་སྐྱེལ་འོས། དེས་སྐད་ཆ་སྡུག་ས་ནས་བཤད་ན་ཐེངས་འདིའི་རྒྱ་ནག་གིས་རྔ་རྡུང་སྟངས་དང་བསྟུན་ནས་བྲོ་ལེགས་པོ་ཞིག་འཁྲབ་ཐུབ། འོན་ཀྱང་། དེ་ལྟར་འཇོན་མ་སོང་། དེ་མིན་པའི་ཚོགས་པ་ཆེ་ཆུང་ཚང་མས་འདི་ལྟ་བུའི་རྩ་ཆེའི་གོ་སྐབས་ཤིག་ཀྱང་བརྩོན་ལེན་མི་གནང་བ་དེས། ནམ་རྒྱུན་ཆབ་སྲིད་བཤད་བསྡད་པ་མ་གཏོགས་ལག་ལེན་དུ་བསྟར་སར་འགྲོ་དུས། བློ་དང་རིག་པས་འདང་གི་མེད་པ་དེ་ཕྱི་ལ་བསྟན་པ་འདི་རེད། འདི་དག་ལ་བློ་ཕམ་བྱུང་ཞེས་ཞུ་འདོད་བྱུང་།
བཞི། མཇུག་མཐར། བོད་ཕྱི་ནང་གི་ཡུལ་ཤུལ་མི་མང་ཡོངས་ལ་སྙིང་ནས་སེམས་གསོ་ཞུ།
ངའི་སྤུན་ཟླ་ལགས། ཡུལ་ཤུལ་ཁུལ་གྱི་མི་མང་། ཁྱེད་ཚོས་སྡུག་རུས་བྱོས་ལ་མུ་མཐུད་དེ་འཇིག་རྟེན་དུ་འཚོ་ཞིང་བཞུགས་པའི་སྙིང་སྟོབས་བསྐྱེད་ཅིག ཕྱི་ཡུལ་དུ་བཞུགས་ཤིང་ཁྱེད་ཚོས་ཉིན་མཚན་ལྟོས་མེད་ཀུན་ཏུ་མཇལ་འདོད་ཀྱི་འདུན་པ་བརྟན་པོ་བཅངས་ས། ང་ཚོའི་ཚེ་འདི་ཕྱི་གཉིས་ཀྱི་དབུ་ཁྲིད། ༧གོང་ས་མཆོག་གིས་འདས་ཟིན་པ་རྣམས་ལ་ཐུགས་སྨོན་རྒྱ་ཆེར་གནང་བར་མ་ཟད། འཚོ་ཞིང་བཞུགས་པ་ཁྱེད་ཚོར་ཡང་ཐུགས་གསོའི་འཚམས་འཕྲིན་བསྩལ་ཡོད། ལྷག་པར་དུ་ཕྱི་ཡུལ་གྱི་རིས་མེད་བླ་ཆེན་ཡོངས་དང་རྒྱ་ཆེའི་བོད་རིགས་མང་ཚོགས། འཛམ་གླིང་གི་ཡུལ་གྲུ་ཁག་གི་ཆོས་ལུགས་རེས་མེད་ཀྱི་དབུ་ཁྲིད་ཁག་དང་། འཛམ་གླིང་གི་འགྲོ་བ་མིའི་རིགས་སུ་གཏོགས་པའི་ཕྱི་གླིང་བའི་མང་ཚོགས་ཁྲི་མ་འབུམ་གྱིས་ཁྱེད་ཚོའི་ཆེད་དུ་མྱ་ངན་དང་གསོལ་འདེབས་ཞུས་ཡོད། ཐུགས་སྨོན་དང་སྐྱབས་འཇུག་མཛད་ཡོད། སེམས་ཤུགས་བསྐྱེད་ཅིག ཡར་ལ་ལོངས་ཤོག
ང་ཚོ་དུས་ནམ་ཡང་ཁྱེད་ཚོའི་སེམས་ཁོང་ན་ཡོད། ང་ཚོས་ཁྱེད་ཚོར་གདུང་སེམས་མཉམ་སྐྱེད་བྱས་ཡོད། ཤུགས་རྒྱོབས་ཤིག ༼ ཧྲི་པོ་ཤོག ༽

རྩོམ་རིག

Post navigation

Previous Post: ཕྱི་ཤུན་གང་ལ་གྱར་ཡང༌། ནང་སྙིང་ནང་དུ་ལུས་འདུག།
Next Post: སྙིང་དབུས་ཀྱི་སྐྱེ་རྒུ།

Comments (6) on “སྐྱེ་རྒུ་མདོའི་ས་ཡོམ་རྗེས་ཀྱི་སྡུག་གཏམ་རིང་མོ།”

  1. ཀརྨ་རྡོ་རྗེ་ says:
    2010-04-23 at 1:45 pm

    ་་་ཆུ་མཛོད་ཁ་སྒྱུར་ལ་ཁ་གཡར་ ཏེ་མཐོ་སར་སོང་ནས་རང་ཉིད་ཉེན་ཡོལ་བྱས་ཡོད། ་་་་ཚིག་གྲུབ་འདི་བརྗེད་མི་ཉེན་པ་ཞིག་དང་། དེའི་སྐོར་ས་འགུལ་ཉེས་ཕོག་ས་གནས་ས་ཐོག་གི་བོད་རིགས་དང་ཧུ་རིགས། རྒྱ་རིགས་སོགས་ལ་དྲིས་ནས་རྩོམ་བྲིས་བཏོན་དགོས་འདུག

  2. དཔལ་དགྱེས་པ་རྡོ་རྗེ says:
    2010-04-23 at 2:14 pm

    ཨ་རིག་འགྱུར་མེད་ལགས་ཀྱིས་བཤད་པ་དག་བདེན་པར་སྣང་ངོ། རྒྱ་ངན་ལ་བློ་གཏད་མེད་པར་མངོན་གསལ་རེད་མོད། བློ་ཕམ་པ་ཞིག་ལ་བཙན་བྱོལ་གཞུང་གིས་བཀོད་སྒྲིག་ནན་མོ་མི་བྱེད་པ་དེ་ཡིན། ད་རིས་མི་ཤི་རྒྱུ་བརླགས་ཁང་ཁྱིམ་ཞིག་པའི་སྐབས་སུ་ཐབས་ཤེས་བཀོད་སྒྲིག་ཅིག་མེད་ན་གཞན་དུ་ཡ་རེ་ཆ། ༧གོང་ས་མཆོག་ཡར་ཕུད་ནས་གཞན་དག་བླ་ཆེན་གྱི་མིང་འཛིན་པ་ཚོས་ཀྱང་དངུལ་གྲངས་སོགས་ཁ་ཡུལ་ཤུལ་ཁུལ་དུ་བསྔོས་རུང་དོན་ཉམ་ཐག་གི་མི་དམངས་ལ་མི་སྦྱིན་པར་ཕྱོགས་ཞེན་གྱི་དགོན་སྡེ་རེ་གཉིས་སླར་གསོ་རུ་འབད་ན་ཤིན་ཏུ་ཐ་་ཆད་པ་ཅིག་རེད་སྙམ་ཡོད། ང་ཚོ་ཕྱི་ཡུལ་ཕྱོགས་ནས་ཤུགས་ཆེན་པོ་ཅི་རྒྱག་འདི་རྒྱག་ཡེ་མེད་ཀྱང་དངུལ་བསྐུར་བ་དང་ཁ་ཕན་ཚིག་ཕན་གྱིས་ཐབས་ཤེས་རེ་འཐེན་རྒྱུ་དང་རྒྱུ་འབྲས་ལ་བསམ་བློ་གཏོང་ནས་ཤུལ་ལྷག་གི་དྭ་ཕྲུག་དང་ནད་པ་ཉམ་ཐག་དེ་དག་གི་ཁ་ལག་སྤྱོད་གསུམ་དུ་སྦྱིན་པ་སྨིན་ངེས་རེ་བྱེད་རྒྱུ་ཡོད་པས་དེ་འདྲ་ཞིག་ཐབས་རེམ་རེམས། །

  3. ཐུབ་བསྟན། says:
    2010-04-23 at 3:24 pm

    ད་རེས་ཡིན་ན་བཙན་བྱོལ་བོད་པས་དངུལ་དངོས་ཀྱི་རོགས་པ་བྱེད་ཀྱི་དེ་གལ་ཆེན་པོ་མ་རེད། དངུལ་སྤྲད་ན་འདྲ་མ་སྤྲད་ན་འདྲ་རྒྱ་ནག་གི་ལག་པ་བརྒྱུད་པར་་འགྲོ་ས་ཡི་རེད། བྱས་ཙང་རྒྱ་མི་ལ་པད་ཤག་མང་པོ་ཡོད་རེད། ད་རེས་ཀྱི་ཞལ་འདེབས་འཕོན་ཆེན་དེ་ཚོང་ཡང་ཕལ་ཆེར་ཡང་རྒྱ་མིས་ཟ་འགྲོ་ཡི་རེད། དེར་བརྟེན་རྒྱ་མི་ཟ་ཡ་སྤྲད་དགོས་དོན་མེད།

  4. ཐུབ་བསྟན། says:
    2010-04-23 at 3:26 pm

    རྒྱ་མིའི་ལག་པ་མ་བརྒྱུད་པར་འགྲོ་ས་མེད་་་་་་ཁ་སང་ནས་ཞལ་འདེབས་གནང་མཁན་ཚང་མ་མཚོ་སྔོན་ནས་དགག་གི་འདུག་རྒྱ་གཞུང་གི་ལག་པ་མགཏོགས་སྤྲད་ཆོག་གི་མི་འདུག

  5. ཡེ་ཤེས་རྒྱ་མཚོ་ says:
    2010-04-23 at 5:35 pm

    ཨ་རིག་འགྱུར་མེད་ལགས་ཀྱིས་བློ་གཟུར་བོར་སེམས་གཏིང་ནས་བྲིས་པའི་རྩོམ་འདི་བཀླགས་རྗེས་སྐྱོ་ནས་མིག་ཆུ་བཏང་བ་ཡིན་ལ། དངོས་གནས་ཁྱེད་རང་གིས་བསམ་བློ་ཡག་པོ་བཏང་འདུག །

    ངའི་སེམས་ལ། སྲིད་འཛིན་ཧུའུ་ཅིན་ཐོའོ་དང་སྲིན་བློན་ཝུན་ཇ་པོའོ་རྣམ་གཉིས་ཐེངས་འདིར་སྐྱེ་རྒུ་མདོར་ཡོང་སྟེ་ས་ཡོམ་གྱི་གོད་ཆག་ཁྲོད་འདས་གྲོངས་སུ་སོང་བ་རྣམས་ལ་མྱ་ངན་དང་། ཤུལ་དུ་ལྷག་པ་རྣམས་ལ་སེམས་གསོ་དང་གདུང་སེམས་མཉམ་སྐྱེད་བྱེད་ཁུལ་དང་། ཏང་དང་ཀྲུང་གུང་ཀྲུང་དབྱང་གིས་ཁྱེད་ཚོ་དུས་ནམ་ཡང་མི་བརྗེད་ཟེར་བ་ལྟ་བུའི་ཁ་སྟོང་ནང་གི་ཚིག་སྟོང་དེ་ཚོ་གོ་དུས་ང་དངོས་གནས་སེམས་ནས་བཟོད་མི་ཐུབ་པའི་མེ་ལྕེ་འབར་བཞིན་ཡོད། ད་ལྟའི་ཆར་བཙོན་དུ་བཞུགས་པའིདཔའ་བོ་དཔའ་མོ་རྣམས་དང་། མེ་མདའི་འོག་ནས་ཤི་བའི་དཔའ་བོ་དཔའ་མོ་རྣམས། ད་ཐེངས་སྐྱེ་རྒུ་མདོར་རང་བྱུང་ཁམས་ཀྱི་ཚབས་ཆེའི་གནོད་སྐྱོན་གྱིས་ཉམ་ཐག་པའི་བོད་རིགས་མང་ཚོགས་ལ་འཆི་གསོན་གྱི་སྡུག་བསྔལ་མི་བཟོད་པ་བྱུང་བའི་སྐབས་འདི་ལྟ་བུ་ལའང་དུས་ཚོད་ནར་འགྱང་གིས་བོད་རིགས་མང་པོ་ཞིག་གོད་ཆག་སོང་ཡོད་ལ། དེའི་མ་ཚད་རིགས་མཐུན་གྱི་སྤུན་ཟླ་འདི་ཚོས་ཕན་ཚུན་ལ་མཛའ་ཞིང་བརྩེ་བའི་མྱུར་སྐྱོབ་བྱ་བར་རོགས་སྐྱོར་བྱེད་རྒྱུར་ཡང་བཀག་འགོག་དང་བར་ཆད་བྱས་ཏེ་འདས་གྲོངས་སུ་སོང་བའི་གྲངས་འབོར་ཇེ་མང་དུ་བཏང་བ་འདི་དག་བསམ་ན་ང་དང་བོད་རིགས་ཡོངས་ནས་དུས་ནམ་ཡང་བརྗེད་ཐབས་མེད། ངས་ག་དུས་ཡིན་ཀྱང་གུང་བྲན་ཚོགས་པ་འདི་གང་འགྱོགས་འཐོར་བཤིག་ཏུ་འགྲོ་བར་སྨོན་ལམ་རྒྱག་གི་ཡོད། །

  6. བུ་མོ་འཆི་མེད། says:
    2010-04-24 at 12:25 am

    ༧གོང་ས་མཆོག་་་་་གནོད་འཚེ་ཕོག་ཡུལ་ས་གནས་དེར་ཕེབས་ཐུབ་པའི་རེ་བ་ཕལ་ཆེར་བོད་རིགས་ཡོངས་ལ་ཡོད་ནི་རེད། ཡིན་ནའང་ལས་སླ་བོའི་ཐོག་ནས་ཕེབས་ཐུབ་ཀིན་མ་རེད། ཕྱོགས་གཅིག་ནས་ས་གནས་དེར་ད་སྐབས་བོད་མདོ་དབུས་ཁམས་གསུམ་ནས་ཕེབས་པའི་བོད་རིགས་མང་བོ་འཛོམས་ཡོད་ལ། རྒྱ་རིགས་དམག་དཔུང་ཡང་དེ་བས་མང་བོ་སླེབས་ཡོད་ནི་རེད། རྒྱ་ངན་ཁོང་ཚོ་ས་གནས་མི་དམངས་ལ་རོགས་སྐྱོར་བྱེད་པར་ཡོང་བ་མ་རེད། བོད་རིགས་མང་བོ་འཛོམས་ཡོང་དུས་ཁོང་ཚོ་སྐྲག་གིན་ཡོད་ནི་རེད། གཞན་ཡང་༧་གོང་ས་མཆོག་ས་གནས་དེར་ཕེབས་ཐུབ་པའི་དབང་དུ་བཏང་ཡང་ས་གནས་དེའི་ཡུལ་མི་ཉུང་ཤས་ཤིག་ལས་དམངས་ཚོ་ལ་མཇལ་རྒྱུའི་གོ་སྐབས་སྤྲོད་ཀིན་མ་རེད། དེ་བས་ད་རེས་གོ་སྐབས་འདིར་བཟུང་ནས་བོད་གཞུང་གི་ཚོགས་ཆུང་ཞིག་བོད་ས་གནས་དེར་ཕེབས་ཐུབ་པའི་རེ་བར་གཏོན་ན་ཡོང་སྲིད་པ་རེད།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (15)
  • ན་ཟུག (6)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme