Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།

Posted on 2025-02-18 By ཁ་བརྡ་ No Comments on སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།

རྫ་ཚེ་རིང་བཀྲ་ཤིས།

ངས་ཉེ་ཆར་རང་མཁན་ཆེན་ཚུལ་ཁྲིམས་བློ་གྲོས་ཀྱིས་བོད་སྐད་ཀྱི་མིང་མཛོད་རྩོམ་བསྒྲིགས་ཀྱི་ཕྱག་ལས་གནང་ནས་ལོ་ཧྲིལ་པོ་ཉི་ཤུ་ཕྱིན་པ་དང་། གནམ་ལོ་ཉེར་གཅིག་པའི་ལས་ཀའི་དབུ་འཛུགས་ཀྱི་ཚོགས་འདུའི་ཐོག་ཏུ་གསུངས་པའི་བཀའ་སློབ་ཅིག་ལ་མཉན།

སྤྱིར་བཀའ་སློབ་དེའི་ནང་དོན་ནི་མིང་མཛོད་རྩོམ་སྒྲིག་དང་འབྲེལ་བའི་ལས་དོན་སྙན་ཞུ་ལྟ་བུ་ཞིག་རེད། བཀའ་སློབ་དེ་ལྟ་ཉན་ཞུ་མཁན་དང་བརྒྱུད་འགོད་བྱེད་མཁན་ནི་དྲ་སྒང་ཧྲིལ་པོར་ཁྱབ་པ་ལྟར་བྱུང་། མང་པོ་ཞིག་གིས་སེམས་འགུལ་ཐེབས་པའི་ཚོར་བ་གྲོགས་ཚོམས་སུ་བྲིས་པ་དག་མཇལ། ང་ལ་ཡང་ཚོར་སྣང་ཤིན་ཏུ་ཆེན་པོ་བྱུང་། ཡིན་ན་ཡང་། ཚོར་བ་དེ་ནི་དགའ་སྐྱོ་འདྲེས་མ་དང་། སྔངས་སྐྲག་དང་སེམས་ཁྲལ་གྱི་ཚོར་བ་འཇིགས་ཡེ་རེ་བ་ཞིག་ལས་རེ་བས་ཁེངས་པའི་ཚོར་བ་སྤྲོ་ལྷང་ངེ་བ་ཞིག་མ་རེད།

ཁོང་རྣམ་པའི་ཕྱག་ལས་དེ་ནི་ཧ་ཅང་རླབས་ཆེན་ཡིན་ན་ཡང་། ཕྱོགས་གཞན་ཞིག་ནས་ཧ་ཅང་ཉོབ་ཏོ་དང་ཁེར་རྐྱང་། ཚར་རྒྱུ་དང་རྫོགས་རྒྱུ་མེད་པ་ཞིག་དང་། ངང་རྒྱུད་རིང་པོས་ཕྱག་ལས་གནང་ཐུབ་པའི་སྙིང་སྟོབས་ཤིན་ཏུ་བརྟན་པོ་ཕ་བོང་ལྟ་བུ་ཞིག་མེད་ན་འཁྱོངས་དཀའ་བ་ཞིག་རེད། ད་དུང་དྲིན་ལན་ལོག་འཇལ་དང་བཀའ་དྲིན་ལ་བསམ་ཤེས་མེད་པའི་སྨྲ་བ་ཁྲི་སྟོང་གི་ཁྲོད་ནས་མཚམས་མཚམས་བློ་ཕམ་དང་ཡི་ཆད་ཀྱི་ཚོར་བའང་སྐྱེ་སྲིད་མོད། ཁོང་རྣམ་པས་དེ་ལས་ལྡོག་སྟེ། བླུན་པོ་རང་གི་རྗེས་སུ་མི་འབྲང་ཡང་། རང་ཉིད་བླུན་པོའི་རྗེས་སུ་མི་འབྲངས་པའི་བསམ་སྤྱོད་དང་དུ་བླངས་ཏེ་མི་ལོ་ཉི་ཤུའི་དུས་ཀྱི་རབ་ཁ་འཕྲེད་དུ་བཅད་པ་ནི་ཅི་འདྲའི་ངོ་མཚར་ཅན་ཞིག་རེད་ཨང་།

ཤེས་རབ་དང་སྤོབས་པས་དཔལ་དུ་འབར་ཞིང་། ལྷག་བསམ་དང་སྙིང་སྟོབས་ཀྱིས་གཞན་དབང་དུ་གྱུར་པའི་མཁན་ཆེན་ཚུལ་ཁྲིམས་བློ་གྲོས་དང་ཁོང་གི་དཔུང་སྡེ་དེས། འདས་པའི་མི་ལོ་ཉི་ཤུའི་རྩ་ཆེ་བའི་མི་ཚེའི་དུས་ཚོད་དེ་འདི་ལྟར་བསྐྱལ་བ་ནི། ཁ་བའི་ལོ་རྒྱུས་ཀྱི་ཁྲོད་ནུབ་པ་མེད་པའི་གསེར་གྱི་རྡོ་རིང་ལྟ་བུའི་ལོ་རྒྱུས་ཤིག་ཏུ་གནས་ངེས་ཡིན་པ་དེར་ངེས་ཤེས་ཆེ་རུ་ཕྱིན།

ད་དུང་མིང་མཛོད་དང་འབྲེལ་བའི་ལས་དོན་དེ་ནི་རང་དགར་གྱིས་མིས་འགྲུབ་པ་ཞིག་མིན་པས། གྲངས་དང་གྲབ། ཕེབས་ཁུངས་ཐོབ་ཐང་སོགས་གང་གི་ངོས་ནས་བསམ་ན་ཡང་། གནད་ཆེ་བའི་དུས་ཚོད་དང་། རྒྱུན་རིང་བའི་ཕྱག་ལས་ཀྱི་ཆ་ཤས་རེ་རེ་ལ་གཞན་གྱིས་ཚབ་བྱེད་ཐབས་བྲལ་བའི་རིན་ཐང་ཆེན་པོ་ལྡན་པ་དེ་ལྷག་ཏུ་རྟོགས་མགོ་འཚུགས། དེ་དང་མཉམ་དུ་བག་ལ་ཉལ་བའི་སྐྱོ་བའི་སྣང་ཤེས་དེའང་མངོན་གསལ་ཆེ་རུ་ཕྱིན།

དེ་ཡང་ལོ་འདི་གའི་རིང་མཁས་ཆེན་རྒན་པ་ནོར་བྲང་ཨོ་རྒྱན་དང་། རྡོ་དགོན་གསང་བདག་རྡོ་རྗེ་ལྟ་བུ་སྔ་གཞུག་ཏུ་འདས་གྲོངས་སུ་ཕྱིན། ད་ལྟ་བཞུགས་བཞིན་པ་དག་ཀྱང་། གཞོན་པ་ནས་དར་མ་དང་དར་མ་ནས་རྒས་པའི་གོ་རིམ་དུ་རིམ་གྱིས་འཕོ་བཞིན་པ་ནི་ཟློག་ཏུ་མེད་པའི་ཆོས་ཉིད་དུ་སྣང་ལ། མིང་མཛོད་རྩོམ་སྒྲིག་འདུ་འཛོམས་ཀྱི་སྐུ་པར་ལ་རྒྱང་མཇལ་ཞུ་སྐབས་སུའང་། མཁས་པའི་གྲལ་ར་གཉན་པོ་དེ་ལོ་རེ་བཞིན་མངོན་གསལ་དོད་པོས་ཉུང་དུ་འགྲོ་བཞིན་པ་མཐོང་དུ་ཡོད་པས། ཁོང་རྣམ་པའི་ཚོགས་འདུའི་སྐུ་པར་མཇལ་རྒྱུར་དགའ་བའི་གུས་པར་མཚོན་ན། འགྱུར་བའི་ཆོས་ཉིད་འདི་དག་གིས་སེམས་ལ་ཕངས་སེམས་དང་བློས་མི་ཐོངས་པའི་སྐྱོ་གདུང་གི་ཚོར་བ་ནར་མར་སྦྱིན་གྱི་ཡོད། ཡིན་ན་ཡང་། འཇིག་རྟེན་གྱི་ཆོས་ཉིད་འདི་ལ་སུས་ཀྱང་བཅོས་སུ་མེད།

ཉེ་ཆར་མཁན་ཆེན་མཆོག་གིས་འབྱུང་འགྱུར་རྩོམ་སྒྲིག་གི་ཚོགས་མིའི་སྤུས་ཚད་དེ་འདས་པའི་ལོ་ཉི་ཤུ་ནང་བཞིན་ཡོང་རྒྱུ་ཁག་པོ་ཡིན་ཚུལ་གསུངས་པའི་སྐབས་སུ་རང་ངོས་ནས་ཁོང་རྣམ་པའི་ཤེས་ཡོན་གྱི་རྒྱབ་ལྗོངས་སྤྱི་དང་བྱེ་བྲག་ལ་བསྐྱར་དུ་བསམ་བློ་བཏང་བ་ཡིན། ཁྱད་པར་དུ་སྤྱི་ཚོགས་རྙིང་པའི་དུས་རབས་ནས་སྲོལ་རྒྱུན་ཤེས་ཡོན་གྱི་དབུ་ཚུགས་ཤིང་། ལོ་རབས་ལྔ་བཅུ་དང་དྲུག་བཅུའི་ནང་དུ་བློ་ཡུལ་ལས་འདས་པའི་མི་ཚེའི་ཉམས་སད་བརྒྱུད་མཐར། ལོ་རབས་བདུན་ཅུ་བརྒྱད་ཅུ་ནས་མི་རིགས་གཅིག་གི་རིག་གཞུང་དང་རྩོམ་རིག་གི་བསྐྱར་དར་ལ་སྣེ་ཁྲིད་པའི་མཁས་པ་དག་འདི་ལྟར། གཞོན་པས་སྣེ་ཁྲིད། རྒན་པས་གཏིང་མནན་ནས་མཉམ་དུ་ཕྱག་ལས་གནང་བ་དང་། དེ་ཡང་སྐྱ་སེར་གཉིས་ཀ །མདོ་དབུས་ཁམས་གསུམ་སོགས་ཁྱོན་ཡོངས་ཀྱི་གྲུབ་ཆ་ཚང་བའི་དཔུང་སྡེ་ཞིག་གྲུབ་པ་ནི་ཅི་འདྲའི་ཡ་མཚན་དངོས་བྱུང་ལྟ་བུ་ཞིག་ཡིན་པ་དེར་དཀའ་བ་དང་དཀོན་པའི་འདུ་ཤེས་སྐྱེས། སྙིང་ཁོང་རུས་པའི་གཏིང་ནས་རྩ་ཆེན་དུ་ཚོར། མདོར་ན། མིང་མཛོད་རིན་པོ་ཆེ་འདི་ནི་བློ་གྲོས་མཆོག་ཏུ་ལྡན་ཞིང་། རིག་པ་མང་དུ་ཐོས་པ། ལྷག་བསམ་དང་བརྩོན་པས་ཕྱུག་པའི་མཁས་པ་ཁོང་དག་གིས་རིག་རྩལ་ཆོས་སྐུའི་གཏེར་སྟོན་གྱིས་ཤེས་རབ་དང་ཐོས་པའི་ཀློང་ནས་གཏེར་དུ་བླངས་པའི་སྙན་བརྒྱུད་སྤྲུལ་པའི་གླེགས་བམ་མཐར་ཐུག་པ་ཞིག་ཏུ་གྲུབ་ཡོད།

དེ་ལྟ་བུའི་དཔུང་སྡེ་ཞིག་ལ། རྒྱུ་དང་དཔལ་འབྱོར་གྱི་རྒྱབ་བསྟེན། ཤུགས་དང་ནུས་པའི་སྣེ་ཁྲིད་བཅས་གནང་མཁན་མཁན་ཆེན་མཆོག་གི་གཟིགས་རྒྱང་དང་བློས་བཏོང་དེ་དག་ཀྱང་ཡིད་ལ་བསམ་གྱིས་མི་ཁྱབ་པའི་ཆོས་ཉིད་ཀྱི་ཚུལ་དུ་འཁོར། ད་དུང་སྤྱིར་འཛམ་གླིང་དུ་ནི། གསར་འགྱུར་དང་ཚགས་པར་ཚང་མ་མ་རྩ་རིང་ལུགས་ཀྱི་བྲན་གཡོག་ཏུ་གྱུར་ནས་ཕྱུག་པོ་དང་རྒྱུ་ཆེན་དག་གི་བསམ་ཚུལ་དང་དགོས་འདུན་འགོད་ཡུལ་ཞིག་ཏུ་གྱུར། སྒོས་ས་ཆ་དེར་ནི་ཚིག་མཛོད་དང་རྩོམ་རིག་ཡོངས་སུ་རྫོགས་པ་ཚོགས་སྡེ་དང་མི་སྣ་བྱེ་བྲག་པའི་ལྟ་བ་དང་ལངས་ཕྱོགས་ལ་བསྟོད་གླུ་འབུལ་མཁན་འབའ་ཞིག་ཏུ་གྱུར་ཡོད་པའི་དུས་འདིར། མི་མང་གི་ཁྲོད་རང་ནས་ཡར་བཞེངས་ཏེ། མི་རིགས་ཤིག་གི་རིན་ཐང་གི་ལྟ་བ། སྐད་ཡིག་གི་ཆོས་ཉིད། དུས་ཀྱི་དགོས་མཁོ་བཅས་ཟུང་དུ་འབྲེལ་བའི་སྒོ་ནས་རང་དོན་རང་གཅེས་ཀྱིས་སྒེར་སེམས་མེད་པའི་ཕྱག་ལས་གནང་བའི་ཁོང་རྣམ་པའི་མཁྱེན་བརྩེ་ནུས་པ་དང་ཐབས་མཁས་བཅས་ལ་སེམས་གཏིང་ནས་དགའ་དད་སྐྱེས།

མཁན་ཆེན་རིན་པོ་ཆེ་ཁོང་ཉིད་ལ་མཚོན་ན། ཞབས་གདན་ཐོག་ཏུ་བཞུགས། ཕྱག་སྡེར་ཐོག་ཏུ་བསྐྱངས་ནས་བཞུགས་པ་ཡིན་ན། དད་ལྡན་བརྒྱ་སྟོང་མང་པོས་གཡས་འདེགས་གཡོན་སྐྱོར་གྱིས་སུ་ལས་ཀྱང་མི་ཞན་པའི་མངའ་ཐང་ཞིག་བསྐྱེད་ཐུབ་པ་ལྟ་བུ་ཡོད་ན་ཡང་། དགུང་ལོ་བཞི་བཅུ་ཞེ་སྟོད་ནས་དྲུག་བཅུའི་ལ་མོ་བརྒལ་བའི་བར་གྱི་གསེར་གྱི་དུས་ཚོད་དེ་ཉིད་བོད་ཀྱི་སྐད་ཡིག་གི་ལས་དབང་ལ་ཞབས་ཏོག་ཏུ་ཕུལ་བ་ནི་བསམ་གྱིས་མི་ཁྱབ་པ་ཞིག་རེད། དེའི་ཆ་ནས་བོད་ཀྱི་སྐད་ཡིག་གི་ལུག་ཁྱུ་འཚོ་བའི་བཀའ་དྲིན་ཅན་གྱི་ལུག་རྫི་རྒན་པོ་ཁོང་ལ་ལྷག་ཏུ་གུས་པར་གྱུར།

ཁོང་གི་དཔུང་སྡེ་གཞན་དག་ཀྱང་དེ་དང་འདྲ་སྟེ། རང་འདུན་པ་ཕལ་མོ་ཆེ་སློབ་ཆེན་གྱི་སློབ་དཔོན། ཞིབ་འཇུག་གི་འགན་འཛིན། བརྙན་འཕྲིན་གྱི་མདོ་འཛིན་སོགས་ལོ་རེ་བཞིན་ཞག་པོ་སུམ་བརྒྱ་དྲུག་ཅུ་རེ་ལྔ་དེ་ལས་ཀའི་ཐོག་ལ་གཏོང་དགོས་མཁན་འབའ་ཞིག་ཡིན་པ་དང་། མིས་སྨོན་རང་སྐྱིད་ཀྱི་ཕྱག་ལས་ལྕགས་ཀྱི་ཕོར་བ་དང་གསེར་གྱི་ཕོར་བ་ཚང་མ་ཡོད་ན་ཡང་། སོ་སོ་དང་ནང་མི་ལ་དབང་བའི་གཞུང་འབྲེལ་གྱི་ལས་ཀའི་གུང་གསེང་ཐུང་ཐུང་དེ་དག་ཀྱང་ཆད་ལྷག་མེད་པར་མིང་མཛོད་ཀྱི་ཕྱག་ལས་འདིར་ཞལ་འདེབས་སུ་ཕུལ་བ་གཅིག་པུའང་བློ་ཡུལ་ལས་འདས་པ་ཞིག་རེད། འདི་ཚང་མ་བསམ་ཡུལ་ལས་འདས་པའི་ལྷག་བསམ་དང་སྙིང་སྟོབས་ཀྱི་འབྲས་རྟགས་བླ་ན་མེད་པ་ཞིག་ཅི་ལ་མིན། ཕྱག་ལས་འདི་ནི་མཁན་ཆེན་མཆོག་གཅིག་པུས་ཞུ་བ་འཐེན་པ་དང་བཀའ་བཏང་བ་ལྟ་བུས་ཡོང་བ་ཞིག་མིན་ལ། འབྱོར་བ་དང་ཆ་རྐྱེན་ཡོད་མཁན་གྱིས་ཕོགས་དང་གླ་རྔན་སྤྲད་པས་ཡིད་འགུག་ཐུབ་པ་ཞིག་ཀྱང་མིན་པར། རྩོམ་སྒྲིག་པ་མི་རེ་ངོ་རེས་བླ་ན་མེད་པའི་ལྷག་བསམ་དང་། བོད་ཀྱི་སྐད་ཡིག་རིག་གནས་ལ་བཅངས་པའི་ཆ་རྐྱེན་མེད་པའི་བརྩེ་ཞེན་འབའ་ཞིག་གིས་མངོན་གྱུར་ཐུབ་པ་ཞིག་ཡིན།

དེ་རིང་ཡང་བསྐྱར། ཤར་རྒྱལ་མོ་རོང་གི་རིག་པའི་སོ་ཁ་སྲུང་བའི་དཔའ་བོ་ལྟ་བུར་ངོས་འཛིན་ཞུ་བཞིན་པའི་མཁས་དབང་ཆེན་པོ་བཙན་ལྷ་ངག་དབང་ཚུལ་ཁྲིམས་མཆོག་ང་ཚོ་དང་གཏན་དུ་ཞལ་གྱེས་པ་ནི། སྤྱིར་བོད་ཀྱི་རིག་གཞུང་དང་། དགོས་མིང་མཛོད་ཆེན་མོའི་རྩོམ་སྒྲིག་པའི་གདན་གྲལ་ནས་སྐར་ཆེན་འོད་པོ་ཆེ་ཞིག་མི་མངོན་གྱི་དབྱིངས་སུ་ཡལ་བ་ཡིན་པས་ཤིན་ཏུ་ཕངས། ཁོང་དགུང་ལོ་དགུ་བཅུ་གོ་དྲུག་གི་ཐོག་སྐུ་གཤེགས་པ་རེད་འདུག་ལ། ད་ཁོང་གི་སྐུ་ཚེ་ཧྲིལ་པོ་བོད་ཀྱི་རིག་གཞུང་ཆེད་བཏང་བར་མ་ཟད། ཁོང་གིས་མིང་མཛོད་རྩོམ་སྒྲིག་གི་ཕྱག་ལས་གནང་སྐབས་དགུང་ལོ་བརྒྱད་ཅུ་དང་དགུ་བཅུར་ཕེབས་བཞིན་ཡོད། དེ་ལྟ་བུའི་བགྲེས་སོང་ཞིག་གིས་ད་དུང་ཡང་འབད་པ་ཆེན་པོས་མི་རབས་ཕྱི་མ་དག་དང་མཉམ་དུ་ཐུགས་རིག་བསྒྲིམས་ཡོད། ཁོང་དག་གི་ཐུགས་ལ་བོད་ཀྱི་རིག་གཞུང་དང་སྐད་ཡིག་ཡོད་པ་ལས། ལས་ཀ་བྱེད་མཁན་དེ་ས་ཆ་གང་གི་ཡིན་དང་ཆོས་བརྒྱུད་སོགས་གང་ལ་གཏོགས་པའི་ཕྱོགས་ལ་བསམ་བློ་གཏོང་གིན་མེད། མདོར་ན། ཁོང་རྣམ་པའི་ཕྱག་ལས་དེ་དག་ང་ཚོའི་མིག་དཔེ་བླ་ན་མེད་པ་དང་རྟག་ཏུ་སློབ་སྦྱོང་ཞུ་ཡུལ་དུ་གྱུར་ཡོད། མཚམས་འདིར་ཐོན་དུས་ངས་འདི་ལྟར་བསམ། གལ་ཏེ་ང་ཡང་ཁོང་ཚོ་དང་མཉམ་དུ་མི་ལོ་ཉི་ཤུ་ཐམ་པར་སྒེར་སེམས་མེད་པའི་རིག་གནས་ཀྱི་ལས་གཞི་ཆེན་པོ་འདིར་མཉམ་ཞུགས་ཞུ་མཁན་གྱི་མཆེད་གྲོགས་སུ་གྱུར་ཡོད་ན། ང་ཡང་དེ་རིང་ལྷག་ཏུ་ཡིད་སྐྱོ་བར་ངེས།

གལ་ཏེ་ང་ཡང་ཁོང་ཚོའི་མཆེད་གྲོགས་ཡིན་ན། དབུས་ཇོ་བོ་མཇལ་བའི་དབུས་རོགས་ཟེར་བ་ལྟར། ཉག་ཕྲ་བའི་མི་རིགས་ཀྱི་ལས་དབང་གི་ཆེད་དུ་མིང་མཛོད་ཆེན་མོའི་རྩོམ་སྒྲིག་གི་ཆེད་རྩ་ཆེ་བའི་བློ་གྲོས་དང་ནུས་པ་བཏང་བའི་ཆོས་གྲོགས་དང་འཐབ་གྲོགས་སུ་གྱུར་པའི་ལོ་ཟླའི་ནང་། ཐ་སྙད་གསར་པ་རེ་རེའི་ཆེད། ཚིག་འབྲུ་རེ་རེའི་གོ་རིམ་གྱི་ཆེད། བྱ་ཚིག་དང་རྒྱན་ཚིག་རེ་རེའི་ཐོབ་ཐང་གི་ཆེད། སྒྲ་བསྒྱུར་དང་དོན་འགྱུར་གྱི་སྙན་ཆ་རེ་རེའི་གདམ་ངའི་ཆེད། ཕན་ཚུན་ཤེས་རབ་དང་ཤེས་རབ་ཀྱི་རལ་ཁ་འགྲན་བཞིན་འཁྲུགས་ཆ་དོད་པའི་དཔྱད་གླེང་གནང་བ་དེ་དག་ཀྱང་ཡང་ཡང་དྲན་པར་ངེས། གལ་ཏེ་ང་ཡང་ཁོང་ཚོའི་འཐབ་གྲོགས་ཡིན་ན། ནང་མི་དང་ལས་ཀའི་སྙོམ་བསྒྲིགས། དུས་རབས་དང་དཔལ་འབྱོར་གྱི་བསླུ་བྲིད། རང་རིགས་སྤུན་ཟླས་དགོས་ངེས་ཀྱི་གདེང་འཇོག་དང་བཀོལ་སྤྱོད་ཀྱི་རྒྱབ་སྐྱོར་ཐོབ་མིན་གྱི་མགུ་འཁང་། དངོས་ཤུགས་ཀྱིས་གདོང་ལེན་དགོས་པའི་དུས་ཀྱི་རྒྱུ་རྐྱེན་གཞན་དག་བཅས་ལ་མཉམ་དུ་གདོང་བཏད་ནས་ཡོང་བའི་དགའ་སྐྱོའི་གཏམ་རྒྱུད་དེ་དག་བློ་ཡུལ་དུ་འཆར་ངེས།

དེ་ཡང་ཉེ་ཆར་མཁན་རིན་པོ་ཆེས་བཙན་ལྷ་ངག་ཚུལ་ཁྲིམས་ལྟ་བུ་ནི་ད་ལྟ་དངོས་སུ་བཞུགས་ན་ཡང་། ད་ཕྱིན་ལས་དོན་ལ་དངོས་སུ་མཉམ་ཞུགས་ཐུབ་པ་དཀའ་མོ་ཡིན་ཚུལ་གསུངས་པའི་བཀའ་མོལ་དེའང་ད་ལྟ་གློ་བུར་དུ་སེམས་ལ་འཁོར།

ཡིན་ན་ཡང་། ང་ཚོར་ད་དུང་ཡང་མཁན་ཆེན་ཚུལ་ཁྲིམས་བློ་གྲོས་ལྟ་བུ་མཁས་པ་རྒན་པ་རྣམས་ཀྱིས་ཀྱང་ཐུགས་ཡིད་ཆེས་པའི་སྣེ་ཁྲིད་མཁན་ཞིག་ཡོད་བཞིན་དུ། ཉམས་མྱོང་ཕུན་སུམ་ཚོགས་པའི་རྩོམ་སྒྲིག་པའི་དཔུང་སྡེ་དེ་ཉིད་སྔར་མུས་བཞིན་གནས་བཞིན་དུ། ཛ་དྲག་པའི་དུས་ཀྱི་དགོས་མཁོ་དང་བོད་ཀྱི་ཕ་སྐད་མ་ཡིག་འདི་ཉིད་ཉེན་ཁའི་གནས་སུ་གྱར་བཞིན་དུ། འབྱུང་འགྱུར་གྱི་དུས་ཀྱི་དགོས་མཁོ་བསྐོང་བའི་གཞོན་སྐྱེས་ལྷག་བསམ་དང་ཤེས་རབ་ལྡན་པ་དུ་མ་ཞིག་ངེས་པར་དུ་འབྱུང་ངེས་ཡིན། མདོར་ན། ང་ཚོས་ལག་ལེན་གྱི་ཐོག་ནས་མཁས་པ་གོང་མ་དག་གི་ཕྱག་ལས་ཀྱི་མཇུག་སྐྱོང་མཁན་གྱི་གཞོན་པའི་དཔུང་སྡེ་ཞིག་མདུན་དུ་ཐོན་ངེས་ཡིན་པ་དེར་ཡིད་ཆེས་བྱ་དགོས།

མཚམས་འདིར་ཐོན་དུས། གུས་པ་རང་ཉིད་ལ་མཚོན་ན། ད་བར་ཁོང་རྣམ་པའི་མིང་མཛོད་ཀྱི་བཀོལ་སྤྱོད་སོགས་ལ་དགོས་ངེས་ཀྱི་ཞབས་ཏོག་གང་ཡང་མ་འགྲུབ་པ་ནི་ངོ་གནོང་དགོས་པ་ཞིག་ཡིན་ལ། མ་འོངས་པར་གང་ཐུབ་ཅི་ཐུབ་ཀྱིས་ཁོང་རྣམ་པས་གཏན་འབེབས་གནང་བའི་བརྡ་ཆད་དང་ཐ་སྙད་དག་བཀོལ་སྤྱོད་སྔར་ལས་མང་བ་བྱ་རྒྱུའི་དམ་བཅའ་འབུལ་རྒྱུ་ཡིན། ཕྱོགས་གཞན་ཞིག་ནས་ནི། ཕྱི་ནང་གི་རྒྱུ་རྐྱེན་གང་ཡིན་མ་ཤེས་མོད་སྔར་ཡོད་མིང་མཛོད་ཀྱི་བུམ་མཛོད་app ཕབ་ལེན་དང་བཀོལ་སྤྱོད་ལ་དཀའ་ལས་ངེས་ཅན་བྱུང་བ་དང་། ཐོན་རིམ་གསར་པ་ཡིན་པའི་ཚིག་མཛོད་དག་དུས་ཐོག་ཏུ་གསར་བསྒྱུར་གནང་ཡོད་མེད་ཁ་གསལ་མ་ཤེས་པ། དེབ་གསར་པ་དག་ཀྱང་དུས་ཐོག་ཏུ་ལག་ཏུ་ཐོན་དཀའ་བ་སོགས་ཀྱིས། བརྡ་དང་ཐ་སྙད་གང་ཞིག་གསར་ཤོས་དང་དག་ཤོས་ཡིན་པའི་ཐད་གདེང་ཁེལ་བའི་ཁ་གསལ་མ་བྱུང་བ་སོགས་ཕྱིའི་རྒྱུ་རྐྱེན་ཡང་འདུས་སྟེ། མ་འོངས་པར་དྲ་ལམ་ནས་མིང་མཛོད་བཀོལ་སྤྱོད་དེ་ཉིད་སྔར་ལས་ཁ་གསལ་དང་སྟབས་བདེ་ཡོང་བའི་རེ་བ་ཡང་ཞུ་བཞིན་ཡོད།

ངོ་སྤྲོད།, བསམ་ཚུལ།

Post navigation

Previous Post: བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།
Next Post: ཆོ་འཕྲུལ་སྨོན་ལམ་ཆེན་མོ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (93)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (59)
  • ཨེ་ལི་སི། (53)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (34)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme