Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

སྐུ་ངོ་ཨ་ཏི་ཤཱས་གཞུང་དང་མི་དམངས་ཁ་ཁ་ཡིན་ཟེར།

Posted on 2009-04-162009-04-16 By tenzin 19 Comments on སྐུ་ངོ་ཨ་ཏི་ཤཱས་གཞུང་དང་མི་དམངས་ཁ་ཁ་ཡིན་ཟེར།

འདོན་སྤེལ། ༢༠༠༩/༠༤/༡༦   བོད་ཀྱི་དུས་བབ་ནས་བླངས།
ཨོ་གླིང་ལྷོ་མ་ནས། བཀྲ་ཤིས་རྒྱ་མཚོས།

ད་ལོ་༢༠༠༩ ལོ་འདི་ང་ཚོ་བཙན་བྱོལ་བ་ཆགས་ནས་ལོ་འཁོར་ ༥༠ ལོན་པའི་ལོ་ཞིག་ཡིན་ལ། རྒྱ་ནག་གིས་བོད་ཧམ་བཟུང་བྱས་ནས་མི་ལོ་ལྔ་བཅུ་འཁོར་ཡོད་པས་ཁོ་ཚོར་མཚོན་ན་དུས་ཆེན་སྲུང་བརྩི་བྱེད་དགོས་པ་ཞིག་ཆགས་ཡོད་རུང་། ང་ཚོའི་ངོས་ནས་བཤད་ན་བོད་ཡུལ་འདི་དམྱལ་ཁམས་ལྟ་བུར་བསྒྱུར་ནས་མི་ལོ་ལྔ་བཅུ་འཁོར་ཡོད་པས་འཛམ་གླིང་ཤར་ནུབ་གང་ས་ནས་བོད་མི་ཡོད་དོ་ཅོག་གིས་རྒྱ་ནག་གཞུང་ལ་སྔོན་དང་མི་འདྲ་བའི་ངོ་རྒོལ་དང་སྐད་འབོད་བྱེད་འགོ་ཚུགས་ཡོད། དེར་བརྟེན་ད་ལོ་གསུམ་བཅུའི་དུས་དྲན་གྱི་ཉིན་མོར་ཨོ་སི་ཊོ་ལི་ཡའི་ནང་གཏན་སྡོད་བྱས་ཡོད་པའི་བོད་མི་ཡོངས་རྫོགས་ཕྱོགས་མཐའ་ཁག་ནས་ཨོ་སི་ཊིར་ལེ་ཡའི་རྒྱལ་ས་ ཁེམ་བྷུ་རའི་རྒྱ་ནག་གཞུང་ཚབ་ཁང་གི་མདུན་དུ་འདུ་འཛོམས་ཀྱིས་རྟ་གོན་བྱས་ཡོད་ལ། ས་གནས་ཁག་ནས་བོད་རིགས་ཚོགས་པ་ཁག་དང་བོད་དོན་རྒྱབ་སྐྱོར་བ་དང་མི་དམངས་མང་པོ་ཕེབས་འདུག བློ་ཡུལ་ལས་འདས་པ་ཞིག་ལ་རང་གཞུང་སྐུ་ཚབ་དོན་གཅོད་ཁང་གི་སྐུ་ངོ་ཨ་ཏི་ཤཱ་དང་དྲུང་ཆེ་སོགས་ལས་བྱེད་གཅིག་ཀྱང་ཕེབས་མི་འདུག་པ་མ་ཟད། ༧གོང་ས་མཆོག་གི་གསུམ་བཅུའི་དུས་དྲན་གྱི་ གསུང་འཕྲིན་དང་བོད་གཞུང་བཀའ་ཤག་གི་གསུང་འཕྲིན་སྒྲོགས་སྦྱང་བྱེད་མཁན་ཀྱང་མི་འདུག་པས་ཅི་ཡིན་གང་ཡིན་གྱི་དྲི་རྟགས་མང་པོ་ཞིག་ངང་གིས་སླེབས། ཉིན་འདི་དག་གི་རིང་ལ་རྒྱ་ནག་གཞུང་གིས་བོད་ནང་དུ་ཚ་ཚ་འུར་འུར་གྱིས་དྲག་གནོན་བྱེད་ཀྱིན་ཡོད་ལ། རང་གཞུང་དོན་གཅོད་ཁང་གིས་ཀྱང་འདི་ལྟར་རྒྱ་གཞུང་ལ་རྒྱབ་སྐྱོར་གྱི་ཚུལ་དུ་ཁ་བཙུམ་ཁུ་སིམ་པའི་ངང་བསྡད་ན་ག་ལ་འགྲིག སྐབས་དེར་ངས་གཡས་གཡོན་གྱི་མི་ཁ་ཤས་ལ་ད་ལོ་༧གོང་ས་མཆོག་གིས་གསུམ་བཅུ་དུས་དྲན་གྱི་གསུང་འཕྲིན་མ་གནང་བ་ཡིན་ནམ་ཞེས་དྲིས་དུས། ཁོང་ཚོས་ཀྱང་ཧང་སངས་བའི་རྣམ་འགྱུར་བསྟན་ཏེ་རྒྱུ་མཚན་བཤད་རྒྱུ་སུ་ལའང་མི་འདུག་པ་མ་ཟད། ད་དུང་ཁ་ཤས་ཀྱིས་ཀུ་རེའི་ཚུལ་དུ་སྐུ་ངོས་རྒྱ་ནག་དོན་གཅོད་ཁང་དུ་གསོལ་ཚིགས་བཞེས་ཀྱི་ཡོད་ས་རེད། མཐོང་ཡ་མི་འདུག་སོགས་ཡིད་མ་ཚིམ་པའི་གླེང་སློང་མང་པོ་འདུག་ཀྱང་འདི་རུ་བྲིས་ན་དགེ་མཚན་མི་འདུག་སྙམ།

ཉེ་ཆར་སྤྱི་ཟླ་ ༤ པའི་ཚེས་ ༡༡ ནས་ ༡༣ བར་ཨོ་སི་ཊོ་ལི་ཡ་དང་ནེའུ་ཛི་ལན་ཌི་གཉིས་མཉམ་དུ་ལོ་འཁོར་ཚོགས་ཆེན་ཞིག་འཚོགས་ཏེ་གྲོས་ཆོད་རྫིག་ཐག་ཆོད་རེ་འཇོག་པ་ནི་རང་རེའི་བཙན་བྱོལ་ནང་གི་ཚོགས་འདུ་ཆེ་འབྲིང་ཆུང་གསུམ་གང་ཡིན་རུང་གཤིས་སུ་གྲུབ་ཡོད། འོན་ཀྱང་ཉིན་མཐའ་མའི་ཉིན་ཏེ་ཕྱི་ཚེས་ ༡༣ ཉིན་གྱི་སྔ་དྲོ་དོན་གཅོད་དྲུང་ཆེ་ཡིས་མི་མང་ལ་ཡིག་ཆ་ཞིག་འགྲེམ་གྱིན་འདུག་སྐབས་ངའི་ལག་ཏུ་ཡང་གཅིག་རེག་སོང་ལ། ཅིག་བལྟས་དུས་དེ་ནི་༧གོང་ས་མཆོག་གིས་ད་ལོའི་གསུམ་བཅུའི་དུས་དྲན་ལ་བསྩལ་བའི་གསུང་འཕྲིན་རེད་འདུག བྱེད་སྟངས་འདིར་དགོད་ཡང་བྲོ་ལ་ངུ་ཡང་བྲོ་བའི་གནས་སུ་གྱུར། རྒྱུ་མཚན་ནི་ཟླ་བ་གཅིག་དང་ཉི་མ་གསུམ་གྱི་རྗེས་སུ་གཞི་ནས་མི་མང་ལ་༧་གོང་ས་མཆོག་གི་གསུང་འཕྲིན་འདི་བཀྲམས་ན་ཆེས་ཐབས་སྐྱོ་བ་ལ་བསམ་པའི་དབུགས་རིང་ཞིག་ངང་གིས་ཤོར། དེར་བརྟེན་ང་སྐུ་ངོ་དོན་གཅོད་ཨ་ཏི་ཤཱ་ལགས་ཀྱི་དྲུང་དུ་ཕྱིན་ཏེ། ད་ལོའི་གསུམ་བཅུའི་དུས་དྲན་སྐབས་སུ་སྐུ་ངོ་སོགས་མ་ཕེབས་པ་དང་༧གོང་ས་མཆོག་དང་བཀའ་ཤག་གི་གསུང་འཕྲིན་དེ་མི་མང་ལ་སྒྲོགས་སྦྱང་མ་བྱས་བའི་རྒྱུ་མཚན་གསལ་བཤད་ཅིག་གནང་དགོས་ཚུལ་ཞུས་དུས་ཁོང་གིས། ༧གོང་ས་མཆོག་དང་བཀའ་ཤག་གི་གསུང་འཕྲིན་དུས་ཐོག་ཏུ་འབྱོར་གྱིན་མེད་པས་ལོ་སྔོན་མ་དང་། ད་ལོ། མ་འོངས་བ་ཡིན་ན་ཡང་དེ་ལྟར་རེད། མི་དམངས་ལ་སྒྲོགས་སྦྱང་བྱེད་ཐུབ་གི་མ་རེད་ཟེར། རྒྱུ་མཚན་ནི་རྡ་རམ་ས་ལ་ནས་སྔ་དྲོའི་ཆུ་ཚོད་དགུ་བའི་སྔོན་ལ་གསུམ་བཅུའི་གསུང་འཕྲིན་བཀྲམ་གྱིན་མེད་པས་འདི་རུ་ཉིན་རྒྱབ་ལ་འཁེལ་ཡོད་སྟབས་ཡོངས་མི་སྲིད་པ་ཞིག་རེད་གསུངས་སོང་ལ། ད་དུང་ཁོས་མུ་མཐུད་དུ་བཤད་རྒྱུར་ཁོ་རང་ཉིད་དུས་དྲན་སྲུང་བརྩི་བྱེད་སར་མ་ཡོང་བ་ནི་ཁོ་བ་གཞུང་གི་མི་ཞིག་ཡིན་པའི་ཆ་ནས་གཞུང་དང་མི་དམངས་ཁ་ཁ་ཡིན་པས་མི་དམངས་ཡར་ལངས་ཀྱི་ཉིན་མོ་ཁོ་བ་ཡོང་རུང་རྒྱུ་མཚན་མི་འདུག་གསུངས་སོང་ལ། ཡང་ཁོས་ང་རང་ཉིན་དེར་བཅར་མ་ཐུབ་པས་མི་མང་ལ་དགོངས་དག་ཞུ་ཞེས་ཀྱང་གསུང་སོང་།

ང་རང་སྔོན་མ་རྒྱ་གར་ནང་དུ་མི་ལོ་བཅོ་ལྔའི་རིང་མི་ཚེ་བསྐྱལ་ཡོད་ལ་མང་ཆེ་བ་ལྷོ་ཕྱོགས་གཞིས་ཆགས་ཁག་ཏུ་བསྡད་པ་ཡིན་པས་དེའི་སྐབས་སུ་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན་ཉིན་གཅིག་གི་སྔོན་ལ་སླེབས་ཀྱི་ཡོད་བསམ་སོང་། རྗེས་སུ་འགྱུར་བ་ཐེབས་ཡོད་ན་མི་ཤེས་མོད་གང་ལྟར་སེང་གེ་མེད་ས་ནས་ཁྱི་ངན་སྟག་གི་ལོག་ཞེས་བའི་དཔེ་ལྟར་ང་རྒྱལ་གྱིས་རང་ཚུགས་མ་ཟིན་ན་གྱོང་གུད་བོད་གཞུང་དམངས་གཉིས་ལ་ཐེབ་རྒྱུ་ལས་གཞན་སུ་གཅིག་ཀྱང་མེད།།

གསར་འགྱུར།, དཔྱད་རྩོམ།

Post navigation

Previous Post: ལང་ཚོའི་རྦབ་ཆུའི་བླ་རྡོལ་དང་དུག
Next Post: རྒྱ་མིའི་རྒྱུག་ཁྱིར་གྱུར་བའི་བལ་གཞུང་ལ་ཐུགས་རྗེ་ལན་པོར་ཞུ་དགོས་དོན་ཅི།

Comments (19) on “སྐུ་ངོ་ཨ་ཏི་ཤཱས་གཞུང་དང་མི་དམངས་ཁ་ཁ་ཡིན་ཟེར།”

  1. Gedun says:
    2009-04-16 at 5:08 pm

    ངས་རྩོམ་འདི་དུས་བབ་ནས་མཐོང་བྱུང་

  2. བསམ་ཤེས། says:
    2009-04-16 at 7:03 pm

    དགེ་འདུན་ལགས། ཁྱེད་ཀྱིས་འདི་མཐོང་ཡོད་ན། ད་འདིའི་སྟེང་ལ་བསམ་ཚུལ་ཞིག་གསུངས་དང་། ཁྱེད་རང་ཟམ་སྟོང་རིན་པོ་ཆེའི་གནས་ཚུལ་ལེགས་པོ་ཤེས་ཀྱི་རེད། ཁོང་རྒྱུད་མངའ་ལེགས་པོ་ཡོད་ཙང་། ཁྱེད་ཀྱི་བྱས་ན། གཞུང་དང་མི་དམངས་ཀྱི་ལས་འགུལ་ཁ་ཁག་འབྱེད་པའི་སྲིད་ཇུས་འདི་ལ་ལྟ་བ་འདྲ་ཨེ་ཡོད།

    ངས་བལྟས་ན། རྒྱ་ཕྱོགས་ནས་གཞུང་གིས་འགོ་ཁྲིད་ནས་མང་ཚོགས་ཀྱི་ལས་འགུལ་ལ་སྟངས་འཛིན་བྱེད་ཀྱི་ཡོད། ང་ཚོས་དེ་ལྟར་མ་བྱས་ན། འགྱོང་ཏོག་ཙམ་རག་གི་མིན་འདུག་གམ། དཔེར་ན། རྒྱ་ནག་གིས་ཨ་རིའི་རྒྱ་མི་རྣམས་ལ་སྒོར་༥༠རེ་སྤྲད་ནས་ཧོ་ཅིན་ཐའོ་སོགས་ལ་སྣེ་ལེན་དང་བོད་པའི་ངོ་རྒོལ་བ་ཚོ་ལ་ཁ་གཏད་བཅག་གི་ཡོད། ང་ཚོའི་གཞུང་གིས་ལྟ་མོ་བལྟས་ནས་ཞུགས་གི་འདུག དེ་ལ་ང་འཚོར་སྣང་ཁྱད་ཚར་ཞིག་སླེབས་ཀྱི་འདུག

  3. ཉི་འོད says:
    2009-04-16 at 7:54 pm

    ང་ཚོས་ད་བར་གཞུང་དམངས་སོགས་བཤད་དེ་ཁ་ཁ་སོ་སོ་མང་པོ་ཞིག་ཕྱེས་པས་གྲུབ་འབྲས་མ་ཐོན་པ་དང་མ་འོངས་པར་ད་དུང་མུ་མཐུད་འདི་ལྟར་བསྐྱོད་ན་རྒྱ་གཞུང་ལ་བོད་དོན་ཐོག་དོ་སྣང་གི་ཚོར་བ་སྐྱུར་མོ་ཞིག་འབྱུང་ཐུབ་རྒྱུ་ཤིན་ཏུ་དཀའ།

  4. ཚེ་རིང་བཀྲ་ཤིས། says:
    2009-04-17 at 3:35 am

    བཀྲ་ཤིས་བདེ་ལེགས།

  5. ལྷོ་མཐའི་ཕུག་རོན། says:
    2009-04-17 at 4:44 am

    བདག་གི་གནས་ཚུལ་དེ་ད་ལྟ་རང་ཐོས་པ་ཡིན་ལ་གནས་ཚུལ་དེའི་རིགས་ལ་ང་ཚོ་མགོ་ནག་བོད་པ་ཚང་ལ་མང་བོ་ཡོང་གི་ཡོད་པས་ཚར་བ་ནི་ཚར་བ་རང་ཡིན་དུས་རྗེས་ཕྱོགས་དེ་དག་གི་རིགས་ལ་དོག་ཟོན་བྱེད་རོགས་ཞུ།་་་་་་་ཡིད་སྐྱོ་དགོས་པ་ཞིག་ལ་གཞུང་འཛིན་མི་སྣའི་གྲབ་ན་དེ་འདྲ་ཡོད་ན་དོལ་རྒྱལ་ཚོགས་པ་ཅི་ཁག་་་་་་མ་རེད་དམ་བདག་གི་དྲ་གྲོགས་ཚོ

  6. Lobsang Wangden says:
    2009-04-17 at 10:21 am

    གཞུང་དང་མི་དམངས་ཁ་ཁ་ཡིན་ཞེས་པའི་དོན་དག་ཅི་རེད། ཁག་ཁག་ཅེས་པའི་དོན་དག་ཡིན་འགྲོ། དེ་ཡིན་ན་ཚིག་ནོར་དེ་དུས་བབ་དང་ཁ་བརྡ་གཉིས་ཀའི་ནང་ནོར་མར་བཀོད་པ་དེ་ཤིན་ཏུ་ནས་སེམས་སྐྱོ་དགོས་པའི་གནས་ཚུལ་ཞིག་མ་རེད་དམ།

  7. ཉི་འོད says:
    2009-04-17 at 12:04 pm

    གྲོགས་པོ་བློ་བཟང་དབང་ལྡན་ལགས། གཞུང་དང་མི་དམངས་ཁ་ཁ་རེད་ཟེར་བ་དང་གཞུང་དང་མི་དམངས་ཁག་ཁག་རེད་ཅེས་པ་གཉིས་ཀྱི་དོན་དག་གཅིག་པ་གཅིག་རྐྱང་རེད། དེས་ན་དུས་བབ་དང་ཁ་བརྡའི་ནང་ནོར་མར་བཀོད་དེ་ཤིན་ཏུ་ནས་ཡིད་སེམས་སྐྱོ་དགོས་པའི་གནས་ཚུལ་ཞིག་མ་ཡིན་པར་དེ་ནི་ཁྱོད་རང་ཉིད་ཀྱི་གོ་བ་ཞེན་པའི་ཡིད་སྐྱོའི་གནས་ཚུལ་ཞིག་རེད། གལ་ཏེ་ཁྱེད་ཉིད་ཐུགས་ཡིད་མ་ཆེས་ན་ཁ་ཁ་དང་ཁག་ཁག་ཅེས་པའི་ཐད་ཚིག་མཛོད་དུ་ཞིབ་པར་གཟིགས་རོགས་མཛོད།

  8. Lobsang Wangden says:
    2009-04-17 at 12:30 pm

    ཚིག་མཛོད་ནང་ལ་ཡོད་སྲིད། ཚིག་མཛོད་ནང་ཡོད་པ་དེ་ཚོ་དག་མ་ཡིན་པའི་ངེས་པ་མེད་པ་གཟུར་གནས་ཚོས་མཁྱེན་གསལ་ལྟར་ལགས། མཁས་པའི་མིང་ཡོད་པ་ཞིག་གིས་དག་ཆ་ནོར་བ་ཞིག་བྲིས་ན། དེ་འབྲི་ཚུལ་གཞན་ཆགས་འགྲོ་བ་ཆོས་ཉིད་རེད་འདུག སྤྱིར་ཁ་ཁ་ཞེས་པ་ནི་ཅང་མི་སྨྲ་བའི་དོན་ཡིན་སྟབས། ཁག་ཁག་གི་དོན་དང་འདི་གཉིས་ལོགས་སུ་འཇོག་ན་ལེགས་སེམས། ཉི་འོད་ནས་དགག་གཞག་གནང་བར་ཐུགས་རྗེ་ཆེ།

  9. སྲོག་བདག says:
    2009-04-17 at 2:08 pm

    ཨ་ཙི།   སྐུ་ངོ་འདི་སྨྱོས་པ་ཡིན་ནམ།   ༡༩༥༩  ནས་ད་བར་སུམ་བཅུའི་དུས་དྲན་འདི་གཞུང་འབྲེལ་ལས་འགུལ་གཙོ་བོ་ཞིག་ཡིན་པ་མ་ཟད།   དེའི་ཐོག་༧གོང་ས་མཆོག་ཀྱང་ཕེབས་ཀྱི་ཡོད་ལ།   དེར་དམིགས་བསལ་གྱི་བཀའ་སློབ་ཀྱང་གནང་གི་ཡོད་པ་སྐུ་ངོ་འདིས་མ་མཐོང་མ་ཐོས་པ་ཡ་མཚན།   སྤྱིར་བཏང་གཞུང་དང་མི་དམངས་ཁ་ཁ་ལོས་ཡིན་མོད།    བོད་དོན་འཐབ་རྩོད་འདི་བོད་གཞུང་དམངས་གཉིས་ཀྱི་བཟུར་ཐབས་མེད་པའི་ལས་འགན་ཞིག་ཡིན་པས།   གལ་ཆེའི་དུས་དྲན་འདི་གཞུང་དང་འབྲེལ་མི་སྣས་དོར་བ་ཡིན་ན།   བོད་གཞུང་དང་འབྲེལ་ཡོད་ལས་བྱེད་ཚོས་ད་ལས་ཀ་ཅི་ཞིག་བྱེད་རྩིོས་ཡོད་དམ།   གལ་ཏེ་སྐུ་ངོ་ཁོ་རང་སྒེར་ངོས་ནས་སུམ་ཅུའི་དུས་དྲན་ལ་མ་ཞུགས་ན་རང་དབང་ཡིན་མོད།   དོན་གཅོད་སྐུ་ངོའི་མིང་ཐོག་ནས་ལས་ཀ་འདི་འདྲ་བྱས་པ་ཡིན་ན་ཤིན་ཏུ་མི་འོས་པས།   འདི་ལ་བོད་མི་སྤྱི་བོ་གནམ་བསྟན་ཡོངས་ཀྱིས་དོ་སྣང་བྱེད་རྒྱུ་གལ་ཆེ།

  10. ཉི་འོད says:
    2009-04-17 at 2:58 pm

    གྲོགས་པོ་བློ་ལྡན་ལགས། ད་ལྟ་ང་ཚོས་དག་ཡིག་གི་གཞི་འཛིན་ས་གཙོ་བོ་ཚིག་མཛོད་ཁག་ལ་བྱེད་དགོས་པ་ལས་གཞན་དག་མ་དག་གི་ས་མཚམས་འཇོག་དཀའ། སྐབས་འགར་དག་ཡིག་གི་འགྲོས་དང་ཡུལ་སྐད་མི་མཐུན་པ་བྱུང་ཚེ་བརྡ་སྤྲོད་ཀྱི་གཞུང་ངམ་ཚིག་མཛོད་དང་བསྟུན་པ་ལས་ཐབས་མེད། དེ་ནི་ལུང་ཚན་སོ་སོའི་སྐད་གདངས་མི་འདྲ་བས་ཡུལ་སྐད་ལ་གཞི་འཛིན་ས་གཅིག་གྱུར་ཞིག་ཡོང་དཀའ། དཔེར་ན་ཁ་ཁ་དང་ཁག་ཁག་ལ་མཚོན་ན། ཁྱོད་དང་ཁྱེད་ཀྱི་ལུང་པར་གཞུང་དམངས་ཁག་ཁག་རེད་ཅེས་བརྗོད་བདེ་བ་ཡིན་སྲིད་ཀྱང་ང་ཚོའི་ལུང་པར་གཞུང་དམངས་ཁ་ཁ་ཞེས་བརྗོད་པ་ལས་གཞུང་དམངས་ཁག་ཁག་ཅེས་གཏན་ནས་མི་བརྗོད། སྤྱིར་བོད་ཀྱི་ཁ་སྐད་དང་ཡིག་སྐད་གཉིས་ལ་ཁྱད་པར་ཆེན་པོ་ཡོད་པས་དེ་གཉིས་གཅིག་གྱུར་ཡོང་བར་དུས་ཚོད་གང་འཚམས་འགོར་སྲིད། རྒྱུ་མཚན་གང་ལ་ཞེ་ན་ད་ལྟ་བོད་སྐད་ལ་གཅིག་གྱུར་སྤྱི་སྐད་ཀྱི་ནུས་པ་རྒྱས་ཐུབ་མེད།
    ཚིག་གཅིག་དོན་མང་ལ་འཇུག་པ་ནི་ཧ་ཅང་མང་བས་ཚིག་སྒྲུབ་སྔ་ཕྱི་ལ་བལྟས་ཏེ་གོ་བ་ལེན་རྒྱུ་ལས་མིང་དོན་རེ་རེ་ཐོད་གཏུགས་བྱས་ཏེ་དབྱེ་མཚམས་འབྱེད་ཐབས་ཡོང་མི་སྲིད་པ་ཞིག་ཡིན།
    འོན་ཀྱང་ཁྱེད་ཀྱིས་དགོངས་ཚུལ་སྟོན་པར་ངས་དགའ་བསུ་ཞུ།

  11. གངས་ཕྲུག་རྨས་མ། says:
    2009-04-19 at 8:43 am

    ཨོ་སུཁྲོའུ་ལེ་ཡར་ལྟས་ན་བལ་ཡུལ་ས་གནས་ཚོགས་གཙོ་ཡག་པོ་ཡོད་པ་འདྲ། དང་བླངས་ན་གཞོན་ཚོས་རྒྱུན་ཆད་མེད་པར་ངོ་རྒོལ་སྐད་འབོད་བྱས་སྐབས། སྐུ་ངོ་ཚོས་ཀྱང་ངལ་བ་འཛེམ་མེད་ཀྱིས་མཆོད་རྟེན་དང་འཕགས་ཤིང་ས་ཁུལ་གྱི་ལས་མེད་སྤོ་རྨོ་ཚོ་བསྡུས་ཤིང་ཞབས་རིམ་མང་པོ་བསྒྲུབས་སོང་ད།

  12. བློ་བཟང་ལུང་རྟོགས says:
    2009-04-23 at 2:53 am

    སྐུ་ངོ་ཨ་ཏི་ཤ་ལ་དེ་འདྲའི་ཐབས་སྡུག་ཅིག་ཨེ་ཡིན།

    ཨོ་སི་ཀྲི་ལི་ཡ་ནས།
    བློ་བཟང་ལུང་རྟོགས།

    དེང་སང་གི་སྨྱུག་ཐོགས་པ་ཚོར་ཡིད་ལ་གང་དྲན་ཡིག་ཐོག་ཏུ་ཕབ་རྗེས་སོ་སོས་འགན་ལེན་མི་བྱེད་པའི་གོམས་གཤིས་ཡོད་པ་འདྲ། བོད་ཀྱི་དུས་བབ་དང་དྲ་རྒྱའི་ནང་སྐུ་ངོ་ཨ་ཏི་ཤ་ལ་སྐྱོན་བརྗོད་ཀྱི་བསམ་ཚུལ་མང་པོ་ཅིག་སྤེལ་འདུག་པར་ཞིབ་ཏུ་ཀློག་དུས་བཀྲ་ཤིས་རྒྱ་མཚོ་ཞུ་བ་ཞིག་གི་རྩོམ་ཡིག་ལ་གཞིར་བཅོལ་འདུག ངའི་གོ་ཚོད་ལ་བཀྲ་ཤིས་རྒྱ་མཚོ་ཞུ་བ་དེ་གནས་འདིར་ཕེབས་ནས་ཟླ་ངོ་ཁ་ཤས་ལས་ཕྱིན་མེད་པས་ས་གནས་ཀྱི་གནས་ཚུལ་རྒྱུས་ལོན་མེད་པ་དང་། ཁོང་གིས་བྲིས་པའི་གནས་ཚུལ་རྣམས་ཆ་ཚང་ཞིག་མིན་པ་སོགས་ལ་བརྟེན་ནས་ངས་འདིར་གསལ་བཤད་ཞུ་འདོད་བྱུང་།
    སྐུ་ངོས་རྡ་སར་གཞུང་འབྲེལ་མཛད་སྒོ་མ་ཚུགས་སྔོན་ནམ་༧གོང་ས་མཆོག་ནས་གསུང་བཤད་སྒྲོག་སྦྱངས་མ་བྱས་སྔོན་ས་གནས་འདིར་༧གོང་ས་མཆོག་གི་གསུང་བཤད་སྒྲོག་སྦྱངས་བྱེད་པ་དེ་འོས་འཚམས་ཤིག་མ་རེད་གསུང་བ་མ་གཏོགས་༧གོང་ས་མཆོག་གི་གསུང་འཕྲིན་འབྱོར་མེད་གསུང་མི་འདུག
    གཞུང་དང་མི་མང་ཁ་ཁ་རེད་ཟེར་དེ་ཡང་ཚིག་རྡོག་རྡོག་དེ་འདྲ་ཞིག་གསུང་མ་སོང་ལ། ཁོང་ནས་མི་མང་གི་ལས་འགུལ་སྤེལ་ས་ཚང་མར་གཞུང་འབྲེལ་མི་སྣ་སླེབས་དགོས་དང་མི་དགོས་སྐོར་ལ་གསུང་བ་ཙམ་རེད།

    ང་རང་ཨོ་སི་ཀྲི་ལི་ཡར་ཡོང་ནས་མི་ལོ་བདུན་ལྷག་འགྲོ་ཀི་ཡོད་ཅིང་དོན་གཅོད་ཨ་ཏི་ཤ་གནས་འདིར་ཕེབས་ནས་བཟུང་འབྲེལ་བ་ཡོད་པའི་རྒྱུས་ཡོད་ཅིག་ཡིན་པས་ཆ་ནས་གོང་འཁོད་རྩོམ་ཡིག་ཁག་ནི་རི་བོང་ཅལ་འགྲོགས་ཀྱི་དཔེ་ལས་མ་འདས། ངས་འདིར་སྐུ་ངོ་ཨ་ཏིོ་ཤའི་མཛད་རྗེས་ལ་བསྟོད་བསྔགས་ཞུ་རྒྱུ་མིན་ཀྱང་རང་ཉིད་ཀྱི་ཤེས་བའི་གནས་ཚུལ་ཁག་ངོ་སྤྲོད་ཞུ་འདོད་བྱུང་།

    ༡་བོད་རིགས་བཙོན་ཟུར་བ་གང་མང་གནས་འདིར་བླངས་པ།་༼འདིའི་ནང་རྩོམ་འབྲི་བ་བཀྲ་ཤིས་རྒྱ་མཚོ་ཡང་ཚུད༽
    སྤྱིར་བཏང་། བོད་རིགས་བཙོན་ཟུར་བ་རྣམས་གནས་འདིར་ལེན་རྒྱུ་ནི་༧གོང་ས་མཆོག་གི་བཀའ་དྲིན་ཉག་གཅིག་ལས་མ་འདས་ཀྱང་། ས་གནས་ས་ཐོག་གི་ལས་བྱེད་ལ་འབྲེལ་བ་ཤུགས་ཆེན་ཡོད་པ་ལྟར། ཨ་ཏི་ཤ་འདིར་ཕེབས་ནས་བཟུང་བོད་མི་བརྒྱ་ཕྲག་ཁ་ཤས་གང་མགྱོགས་ངང་གནས་འདིར་གཞིས་ཆགས་ཐུབ་པ་མ་ཟད། ཁོང་གི་བཀའ་དྲིན་ལ་བརྟེན་རྒྱ་གར་ནས་འདིར་ཕེབས་པའི་བརྒྱུད་རིམ་དུ་ཡང་སྔོན་ཆད་དང་མ་འདྲ་བའི་མཐུན་རྐྱེན་བསྐྲུན་ཡོད་འདུག

    ༢་་བོད་གཞུང་ལ་དཔལ་འབྱོར་འདུ་འགོད།
    བཀའ་ཁྲི་ཟམ་གདོན་མཆོག་གནས་འདིར་གཞུང་འབྲེལ་གྱིས་ཆིབས་བསྒྱུར་སྐབས་དང་བསྟུན་ནས་སྐུ་ངོ་ཁོང་གིས་བོད་གཞུང་ལ་ཕན་པའི་དཔལ་འབྱོར་འདུ་འགོད་ཤུགས་ཆེན་བྱས་སོང་ཀྱང་གནས་ཚུལ་ཞིབ་ཕྲ་དགོས་དབང་གིས་ཞུ་བདེ་བྱུང་མ་སོང་།

    ༣་གྲོས་ཚོགས་ཀྱི་བོད་དོན་རྒྱབ་སྐྱོར་ཚོགས་པ་ཡར་རྒྱས།
    ཁོང་མ་ཕེབས་ཨོ་སི་ཀྲི་ལི་ཡའི་དབུས་གྲོས་ཚོགས་སུ་བོད་དོན་རྒྱབ་སྐྱོར་ཚོགས་པ་མིང་ཙམ་ལས་མེད་ཀྱང་དེང་སྐབས་གྲོས་ཚོགས་ཀྱི་རྒྱབ་སྐྱོར་ཚོགས་ལ་དེ་ཡར་རྒྱས་ཕྱིན་ཡོད་པ་མ་ཟད། གྲོས་ཚོགས་འཐུས་མི་ཚོས་ནམ་རྒྱུན་གྲོས་ཚོགས་ནང་བོད་དོན་ཐོག་གྲོས་ཆོད་འཇོག་པ་སོགས་གང་ཅིར་འབད་བརྩོན་གནང་གི་འདུག

    ༤་བོད་རིགས་མཐུན་ཚོགས་སྲ་བརྟན།

    ཁོང་གིས་ས་གནས་ཁག་ལ་འབྲེལ་བ་རིམ་བྱས་ཀྱིས་བོད་རིགས་ཚོགས་པ་མེད་སར་ཚོགས་པ་གསར་འཛུགས་ཀྱི་བཀའ་སློབ་དང་། ཚོགས་པ་ཡོད་རིགས་ལ་ནམ་རྒྱུན་འབྲེལ་བ་གནང་ནས་ཡར་རྒྱས་ཡོང་ཐབས་གནས་སོང་། ལྷག་པར་བོད་རིགས་ཚོགས་པ་ཁག་གི་ཚོགས་གཙོ་ལྷན་དུ་བཀའ་མོལ་གནང་ནས་ནེའུ་ཛི་ལེན་ཊི་དང་རྒྱལ་ཡོངས་བོད་རིགས་མཐུན་ཚོགས་ཀྱི་ཚོགས་ཆེན་བསྡུ་སྐོང་འགོ་འཛུགས་ཀྱི་ད་ལྟ་མུ་མཐུད་འགྲོ་བཞིན་པ་ཡིན།

    ༥་དོན་གཅོད་ལས་ཁུངས་ཉོ་སྒྲུབ།
    འབྲེལ་ཡོད་མི་སྣའི་ཞལ་འདེབས་ཕུལ་བ་ལྟར་དོན་གཅོད་ལས་ཁུངས་ཉོ་སྒྲུབ་ཀྱིས་བོད་གཞུང་ལ་ཕུལ་གནང་འདུག་སོགས་ངས་ཤེས་རྟོགས་ཡོད་པའི་མཛད་རྗེས་རྣམས་གྲོགས་པོ་ཚོའི་སྤྱན་ལམ་དུ་འབུལ་བ་ལགས་ན་དེ་དོན་གྱི་བསམ་གཞིག་གནང་གལ་ཆེ།

    སྨྱུག་ཐོགས་པ་ཚོས་ཁོང་གི་ནང་མི་ཨོ་སི་ཀྲི་ལའི་མི་སེར་ཆགས་ཐབས་བྱས་པ་དེར་སྐྱོན་བརྗོད་བྱེད་པ་འདི་ཕྲག་དོག་གི་སྐད་ཆ་རེད། སྐུ་ངོ་ཚོར་སོ་སོས་ནང་མིའི་བདེ་སྡུག་ལ་སེམས་ཁུར་བླངས་མི་ཆོག་པའི་ཁྲིམས་ཤིག་ཡོད་ན་མ་གཏོགས། འགྲོ་བ་མི་ཞིག་ཡིན་པ་དང་ལྷག་པར་སྐྱབས་བཅོལ་བ་ཞིག་ལ་མཚོན་ན་སོ་སོའི་ནང་མིའི་མདུན་ལམ་ལ་སེམས་ཁུར་བྱེད་རྒྱུ་དེ་འགྲོ་བ་མིའི་བཟང་སྤྱོད་ཞིག་མ་གཏོགས་སྐྱོན་ཆ་ཞིག་ག་ལ་ཡིན། སྐུ་ངོ་ཨ་ཏི་ཤི་ཡིས་སྨྱུག་ཐོགས་པ་ཁྱེད་ཚོའི་ཚབ་ཏུ་ཁོང་གི་ནང་མི་ཨོ་སི་ཀྲི་ལི་ཡའི་མི་སེར་བཟོས་བ་ཡིན་ན་ཁྱེད་ཚོ་རླུང་ལངས་ཀྱང་རྒྱུ་མཚན་འདུག དེ་ལས་གཞན་ཁྱེད་ཚོ་ནང་མི་མེད་མཁན་དེ་འདྲ་ཡིན་ན་མ་གཏོགས། ནང་མི་ཡོད་མཁན་ཞིག་གིས་ནི་འདི་འདྲའི་རྫབ་ཆེན་གྱི་སྐད་ཆ་བཤད་མི་སྲིད་པ་ལྟ་བུ་རེད།

    མཐའ་དོན་སོ་སོའི་འདོད་བབ་དང་མ་མཐུན་པའི་གནས་ཚུལ་རེ་བྱུང་དུས་མཐའ་གཅིག་ཏུ་མི་དེ་ནག་པོ་བཟོ་བ་དེ་ནི་ང་ཚོ་བོད་པ་ཙམ་མ་ཡིན་པར་འགྲོ་བ་མི་ཡོངས་ཀྱི་ངན་གཤིས་དེ་ཡིན་ཀྱང། སྨྱུག་ཐོགས་པ་ཞིག་ལ་མཚོན་ན་ཡིད་ལ་གང་དྲན་ཡིག་ཐོག་ཏུ་ཕབ་རྒྱུ་དེ་ཡང་བཟང་སྤྱོད་ཅིག་ག་ལ་ཡིན།
    ངས་ཡང་བསྐྱར་བརྗོད་འདོད་པ་ཞིག་ལ་ཚིག་ངན་བེད་སྤྱོད་བྱེད་པ་དེ་མང་གཙོའི་ཐོབ་ཐང་ཞིག་མིན། སོ་སོས་འགན་བླངས་ནས་སྐད་ཆ་བཤད་རྒྱུ་དེ་མང་གཙོ་ཐོབ་ཐང་ཡིན།

  13. གངས་ཕྲུག་རྨས་མ། says:
    2009-04-24 at 2:00 am

    ཧིན་ཧིན བཟང་སྤྱོད། གཞུང་གི་རྐུབ་བཀྱག་མཁྲེགས་སྲུང་གིས་སྒེར་ཉེར་བ་དག་གི་བྱ་སྤྱོད་དེ་བཟང་སྤྱོད་དུ་རྩི་ཆོག་ན་གོ་ཟླུམ་འདིའི་སྟེང་དུ་བཟང་སྤྱོད་ལྡན་པའི་ཁེངས་སྡད་ཡོད་པས། མ་འོངས་བར་ཡང་བསྐྱར་དམག་ཆེན་གསུམ་པ་ལངས་བར་སེམས་འཁྲལ་དགོས་ཀྱི་མ་རེད། རེད་ཡ་བོད་མིར་མཚོན་ན་གནའ་དེང་གི་སྐུ་ངོ་ཚོའི་བྱས་ཚད་ཚང་མ་བཟང་སྤྱོད་ཀྱི་བྱ་བ་རྐྱང་རྐྱང་རེད། ཆེ་གེ་མོ་དེ་དག་ལ་རྒོལ་མཁན་ཡོད་ན་ངན་སྤྱོད་པ་ལས་ཐར་ས་ཡོད་པ་མ་རེད་ད།

  14. བློ་བཟང་ལུང་རྟོགས says:
    2009-04-25 at 9:14 am

    གྲོགས་པོ་རྨས་མ་ལགས། ང་ཚོ་ཨོ་སི་ཀྲི་ལི་ཡར་གནས་སྡོད་བོད་རིགས་རྣམས་ཀྱི་གནས་སྟངས་ཡག་ཐག་ཆོད་ཡོད་ལ། བོད་མིའི་རྩ་དོན་ཆེད་རང་ནུས་གང་ཡོད་ཀྱིས་ལས་འགུལ་སྤེལ་དང་སྤེལ་བཞིན་ཡོད།
    བལ་ཡུལ་དུ་སྐུ་ངོ་ཚོས་ཀྱང་ངལ་བ་འཛེམ་མེད་ཀྱིས་མཆོད་རྟེན་དང་འཕགས་ཤིང་ས་ཁུལ་གྱི་ལས་མེད་སྤོ་རྨོ་ཚོ་བསྡུས་ཤིང་ཞབས་རིམ་མང་པོ་བསྒྲུབས་སོང་པ་ཡག་པོ་འདུག་ཀྱང། ང་ཚོ་ཨོ་སི་ཀྲི་ལི་ཡར་ཞབས་རིམ་སྒྲུབ་ལས་ལ་བཀོད་འདོམས་ཀྱི་སྐུ་ངོ་ཞིག་དགོས་ཀྱི་མི་འདུག
    །བོད་དོན་རྒྱབ་སྐྱོར་ཚོགས་པར་འབྲེལ་ལམ་འཛིན་རྒྱུ། སྲིད་དོན་མི་སྣར་བོད་དོན་འགྲེལ་བཤད་གནང་རྒྱུ། ༧གོང་ས་མཆོག་གི་བཀའ་དགོངས་བཞིན་བོད་རྒྱ་མཛའ་འབྲེལ་ཚོགས་ལ་གསར་འཛུགས། བོད་རིགས་ཚོགས་པ་མཉམ་རུབ་ཐུབ་ཐབས་གནང་རྒྱུ་སོགས་གལ་ཆེན་ཆབ་སྲིད་ཀྱི་ལས་དོན་ཡིན་པ་དེའི་ཐོག་སྐུ་ངོ་ཨ་ཏི་ཤ་ནས་ནུས་ཤུགས་འདོན་གྱི་འདུག་པར་བརྟེན་ངས་རི་བོང་ཅལ་འགྲོགས་ཁ་ཤས་ལ་འགྲེལ་བཤད་ཙམ་རྒྱབ་༷པ་ལས། གངས་ཕྲུག་རྨས་མ་ཞིག་ལ་ཡང་བསྐྱར་རྨས་པའི་ཐོག་ལ་རྨ་ཁ་གསར་པ་བཟོ་འདོད་གཏན་ནས་མེད། གལ་སྲིད་རྨ་ཁ་གསར་པ་བཟོས་ཡོད་ན་དགོངས་དག་ཞུ་རྒྱུ་ཡིན།

  15. གསེར་སྐྱབས་ says:
    2009-04-26 at 5:33 pm

    གོང་གི་བློ་བཟང་ལུངས་རྟོགས་ལགས་ཀྱི་གསུང་བ་ལྟར་ན་བཀྲ་ཤིས་རྒྱ་མཚོས་སྐུ་ངོ་ལ་བཀའ་ལོག་བྱས་བ་ལྟ་བུ་བྲིས་འདུག་པས་སྐབས་དེར་ཁྱེད་རང་སུམ་ཅུ་དུས་དྲན་དང་ཚོགས་ཆེན་ལ་ཞུགས་ཡོད་དམ་མེད ། དེ་ལན་གསལ་བོ་འདེབས་པར་འཚལ །

  16. ལྷུག་བདག་དཀར་པོ། says:
    2009-04-27 at 7:32 am

    ངོ་མ་དགེ་རབ་ལགས་ཀྱིས་བོད་ཀྱི་དུས་བབས་སྟེང་ནས་སྐྱོན་གནད་དང་རྙོག་སྒྲ་ཚང་མ་བསྒྲུགས་ཏེ་བཙན་བྱོལ་སྤྱི་ཚོགས་ནང་གི་གླེང་སློང་རྣམས་ཁ་བརྡའི་སྟེང་གདན་དྲངས་ཏེ་ཁ་བརྡའི་དམིགས་ཡུལ་མཚོན་ཐབས་བྱ་གི་ཡོད་ཚོད་འདུག དེ་ཕལ་ཆེར་ཁོང་རང་སློབ་གྲྭ་་ཆེན་མོ་ཞིག་ནང་ལས་གཉེར་བྱ་མཁན་ཡིན་སྟབས་གཞན་གྱི་ཤེས་ཡོན་ལས་སྦྱངས་པ་ཞིག་ཡིན་སྲིད། ཨོ་སི་ཀྲི་ལི་ཡའི་ནང་བོད་མི་ཁག་ཅིག་ནས་རྒྱ་ནག་གཞུང་ཚབ་ཀྱི་ལས་བྱེད་དང་རྟག་ཏུ་འབྲེལ་གཏུགས་བྱེད་པ་མ་ཟད། རྒྱ་ནག་གཞུང་ཚབ་ཀྱི་ལས་་བྱེད་ནས་ཕ་ཡུལ་གྱི་ཞེན་ཁོག་ཡོད་མདོག་གིས་སྟོན་མོ་བཤམས་པར་ཡང་ཕྱིན་ཏེ་སུ་ཞིག་ལས་སྐྱག་སྐྱག་བྱ་གི་ཡོད་མེད་ཤོད་མ་ཐུབ་པར་ལུས་ཡོད་ཚོད་འདུག ད་དུང་མི་འགའ་རེས་གོ་སྐབས་བླངས་ཏེ་ཁོང་་ཚོར་གནས་ཚུལ་མཁོ་སྤྲོད་བྱེད་པ་དང་། ལམ་ཁ་དེ་བརྒྱུད་དེ་བོད་ནང་བསྐྱོད་ཐབས་བྱ་གི་འདུག ཁོང་ཚོའི་གྲས་བོད་ནང་གནས་མ་ཐུབ་པར་རང་དབང་དང་དྲང་བདེན་གྱི་ས་གནས་ཤིག་ཏུ་མི་ལུས་ཀྱི་བདེ་བ་ལོངས་སྤྱོད་བྱ་རྒྱུ་དང། མི་རིགས་ལ་ཞེན་ཁོག་གིས་རང་སྲོག་ཀྱང་ཕུལ་མྱོང་བ་མང་ཆེ་བ་ཞིག་ཡིན་འདུག འོན་ཏེ་ཐབས་སྐྱོ་བ་ཞིག་ལ། དེ་ཚོའི་གྲས་སུ་རྒྱ་མགོ་མཐོང་དུས་རྒྱ་མགོ་དང་། བོད་མགོ་མཐོང་དུས་བོད་མགོ་བཏོན་་མཁན་གྱི་མགོ་གཉིས་མ་འགའ་རེས་ད་ལྟ་བོད་རིགས་འདུས་སྡོད་ཀྱི་སྤྱི་ཚོགས་ནང་རྙོག་གཏམ་དང་གཞུང་ཞབས་མི་སྣར་མིང་ཆད་བཟོས་ཏེ་རྙོག་གླེང་གསར་པ་བཟོ་འདོད་པ་ནི་ཡ་མཚན་པའི་གཏམ་ངན་ཞིག་རེད། བཀྲིས་རྒྱ་མཚོས་་རང་ཉིད་ཨོ་གླིང་ལྷོ་་མར་གནས་པ་འདི་ལྷ་ཡུལ་གྱི་ཟུར་ཆར་ཆགས་པའི་ཤེད་་རློམས་བྱས་ཏེ་བཙན་་བྱོལ་བོད་གཞུང་གི་གཞུང་ཞབས་མི་སྣ་ཞིག་ལ་གང་བྱུང་གི་ཉེས་འཛུགས་བྱེད་པ་ནི་ཧ་ཅང་ཡ་མཚན་དགོས་པ་ཞིག་རེད། གལ་སྲིད་བཀྲིས་རྒྱ་མཚོ་ས་འོག་འདྲུས་ཏེ་བརྒྱུད་པ་དང་། གཤོག་བྱ་ལྟར་དུ་གནམ་ནས་འཕུར་མེད་ཚེ་ཁོ་བཙན་བྱོལ་བོད་གཞུང་གི་གཟིགས་་སྐྱོང་འོག་ཏུ་ད་ལྟའི་ཨོ་གླིང་ལྷོ་མར་སླེབས་ཡོད་སྲིད་ཀྱི་རེད། དེ་ལྟར་ཡིན་ཚེ་ཁོས་རང་ཉིད་ལ་བཀའ་དྲིན་ཅན་གྱི་གཞུང་ཞིག་ཡོད་པ་ཚོར་བཞིན་དུ་ད་དུང་བདེ་སྡུག་ཞུ་ཡུལ་དེར་མ་ཞུས་པར་ཆེད་མངགས་སྤྱི་ཚོགས་སྟེང་གླེང་ཕྱོགས་བཀྲམས་ཏེ་གཞུང་མང་དབར་གྱི་ལ་རྒྱར་ཕོག་ཐུག་གཏོང་དགོས་དོན་གང་ཡིན་ནམ། དེར་རྒྱབ་སྐྱོར་ཡང་ཐོབ་དགོས་དོན་གང་ཡིན་ནམ། ཕ་ཡུལ་གྱི་ཞེན་ཁོག་དང་ལུང་ཚན་གྱི་འཐེན་འཁྱེར་སྤངས་དགོས་པ་གལ་ཆེན་པོ་ཡིན་ལ། ག་དུས་ཡིན་ནའང་ཕན་ལས་གནོད་ཆེ་བའི་རྗེས་འབྲས་ལ་བསམ་གཞིགས་བྱས་ཏེ་རང་ཉིད་ལྷ་ཡུལ་གྱི་ཟུར་ཆར་སླེབས་པའི་རློམ་སེམས་དོར་ཏེ་གཞན་ཡུལ་དུ་ད་མི་གཡོག་གི་ཚེ་འཕོས་པའི་ཉི་ཟླ་ཐུང་ངུ་འདིར་སོ་སོའི་མི་རིགས་ལ་སེམས་གསོ་བའི་ཚིག་བཟང་ཞིག་ཀྱང་ཤོད་རྒྱུ་མེད་པར་ཁ་ཆག་སྣ་རལ་ཁོ་ན་ཤོད་དགོས་དོན་གང་ཡིན་ནམ། བཀྲིས་རྒྱ་མཚོ་ལགས། ང་ཁྱེད་རང་གི་བྱེད་སྟངས་འདིར་རྩ་བ་ནས་དགའ་མ་སོང་ལ། ཁ་བརྡའི་སྟེང་་འཁྱེར་ཡོང་མཁན་དགེ་འདུན་རབ་གསལ་ཁྱོད་ལའང་རྩ་བ་ནས་དགའ་མ་སོང་། གནས་ཚུལ་དེ་འདྲའི་ཐོག་ནས་ངས་འདིར་བཀོད་པར་དགོངས་འགལ་མེད་པ་ཞུ།།

  17. བཀྲ་ཤིས་རྒྱ་མཚོ says:
    2009-04-28 at 8:12 am

    ད་དུང་མུ་མཐུད་དུ་ཕྲིས་དང་རྗེས་སུ་ངས་ཁྱོད་ཚོའི་ཚང་ཡོངས་རྗོགས་གསལ་བོར་འབྲི །

  18. རིག་འབྱུང་དོན་གྲུབ་བཀྲ་ཤིས། says:
    2009-04-28 at 9:51 am

    ལྷུག་བདག་དཀར་པོ་ལགས།
    གནས་ཚུལ་འདི་ཁ་བརྡའི་སྒང་ལ་འཇོག་མཁན་དགེ་རབ་ལགས་རེད་མི་འདུག ཚངས་དབྱངས་ལགས་རེད།
    ཁྱེད་ཀྱིས་བསམ་བློ་ཞིབ་ཏུ་གཏོང་རོགས། འདི་ན་དགའ་མི་དགའི་སྐད་ཆ་ཞིག་འདུག་གམ།
    དོན་མེད་དུ་ཟག་སྒེར་ལ་ཁ་རྡུང་གཏོང་རྒྱུ་ནི་ཡོན་ཏན་ཞིག་མ་རེད་སྙམ། དེ་ཙམ་ཞུ།

  19. རིག་འབྱུང་དོན་གྲུབ་བཀྲ་ཤིས། says:
    2009-04-28 at 10:00 am

    བཀུར་འོས་བཀྲ་ཤིས་རྒྱ་མཚོ་ལགས།
    རྩོམ་ཡིག་འདི་ཐོག་མར་སྤེལ་མཁན་ཁྱེད་རང་རེད། དེའི་འགན་ཡང་ཁྱེད་ཀྱིས་ལེན་གྱི་ཡོད་པར་ཡིད་ཆེས་ཡོད།
    ཁྱེད་ཀྱིས་གང་བསམ་པ་དེ་ཡིག་ཐོག་ལ་བྲིས་བ་ཧ་ཅང་ཡག་པོ་རེད། འོན་ཀྱང་།
    ད་ཕན་རྩོམ་འདི་ལ་མཆན་བུ་རྒྱག་མཁན་ཇི་སྙེད་ཅིག་བྱུང་བའི་ཁྲོད་ནས། བློ་བཟང་ལུང་རྟོགས་ཞུ་བ་ཞིག་གིས་ཁྱེད་ཀྱི་རྩོམ་ལ་ལན་ཞིབ་ཚགས་ཤིག་བརྒྱབ་འདུག
    ངེད་ཀྱི་རེ་བར། ཁྱེད་ཀྱིས་ཀྱང་དེ་ལ་ལན་ཞིབ་ཚགས་ཤིག་རྒྱག་ཐུབ་ན་ཡག་གི་སྙམ།
    གཞན། རྗེས་སུ་ངས་ཁྱེད་ཚོའི་ཚང་ཡོངས་རྫོགས་གསལ་བོར་འབྲི་ཟེར་བའི་སྐད་ཆ་འདི་དགོས་མཁོ་ཅན་ཞིག་ཡིན་པ་མཐོང་མ་སོང་།
    མ་རེད་དམ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (97)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (67)
  • ཨེ་ལི་སི། (53)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (36)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme