Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

སྐུ་ཞབས་སེང་རྡོར་ལ་སྤྲིངས་པ།

Posted on 2014-08-192014-08-20 By ཁ་བརྡ་ 28 Comments on སྐུ་ཞབས་སེང་རྡོར་ལ་སྤྲིངས་པ།

དགའ་ཉག་འཁྱམ་པོ།

ཉིད་ཀྱིས་ཞེ་ས་དང་འབྲེལ་བའི་དོགས་སློང་ཟིན་ཐུང་ལ་”བྲག་གཡབ་ཚང་གི་རྩོམ་ཞིག་བཀླགས་པ་”ཞེས་པའི་ཁ་བྱང་སྟབས་བདེ་ཞིག་སྤྱད་དེ་བགྲོ་གླེང་རྣམ་པས་སྤེལ་འདུག་པར། ཐུགས་རྗེ་ཆེ་ཞུ་བ་དང་སྦྲགས། གུས་པས་ཀྱང་ཉིད་ཀྱི་དོགས་པ་དང་། དྲི་བའི་རིགས་ལ་ཁ་བརྡ་ཅུང་ཙམ་བྱའོ།

1) ཁྱེད་དང་ཁྱོད་གཉིས་ཞེ་ས་ཡིན་མིན་གྱི་ཚད་ཅིག་དེ་སྔོན་སུས་ཀྱང་མ་བཞག་ཅིང་། ནན་གྱིས་བཞག་ན་ཡང་ཤིན་ཏུ་དཀའ། མིང་མཛོད་དང་ཚིག་མཛོད་ག་གེ་མོ་ནང་གསལ་ཞིང་། མཁས་པ་དང་རྩོམ་པ་པོ་ཆེ་གེ་མོས་དེ་ལྟར་བཤད་འདུག་ཟེར་ན་ཡང་ཁྱབ་པ་མེད། འོན་ཀྱང་ཚད་ཅིག་མེད་རུང་མཚམས་ཤིག་ལོས་ཡོད། བསྟན་བཅོས་རྩོམ་པའི་སྐབས་ཀྱི་ཁྱེད་དང་ཁྱོད་ལ་ཞེ་ཚིག་དང་ཕལ་སྐད་ཀྱི་དབྱེ་བ་མེད་པར་ཆོས་ཅན་གྱི་འཇུག་ཡུལ་ཙམ་དུ་སྦྱར་བ། དཔེར་ན། ཁྱོད་མི་རྟག་པ་རྟོགས་ན། ཁྱོད་འཕགས་པ་ཡིན་ན། ཁྱོད་ལོངས་སྐུ་ཡིན་ན། ལྟ་བུ་ཤིན་ཏུ་མང་། འདིས་རྟེན་འབྲེལ་བསྟོད་པ་སོགས་ཀྱི་ཁྱོད་ཚིག་ལ་རིགས་བསྒྲེ་ཆོག །
ནམ་རྒྱུན་འཚོ་བའི་ཁྲོད་དུ་ཁྱེད་དང་ཁྱོད་ཅེས་པ་ནི་གུས་པ་དང་འདྲ་མཉམ་སོགས་མཚོན་བྱེད་ལ་གོ་ཞིང་སྤྱད་པ་ཤུགས་ཆེ། ཁྱབ་པ་མེད།

2) བཀའ་དང་དགོངས་འགྲེལ་ཁྲོད་དུ་འཕགས་པ་ཕྱག་ན་རྡོ་རྗེ་ལ། ལག་ན་རྡོ་རྗེ། སྤྱན་མི་བཟང་ལ། མིག་མི་བཟང་། དེ་བཞིན་མིག་མི་འཛུམ་སོགས་མང་དུ་སྣང་ཞིང་ཀུན་གྱིས་མཐོང་མོད། དེ་ཚོ་ཞེ་ས་ཡིན་མིན་གྱི་ཁྱད་པར་རྩ་བ་ནས་མེད་དེ། བཀའ་དང་བསྟན་བཅོས་ལ་སྦྱངས་ཤིང་འདྲིས་མྱོང་བ་ཞིག་ཡིན་ཚེ་ཕྱག་ན་རྡོ་རྗེ་དང་། ལག་ན་རྡོ་རྗེ་གཉིས་གང་སྤྱད་ཀྱང་མཐོང་སྣང་མི་འདྲ་བ་མེད་པས་སོ། འདི་ལག་ན་པད་མོ་ལ་ཡང་རིགས་འགྲེའོ།

3) ཉིད་ཀྱི་ནོར་ཞིང་འཁྲུལ་པ་གསུམ།
1) འཕགས་པ་ཞེས་པ་ཞེ་ཚིག་ཡིན་པ།
2) ཐུགས་རྗེ་དང་སྙིང་རྗེ་གཉིས་ལས་སྔ་མ་ཞེ་ས་དང་ཕྱི་མ་ཕལ་ཚིག་ཡིན་པ།
3 ) ཤ་ལྟ་བུ་ལ་ཞེ་ས་མེད་དོ་ཟེར།

དང་པོ། འཕགས་པ་ཞེས་པ་ནི་སོ་སྐྱེ་ལས་ཁྱད་པར་འཕགས་པའི་ཆོས་སྐད་ཅིག་ལས། ཉིད་ཀྱིས་བཤད་པ་ལྟར་ཞེ་ཚིག་མ་ཡིན་ཏེ། ཁྱོད་ཀྱི་ལྡོག་ཕྱོགས་ཀྱི་ཕལ་ཚིག་མེད་པས་སོ། འོག་གི་དད་པ་དང་མཚུངས།

གཉིས་པ། འཚོ་བའི་ཁྲོད་དུ་ཐུགས་དང་སྙིང་གཉིས་ཞེ་ཚིག་དང་ཕལ་སྐད་ལ་སྦྱར་བ་ཅུང་མང་བས། ཐུགས་རྗེ་དང་སྙིང་རྗེ་གཉིས་ཀྱང་ཞེ་ཚིག་དང་ཕལ་སྐད་ཙམ་ལ་སྦྱར་ན་ཆེན་པོ་གཉིས་ཀྱང་འདྲ་བས། མཛོད་ལས། ཐ་དད་བྱ་བ་རྣམ་པ་བརྒྱད། ཅེས་པའི་སྐབས་སུ་དེ་གཉིས་ངོ་བོ་དང་དམིགས་པ་སོགས་ཀྱི་ཁྱད་པར་མི་འདྲ་བ་བརྒྱད་བཤད་པ་ཡང་གཏན་ནས་མི་འཐད་དེ། ཞེ་ཚིག་དང་ཕལ་སྐད་ཙམ་ལས་དོན་ལ་དབྱེར་མེད་པས་སོ། དེས་ན་ཐུགས་རྗེ་ཞེས་པ་ཞེ་ཚིག་མིན་ལ། སྙིང་རྗེ་ཞེས་པ་ཡང་དེའི་ལྡོག་ཕྱོགས་ཀྱི་ཕལ་སྐད་མིན་ནོ། ད་དུང་ལེགས་གསོལ་དང་བཀའ་དྲིན་ཞུ་བ་ལ། ཡུལ་གོང་མ་སོགས་ལ་ཐུགས་རྗེ་ཆེ་དང་། འདྲ་བ་དང་འོག་མ་སོགས་ལ་སྙིང་རྗེ་ཆེ་ཞེས་བརྗོད་དགོས་པར་འགྱུར་རོ།

གསུམ་པ། དཔེར་ན། ལྷ་ས་བས་ཤ་ཡི་ཞེ་ས་ལ་ཀྲུམ་ཞེས་འབོད། དེ་བཞིན་ཤ་ཁུ་ལ་ཀྲུམ་ཁུ། ཤ་ཁོག་ལ་ཀྲུམ་ཁོག་ལྟ་བུའོ།

རླངས་འཁོར་ལ། ཆིབས་འཁོར་ཞེས་ཞེ་ས་སྤྱད་ཆོག་སྟེ། རྟ་ལ་ཆིབས་རྟ་ཞེས་ཞེས་སྦྱར་བས་སོ། རླངས་འཁོར་ནང་དུ་བཞུགས་པ་ལས་ཞོན་པ་མིན་པས། ཆིབས་འཁོར་ཞེས་སྦྱར་མི་རིགས་ན། རྐང་འཁོར་ལ། ལྕགས་རྟ་ཞེས་འབོད་མི་རིགས་ཏེ། རྟ་མིན་པས་སོ། འདྲ་བས་ཆ་ནས་ཡིན་ན་གོང་དང་མཚུངས་སོ་སྙམ་མོ།

སུ་ཞིག་ཞེ་ས་ལ་མོས་པ་ཡོད་ན། དེར་ཞེ་སའི་ཚིག་སྤྱད་ཐུབ་ན་ཕན་པ་ལས་གནོད་པ་མེད། ཞེ་ས་ལ་གཞུང་ལུགས་མི་སྣང་བས། མཚན་ཉིད་དབྱེ་བ་སོགས་ཀྱི་རྣམ་གཞག་མེད། ཡུལ་དུས་དང་ཁོར་ཡུག་ལ་དཔག་པའི་ཞེ་ས་སྦྱོར་ཤེས་དགོས་པ་ནི། གནད་ཀྱི་རྩ་བ་ཡིན།
མདོར་ན་གཞུང་ལུགས་ཀྱི་བརྡ་ཆད་དང་། འཚོ་བའི་ཁྲོད་ཀྱི་སྐད་ཆ་མཉམ་དུ་བསྲེ་བར་མི་བྱ་ཞིང་། གཅིག་མཚུངས་སུ་ཡང་བལྟ་མི་ཉན། ནམ་རྒྱུན་འཚོ་བའི་ཁྲོད་ཀྱི་ཞེ་ས་ར་མ་ལུག་གམ། འགོ་ལུས་མི་མཚུངས་པ་ཞེས་པ་ནི། གང་ཞིག་ལ་སྤྱིར་ཞེ་ཚིག་ཡོད་མེད་དང་། ཞེ་ཚིག་དེ་སྦྱར་དགོས་མིན། སྦྱར་ན་ཁོར་ཡུག་དེའི་མི་དག་གི་མཐོང་སྣང་ལ་མི་བདེ་བ་དང་། མི་མཛེས་པ་སོགས་འོང་མིན་ལ་མ་བལྟས་པར་གང་འདོད་ཀྱིས་སྦྱར་བ་རྣམས་ལ་གོ།
མཇུག་མཐར་བཀྲ་ཤིས་བདེ་ལེགས་ཞུ།

དགའ་ཉག་འཁྱམ་པོས། གདན་ས་དགའ་ལྡན་ནས།

བགྲོ་གླེང་།

Post navigation

Previous Post: གཟུར་གནས་བློ་གསར་དགྱེས་པའི་གཏམ་ཐུང་།
Next Post: ལྷ་རྩེའི་ཁུ་བྱུག

Comments (28) on “སྐུ་ཞབས་སེང་རྡོར་ལ་སྤྲིངས་པ།”

  1. ལྷ་སྡེ་གནམ་ལོ་ཡག says:
    2014-08-20 at 2:56 am

    བསམ་གཞིགས་གཏོང་ཕྱོགས་ཅན་གྱི་རྩོམ་ཞིག་རེད། འོ་ན། དགེ་རྒན། བླ་རྒན། མི་རྒན་སོགས་ཞེ་ཚིག་ཏུ་འགྲོའམ།

  2. ཀརྡོ་གཉེར་ཕྱག་པ་ says:
    2014-08-20 at 3:24 am

    ་་་་་་ 1) ཁྱེད་དང་ཁྱོད་གཉིས་ཞེ་ས་ཡིན་མིན་གྱི་ཚད་ཅིག་དེ་སྔོན་སུས་ཀྱང་མ་བཞག་ཅིང་། ནན་གྱིས་བཞག་ན་ཡང་ཤིན་ཏུ་དཀའ། ་་་་་་་་་ ཟེར།

  3. དཔལ་དོན། says:
    2014-08-20 at 4:14 am

    ཕ་རོ་མ་རོ་ཟེར་བ་ཡབ་ཡུམ་སྐུ་ཕུང་རེད་ལ། ཡབ་ཡུམ་སྐུ་ཕུང་ཟེར་དུས་ཕ་རོ་མ་རོ་རེད།
    གཞུང་ལུགས་ལ་མ་སྦྱང་ཡང་འདི་ཤེས་རྒྱུ་རེད་དེ། ཉན་བདེ་ལོས་ཤིག་འདུག་ག།
    ཁྱེད་ནི་ཁྱོད་ཀྱི་ཞེ་ས་ཡིན་པ་དག་ཡིག་མང་པོར་གསུངས་ཡོད་པས་འདི་ལ་ཁྱབ་མ་ཁྱབ་ཀྱི་སྐད་ཆ་ཅིག་གིས་ལན་ལྡོན་ཚེ། དེ་ཡང་། བུ་གུའི་རྐུབ་དམར་སྟེང་ལ།། ཨ་བོ་ལྕགས་ཀྱི་ལག་པ།། ཟེར་བ་དེ་རེད་དོ།

    གཞན་ཡང་། ཐུགས་རྗེ་ནི་སྙིང་རྗེ་ཞེ་ས་རེད་ཟེར་ན་འཁྲུལ་བ་རང་ལགས་ཏེ། སྙིང་རྗེ་ནི་ཐུགས་རྗེའི་ཁྱད་ཆོས་ཡིན་པ་ལས་ཐུགས་རྗེ་མིན་ཏེ། གལ་སྲིད་སྙིང་རྗེ་ཐུགས་རྗེའི་ཞེ་ས་ངེས་པར་ཡིན་དགོས་ན་བྱམས་བརྩེ་ཐུགས་རྗེའི་ཞེ་ས་མ་ཡིན་པའི་རྒྱུ་མཚན་ཅི་ཡང་མེད། ཨ་ཨ་་ཨ་་་ད་མང་པོ་འདུག་སྟེ་་་དེ་ཙམ་བྱ

  4. དཔལ་དོན། says:
    2014-08-20 at 4:18 am

    ལྷ་ས་བའི་ཤ་ཡི་ཞེ་ས་ལ་ཀྲུམ་ཟེར་གི་རེད་ཟེར་་་ཧ་ཧ་ཧ་
    ལྷ་ས་བའི་ན་ལུང་དུ་རུལ་ལ་ཉེ་བའི་ཤ་ལ་ཀྲུམ་ཟེར་གྱི་རེད་དམ།
    ལྷ་ས་བའི་དུར་ཁྲོད་དུ་བྱ་རྒོད་ལ་གཏོར་ལ་ཉེ་བའི་མི་ཤའི་མིང་ལ་ཀྲུམ་ཟེར་གྱི་རེད་དམ།

    ཁྱེད་ལ་རི་མོ་མཛུམ་སྟོན་དུ་བཤད་ན་ལྷ་ས་བའི་༼གསོལ་ཀྲུམ་༽ཞུ་བ་གོང་བླ་དཔོན་གྱིས་ཟ་བྱར་གྱུར་བའི་ཤ་ལ་གསོལ་ཀྲུམ་ཟེར་བ་ལས་ཤ་ལ་ཀྲུམ་ཁྱོན་ནས་ཟེར་གྱི་མ་རེད་ལ། ཤ་ལ་ཞེ་ས་ཞིག་དགོས་པའི་དོན་ཡང་རྦད་དེ་ཡོད་པ་མ་རེད།

  5. ཀརྡོ་གཉེར་ཕྱག་པ་ says:
    2014-08-20 at 6:48 am

    ཁྱོད། ཁྱེད།
    ཁོ། ཁོང་།
    ལག་པ། ཕྱག
    ཤ། གསོལ་ཀྲུམ།
    རྟ། ཆིབས་རྟ།
    ལག་འཁྱེར། ཕྱག་འཁྱེར།
    ཨ་ཕ། ཨ་ཕ་ལགས།
    ཨ་མ། ཨ་མ་ལགས།
    བཀྲ་ཤིས། བཀྲ་ཤིས་ལགས།
    སྒརོལ་མ། སྒྲོལ་མ་ལགས།

  6. ལ་དྭགས་བློ་བཟང་འཇམ་དཔལ་ says:
    2014-08-20 at 8:38 am

    བདག་གིས་ནི་ཁྱོད་དང་ཁོ་གཅིག་ཚིག་དང་། ཁྱེད་དང་ཁོང་མང་ཚིག་ཏུ་འདོད། ཞེ་སའི་ཆེད་དུ་མང་ཚིག་བཀོལ། འོན་ཀྱང་བླ་མ་དང་ཕ་མ་ལ་བུ་ཆུང་གིས་འབོད་པ་ལྟར་ཉེ་བའི་ཡུལ་དུ་བྱས་ཏེ། གཅིག་ཚིག་བཀོལ། དེ་བཞིན་དུ། ཁོང་ཞེས་ཞེ་སའི་ཆེད་དུ་ཧིནྡཱིའི་སྐད་དུ་ཡང་བཀོལ་བར་སྣང་ངོ་།

  7. ལ་དྭགས་བློ་བཟང་འཇམ་དཔལ་ says:
    2014-08-20 at 9:31 am

    ཀྲུམ། ཞེས་པར་དག་པར་འབྲི་ན། སྐྲུམ། ཞེས་འབྲི་དགོས། ནུབ་ཕྱོགས་པ། J. Jasche བོད་ཨིན་ཚིག་མཛོད་ན། སྐྲུམ། ཞེས་པ་ཡོད། ཀྲུམ། ཞེས་པ་མེད། དེ་བཞིན། བོད་རྒྱ་ཚིག་མཛོད་ན། ཀྲུམ། ཞེས་པ་ཡོད། སྐྲུམ། ཞེས་པ་མེད། འོན་ཀྱང་། སྔ་མ་དེ་མི་གཅིག་གིས་བཟོ་བསྐྲུན་བྱས་ཀྱང་། ཕྱི་མ་དེ་ལས་དག་པར་མཐོང་། ལ་དྭགས་པའི་ཁ་སྐད་དུ། ཤའི་ཞེ་ས་ལ་སྒྲ་ཟུར་ཆག་པས། སྲུམ། ཟེར། དེ་ཡང་། སྐྲ་ལ་སྲ་དང་། སྐྲས་ཀ་ལ། དབུས་གཙང་དུ། ཀྲས་ཀ ཟེར་རམ་སྙམ། ལ་དྭགས་ཁ་སྐད་དུ། སྲས་ཀ ཟེར། J. Jasche སྐྲས་ཀ། ཞེས་པ་དེ། སྐས་ཀ་དང་འདྲའོ། ཞེས་བྲིས་སོ།

  8. ཀརྡོ་གཉེར་ཕྱག་པ་ says:
    2014-08-20 at 9:42 am

    ཁྱོད་དམ། ཁྱོད་རང་། ཁྱེད་རང་།
    རང་། ཁྱེད་རང་།
    ཁོ། ཁོང་ངམ་། ཁོང་རང་།

  9. ཀརྡོ་གཉེར་ཕྱག་པ་ says:
    2014-08-20 at 9:46 am

    བརྡ་རྙིང་། ཡིག་སྐད། ཆོས་སྐད། ཕལ་སྐད། ངག་སྐད། ཁ་སྐད། ཡུལ་སྐད། གྲོང་སྐད། ལོག་སྐད་སོགས་ལ་ཁྱད་པར་གང་དང་། གང་ཡོད་དམ། ལགས།

  10. ནག་ཆུ་ཀུན་དགའ says:
    2014-08-20 at 1:53 pm

    ཁྱེད་ཡ་རབས་ཀྱི་བཤད་སྟངས་སྟེ། མི་ལ་ཆེ་མཐོང་སྤྲད་པ་མཚོན་གྱི་ཡོད། ཁྱོད་མ་རབས་ཀྱི་བཤད་སྟངས་སམ་མ་མཐར་ཡང་བཤད་ཡུལ་རང་དང་གནས་བབ་གཅིག་པ་ལྟ་བུ་ལས་ཆེ་མཐོང་དང་གུས་པ་ཚིག་གིས་ནུས་པས་སྟོན་ཐུབ་ཀྱི་མེད། ཁོ་དང་ཁོང་ཡང་དེ་མཚུངས་རེད། ་ལ་དྭགས་བློ་འཇམ་་གྱིས། ཁྱོད་དང་ཁོ་གཅིག་ཚིག། ཁྱེད་དང་ཁོང་མང་ཚིག་རེད་ཟེར། ཧཧཧ་ང་ངོ་མ་བགད་མོ་ཤོར་སོང་། ཁྱེད་ཚོ་ཁོང་ཚོ། ཚོ་ཟེར་བ་འདི་མང་ཚིག་ངོ་མ་དེ་རེད། སྐད་ཀྱི་ཆོས་ཉིད་ལ་ཡང་ནས་ཡང་དུ་བསམ་གཞིག་བྱོས།
    མཆོད་མང་ཚིག་དང་། ཟོ་གཅིག་ཚིག་རེད་ཟེར་མདོགས་ཁ་པོ་གཅིག་འདུག་མི་ཁྱོད། ཨོ་མ་རེད་ཁྱེད་མང་ཚིག་བེད་སྤྱོད་བྱས་དགོས་རེད་པ། ཨ་དགོངས་དག་ཀུ་རེ་ཡིན་ད།

  11. ཤེས་དགའ་ says:
    2014-08-20 at 4:42 pm

    འཕགས་པ་ཟེར་བའི་ཡིག་འབྲུ་གཉིས་ཅན་དེ་ཞེ་ཚིག་རེད་ཞུ་གི་མེད་དེ། ཡིན་ན་ཡང་དེ་ཞེ་ཚིག་མ་ཡིན་པའི་རྒྱུ་མཚན་ལ་དའི་ཕལ་ཚིག་མེད་པས་ཕྱིར་གསུངས་པ་དེ་མི་རིགས་ཏེ། ཡིག་གེ་དེས་བསྟན་བྱ་ཁྱད་པར་དུ་འཕགས་པ་ཆོས་དེ། ཕལ་པ་དང་དམ་པ་གཉིས་ཀ་ལ་ཆ་སྙོམ་དུ་ཡོད་པ་མ་ཡིན་པའི་ཕྱིར། དཔེར་ན་རྣམ་མཁྱེན་བཞིན།

  12. ཤེས་དགའ་ says:
    2014-08-20 at 4:50 pm

    ལག་པ་དང་རྐང་པ་ལྟ་བུ་ཆོག་དམན་ཀུན་ལ་ཡོད་པ་ཞིག་གཞིར་བཞག་ནས། དེ་ལྡོག་ཟླའི་ཕལ་ཚིག་མེད་པས་དེ་ཞེ་ཚིག་མ་ཡིན་པར་བསྒྲུབས་ནུས་པ་གོང་གི་སྐད་ཆ་དེའི་ཤུགས་ལ་གོ་ནུས། དེ་ལྟ་བའི་ཁྱད་ཆོས་སམ་ཡང་ན་ངོ་བོ་སོགས་སྟོན་པའི་ཚིག་དེ་ཞེ་ཚིག་ཡིན་མིན་དཔྱད་ན་དཔྱད་གཞི་རྒྱ་མི་ཆེ་བས་དེ་འདྲ་དགོས་པ་ཟེར་བ་འདི་རྨོངས་འཆར་རང་ཡིན།
    ཐུགས་རྗེ་ཆེ།

  13. ལ་དྭགས་བློ་བཟང་འཇམ་དཔལ་ says:
    2014-08-20 at 9:36 pm

    “ཧཧཧ་ང་ངོ་མ་བགད་མོ་ཤོར་སོང་།” ཁྱོད་ཁ་སྐད་གཙོ་བོར་འདོན་མཁན་ཞིག་དང་། སྐད་ཀྱི་འགྲོ་སྟངས་ལ་སྦྱངས་པ་དམན་པ་ཞིག་ཡིན་འདུག་པར་མད་དོ།

  14. བན་དེ་བ། says:
    2014-08-20 at 10:24 pm

    ཁྱེད་དང་ཁོང་མང་ཚིག་ཡིན་པར་བཀའ་འགྱུར་ནང་དུ་གསལ་ཡོད་དམ་དྲི་བ་ཡིན། བཀའ་འགྱུར་ནང་དུ་མ་གསལ་ན་བརྩི་དོན་ཡོད་པ་མ་རེད།

  15. ནག་ཆུ་ཀུན་དགའ says:
    2014-08-21 at 1:24 am

    གྲོགས་པོ་ལགས་དྭགས། ཁྱེད་ཀྱིས་ཁྱེད་ཟེར་བ་འདི་མང་ཚིག་ཡིན་པའི་རྒྱུ་མཚན་གཅིག་གསུངས་དང་། དེས་ན་སྐད་ཡིག་གི་འགྲོ་སྟངས་གོ་རྟོགས་ག་ཚོད་ཡོད་མེད་ཤེས་ཡོང་། ཞྭ་དཔེ་ལྷམ་འགེབས་མ་གནང་མ་གཏོགས་གསེར་སྐུ་རག་ལ་བསྒྱུར་ཡོང་།

  16. ལ་དྭགས་བློ་བཟང་འཇམ་དཔལ་ says:
    2014-08-21 at 6:13 am

    ནག་ཆུ་ཀུན་དགའ་མཆོག་ལ།
    ཁྱོད། ཅེས་པ་གྱུར་ནས། ཁྱེད། ཆགས་པ་དེ། མང་ཚིག་ཡིན་ཡིན་པའོ།
    ་
    བཀའ་འགྱུར་ན། ཚིག་དོན་གཉིས་ཀ་གསུངས་པ་ལས། བོད་ཀྱི་སྐད་ལུས་པ་ལ་ཚིག་དེ་གཙོ་ཆེ། ཚིག་དགོས་པ་ལ་བཀའ་འགྱུར་ན། འདི་ལྟར།

    ཁྱོད་ནི་སྡུག་བསྔལ་གྱིས་འཇིགས་ཤིང༌།
    ཁྱོད་ལ་སྡུག་བསྔལ་མི་སྡུག་ན།
    མངོན་སུམ་དག་གམ་ལྐོག་ཏུ་འང་རུང༌།
    སྡིག་པ་ཅན་གྱི་ལས་མི་བྱ།། ༣ །།

    ་ཞེས་སོ།

  17. ལ་དྭགས་བློ་བཟང་འཇམ་དཔལ་ says:
    2014-08-21 at 9:15 pm

    ཏིང་ངེ་འཛིན་རྒྱལ་པོའི་མདོ། ལམ་རིམ་ཆེན་མོར་ལུང་དྲངས་པ་ན།
    ་
    ཁྱེད་ལ་བསྒོ་ཞིང་ཁོང་དུ་ཆུད་པར་བྱ།
    ཞེས་དང་།
    དེ་བཞིན་དུ། ཁྱད་པར་འཕགས་སྟོད་ན།
    ་
    བདག་ནི་སྟོན་པ་གཞན་སྤངས་ནས།
    བཅོམ་ལྡན་ཁྱོད་ལ་བདག་སྐྱབས་མཆི།
    དེ་ཅིའི་སླད་དུ་ཞེ་ན་ཁྱོད།
    སྐྱོནམི་མངའ་ལ་ཡོན་ཏན་ལྡན།།

    ་
    ཞེས་སོགས་ཡོད།
    ་
    ཁོ་དང་། ཁོང་། ཞེས་པ་དེ་དག་གི་ཚབ་ཏུ། ལེགས་སྦྱར་སྐད། ཏད། ཞེས་པ་དངོས་པོ་ཀུན་ལ་འཇུག་པ་དེ་ཉིད། དེ། ཞེས་པར་བསྒྱུར་ནས། ཁོ་དང་། ཁོང་། ཞེས་པ་མ་མཐོང་རུང་། འོན་ཀྱང་། ཁོ་དང་། ཁོང་། ཞེས་པའི་མིང་ཚིག་འདི་ཉིད་སྟོད་མངའ་རིས་ནས། མདོ་སྨད་བར་དུ། བོད་རིགས་ཚང་མས། བཀོལ་བ་བོད་སྤྱི་སྐད་ཀྱི་མིང་ཚིག་ཏུ་ཆགས།
    དཔལ་བོན་གཞུང་དག་ན། ཁོ་དང་། ཁོང་། ཡོད་མེད་ཇི་ལྟར་ལགས། དྲི་བ་མཆིས་སོ།

  18. ཀརྡོ་གཉེར་ཕྱག་པ་ says:
    2014-08-22 at 3:57 am

    ཞེ་ས་མང་བས་ཆེ་བསྟོད་མང་། །
    ཆེ་བསྟོད་མང་བས་ཚིག་གྲངས་མང་། །
    ཚིག་གྲངས་མང་བས་ཚིག་རྙོག་མང་། །
    ཚིག་རྙོག་མང་བས་སྐད་སློབ་དཀའ། །

  19. ཀརྡོ་གཉེར་ཕྱག་པ་ says:
    2014-08-22 at 10:47 am

    ཁོང་ཕེབས་སོང་། ཁོང་ཐེགས་སོང་། ཁོང་ཐད་སོང་། འདི་གསུམ་ལས། གང་ཐད་ཤོས་སུ་འདུག་གམ། ལགས།

  20. གནམ says:
    2014-08-22 at 11:14 am

    ༼ཁོང་ཕེབས་སོང་། ཁོང་ཐེགས་སོང་། ༼ཁོང་ཐད་སོང་།༽ འདི་གསུམ་ལས། (གང་ཐད)་ཤོས་སུ་འདུག་གམ། ལགས།༽

    ཁོང་ཐལ་སོང་ཟེར་ནི་ཞིག་ཡོད་པ་རེད། དེ་མིན་པས། (ཁོང་ཐད་དང་གང་ཐད་)ཟེར་ནིའི་ཡིག་སྐད་ཞིག་དང་འདྲེ་སྐད་ཞིག་གནམ་སའི་བར་ན་གྲགས་པ་མ་ཡོད་དོ། གང་འཐད་ཤོས་ཟེར་བ་ཞིག་ཡོད་པ་རེད།
    ཀརྡོ་བ། གོ་ཨེ་ཐལ། དགོངས་དག། ཞེ་ས་བརྗད་བཞག། རྒན་ཀརྡོ་ལགས་གསན་བྱུང་ངམ། ཧ་ཧ་ཧ།

    ཕེབས་པ་ཡིན་ན་སྐྱལ་བསུ་བྱེད་ནི་ཡོད་པ་རེད།
    ཐེགས་པ་ཡིན་ན་ཞོན་ཡ་ཞོན་ནས་ཕྱིན་པ་རེད།
    ཐལ་བ་ཡིན་ན་ཕྱིན་པ་རང་རེད།

  21. གནམ says:
    2014-08-22 at 11:17 am

    བརྗེད། འགྲེང་བུ་ཞིག་ཆད་འདུག། ཉི་མ་ལྷ་ས། ང་འདི་འདི་འདྲ་ཞིག་རེད། ཐུགས་རྒྱལ་མ་ཕེབས།

  22. བློ་བཟང་རིག་འཛིན། says:
    2014-08-23 at 10:48 am

    དགའ་ཉག་འདི་མི་རིག་པ་སྤྱང་པོ་ཡོད་གདའ།

  23. ལ་དྭགས་བློ་བཟང་འཇམ་དཔལ་ says:
    2014-08-23 at 10:55 pm

    “དཔལ་བོན་གཞུང་དག་ན། ཁོ་དང་། ཁོང་། ཡོད་མེད་ཇི་ལྟར་ལགས། དྲི་བ་མཆིས་སོ།”
    འདི་ལ་ད་བར་དུ། ལན་གསལ་ཞིག་མ་འབྱོར། རྒྱ་གར་ནས་བསྒྱུར་པའི་གཞུང་དང་། དེ་དག་ལ་འཕྲོས་པའི་བོད་ཀྱི་རིག་གཞུང་དག་ན། ཕལ་ཆེར་མེད་པ་ལྟར་བོད་གཞུང་ལ་ཡང་དེ་ལྟར་གཅིག་པ་ཡིན་ནམ། ཞེས་སོ།

  24. ལ་དྭགས་བློ་བཟང་འཇམ་དཔལ་ says:
    2014-08-24 at 8:50 am

    “ཕལ་ཆེར་མེད་པ་ལྟར་བོད་གཞུང་ལ་ཡང་དེ་ལྟར་གཅིག་པ་ཡིན་ནམ།” ཞེས་པ་འདི་ཉིད། ཕལ་ཆེར་མེད་པ་ལྟར་བོན་གཞུང་ལ་ཡང་དེ་ལྟར་གཅིག་པ་ཡིན་ནམ། ཞེས་བཅོས་སོ། ན་རྗེས་འཇུག་དེ་ཉིད་སེམས་མཉམ་པར་མ་བཞག་པས། རྗེས་འཇུག་ད་བྲིས་པ་ཤོར་འདུག དེ་ལྟོར་ནོར་པ་ལ་དགོངས་དག

  25. གསེར་ས་ལེ་སྦྲམ། says:
    2014-08-24 at 1:39 pm

    ལ་དྭགས་བློ་བཟང་འཇམ་དཔལ་ལགས། ཁོ་དང་ཁོང་ཞེས་པའི་མིང་བརྡ་འདི་གཉིས་བོན་གཞུང་དང་བོད་གཞུང་དག་ན་མང་དུ་མཆིས། ལག་ཐོགས་དགོས་པ་མི་འདུག རྒྱ་གཞུང་དག་ནའང་༼ཁོ་བོ་༽ཞེས་པ་ལྟ་བུའི་མིང་ཚིག་དེ་བས་ཀྱང་མང་། ཉིད་ཀྱིས་གཞུང་ཆེན་ཁག་ལ་ཞིབ་གཟིགས་མཛོད།

  26. ལ་དྭགས་བློ་བཟང་འཇམ་དཔལ་ says:
    2014-08-25 at 7:27 am

    གསེར་ས་ལེ་སྦྲམ་མཆོག་ལ།
    ཁོ་བོ་དང་། ཁོ་བོ་ཆག་ཅེས་པ་བདག་གི་བློ་ལ་ཡོད། འོན་ཀྱང་། སྐབས་འདིར། ང་། ཁྱོད། ཁོ། ཞེས་པའི་གང་ཟག་གསུམ་པ་ལ་འཇུག་པའི་ཁོ། གཞུང་ལུགས་ཀྱི་དཔེ་ཆ་དག་ན། ཡོད་མེད་ལ་བརྩད་གཅོད་བྱེད།
    ཁོ་བོའི་བློ་ལ་ཡོད་པ་ནི།
    དཔལ་ལྡན་ཟླ་བ་གྲགས་པས། ཁོ་བོ་ཅག་ནི་སྨྱོན་པ་དང་ལྷན་ཅིག་གཏམ་མི་བྱེད། ཅེས་སོགས་ཁོ་བོ་ཅག། མིང་ཚིག་མང་དུ་གསུངས།
    འབྲོམ་སྟོན་པས། ཇོ་བོ་རྗེས་གསུངས་པ་བཀོད་པ།
    ཁོ་བོ་འདི་ནས་དགའ་ལྡན་གནས་སུ་འགྲོ།
    འདི་དག་སྐྱེས་བུ་དང་པོ་ལ་གོ སྐྱེས་བུ་གསུམ་པ་ལ་གོ་བ་ཞིག་ཡོད་ན། འབྲི་གྲོགས་མཛོད།

  27. གསེར་ས་ལེ་སྦྲམ། says:
    2014-08-25 at 11:24 am

    ལ་དྭགས་བློ་བཟང་འཇམ་དཔལ་ལགས། སྐུ་ཉིད་ཀྱིས་༼ཁོ༽༼ཁོང༽ཞེས་པའི་མིང་ཚིག་འདི་གཉིས་རྒྱ་གར་ནས་བསྒྱུར་བའི་རིག་གཞུང་དག་ན་མེད་པ་ལྟར་བོན་གྱི་གཞུང་ལུགས་དག་ནའང་མེད་པ་གཅིག་པ་ཡིན་ནམ་ཞེས་དྲིས་པའི་ལན་དུ་ཁོ་བོས་བན་བོན་གཉིས་ཀའི་གཞུང་ལུགས་དག་ན་མེད་པ་མིན་པར་ད་དུང་མང་དུ་བྲིས་གནང་འདུག་ཅེས་ལབ་པ་ཡིན། དེ་ཡང་(ཁོ)དང་(ཁོང་)ཞེས་པའི་མིང་བརྡ་འདི་གཉིས་བོན་གྱི་དཔེ་རྙིང་ཁག་ན་ཡོད་པར་མ་ཟད་བོད་ཀྱི་དེབ་ཐེར་རྙིང་བ་རྣམས་སུའང་མང་དུ་འདུག
    (ཁོང་)ཞེས་པ་ཡོད་པ་ནི་སྨྲོས་མ་དགོས་ལ། ༼ཁོ༽ཞེས་པའི་མིང་བརྡ་འདི་ཡང་བོན་གྱི་དཔེ་རྙིང་དང་བོད་ཀྱི་རྒྱལ་རབས་དེབ་ཐེར་དག་ན་བེད་སྤྱོད་མང་དུ་བཏང་ཡོད་པ་ནི། དཔེར་ན། བོན་སྲིད་པ་རྒྱུད་ཀྱི་ཁ་བྱང་ལས། ཁོ་ལ་འདོད་རྫས་ཤ་ཁྲག་བྱིན་པས། སྔར་གྱི་བྲག་ཕུག་ནང་དུ་བསྐྱལ། ཞེས་དང་། ཁོ་རང་བོང་བུ་ཞིག་ཏུ་བརྫུས་ནས་རི་ལ་བྲོས། ཞེས་དང་། ཁོ་བདག་གི་མི་རབས་དང་། འབངས་ཀྱི་མཆེད་རབས་དང་། ཞེས་སོགས་མང་དུ་མཆིས།
    ཡང་། བཀའ་ཆེམས་ཀ་ཁོལ་མ་ལས། ཟངས་འབྲུ་མར་གྱིས་བཀང་བའི་ནང་དུ་བཙོས་པས། ཁོ་མ་ཤི་བར་ཟངས་ཀྱི་ནང་ནས་མེ་ཏོག་པད་མའི་སྡོང་བོ་ཅིག་སྐྱེས། ཞེས་དང་། བདེན་ན་ང་བས་ཁོ་བཟང་བར་འདུག ངས་ཁོའི་བློན་པོ་ལ་ཅི་སྐད་དུ་བྱས་པའི་ལན། ཁོའི་སྒྲོམ་བུས་ཐེབས་ཀྱིན་འདུག་སྙམ་ནས། ཞེས་སོགས་མང་དུ་འདུག་པས། (ཁོ)ཞེས་པའི་མིང་བརྡ་འདི་བོད་ཀྱི་རིག་གཞུང་ནང་མེད་པར་འདོད་ན་ནི་ནམ་པ་ཐམས་ཅད་དུ་འཐད་པ་མ་ཡིན་པ་འདིས་ཤེས་སོ།།

  28. ལ་དྭགས་བློ་བཟང་འཇམ་དཔལ་ says:
    2014-08-26 at 9:53 pm

    གསེར་ས་ལེ་སྦྲམ་མཆོག
    འཚོ་སྒྲུབ་དང་གསལ་བཤད་པར་བཀའ་དྲིན་ཆེ། འདི་འདྲ་རང་རེ་ལ་དགོས།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme