Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

སྐུ་ངོ་རྒྱལ་དོན་གྱི་འཕག་འཚག་དང་སྲིད་དོན་ཡོ་འཁྱོམ།

Posted on 2016-10-292016-10-29 By ཁ་བརྡ་ 38 Comments on སྐུ་ངོ་རྒྱལ་དོན་གྱི་འཕག་འཚག་དང་སྲིད་དོན་ཡོ་འཁྱོམ།

ཁྲི་རལ་པ།

 
ཉེ་ལམ་བདུན་ཕྲག་རེ་གཉིས་སྔོན་༧སྐུའི་གཅེན་པོ་རྒྱལ་ལོ་དོན་གྲུབ་ལགས་བཞུགས་སྒར་དུ་ཆེད་བཅར་གྱིས། ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དང་སྲིད་སྐྱོང་མཁས་དབང་བློ་བཟང་སེང་གེ་མཆོག བོད་ཀྱི་གཞོན་ནུའི་ལྷན་ཚོགས་བཅས་ལ་མཇལ་འཕྲད་གནང་སྟེ། ཕན་ཚུན་བོད་དོན་དང་འབྲེལ་བའི་སྐོར་བཀའ་མོལ་བྱུང་ཡོད་ཅིང་། གོ་ཐོས་སུ་ཁོང་གི་རེ་བ་ལ་ (༡)བོད་རྒྱ་ཞི་མོལ་ཡོང་བར་༧གོང་ས་མཆོག་གི་སྐུ་ཚབ་བསྐོ་དགོས་པ་དང་། (༢)༧གོང་ས་མཆོག་གི་སྐུ་ཚབ་དང་རྒྱ་ནག་གཞུང་དབར་འབྲེལ་མོལ་སླར་གསོ་གནང་དགོས་པ། (༣)བཙན་བྱོལ་བོད་མིའི་སྤྱི་ཚོགས་སུ་དཔལ་འབྱོར་དང་འཚོ་བའི་དཀའ་ངལ་རྐྱེན་གྱིས། བོད་མི་གཞོན་སྐྱེས་མང་པོ་ཕྱི་རྒྱལ་དུ་འགྲོ་བཞིན་པའི་དཀའ་ངལ་སེལ་ཆེད། ཨ་མི་རི་ཁ་གཞུང་དང་རྒྱ་གར་གཞུང་ལ་རོགས་དངུལ་ཞུས་ཏེ། དཔལ་འབྱོར་དཀའ་ངལ་སེལ་ཐབས་བྱ་དགོས་པ་སོགས། འཛིན་སྐྱོང་ལ་གསལ་འདེབས་བྱ་འདོད་བཅིངས་ཡོད་ཟེར་བ་དང་མཚུངས། བཀའ་མོལ་དེ་ཚོ་བོད་ཀྱི་དུས་བབ་ཀྱི་བཅར་འདྲིར་ཡང་ཡོངས་གྲགས་སུ་གསུངས་ཡོད།

ལྷག་པར་ཁོང་གིས་བོད་ཀྱི་དུས་བབ་ལ་བཅར་འདྲི་དང་ལེན་གནང་བའི་བརྙན་ཕབ་ཏུ། “ད་ཆ་གལ་ཆེ་ཤོས་སྔོན་ལ་རྒྱ་མིར་བཀའ་མོལ་མ་གནང་གོང་དེར། རྒྱ་གར་དང་བལ་ཡུལ། ཨ་མི་རི་ཁ་དང་ཁ་ན་སྒྲ་སོགས་གང་སར་གནས་པ། བོད་མི་བསམ་ཡོད་ཚང་མ་ཅིག་འཛོམས་དགོས་ཀྱི་འདུག་ཅེས། ངས་བཀའ་ཤག་དང་༧སྐྱབས་མགོན་རིན་པོ་ཆེ། གཞོན་ནུ་ཚོ་ལའང་སྙན་སེང་དེ་ལྟར་ཞུས་པ་ཡིན། ཚང་འཛོམས་ཀྱིས་ད་ལྟ་བར་འདས་པའི་ནང་དེ་འདྲ་བྱུང་བ་དང་། མ་འོངས་པར་ང་ཚོས་ག་རེ་བྱེད་དགོས་འདུག རྒྱ་མི་ལ་འབྲེལ་བ་བྱ་སྟངས། རྒྱ་གར་ལ་འབྲེལ་བ་བྱ་སྟངས། གལ་སྲིད་རྒྱ་མི་ལ་འབྲེལ་བ་བྱས་ན་ང་ཚོས་སྐད་ཆ་ག་རེ་བཤད་དགོས་རེད། དོན་དག་ག་རེའི་སྟེང་འགྲོ་དགོས་རེད། དེ་གཅིག་རེད།
རྒྱ་གར་ལ་བཀའ་མོལ་གནང་དགོས་ན། བཀའ་མོལ་གང་དང་དོན་དག་ཅིའི་སྟེང་འགྲོ་དགོས་རེད། དེ་གཉིས་པ་རེད།
གསུམ་པ་དེ། རྒྱ་མི་ལ་བཀའ་མོལ་གནང་མཁན་སུ་དང་སུ་ཕེབས་དགོས་རེད། ད་ལྟ་ནས་བཀའ་མོལ་བྱུང་ན་བོད་རིགས་ནང་རྒྱ་སྐད་དང་རྒྱ་ཡིག་ཤེས་མཁན་མང་པོ་ཡོད། དེ་ནས་བཀའ་མོལ་གནང་ཐུབ་པའི་མི་བཏང་དགོས་པ་ལས། ལས་ཀ་བྱེད་པར་བཀའ་མོལ་གནང་མི་ཐུབ་པའི་མི་བཏང་ན་ཕན་གྱི་མེད་པས། དེ་ཚོའི་སྐོར་ད་ལྟ་ནས་ཚང་མ་འཚོགས་ཏེ་འཆར་གཞི་བཏིང་དགོས།” ཞེས་དེ་སྔ་ལམ་སྲོལ་ཡོད་པ་གཞུང་མང་ཚོགས་ཆེན་ལྟ་བུ་ཞིག་ཛ་དྲག་ངང་བསྐྱང་དགོས་པའི་ཐུགས་འདུན་བསྟན་ཡོད་ལ། ཚོགས་ཆེན་དེ་འདྲའི་སྙིང་དོན་ཐག་གཅོད་གང་དགོས་ཀྱི་ཐད་ཁོང་གིས་ “དེ་ནས་གལ་ཆེ་ཤོས་བོད་ལ་མ་ལོག་བར་དུ་ང་ཚོའི་གནས་སྟངས་དེ་ཧ་ཅང་དཀའ་ལས་ཁག་པོར་ཡོད་ཙང་། ༧རྒྱལ་བ་རིན་པོ་ཆེས་ཐད་ཀར་དབུ་ཁྲིད་གནང་རྒྱུ་དང་། བཀའ་ཤག་གི་སྒང་ལ་༧རྒྱལ་བ་རིན་པོ་ཆེས་དབུ་ཁྲིད་གནང་སྟེ།བོད་མི་ཚང་མར་ལམ་སྟོན་གནང་རྒྱུ་དེ། དང་པོ་ནས་ལོ་མང་རིང་གནང་བ་རེད་དེ། བར་ལམ་ཅིག་ནས་༧རྒྱལ་བ་རིན་པོ་ཆེས་ཐད་ཀར་དབུ་ཁྲིད་གནང་གི་མེད། དེ་ལ་སྐྱོན་ཆེན་པོ་ཅིག་འདུག དེར་ཡང་རྣམ་པ་ཚོས་བཀའ་མོལ་གནང་སྟེ། ད་༧རྒྱལ་བ་རིན་པོ་ཆེས་ཐད་ཀར་དབུ་ཁྲིད་གནང་རོགས་ཞུ་རྒྱུ་དེ་གལ་ཆེན་པོ་མིན་ནམ། ངས་དེ་འདྲ་བསམ་གི་འདུག”ཅེས་གལ་གནད་ཆེ་ཤོས། ༧རྒྱལ་བ་རིན་པོ་ཆེས་བསྐྱར་དུ་བོད་མིའི་ཆབ་སྲིད་ཀྱི་འགོ་ཁྲིད་གནང་དགོས་པའི་ཐུགས་འདོད་མངོན་ཡོད།

དེ་འདྲ་ཡོང་སྲིད་དམ། སྐུ་ངོའི་སྐད་ཆ་དེར་བརྟེན་ནས་དེང་སང་སྤྱི་ཚོགས་དྲ་ལམ་དུ། བོད་མི་ཚོས་ཕན་ཚུན་ཚིག་རྩོད་དང་བགྲོ་གླེང་ཧ་ཅང་འཁྲུག་ཆ་དོད་པོ་ཡོང་གི་འདུག་ལ། དེ་འབྲེལ་གྱིས་འོས་བསྡུའི་སྐབས་ཀྱི་རྙོག་བྲ་བསྐྱར་སློང་གིས་གླེང་གཞི་ཤིན་ཏུ་མང་། ལྷག་དོན་འོས་བསྡུའི་སྐབས་སྲིད་སྐྱོང་ལས་ཐོག་ལ་རྒྱབ་སྐྱོར་མི་གནང་མཁན་ཚོར་མཚོན་ན། ཉེ་ཆར་གྱི་སྐུ་ངོས་འཕག་འཚག་འདི་ཆར་པ་ཆུ་གྲོགས་སུ་གྱུར་པ་མངོན་གསལ་ཇེ་དོད་ཇེ་དོད་རེད། འོན་ཀྱང་། ཡག་སྡུག་གང་ལབ་ལ་མ་ལྟོས་པར། སྲིད་སྐྱོང་འདི་པ་ནི་མང་མོས་འོས་ཐོབ་ཀྱིས་མི་མང་ནས་ཐད་ཀར་བསྐོས་པ་ཞིག་ཡིན་སྟབས། དེའི་ཆབ་སྲིད་ཀྱི་དབང་ཆ་ལ་འཕོ་འགྱུར་གཏོང་དགོས་ན། སྲིད་སྐྱོང་ལ་འོས་བླུགས་པ་ཚོའི་ཕྱོགས་ནས་ཀྱང་གླེང་རྙོག་ཆེན་པོ་བཟོ་ངེས་ཡིན་པ། ད་ལོའི་འོས་བསྡུའི་བརྒྱུད་རིམ་ལ་ཕྱིར་མིག་ཙམ་བལྟས་ན་ཟུར་བལྟས་ལེབ་མཐོང་རེད།

ལར་སྐུ་ངོ་རྒྱལ་དོན་ལགས་ལྷག་བསམ་རྣམ་དག་ཡིན་ངེས་ཀྱང་། ཁོང་གི་སྐུ་ཚེའི་ལོ་རྒྱུས་ལ་ཕྱིར་མིག་འཕངས་ན། རྣམ་ཀུན་ནང་ཁུལ་གྱི་སྲིད་དོན་འཕོ་འགྱུར་ལ་ཐུགས་སྣང་དེ་ཙམ་མེད་པའི་མུར། ཕྱག་ལས་གལ་ཅན་མང་པོ་ལ་བར་ཆད་བྱུང་མྱངས་པ་ལྟར། ད་ཐེངས་ཀྱི་དགོངས་པ་འདི་ཡང་འབྲེལ་ཡོད་ཚོས་ལག་བསྟར་བྱས་ཚེ། དེང་སང་གི་བཙན་བྱོལ་ནང་ཆབ་སྲིད་པ་ཚོའི་སྲིད་དོན་གྱི་ཚོར་བ་རྣོ་ཕྱོགས་དང་། མི་མང་གིས་གོ་བ་ལེན་ཕྱོགས་ནས་གོ་རྟོགས་གནས་ཚད་གང་ལ་ལྟོས་ན། ནང་ཁུལ་སྲིད་དོན་གྱི་ཡོ་འཁྱོམ་ཆེན་པོ་ཞིག་ཏན་ཏན་ཡོང་རྒྱུ་མ་ཟད། དམིགས་བསལ་༧གོང་ས་སྐྱབས་མགོན་ཆེན་པོས་བོད་མིའི་དོན་ལ་འཕྲལ་ཕུགས་རྒྱང་གསུམ་གྱི་དགོངས་པ་ཆེ་བཞེས་ཀྱིས་སྲིད་དབང་རྩིས་སྤྲོད་གནང་བཞག་པ་དེ། ལས་སླ་བོར་ཕྱིར་བཞེས་གནང་རྒྱུ་ནི་༧གོང་ས་ཆེན་པོའི་ཐུགས་གཤིས་ཚུན་ལ་བརྟག་ན་ཧ་ལམ་མི་སྲིད་པ་ཞིག་རེད།

ཡིན་ནའང་། རྒྱལ་སྤྱིའི་སྲིད་དོན་གྱི་འགྱུར་བར་ལྟོས་ནས་བོད་དོན་འཐབ་རྩོད་དང་རྒྱབ་རོགས་འཚོལ་སྟངས། རྒྱ་གར་ནག་ལ་འབྲེལ་ལམ་འཛིན་ལུགས་སྐོར་སྐུ་ངོས་དགོངས་འཆར་ཁ་ཤས་ཕུལ་འདུག་པར་བསམ་བློ་གཏིང་ཟབ་གཏོང་རྒྱུ་འདུག་སྙམ། དེ་ལ་སྐུ་ངོ་རྒྱལ་ལོས་ “༧རྒྱལ་བ་རིན་པོ་ཆེས་དབུ་ཁྲིད་གནང་སྟེ་རྒྱ་མི་དང་རྒྱ་གར། ཨ་མི་རི་ཁ་ལ་བཀའ་མོལ་ག་རེ་གནང་དགོས་མིན་མི་བཏང་གནང་དགོས་ཀྱི་འདུག་བསམ། བཀའ་མོལ་ཞུ་རྒྱུ་དང་རོགས་རམ་འཚོལ་ཆེད་རི་པིན་དང་ཨ་མི་རི་ཁ་བཅས་སུ་མི་བཏང་ནས་འདིར་སྲ་ཐག་ཐག་ཅིག་ཡོང་བ་དང་། ཁྱབ་བསྒྲགས་ཤུགས་ཆེན་པོ་བྱས་ན་རྒྱ་མི་གུང་བྲན་ཁོས་ཀྱང་བོད་པ་དེ་ཚོར་མི་འདྲ་བ་ཞིག་བྱེད་རྒྱུ་འདུག་སྙམ་སྟེ་བསམ་བློ་ཞིག་འཁོར་ངེས་རེད།
བཀའ་མོལ་དེ་ཚོ་གནང་ཚར་རྗེས་རྒྱ་གར་གཞུང་དང་རི་པིན་གཞུང་། ཨ་མི་རི་ཁ་དང་ཡོ་རོབ་རྒྱལ་ཁག་གི་གཞུང་བཅས་སུ་ཡུལ་གྱར་གཞུང་འདི་ངོས་ལེན་གནང་རོགས་ཞེས་ཞུ་དགོས་ཀྱི་འདུག དེ་འདྲ་ཞིག་གནང་ན་རྒྱ་མི་ཁོ་བསམ་བློ་འཁོར་ཏེ་ཚུར་བཀའ་མོལ་ཞུ་བར་ཡོང་གི་རེད།”ཅེས་ལམ་སྟོན་ཕེབས་ཡོད།

སྲིད་སྐྱོང་བློ་བཟང་སེང་གེ་མཆོག་ནས་གྲོས་ཚོགས་དང་ཚོགས་འདུ་ཁག གསར་འགོད་པའི་དྲི་བར་ལན་འདེབས་སོགས་གང་གི་སྐབས་སུའང་། བོད་རྒྱ་འབྲེལ་མོལ་གྱི་གནད་དོན་དེ་རྩ་བའི་གསང་བ་ཡིན་པ་དང་། བཀའ་ཤག་སྔོན་མ་ལས་ཡག་མེད་ན་དེ་ལས་སྐྱོ་མིན་པ་ལན་མང་གསུང་མིན་ལ་མ་ལྟོས་པར། ཉེ་ལམ་༧སྐུ་ཚབ་ཟུར་པ་དང་འབྲེལ་མོལ་པ་ཟུར་པ་སྐལ་བཟང་རྒྱལ་མཚན་གྱི་གསུང་བབ་དང་། སྐུ་ངོ་རྒྱལ་ལོ་དོན་གྲུབ་ཀྱི་སྐུལ་མ་དང་རྣམ་འགྱུར་གང་ལ་བརྟགས་ན། བཀའ་ཤག་འདི་ལ་ད་ཆར་ཕལ་ཆེར་རྒྱ་ནག་གཞུང་དང་བོད་རྒྱ་འབྲེལ་མོལ་གྱི་གནས་ཚུལ་མེད་པ་འདྲ།

དེར་བརྟེན། ང་ཚོའི་གནད་ཡོད་མི་སྣ་ཁག་དང་མི་གང་མང་ལ་བོད་རྒྱ་འབྲེལ་མོལ་བསྐྱར་གསོ་བྱེད་རྒྱུར་འདོད་པ་ཤུགས་དྲག་ཡོད་པའི་བཟོར་མངོན་ཞིང་། དེ་ལ་རྒྱུ་མཚན་ཡོད། གཞིས་བྱེས་བོད་མི་བསམ་ཡོད་ཕལ་ཆེར་གྱི་འདུན་པ་ནི་༧གོང་ས་ཆེན་པོ་སྐུ་འཚོ་བཞུགས་རིང་།བོད་དོན་ཐག་གཅོད་ཡོང་རྒྱུ་དང་༧གོང་ས་ཆེན་པོ་བོད་ལ་ཆིབས་བསྒྱུར་ཐུབ་རྒྱུ་དེ་ཡིན་མོད། ད་ལྟ་༧གོང་ས་མཆོག་དགུང་ལོ་ཧ་ཅང་མཐོན་པོར་ཕེབས་ཟིན་ཡོད་ན། བོད་མི་ཚོར་དེ་ཙམ་གྱིས་དུས་ཚོད་མེད་པའི་སེམས་འཚབ་ཡོང་གི་ཡོད།
བཙན་བྱོལ་བོད་གཞུང་འདི་ལ་མང་གཙོ་དང་གྲོས་ཚོགས་ཀྱི་ལམ་སྲོལ་ཕྱི་གསལ་ནང་གསལ་ཡོད་ཁར། དཔལ་འབྱོར་དང་རོགས་སྐྱོར། འཛིན་སྐྱོང་གང་ཐད་ནས་ཡག་ཐག་ཆོད་དང་འཐུས་ཤོར་ཆེན་པོ་མེད་པ་དངོས་ཡོད་གནས་ཚུལ་རེད། འོན་ཀྱང་། བཙན་བྱོལ་གཞུང་མང་ཚང་མར་སྐྱོན་ཆ་ཆེན་པོ་ཞིག་ཡོད་པ་ནི་རྩ་བ་བོར་ནས་ཡལ་ག་འཛིན་པའམ། ནང་ཁུལ་ཕན་ཚུན་སྲིད་དོན་རྩེད་རེས་དང་འཛིན་སྐྱོང་གི་གནད་དོན་ཆུང་ཚགས་བཅས་ལ་དབུ་འཁོར་འདུག་པ་མ་གཏོགས། རྩ་དོན་གལ་འགངས་ཆེ་ཤོས་ཀྱི་སྟེང་བློ་གྲོས་འདོན་མཁན་དང་ལམ་ཁ་འཚོལ་མཁན། གོམ་པ་བརྒྱབ་མཁན་ཤིན་ཏུ་ཉུང་ཉུང་ཡིན་པར་སོང་། ད་ལྟ་བྱེས་ཀྱི་བོད་གཞུང་མང་གཉིས་ཀ་རྡོག་རྩ་གཅིག་སྒྲིལ་གྱིས་གནད་དོན་འགག་རྩ། བོད་རྒྱ་འབྲེལ་མོལ་སྟེང་ནུས་པ་རྩལ་འདོན་གྱིས་འབད་བརྩོན་དང་དུས་ཚོད་ཆུད་ཟོས་སུ་མ་སོང་བ་བྱ་རྒྱུ་དེ་གནད་འགག་རེད་སྙམ།།

བསམ་ཚུལ།

Post navigation

Previous Post: དྲ་ཚིགས་དང་དྲ་ཚིགས་ཇུས་འགོད་པ་མཉམ་དུ་གླེང་བ།
Next Post: མང་གཙོའི་བྱུང་བ་བརྗོད་པ།

Comments (38) on “སྐུ་ངོ་རྒྱལ་དོན་གྱི་འཕག་འཚག་དང་སྲིད་དོན་ཡོ་འཁྱོམ།”

  1. གཞུང་པ་ཚེ་དབང་བསོད་ནམས་ says:
    2016-10-29 at 1:12 am

    བོད་མིའི་ལས་དབང་སྒེར་གྱི་འཁོན་འཛིན་འོག་།
    མི་ལོ་དྲུག་བཅུར་མི་ཡུལ་ས་མཐར་གནས་།
    བཙན་བྱོལ་སྒྲིག་འཛུགས་བསྲ་བརྟན་ཐུབ་པ་ལ་།
    བོད་རིགས་ཁ་འཐོར་མི་འགྲོའི་ལས་འཆར་གལ་།

    བོད་རྒྱའི་འབྲེལ་ལམ་མི་དང་མི་ཐུག་ནས་།
    གཉིས་སྨན་དབུ་མའི་ལམ་གྱི་བདེ་ལམ་འཚོལ་།
    བོད་རྒྱ་ས་ འབྲེལ་ཁྱིམ་མཚེས་ལས་ཀྱི་སྦྱིན་།
    ཁ་ཁར་སྤོ་བའི་ནུས་པ་གླིང་འདིར་མེད་།

    བདེ་སྐྱིད་རྩ་བ་རང་གཞན་གཉིས་ཕན་གལ་།
    ཞི་བདེའི་རྩ་བ་རང་གཞན་འདྲ་མཉམ་གལ་།
    འཆམས་མཐུན་རྩ་བ་གཅིག་བློ་གཅིག་ལ་བསྐལ་།
    འདྲ་མཉམ་རྩ་བ་ཁྲིམས་ཀྱི་འོག་ཏུ་གནས་།

  2. ཀརྡོ་རབ་འབྱམས་པ་ says:
    2016-10-29 at 1:14 am

    ༸གོང་ས་མཆོག ཆབ་སྲིད་ནང་ལ་མར་དྲུད་མི་ཆོག མིང་མངས་ལ་རང་བཙན་ཁར་ཡོད་ལ། ལག་པར་མེད་པ་འདི་ཡི་ལྟ་བ་སྤེལ་ནས་རྒྱ་གཞུང་དང་། རྒྱ་མིར་ཁྲོང་ཁྲོ་བླངས་ཐབས་བྱེད་མི་ཆོག གཞན་ག་རེ་བྱས་ན་ཡང་། ལ་རྒྱ་དང་། སེམས་ཤུགས་ལ་བརྩིས་ནས་དགའ་བསུ་ཞུའོ།།

  3. ནུབ་ཕྱོགས་གངས་ཕྲུག says:
    2016-10-29 at 2:56 am

    ང་ཚོ་དོན་དག་གཙོ་བོ་དེ་བོད་རྒྱ་འབྲེལ་མོལ་བྱེད་རྒྱུ་དེ་རེད། ད་ལྟའི་བཀའ་ཤག་གི་སྐབས་སུ་འབྲེལ་བ་སྔར་ལས་ལྷག་ཡོད་གསུངས་པ་དེ་ཨ་ཁུ་བསྟན་པའི་རྟ་གྲོ་དང་གཅིག་པ་གཅིག་རྐྱང་རེད། དེ་འདྲ་སོང་ཙང་བོད་རྒྱ་འབྲེལ་མོལ་དེ་སྔོན་འགྲོའི་ཆ་རྐྱེན་ཡོད་མིན་ལ་མ་ལྟོས་པར་འབྲེལ་བ་མགྱོགས་མྱུར་བྱེད་པའི་དུས་ལ་བབ་འདུག དེ་མེད་ན་བཀའ་ཤག་གི་ལོ་ངོ་བཅུའི་རིང་ལ་དུས་ཚོས་འཕྲོ་ལྷག་རེད།

  4. གཞུང་པ་ཚེ་དབང་བསོད་ནམས་ says:
    2016-10-29 at 6:58 am

    རྒྱལ་ཁབ་ཆབ་སྲིད་ཁ་རྩེད་རྩེ་ས་མིན་།
    རྒྱལ་ཁབ་ཆབ་སྲིད་ཁ་དམག་འགན་འཁུར་མིན་།

    རྒྱལ་ཁབ་ཆབ་སྲིད་རྩ་བ་བརྟན་པ་ལ་།
    གཞུང་མང་མཐུན་ནས་འཆར་གཞི་རྒྱུད་ནས་ཟབ་།

  5. གནམ་ says:
    2016-10-29 at 9:25 am

    དེང་སང་། ན་རྒན་གཞུང་སྤྱི་ལ་ལྷག་སེམས་ཅན་གྱི་སྐད་ཆ་རྣམས་ཡར་མར་ལ་དཀྱོག་ནས། ཆོལ་ཁ་དང་ཆོས་ཁུང་གི་ནད་ཡམས་ལས་མི་རེ་ལ་གོ་ལོག་རེ་ཤར་ནས། ན་གཞོན་ཧམ་སེམས་ཆེ་བའི་མི་ངན་གཡོ་སྒྱུ་ཅན་གྱི་རྐུབ་ལ་མགོ་བཅུག་ནས། ད་བཙན་བྱོལ་བའི་སློང་ཁང་སྟོང་བ་དགའི་བདག་པོ་མི་རྗེ་སློབ་བཟང་སངས་རྒྱས་ཀྱི་དུས་ཡུན་རྫོགས་པ་ལ་སྒུག་པ་ལས། ཐབས་གཞན་མེད་པའི་གནད་ལ་ལྷུང་སོང་། རྒན་པ་ནི་རྒས། གཞོན་པ་ནི་སྨྱོས། བོད་ཀྱི་ལས་དོན་འདི། ང་ཚོའི་ལས་ཀྱི་སྣེ་མོ་བ་ངན་པས། རྒྱལ་ཁབ་མང་པོས་གཅིག་གིས་གཅིག་གི་ཁ་ངོ་འཛིན་སྤྱད་ཀྱི་རྩེད་ཆས་བྱེད་པ་ཙམ་ལས། ང་ཚོར་དགོས་བའི་དོན་གནད་ཞིག་ཕ་རིའི་སྤང་རྒྱན་རེད། མི་ཁོ་ཡིན་ན།

  6. སྤྱང་ཤོག says:
    2016-10-29 at 10:34 am

    ཨ་མི་རི་ཁ་དང་ཡོ་རོབ་རྒྱལ་ཁག་གི་གཞུང་བཅས་སུ་ཡུལ་གྱར་གཞུང་འདི་ངོས་ལེན་གནང་རོགས་ཞེས་ཞུ་དགོས་ཀྱི་འདུག་ཟེར་དུས། བོད་རང་དབང་རང་བཙན་ངོས་ལེན་དགོས་ཟེར་གྱི་ཡོད་པ་མ་རེད་དམ། རང་བཙན་ལས་གཞན་གང་བཤད་ན་ཆོག་གམ། རང་གཞུངས་ཀྱི་ལང་ཕྱོགས་གསར་པ་རྒྱུན་འཁྱོངས་གསུམ་ཟེར་བ་ཞིག་གོ་རྒུ་འདུག

  7. འབྲོང་བུ་སོག་ཚ། says:
    2016-10-29 at 10:56 am

    སྐུ་ངོ་སྨྱོ་ཚར་བ་འདྲ། སྔར་ཁོང་གིས་གསར་འགོད་གསལ་བསྒྲགས་ཤིག་ནང་། བོད་དང་རྒྱ་མི་གཉིས་མེས་འཚིག་མེས་བཏུག་གིས་འབྲེལ་ལམ་གནང་སྟེ་བོད་དོན་ཐག་གཅོད་བྱེད་དགོས་པ་ལས། ཨ་རི་དང་། རྒྱ་གར་སོགས་ཀྱི་བོད་འདི་སྤྲད་ཀྱི་མ་རེད་གསུངས་པ་དེ་ཕལ་ཆེར་རྒས་པོའི་བརྗེད་ནས་བློ་ཡུལ་ལ་མེད་པ་འདྲ། ཐོག་མར་ཁོ་རང་གི་གསལ་བསྒྲགས་དེ་ལ་འགྲེལ་བཤད་ག་འདྲ་ཞིག་རྒྱག་རྩིས་ཡོད་ན།

  8. ཚ་ཕྲུག་རྒྱལ། says:
    2016-10-29 at 7:35 pm

    སྐུ་ངོ་ལགས་ཀྱི་བཀའ་མོལ་འདི་དག་སྔ་མོ་དང་མི་འདྲ་བ་འགྱུར་བ་ཆེན་པོ་གསུངས་འདུག། བར་ལམ་ཞིག་ལ་སྐུ་ངོ་ལགས་ནས་རྒྱ་ནག་ཚང་གིས་༧གོང་ས་མཆོག་ལ་མཚན་སྨད་བྱེད་སྟངས་དེ་ཚོར་ཞིབ་ན་རྒྱ་བོད་དབར་གྲོས་མོལ་ཡོང་ཐབ་ཡོད་མ་རེད། ཞེས་ཚིག་ཐག་བཅད་ནས་གསར་འགྱུར་རྒྱུད་ལམ་ཁག་ཏུ་གསུངས་ཡོད། གནས་ཚུལ་མང་པོ་ཞིག་ལ་དོན་ཐོག་ཡོང་རྒྱུ་མེད་པ་འདྲ། བཙན་བྱོལ་ཚང་གི་ཆེ་ཆེ་འགྱོན་འགྱོན་ཚང་མས་རང་རང་གི་རྣམ་དཔྱད་རེ་ནས་རྒྱ་བོད་བར་འབྲེལ་བ་གནང་ནས་མི་ལོ་ལྔ་བཅུ་ཡན་མན་ཞིག་གི་ནང་དུ་ངེད་ཚོར་ཐོབ་རྒྱུ་དང་རག་རྒྱུ་ཕལ་ཆེ་མེད་སོང་བ་མ་ཟད། རྒྱ་བོད་བར་འབྲེལ་བ་བྱུང་རིམ་བཞིན་བོད་ཀྱི་གནས་བབ་ཀྱི་དགོས་འདུན་ནི་ཆུང་ངུ་དང་དམའ་རུ་ཕྱིན་ནས་དེང་སྐབས་རྒྱ་བོད་དབར་གྱི་གནས་སྟངས་ནི་༧གོང་ས་མཆོག་རྒྱ་ནག་དང་བོད་དུ་གནས་གཟིགས་ཕེབས་རྒྱུའི་ཆ་རྐྱེན་བཟོ་འདྲ་ཞིག་ཏུ་གྱུར་ཡོད། དེ་དང་ཕྱོགས་འཚུངས་སུ་བཙན་བྱོལ་ཚང་གིས་དེང་སྐབས་ཀྱི་བྱེད་བབ་ལ་ཞིབ་ན་རྒྱ་ནག་ཚང་གིས་བོད་ཀྱི་གནས་སྟངས་སྐོར་གྲོས་མོལ་དང་འབྲེལ་བ་སོགས་བོད་ལ་བཟང་ཕྱོགས་ཀྱི་འགྱུར་བ་གང་ཡང་གཏོང་རྒྱུ་མིན་པ་ནི་གཞི་གྲུབ་པ་རེད།

  9. གཞུང་པ་ཚེ་དབང་བསོད་ནམས་ says:
    2016-10-29 at 11:06 pm

    ཆབ་སྲིད་ཀྱི་བྱ་བ་ག་འདྲ་ཞིག་ཡིན་རུང་འགྱུར་བ་འགྲོ་དགོས་
    པ་དང་འགྱུར་བ་གཏོང་དགོས་པ་དང་འགྱུར་བ་བཏང་ནས་རང་མཁེ་ལེན་དགོས་པ་ལས་འགྱུར་བ་གང་ཡང་མེད་པར་སྐྱེ་འགྲོ་སྲོག་ཆགས་ཡོང་ལ་བདེ་སྐྱིད་བསྐྲུན་ཐུབ་པ་ནི་སངས་རྒྱས་བཅོམ་ལྡན་འདས་ཀྱིས་གསུང་པའི་དམ་ཆོས་བདུད་རྩི་ཁོ་ན་ལས་གཞན་གང་ཡང་
    འཇིག་རྟེན་འདིར་གནས་མི་ཐུབ་པ་ངས་ཚིག་ཐག་བཅད་ནས་བཤད་ཐུབ་།

  10. དྲང་སྲོང says:
    2016-10-30 at 2:31 am

    བོད་པ་ལས་ངན་རེད་སྔོན་མ་བོད་རང་བཙན་མ་རེད་ལབ་ན་རྒྱ་དམར་ནག་གཉིས་ཀྱིས་རྒྱུ་ཁྱི་རེད་ལབ་ནས་འབུར་བརྡུང་བཏང་དེང་སང་བོད་རང་བཙན་ཡིན་ལབ་ན་རྒྱ་འདྲེ་གཉིས་ཀྱིས་རྒྱུ་ཁྱི་རེད་ཟེར་འབུར་བརྡུང་བཏང་ད་བོད་དོན་དེ་ནི་ཟླ་ཕྱེད་ཐེག་ལེ་ལ་འཐོམ་ཐེག་ལེ་ན་ད་ལ་འཐོམ་ན་ད་ཡང་དབུ་མ་རང་བཙན་གང་ཡང་མི་དམིགས་པ་སྟོང་པ་ཉིད་དུ་གྱུར།།

  11. གཞུང་པ་ཚེ་དབང་བསོད་ནམས་ says:
    2016-10-30 at 2:53 am

    དབུ་མ་རང་བཙན་ཁ་རྩོད་མ་མང་ཨ་།
    བཅའ་ཁྲིམས་ནང་དུ་དབུ་རང་མ་གསལ་ནས་།
    བཅའ་ཁྲིམས་ནང་དུ་བོད་དོན་བདེན་མཐའ་འཁོད་།
    བཅའ་ཁྲིམས་མ་གསལ་དབུ་རང་ཕག་ཚགས་ལ་།
    ནུས་པ་འཐོན་པའི་སྒྲུབ་འབྲས་ཉིན་སྐར་

  12. གཞུང་པ་ཚེ་དབང་བསོད་ནམས་ says:
    2016-10-30 at 3:09 am

    རྒྱལ་ཁབ་རང་བཙན་མི་རིགས་ལས་དབང་ལ་།
    འགན་འཁུར་ཐུབ་པའི་ཕོ་རྒོད་གང་ན་ཡོད་།
    ཁ་སྟོང་གཏམ་སྟོང་དུས་ཚོད་འདའ་རོག་ཙམ་།
    མི་ལོ་དྲུག་བཅུ་མི་ཡུལ་ས་མཐར་ལྷག་།

  13. ཀ་བ་ཚེ་རིང་ says:
    2016-10-30 at 9:06 am

    ང་ལྟ་བུའི་ཁ་བརྡ་ལྟ་ཀློག་བྱེད་མཁན་ལ་མཚོན་ན་དུས་ཚོད་རིན་ཐང་ཆེ་བས་གཞུང་པ་ཚེ་བསོད་དང་ཀ་རྡོ་རམ་འབྱམས་པ་གཉིས་ཀྱི་ཡང་བསྐོར་བསྐྱར་བསྐོར་གྱི་བསམ་ཚུལ་ལ་ལྟ་ཀློག་བྱ་རྒྱུ་དེ་སྔ་ནས་བཞག་ཟིན་པ་ཡིན། ལ་དགས་པ་རྒན་དེའི་བྲིས་ཚད་ཀློག་གི་ཡོད། རྒན་ལ་བཀྲིན་ཆེ་ཞུ།

  14. ཀརྡོ་རབ་འབྱམས་པ་ says:
    2016-10-30 at 9:14 am

    ཀ་ཚེ་ལགས། ཐུགས་རྗེ་ཆེ།

  15. གཞུང་པ་ཚེ་དབང་བསོད་ནམས་ says:
    2016-10-30 at 9:52 am

    དྲ་ནང་འཛུལ་མིན་རང་དབང་རེད་།
    བལྟ་ཀློག་མཆན་འགོད་རང་དབང་རེད་།
    བལྟ་ཀློག་ཡོད་ནས་ཐོབ་རེ་མེད་།
    བལྟ་ཀློག་མེད་ནས་ཤོར་དཱོགས་མེད་།

  16. ནུབ་ཕྱོགས་གངས་ཕྲུག says:
    2016-10-30 at 10:17 am

    དྲང་སྲོང་ལགས། ཆབ་སྲིད་ཟེར་ན་རྟག་པ་བརྟན་པ་མ་རེད། དུས་དང་གནས་སྐབསཁེ་ཕན་ལ་བལྟ་ནས་འགྱུར་བ་འགྲོ་དགོས། སྔ་མོ་ཨ་རི་དང་ཨུ་རུ་སུ་དགྲ་རེད། ད་ལྟ་འབྲེལ་བ་ཡག་ཏུ་ཕྱིན་ཡོད། དཔེ་དེ་འདྲ་མང་། དེ་བཞིན་དུ་ཨ་རིའི་རྒྱལ་ནང་གི་འཛིན་སྐྱོང་དང་ཕྱི་འབྲེལ་ལ་སོགས་པ་དུས་དང་གནས་སྐབས་ལ་ལྟ་ནས་འགྱུར་བ་འགྲོ་བགྱི་ཡོད་ལ་འགྱུར་བ་འགྲོ་དགོས་རེད། བོད་དོན་དེ་ཡང་རང་བཙན་ནས་དབུ་མ་འགྱུར་ཡོད། དབུ་ལམ་གྱི་གྲུབ་འབྲས་མ་ཐོན་ན་ མ་འོངས་པར་ཐབས་ལམ་གཞན་པ་འཚོལ་དགོས་ངེས་ཡིན་།

  17. ཀརྡོ་རབ་འབྱམས་པ་ says:
    2016-10-30 at 10:20 am

    ་་་་་་་་ དབུ་ལམ་གྱི་གྲུབ་འབྲས་མ་ཐོན་ན་ མ་འོངས་པར་ཐབས་ལམ་གཞན་པ་འཚོལ་དགོས་ངེས་ཡིན་། ་་་་་་

  18. ཀརྡོ་རབ་འབྱམས་པ་ says:
    2016-10-30 at 10:23 am

    ང་ཡང་། །རྒྱལ་དབང་༸སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་སྐུ་བཞུགས་སྐབས་ལ་དབུས་ལམ་ཞི་འགྲིགས་མ་བྱུང་ན། ང་ཡང་། རང་བཙན་ལམ་ལ་འགྲོ་བགྱི་ཡིན། དེ་དུས་འཚེ་མེད་ཞི་བའི་ལམ་དེ་ཁག་སེ་ཆགས་ཟིན་པ་པ་རེད་དོ།།

  19. སེང་ཕྲུག་བརྟན་པ། says:
    2016-10-30 at 12:14 pm

    ཁ་ཡིས་རང་འཙན་ལེན་མཁན་མང་།
    དགོས་ཚེ་དབུ་ལམ་ཞུགས་མདོག་མང་།
    གདོང་གཉིས་ཙི་ཙི་སྐམ་པོ་མང་།
    མི་ཤེས་ཤེས་མདོག་མཁས་པ་མང་།
    མི་འཇོན་འཇོན་མདོག་དཔའ་བོ་མང་།
    ལྐོག་ནས་སྤྱི་ཚོགས་དཀྲུག་མཁན་མང་།
    ཀླད་མེད་བསམ་འཆར་འདོན་མཁན་མང་།
    དངུལ་དང་འཕྲད་ཚེ་ཁྲེལ་མེད་མང་།
    དེ་འདྲ་མང་བས་ཕན་འབྲས་ཉུང་།
    དྲང་བདེན་ཅན་གྱི་དཔའ་བོ་ཉུང་།
    ཤེས་ཚད་ལྡན་པའི་མཁས་པ་ཉུང་།
    ཆ་རྐྱེན་འཛོམས་པའི་སྲིད་དོན་པ།
    བོད་པའི་སྤྱི་ཚོགས་ནང་ན་ཉུང་།
    ཡོད་པ་དག་ལ་བླུན་པོ་ཚོས།
    རང་གི་སྐྱོན་གྱིས་སྐྱོན་བརྗོད་བྱེད།
    བླུན་པོ་མཁས་པའང་དེ་བཞིན་ཉུང་།
    དངོས་ཡོད་བོད་དོན་འཐབ་རྩོད་པ།
    འགའ་ལས་མེད་པའི་རྐྱེན་གྱིས་སོ།
    རྒྱ་ལ་རྒོལ་བའི་སྙིང་སྟོབས་དབེན།
    དོན་མེད་རང་མིར་སྐྱོན་བརྗོད་པས།
    ད་དུང་དཔའ་བོ་ཡིན་སྐད་སྒྲོག
    ཨ་ཙི་དེ་འདྲའི་ཐབས་སྐྱོའི་བུ།
    རང་སྐྱོན་རང་གིས་མ་མཐོང་མཚར།
    འདས་པའི་དུས་སུ་ཕ་ཡུལ་བོད།
    བོད་མིས་བྱས་པས་དགྲ་ལག་ཤོར།
    ད་ལྟའི་བོད་མིའི་བསམ་སྤྱོད་ལྟོས།
    དགྲ་བོའི་ལག་ནས་ལེན་ཐུབ་དཀའ།
    ཆིག་སྒྲིལ་མེད་པས་རྩོད་ཤུགས་མེད།
    རྩོད་ཤུགས་མེད་པས་གནོན་ཤུགས་མེད།
    གནོན་ཤུགས་མེད་པས་མགུལ་ཤུགས་མེད།
    མགུལ་ཤུགས་མེད་པས་ཕམ་ཤུགས་མེད།
    ཕམ་ཤུགས་མེད་པས་ལེན་མི་ཐུབ།
    ནམ་མཁའི་བླ་མ་དཀོན་མཆོག་གསུམ།
    ང་ཚོ་བོད་པའི་མི་རྣམས་ལ།
    ལེགས་ཉེས་འབྱེད་པའི་བློ་གྲོས་སྩོལ།

  20. གངས་ལྷ་མེ་ཏོག says:
    2016-10-30 at 1:04 pm

    རྣམ་པ་ཚོས་མང་ཆེ་ཤོས་ཀྱིས་དེ་ཙམ་གོང་རྩོམ་དང་འབྲེལ་མེད་དེ་འདྲ་ལབ་ཤག

  21. ཆོས་འཕེལ་དར་རྒྱས་ says:
    2016-10-30 at 2:31 pm

    བཀའ་བསྟན་འགྱུར་ཁྱེད་ཆ་བོ་སྨྱོ་བསྡད་མེད་གི་ན།

  22. ཀློང་ཆུང་ says:
    2016-10-30 at 2:36 pm

    རྒྱལ་བ་རིན་པོ་ཆེ་ཁྲིད་མ་ཕེབས་རོགས། ཁོང་གིས་གནང་ཡས་ཡོད་པ་ཚང་མ་གནང་ཟིན། ད་ལོ་གཞོན་དང་མི་རབས་གསར་པ་ཁྲིད་ཤོག

    རྒྱ་བོད་བར་ལ་འབྲེལ་བ་མིན་འདུག བློ་སེང་རྫུན་གཏམ་རྒྱབ་རིར་བརྟེན་ནས་བསྡད་འདུག ཁོ་ཅིའི་ཕྱིར་དྲང་པོ་མི་བཤད་དམ། མེད་ན་མེད་ཟེར་ན་ཁོ་ལ་གནོད་ཀྱི་མ་རེད།

    ང་རང་རྒྱལ་བ་རིན་པོ་ཆེའི་དྲུང་ནས་དབང་ལུ་མན་ངག་ཞུ་མ་མྱོང་བས་བླ་སློབ་ཀྱི་འབྲེལ་བ་མེད། ད་རེས་ཀྱི་བཀའ་ཁྲིའི་འདེམ་སྒོའི་སྐབས་ལ་བླ་མ་འདིས་ང་ཚོ་བསྐྱབས་སོང་། དེ་མིན་ཆོལ་གའི་གསེང་ནས་བོད་བསྐྱལ་སོང་སྙམ། ད་ལྟ་བློ་སེང་དང་སྤེན་ཚེ་གཉིས་དཔུང་སྒྲིལ་ཐུབ་པའི་ནུས་པ་ཁོང་གིས་བཟོས་སོང་། བཀའ་དྲིན་ཆེ།

    ངའི་སེམས་ལ་རྒྱལ་དབང་ཀརྨ་པས་རྒྱའི་བོད་བར་ལ་འབྲེལ་བ་འཛུགས་ཐུབ་ན་ཁོང་ལ་ནུས་པ་ཡོད། ཁོང་གི་སྐུ་གོང་མ་རྒྱ་ནག་གོང་མའི་དབུ་བླ་ཡིན་པས་རྒྱའི་ཁྲོད་ཁོང་དབང་ཐང་ཆེ་བ་འདུག

  23. ཀརྡོ་རབ་འབྱམས་པ་ says:
    2016-10-30 at 10:17 pm

    ་་་་་་་་ #22 ཀློང་ཆུང་ ་ལགས་ཀྱིས་སྤེལ་དོན།:
    October 30th, 2016 at 2:36 pm
    རྒྱལ་བ་རིན་པོ་ཆེ་ཁྲིད་མ་ཕེབས་རོགས། ཁོང་གིས་གནང་ཡས་ཡོད་པ་ཚང་མ་གནང་ཟིན། ད་ལོ་གཞོན་དང་མི་རབས་གསར་པ་ཁྲིད་ཤོག ་་་་་་་་་་་་

  24. གངས་ལྷ་མེ་ཏོག says:
    2016-10-31 at 1:35 am

    ད་དཀའ་ལས་ཁག་ཞེ་དྲག་རེད།ང་ཚོའི་ལས་སྣེ་མང་ཆེ་ཤོས་ལ་བོད་ནང་ལོག་པའི་རེ་འདུན་གང་ཡང་མེད་པ་འདྲ་བོ་རེད།

  25. སེང་ཕྲུག་བརྟན་པ། says:
    2016-10-31 at 4:56 am

    གངས་ལྷ་མེ་ཏོག་ལགས། ལས་སྣེ་ལས་བྱེད་གྲྭ་བ་བཙུན་མ་མདོར་ན་སྐྱ་སེར་ཕོ་མོ་ཚང་མ་བོད་ལ་ལོག་དགོས་བསམ་མཁན་ཉུང་ཉུང་རེད། ཕྱི་རྒྱལ་ལ་ཕྱིན་དངུལ་བསགས། ཁང་པ་ཉོས། རྒྱ་གར་ཡོད་མཁན་ཚོས་འདིར་ས་ཁང་ཉོས། སྤྱི་སྒེར་ཚང་མས་ཁང་པ་རྒྱག་སྟངས་ལ་ལྟོས་ད། རང་བཙན་ཐོབ་པའི་བསམ་བློ་ཡོད་མཁན་གྱི་མི་ཞིག་གིས་དེ་འདྲ་རྩ་བ་ནས་མ་བྱེད་པར་ཐག་བཅད་་ནས་བཤད་ཆོག་རེད།
    དེ་ཚོའི་གནས་ཚུལ་ལ་གཞིགས་ན་མགོ་ན་ཡ་རེད། དེ་བས་གངས་ལྷ་མེ་ཏོག་ཁྱེད་དང་སེང་ཕྲུག་ངེད་གཉིས་ཀྱིས་དགའ་སྒྲུང་ཞིག་བཟོ་ན་མ་རེད་བས།

    ཁྱོད་ནི་ཤར་གྱི་གངས་ལྷའི་མེ་ཏོག
    ང་ནི་ནུབ་ཀྱི་ལྷ་སེང་ཕྲུག་གུ།
    ལས་ཀྱིས་ས་གཞི་གཅིག་ནང་འཛོམས་དུས།
    དགའ་བའི་གླུ་ཞིག་མཉམ་དུ་རོལ་དང་།

    སྤང་རྩ་དཀྱིལ་གྱི་ཤ་མོའི་གོམས་སྟབས།
    མདུན་འབུར་རྒྱབ་འབུར་ལིང་ལིང་གཡོ་ཨ།
    མིག་དཀྱུས་རིང་པོའི་ལྟ་སྟངས་ཤིག་གིས།
    སེང་ཕྲུག་ང་ཡི་སྙིང་རྩ་འཕར་སོང་།

  26. ནུབ་ཕྱོགས་གངས་ཕྲུག says:
    2016-10-31 at 5:22 pm

    བོད་གླེན་པ་ཚོ། བོད་རང་བཙན་འཐོབ་ན་ཕྱི་རྒྱལ་ལ་ཡོད་པའི་བོད་རིགས་ཚོ་ཚང་མ་བོད་ལ་ལོག་མི་དགོས། བོད་རང་བཙན་དེ་གཙོ་བོ་གཞིས་ལུས་བོད་པའི་ཆེད་དུ་རེད། སྔར་རྒྱ་གར་དང་པཀིསྟན་རང་བཙན་ཐོབ་པའི་སྐབས་དབྱིན་ཡུལ་ལ་རྒྱ་གར་བ་དང་པཀསྟ་ནི་སོགས་ཁོ་རང་ཚོ་ལུང་པ་ལ་ལོག་མེད། ད་དུང་རང་བཙན་ཡོད་པའི་ཕྱི་མི་མང་པོ་ཞིག་ནུབ་ཕྱོགས་ཡུ་རོབ་དང་ཨ་རི་སོགས་སུ་བསྡད་ཡོད། རྒྱ་མི་དང་རྒྱ་གར་ལྟ་བུ་ས་ཡ་མང་པོ་ཕྱི་རྒྱལ་ལ་ཡོད། ཁོང་ཚོར་རྒྱལ་ཁབ་ཡོད་ཀྱང་ལོག་མེད། བོད་གླེན་པ་ཚོ་མཁྱེན་སོང་ངམ། ང་བོད་ལ་ལོག་རྩིས་མེད་དོ།

  27. སེང་ཕྲུག་བརྟན་པ། says:
    2016-10-31 at 9:28 pm

    བོད་གླེན་པའི་དོན་གང་རེད། རང་བཙན་མི་དགོས་ཟེར་གྱི་ཡོད་མ་རེད། ཨ་རོག་ཁྱོད་འགྲོ་མ་འགྲོ་ཧ་ལས་རྒྱུ་གང་ཡང་ཡོད་མ་རེད། དཀའ་བའི་དུས་སུ་བོད་ལ་མི་ལོག་མདོག་མདོག་ཐོབ་ཚེ་ཐོབ་ཐང་རྩོད་མཁན་དང་ཤོས་གྲས་ཡིན་རྒྱུ་རེད།

  28. གཞུང་པ་ཚེ་དབང་བསོད་ནམས་ says:
    2016-10-31 at 9:49 pm

    མི་རྒས་ན་ཕ་ཡུལ་ཡིད་ལ་འཁོར་།
    བྱ་རྒས་ན་ཤིང་ནགས་ཡིད་ལ་འཁོར་།
    ཟེར་ཡང་ཟེར་ལ་བདེན་ཡང་བདེན་།
    བོད་དོན་བདེན་མཐའ་གསལ་བའི་ཉིན་མོ་ནས་
    བཙན་བྱོལ་ནང་ཡོད་པའི་བོད་མི་གཅིག་ཀྱང་མ་
    ལུས་པ་ཕ་ཡུལ་བོད་ལ་ལོག་གི་རེད་ལ་ལོག་དགོས་
    པ་ཡང་རེད་ལ་གོང་ས་མཆོག་གང་དུ་བཞུགས་ས་དེར་
    བོད་མི་ཚང་མ་སླེབས་རྒྱུ་ཡིན་པ་ནི་འཐེ་འཚོམས་
    དང་བྲལ་བ་མ་རེད་།

  29. སེང་ཕྲུག་བརྟན་པ། says:
    2016-10-31 at 11:04 pm

    གྲོགས་པོ་ཁྱོད་རྒས་པོ་ཡིན་ན་ང་རྒས་པོ་མིན།
    ཕ་ཡུལ་གཞོན་ནུས་ཀྱང་དྲན།
    མི་ཡུལ་ག་ཚོད་སྐྱིད་ཀྱང་ཕ་ཡུལ་ལྟ་བུུ་ཡོང་མི་སྲིད།

  30. ནུབ་ཕྱོགས་གངས་ཕྲུག says:
    2016-11-01 at 1:54 am

    སེང་ཕྲུག་བརྟན་པ། བོད་པ་གླེན་པ་ཟེར་ན། དུས་རབས་ཉེེར་གཅིག་ནང་ལ་ ཕྱི་དངོས་པོའི་སྒོ་ནས་རྗེས་ལུས། ནང་བསམ་བློའི་སྒོ་ནས་བརྒྱ་ཆ་བཅུ་ཙམ་མ་གཏོགས་མི་མང་ཆེ་བ་རྗེས་ལུས་རེད། དེ་འདྲ་སོང་ཙང་བོད་གླེན་པ་ཟེེར།

  31. སེང་ཕྲུག་བརྟན་པ། says:
    2016-11-01 at 7:25 am

    བོད་གླེན་པ་དང་བོད་པ་གླེན་པ་གཉིས་ལ་གོ་རྒྱུ་སོ་སོ་ནས་ཁྱད་པར་ཆེན་པོ་ཡོད། སོང་ཚིག་བསྡུ་སྐབས་གོ་བ་མི་འགྱུར་བ་དགོས་པ་ནི་གལ་ཆེ་ནང་གི་གལ་ཆེ་ཞིག་གོ

  32. ནུབ་ཕྱོགས་གངས་ཕྲུག says:
    2016-11-01 at 12:50 pm

    བོད་གླེན་པ་ཟེར་བའི་ཐ་སྙད་འདི་ངའི་ཕལ་ཆེར་མར་པ་ོ་ཙྪ་བའི་རྣམ་ཐར་ནང་དེ་འདྲ་ཞིག་་གསལ་བ་དྲན་གྱི་འདུག དེ་ཡང་རྒྱ་གར་གྱི་པཎ་གྲུབ་ཚོས་གནའ་སྔ་མོ་བོད་པར་དེ་འདྲ་གསུངས་ཡིན་པ་འདྲ།

  33. གཞུང་པ་ཚེ་དབང་བསོད་ནམས་ says:
    2016-11-01 at 1:18 pm

    བོད་པ་གླེན་པ་།
    རྒྱ་མི་སྤྱང་པོ་།
    རྒྱ་གར་མཁས་པོ་།
    ཨ་རི་མགོ་གཉིས་།
    དབྱིན་ཇི་ཁྲམ་པ་།
    ཨུ་རུ་སུ་ཧ་མི་གོ་།

  34. ཀརྡོ་རབ་འབྱམས་པ་ says:
    2016-11-01 at 4:51 pm

    བོད་རིགས་ཡ་རབ་ཤོས།
    བོད་མི་ཆོས་དད་ཆེ་ཤོས།
    བོད་པ་ཆོས་མཁས་ཤོས།
    གངས་ཅན་པ་ཉམ་ཆུང་ཤོས།
    བོད་མི་མི་ཡག་ཤོས།། །།

  35. ཀརྡོ་རབ་འབྱམས་པ་ says:
    2016-11-01 at 4:55 pm

    བོད་ས་མཐོ་ཤོས།
    བོད་པ་ཡ་རབ་ཤོས།
    བོད་རླུང་གཙང་ཤོས།
    བོད་མི་ལེགས་བྱང་མཐོ་ཤོས།

  36. སེང་ཕྲུག་བརྟན་པ། says:
    2016-11-01 at 9:41 pm

    གླེན་པ་ཞེས་པའི་ཐ་སྙད་དེ་སྲོག་ལྡན་ལ་འཇུག་པ་མ་གཏོགས་སྲོག་མེད་བོམ་པོར་འཇུག་པའི་སྐབས་མ་མཆིས། གལ་སྲིད་བོད་གླེན་པ་ཟེར་བས་བོད་པ་གླེན་པ་ཞེས་ངང་གི་གོ་ཐུབ་ན་བདག་པོའི་སྒྲ་དོན་མེད་དུ་ཐལ་ལོ། བོད་གླེན་པ་ཟེར་བ་དེ་གསུམ་རྟགས་ཀྱི་ཆ་ནས་ནོར་བ་རེད། བོད་ཟེར་བ་དེ་ས་གཞི་དང་བོད་པ་ཟེར་བ་དེ་དེའི་བདག་པོར་གོ་དགོས། གང་མ་དག་པ་མ་དག་པ་རེད་མ་གཏོགས་དེབ་ཅིག་ནང་འདུག་ཟེར་མ་དག་དག་པར་སྒྲུབ་ལུགས་དེ་ཡག་པོ་མ་རེད། རྒྱ་པཎ་གྲུབ་ཀྱིས་བོད་སྐད་གཙང་མ་མ་མཁྱེན་པས་དེ་ལྟར་བརྗོད་པ་རེད། ལོ་ཙཱ་བས་དེ་བཞིན་བསྒྱུར་བ་རེད། དཔེར་དེང་སང་རྡོ་རྗེ་གླིང་དང་བལ་ཡུལ་སོགས་ནས་ཕེབས་པའི་བོད་ཕྲུག་ཁག་ཅིག་གི་་་་་རིང་པོ་མི་ཞེས་་་་་ཟེར་གྱི་འདུག དེ་དག་པ་ཡིན་ན། སུས་གསུངས་པ་ཡིན་ནའང་གསུམ་རྟགས་ཡུལ་སྐད་དང་མཐུན་པ་ཡིན་ན་འགྲིག་པ་དང་མ་མཐུན་ན་མ་འགྲིག་པར་འཇོག་དགོས།

  37. གཞུང་པ་ཚེ་དབང་བསོད་ནམས་ says:
    2016-11-01 at 9:53 pm

    བོད་མི་ཆོས་སེམས་ཅན་།
    བོད་མི་གཞན་ཕན་ཅན་།
    བོད་མི་སྙིང་སྟོབས་ཅན་།
    བོད་མི་འབད་བརྩོན་ཅན་།
    བོད་མི་དམ་གཙང་ཅན་།
    བོད་མི་ངོ་ཚ་ཅན་།
    བོད་མི་ཡ་རབས་ཅན་།
    བོད་མི་རྒྱུ་འབྲས་ཅན་།
    བོད་མི་ལྷག་བསམ་ཅན་།
    བོད་དད་སེམས་ཅན་།
    བོད་མི་བློ་སྟོབས་ཅན་།
    བོད་མི་བརྩེ་སེམས་ཅན་།

  38. ལེགས་བཤད། says:
    2016-11-03 at 3:52 am

    བཀྲ་ཤིས་བདེ་ལེགས

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme