Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

སྐད་ཡིག་གཉིས་མཉམ་གཤིབ་བྱེད་ཐབས་ཀྱི་དཔེ་མཚོན་རྙེད་བྱུང་།

Posted on 2014-01-232014-01-23 By ཁ་བརྡ་ 56 Comments on སྐད་ཡིག་གཉིས་མཉམ་གཤིབ་བྱེད་ཐབས་ཀྱི་དཔེ་མཚོན་རྙེད་བྱུང་།

བཀྲ་ཤིས་དོན་འགྲུབ།

དབུས་སྐད་ལ། (ང་རང་གིས)བྱེད་ཆོག་དང་། (ང་རང་གིས)སྒྲུབ་ཆོག་ཟེར་བའི་བའི་རྗེས་འཇུག་(ང)ཡིག་དང་(གི)ཡིག་རྣམས་བསྡུས་ཏེ། ང་(རས)བྱེད་ཆོག ང་(རས)བསྒྲུབ་ཆོག ཟེར་བ་དང་། ཨ་མདོ་བས། (ཁྱོད་ཀྱིས)བྲིས་པ་ཡིན་ནམ་དང་། (ཁྱོད་ཀྱིས)བཤད་པ་ཡིན་ནམ་སོགས་ལ། (ཁྱོས)བྲིས་པ་ཡིན་ནམ། (ཁྱོས)བཤད་པ་ཡིན་ནམ་ཟེར་བ་དེ་གཉིས་ཀྱི་ཚིག་སྡུག་རྒྱག་སྟངས་གཅིག་པ་གཅིག་ཀྱང་རེད་ལ། ཚིག་སྡུད་རྒྱག་སྟངས་འདི་འདྲ་ནི་བོད་ཀྱི་སྐད་ཡིག་གི་ཆོས་ཉིད་དང་ཤིན་ཏུ་མཐུན་པས། འདི་འདྲ་སེ་ཚིག་སྡུད་བརྒྱབས་པའི་མིང་ཚིག་ཀྱང་ཤིན་ཏུ་མང་པོ་ཡོད། དཔེར་ན། (ས་བོན)དང་། (འགྲོ་སྟངས)སོགས་ལ་(སོན)དང་(འགྲོས)སོགས་སུ་བསྡུས་ནས་ཤོད་པ་དང་འབྲི་བ་ལྟར་རེད།

དེ་བས་གོང་གི་མིང་ཚིག་སྡུད་སྟངས་དེ་ནི་ཡི་གེ་འབྲི་སྟབས་བདེ་ཞིང་། དམིགས་བསལ་ཁ་ནས་བཤད་བདེ་ལ་ཕལ་སྐད་དང་ཡི་གེ་འབྲི་སྲོལ་གཉིས་མཉམ་གཤིབ་བྱེད་ཐབས་ཀྱི་མིག་དཔེའམ། སྐད་ཡིག་གཉིས་མཉམ་གཤིབ་ཀྱི་དཔེ་མཚོན་ཡག་ཤོས་དེ་རེད། དེ་བས་དཔྱོད་ལྡན་པ་དག་གིས་ཕལ་སྐད་ཁྲོད་ཀྱི་མིང་ཚིག་འདི་འདྲའི་རིགས་དག་བསྡུ་སྒྲིག་བྱེད་ཐུབ་ན་ཤིན་ཏུ་ཕན་ཐོགས་ཡོང་ས་རེད་སྙམ་པའི་དྲན་འཆར་འདི་ཞུ་འདོད་བྱུང་ལགས།

སྣ་ཚོགས།

Post navigation

Previous Post: རྫོང་གསར་མཁྱེན་བརྩེས་ཕོ་མཚན་སྐོར་གྱི་དེབ་གསར་བ་ཞིག་དབུ་འབྱེད་གནང་འདུག
Next Post: སེམས་དང་གོམ་པ། ད་དུང་བརྩེ་བ།

Comments (56) on “སྐད་ཡིག་གཉིས་མཉམ་གཤིབ་བྱེད་ཐབས་ཀྱི་དཔེ་མཚོན་རྙེད་བྱུང་།”

  1. གསར་བུ། says:
    2014-01-23 at 10:11 am

    རྙེད་བྱུང་ཨེ། འདི་ལྟ་བུ་ཁྱོད་ཀྱིས་རྙེད་བྱུང་ཟེར་ན་འདི་འདྲ་འཚོལ་མི་དགོས་པར་རྙེད་རྒྱུ་ཡོད་པ་གྲངས་ལས་འདས། ཅིག་ཅིག་ཆེས་ཐོག་མ་དང་ཉིག་ཉིག་གསར་གཏོད་ཟེར་བའི་ཐ་སྙད་དེ་དག་བེད་སྤྱོད་བྱེད་མེད་པ་ཡག་བྱུང་།

  2. ཉམས་ཞིབ་པ་ says:
    2014-01-23 at 10:43 am

    བཀྲ་ཤིས་དོན་གྲུབ་ཀྱིས་དབུས་སྐད་དང་ཨམ་སྐད་ལབ་ནས་སྦམ་ཚོད་ཅིག་བཤད་འདུག
    དབུས་གཙང་གི་ཁོངས་སུ་ཕལ་སྐད་མི་འདྲ་བ་ག་ཚོད་ཡོད་དམ། དབུས་ཕྱོགས་ཚང་མས་ང(རས)བྱེད་ཆོག་ལབ་བམ། ཨ་མདོའི་ཁོངས་སུ་ཕལ་སྐད་མི་འདྲ་བ་ག་ཚོད་ཡོད་དམ། ཨ་མདོ་ཚང་མས་(ཁྱོས)་བྲིས་བ་ཡིན་ནམ་ཟེར་རམ། བཀྲ་ཤིས་དོན་གྲུབ་ཀྱིས་ཕལ་སྐད་སྐོར་མ་གླེང་སྔོན་ལ་ཕལ་སྐད་སྐོར་ལ་ཞིབ་འཇུག་གྱིས།

  3. ཀརྡོ་གཉེར་ཕྱག་པ་ says:
    2014-01-23 at 10:57 am

    ཨ་མདོ་བས། (ཁྱོད་ཀྱིས)བྲིས་པ་ཡིན་ནམ་དང་། (ཁྱོད་ཀྱིས)བཤད་པ་ཡིན་ནམ་སོགས་ལ། (ཁྱོས)བྲིས་པ་ཡིན་ནམ། (ཁྱོས)བཤད་པ་ཡིན་་་་་་ ཞེས་པ་མི་འཐད་དེ།
    ཁྱོ་ནི། ཁྱོ་གའི་དོན་ཡིན་པས། ཁྱོས་བྲིས་ལབ་ན། ཁྱོ་གས་བྲིས་ཞེས་གོ་དགོས་པ་ལས། ཁྱོད་ཀྱིས་བྲིས་ཞེས་པ་མི་གོ

  4. ཀརྡོ་གཉེར་ཕྱག་པ་ says:
    2014-01-23 at 11:07 am

    མཉམ་གཤིབ་བྱས་ནས། སྤྱི་སྐད་ཅིག་གསར་ཐོན་ཐུབ་པ་བྱ་རྒྱུ་ནི། ཤིན་ཏུ་གལ་ཆེན་དུ་མཐོང་ལགས།

  5. ཉམས་ཞིབ་པ་ says:
    2014-01-23 at 12:22 pm

    ཁྱེད་ཚོས་སྐད་དང་ཡི་གེའི་སྐོར་མ་གླེང་སྔོན་ལ་དེ་གཉིས་ཀྱི་རྣམ་དབྱེ་དང་བཀོལ་སྤྱོད་། ཁྱབ་རྒྱ་བཅས་ལ་ཞིབ་འཇུག་བྱེད་རྒྱུ་གལ། སྐད་བརྡ་གཅིག་འཁྱེར་ཡོང་ནས་འདི་ཨ་མདོའི་ཕལ་སྐད་རེད་ཟེར་བ་དང་འདི་དབུས་ཀྱི་ཕལ་སྐད་རེད་ཟེར་བ་ནི་སྐད་ལ་ཞིབ་འཇུག་བྱས་མ་མྱོང་བའི་རྟགས་མཚན་རེད་། དཔེར་ན། ཨ་མདོའི་ས་ཁུལ་ཆུང་ཆུང་གཅིག་ལ་ཡང་ཕལ་སྐད་མི་འདྲ་བ་བཅུ་གྲངས་འདུག

  6. བསམ་ཤེས། says:
    2014-01-23 at 12:34 pm

    བཀྲ་ཤིས་དོན་གྲུབ་ལགས་ཀྱིས་དེ་ལྟར་དོ་སྣང་བྱས་པར་ཐུགས་རྗེ་ཆེ་ཞུའོ། ཚིག་བསྡུ་སྟངས་ཡོད་ན་ལེགས། དེ་ཡང་གཅིག་འགྱུར་དང་ཚད་གཞི་གཅིག་ཡོད་ན་ཀུན་ནས་ལེགས་སོ། སྔོན་མ་མཁས་དབང་དམུ་གེ་བསམ་གཏན་ནས། ཚིག་བསྡུ་སྟངས་ལ་གཞུང་ལུགས་དང་བསྟུན་ཞིང་། དམངས་ཁྲོད་ཀྱི་ཁ་སྐད་དང་ཡང་འཚམ་པ་ཞིག་དགོས་གསུངས་པ་གནད་ལ་འཁེལ།

    འདི་ལ་དཔྱད་གཞི་རེ་གཉིས་ཡོད་དེ།

    ང་རང་གིས། ང་རས། ངས།

    ང་ཡི། ངའི།

    དེ་བཞིན་རྒྱ་གར་ནང་ལ། དྲན་ཡོད། སྒུག་ཡོད་ལྟ་བུ་ནི། དྲན་བཞིན་ཡོད། སྒུག་བཞིན་ཡོད་པའི་བསྡུས་ཚིག་ཨེ་རེད།

  7. ཀརྡོ་གཉེར་ཕྱག་པ་ says:
    2014-01-23 at 12:50 pm

    དབུས་གཙང་གི་མཁས་པ་དང་། ཁམས་པའི་མཁས་པའམ། ཨ་མདོའི་མཁས་པ་སུ་ཡིན་ན་ཡང་། རང་གི་ཡུལ་སྐད་ལ་ཞེན་ཆགས་ཆེན་པོ་ཡོད་པའི་མཁས་པ་སུ་གང་གིས་ཀྱང་བོད་རིགས་སྤྱི་སྐད་ལ་ཞབས་འདེགས་ཞུ་མི་ཐུབ་པས་་་་

  8. ཉམས་ཞིབ་པ་ says:
    2014-01-23 at 1:33 pm

    འདི་རུ་ཕལ་སྐད་བཤད་གི་ཡོད་པ་རེད་དམ་བསྡུས་ཚིག་བཤད་གི་ཡོད་པ་རེད། འདི་གཉིས་ཁ་ཁ་རེད་ད་།

  9. ཀརྡོ་གཉེར་ཕྱག་པ་ says:
    2014-01-23 at 3:20 pm

    དྲན་གྱིན་ཡོད། འདི། དྲན་བགྱིན་ཡོད། དང་། དྲན་བགྱིད་ཡོད། ཅེས་འབྲི་དགོས།

  10. ཀརྡོ་གཉེར་ཕྱག་པ་ says:
    2014-01-23 at 3:25 pm

    དྲན་བཞིན་སྡོད་ཡོད། འདི། དེང་སང་། དྲན་ནས་བསྡད་ཡོད། ཟེར།
    ཡང་ན།
    དྲན་བགྱིན་སྡོད་བགྱིད་ཡོད། ལབ་དང་འབྲི་དགོས་པ་འདྲ།

  11. ཉམས་ཞིབ་པ་ says:
    2014-01-23 at 3:33 pm

    ད་དུང་བཀྲ་ཤིས་དོན་གྲུབ་ཀྱིས་སྐད་ཡིག་གཉིས་མཉམ་གཤིབ་བྱེད་ཐབས་ཀྱི་དཔེ་མཚོན་ཟེར་ནས་བརྗོད་འདུག་མོད་། ཁོང་གིས་བཞག་པའི་དཔེར་བརྗོད་ཁག་ནི་སྐད་དང་ཡི་གེ་གཉིས་མཉམ་གཤིབ་བྱེད་ཐབས་མ་ཡིན་པར་ཡི་གེའི་ཁོངས་ཀྱི་བརྗོད་པ་རྒྱས་བ་དང་བསྡུས་བ་གཉིས་སྟོན་སྟངས་ཤིག་རེད།
    (ཁྱོད་ཀྱིས་)བྲིས་བ་ཡིན་ནམ་ཟེར་ན་བརྗོད་པ་རིང་བ་རེད་། (ཁྱོས་)བྲིས་བ་ཡིན་ནམ་ཟེར་ན་བརྗོད་པ་ཐུང་དུ་བཏང་བ་ཙམ་རེད་། བརྗོད་སྟངས་གཞན་ཞིག་བྱས་ན་བརྗོད་པ་བསྡུས་བ་ཙམ་རེད་། འདི་ཕལ་སྐད་དམ་ཡང་ན་སྐད་དང་མཉམ་གཤིབ་བྱས་བ་མ་རེད་། མིན་པའི་དཔེ་མཚོན་བཀོད་ན།
    ང་སྐྱེ་སའི་ཨ་མདོའི་ཁུལ་དུ་ཕལ་སྐད་དུ་(ཁྱོས)བྲིས་བ་ཡིན་ནམ་མི་ཟེར། དེའི་ཚབ་ལ།
    ༡) (ཁྱོས)བྲིས་ནེས། ༢)(ཁྱོས)བྲིས་ནི་འུ་རེད་། ༣)(ཁྱོས)་བྲིས་ཟིག་པ། ༤)(ཁྱོས)་ཨེ་བྲིས། ༥)(ཁྱོས)་བྲིས་བ་རེད་སོགས་ཟེར།

    བཀྲ་ཤིས་དོན་གྲུབ་ཀྱིས་བསྐྱར་དུ་། སྐད་དང་ཡི་གེ་གཉིས་མཉམ་གཤིབ་བྱེད་ཐབས་ཤིག་སྟོན་གི་ཡོད་དང་ཡི་གེའི་ཁོངས་ཀྱི་བརྗོད་པ་རྒྱས་བསྡུས་བྱེད་ཐབས་ཤིག་སྟོན་གི་ཡོད་ཉམས་ཞིབ་གྱིས།

  12. ཆུ་ཐིགས་སྔོན་མོ says:
    2014-01-23 at 4:05 pm

    ཀ་རྡོས་བཤད་པར་མོས་མཐུན་མེད་་་་ཨ་མདོ་བས་་་ཁྱོས་་་ཟེར་བ་ཁྱོ་གས་བཤད་པ་རེད་ཟེར་བ་མཐོང་དུས་དགོད་རྒྱུ་ཡོང་ནས་མི་ཉན་གི་་་བུད་མེད་ཚོར་ཁྱོས་ཨི་ཟ་་་་ཁྱོས་ཨི་འཐུང་་ཁྱོས་ཨི་གོན་་ཟེར་བས་ཁྱོ་ག་གཅིག་པོར་གོ་དགོས་ཟེར་བ་ཧཧཧ

  13. བསམ་ཤེས། says:
    2014-01-23 at 4:10 pm

    ཀ་རྡོ་ལགས་ཀྱི་མཆན་༩དང་༡༠དེ་ལ་དྭོགས་འདྲི་ཞིག་བཀོད་པ་ལ།

    སྐྱག་པ་གཏོང་གིན་ཡོད་རེད་དམ། སྐྱག་པ་གཏོང་བགྱིན་ཡོད་རེད།

    ཇི་ལྟར་བོད་རྒྱ་ཚིག་མཛོད་ཆེན་མོ་ལས།

    གིན། ག་ངའི་མཐར་སྦྱར་རྒྱུ་བཞིན་ཞེས་པ་དང་གཅིག་པའི་ད་ལྟ་བའི་ལས་སྟོན་བྱེད་ཀྱི་ཕྲད་ཅིག་སྟེ།

    དཔེར་ན། ཞིང་ཁར་ཆུ་གཏོང་གིན་ཡོད། མི་དེ་ཚོ་ད་ལྟ་ཡོང་གིན་འདུག་ལྟ་བུ།

    ཇི་ལྟར་དག་ཡིག་གསར་བསྒྲིགས་ལས།

    ཀྱིན། གྲོགས་ཚིག ཀྱིན་གྱིན་གིན་ཡིན་བཞི་ཡེ་གེའི་ཐོབ་ཐང་ལྟར་ལས་ཚིག་ད་ལྟ་བའི་མཐར་སྦྱར་ན་དུས་ད་ལྟ་བ་སྟོན་པའི་ཚིག་གྲོགས་ཡིན་ཞིང་། ད་བ་ས་གསུམ་གྱི་རྗེས་སུ་ཀྱི་འཐོབ་སྟེ།

    དཔེར་ན། བྱ་བ་སྒྲུབ་ཀྱིན་འདུག རྟ་ལ་སྒ་སྟོད་ཀྱིན་འདུག ལས་ཀ་ལས་ཀྱིན་ཡོད་ལྟ་བུ། ན་མ་ར་ལ་བཞིའི་རྗེས་སུ་གྱིན་འཐོབ་རྩེད་མོ་སྟོན་གྱིན་ཡོད། དོན་ལ་བསམ་གྱིན་འདུག ཁུར་པོ་འཁུར་གྱིན་ཡོད། ཕྱུགས་འཚོལ་གྱིན་ཡོད་ལྟ་བུ། ག་ང་གཉིས་ཀྱི་རྗེས་སུ་གིན་འཐོབ་སྟེ། ཐུན་མོང་གི་དོན་དུ་རྒྱུ་ནོར་གསོག་གིན་ཡོད། ཕྱུགས་ཟོག་རྩྭ་སར་གཏོང་གིན་ཡོད་ལྟ་བུ། འ་དང་རྗེས་འཇུག་མེད་པའི་མཐར་བརྡ་རྙིང་ལ་ཡིན་འཐོབ་སིལ་ཏོག་ཟ་ཡིན་གདའ། གློག་བརྙན་ལ་ལྟ་ཡིན་འདུག་ལྟ་བུ། ད་ལྟ་བཞིན་འབྲི།

  14. ཉམས་ཞིབ་པ་ says:
    2014-01-23 at 4:34 pm

    བསམ་ཤེས་ཀྱིས་དོགས་འདྲི་བྱས་བ་གནད་ཆེ། ཀརྡོ་ལགས་སྐད་ཡིག་དགེ་རྒན་ཡིན་པ་མ་གཏོགས་སྐད་དང་ཡི་གེའི་གནད་འགག་དེ་ཚོར་ཉམས་ཞིབ་མ་བྱས་བར་སེམས་ལ་དྲན་ཚོད་དེ་བདེན་པ་ཡིན་ཚོད་བྱས་ཏེ་་ཁ་ནས་བྱོ་གི་འདུག སང་ཉིན་རྡ་སའི་དཔེ་མཛོད་དུ་སོང་ནས་འདིའི་སྐོར་གྱི་རྒྱུ་ཆ་རྙིང་པ་འགའ་བསྐྱར་དུ་བསྔོགས་ནས་ཞིབ་ཕྲ་ཞིག་རྗེས་སུ་འབྲི་འཆར་ཡོད་།

  15. ཡེ་ཤེས་རྡོ་རྗེ། says:
    2014-01-23 at 5:20 pm

    ཁ་སྐད་དང་ཡིག་སྐད་གཉིས་ཀྱི་ཚིག་འགྲོས་གཤིབ་སྡུར་བྱེད་ཐབས།

  16. ཡེ་ཤེས་རྡོ་རྗེ། says:
    2014-01-23 at 5:28 pm

    ཚིག་སྡུད་རྒྱག་སྟངས། 
    བརྗོད་པ་རྒྱས་སྡུད་བྱེད་ཐབས། 
    ཟེར་བ་ལ་སོགས་པ་འདི་དག་ལས་ཐོག་མར་ ཚིག་དང་བརྗོད་པ་ ཟེར་ན་གཞན་གྱིས་ཅི་འདྲ་ཞིག་ལ་གོ་བཞིན་ཡོད་པ་དང་རང་གིས་ཅི་འདྲ་ཞིག་ལ་ཟེར་གྱི་ཡོད་པ་གསལ་པོ་བཟོས་ནས་དཔེ་མཚོན་དང་བཅས་བཤད་ཐུབ་ན་དགའ་ས་རེད།

  17. ཡེ་ཤེས་རྡོ་རྗེ། says:
    2014-01-23 at 5:48 pm

    སྤྱིར་བཏང་ “དོན་གྱི་ངོ་བོ་སྟོན་པ་མིང་དང་ཁྱད་པར་སྟོན་པ་ཚིག” ཟེར་སྲོལ་ཞིག་ཡོད་པ་དེར།  
    སྨྲ་སྒོའི་ལྡེ་མིག་ལས།
    ཡི་གེ་ལས་ཚིག་འབྲུ་དང་ཚིག་བྱུང་ཞིང་།
    ཚིག་ཕན་ཚུན་བསྒྲིགས་ཤིང་ཚིག་ཕྲད་སྦྱར་བ་ལས་ཚིག་གྲུབ་བམ་བརྗོད་པ་གྲུབ་ཅེས་ཟེར་མོད། ཡིན་ནའང་ད་ནི་འདི་དག་ལས་ “མིང་” ཟེར་བ་དེ་ཅི་འདྲ་ཞིག་ལ་འཇུག་པ་དང་། “ཚིག” ཟེར་བ་དེ་ཅི་འདྲ་ཞིག་ལ་འཇུག་པའི་གྲུབ་ཆའི་ཆ་ཤས་རྣམས་སོ་སོར་འཕྲལ་རྒྱུའི་ལས་སུ་འཇུག་པར་བྱེད་པ་ལས།  མཁས་འཇུག་ཏུ། དོན་ལ་འཇུག་པའི་སྒྲ་ཇི་སྙེད། དེ་ཀུན་རིགས་དང་མིང་དུ་འདུས། ཟེར་བ་སོགས་སྐྱོར་ནས་སྡོད་པའི་དུས་མིན་ནོ།

  18. ཡེ་ཤེས་རྡོ་རྗེ། says:
    2014-01-23 at 5:53 pm

    ཡི་གེ་
    ཡིག་འབྲུ་
    མིང་
    ཚིག
    ཚིག་གྲུབ
    བརྗོད་པ་
    འདི་དང་འདི་ལྟ་བུའི་བརྡ་ཆད་དག་གི་རིམ་པ་དང་ཁྱད་པར་གསལ་བོར་འབྱེད་པའི་ལས་སུ་འཇུག་མཁན་དག་ལ་རྗེས་སུ་ཡི་རངས་ཞུ།

  19. ཀརྡོ་གཉེར་ཕྱག་པ་ says:
    2014-01-24 at 3:05 am

    # 13 བསམ་ཤེས་ལགས་སོགས་ལ་གསལ་བཤད།

    དང་པོ། བོད་ཡིག་ནང་ཕྲད་གཞན་དབང་ཅན་མང་བས་དཀའ་ངལ་ཡོད།
    གཉིས་པ། གིན། ཀྱིན། གྱིན། ཡིན། འིན། དེ་ཚོ་ཕྲད་མིན་ལ། གཞན་དབང་ཅན་དེ་བས་ཀྱང་མ་རེད།
    གསུམ་པ། གིན་ཀྱིན་གྱིན་དག་གི་གོ་དོན་༼བཞིན༽་ཞེས་པ་དེ་རེད། འདིར་ཁ་སྐད་དུ་བཞིན་གྱི་ཚབ་ལ་བགྱིན་ཞེས་བྲིས་ན། ཁ་སྐད་ཀྱི་སྒྲ་གདངས་དང་། གོ་དོན་གཉིས་ཀ་ཚང་། འདི་དཔེ་རྙིང་ནང་ལ་ཁུངས་མི་རྙེད་དེ། འདི་སྔར་མེད་གསར་གཏོད་རེད།

  20. ཀརྡོ་གཉེར་ཕྱག་པ་ says:
    2014-01-24 at 3:08 am

    ད་དུང་འདི་ཚོར་ཕན་ཐོགས་ཡོད་མེད་ཅིག་གཟིགས་དང་།

    འདས་ད་ལྟ་མ་འོངས་གོ་རིམ་བཞིན།
    སྐྱེས་བུ་དང་པོར།
    ༡༽ངས།
    ་་་པ་ཡིན།
    ་་་་བགྱིད་ཡོད།
    ་་་་བགྱི་ཡིན།

    སྐྱེས་བུ་གཉིས་པར།
    ༢༽ཁྱོད་ཀྱིས།
    ་་་པ་རེད།
    ་་བགྱིད་རེད།
    ་་་་བགྱི་རེད།

    སྐྱེས་བུ་གསུམ་པར།
    ༣༽ཁོས་དང་མོས།
    ་་་་པ་རེད།
    ་་་བགྱིད་རེད།
    ་་་་བགྱི་རེད།

    ཡིན་མིན། རེད་མ་རེད།
    ང་ཡིན། ང་མིན།
    ཁྱོད་རེད། ཁྱོད་མ་རེད།
    ཁོ་རེད། ཁོ་མ་རེད།
    འདི་རེད། འདི་མ་རེད།

    ཡོད་མེད་དང་། འདུག་མི་འདུག
    ང་ལ་ཡོད། ང་ལ་མེད།
    ཁྱོད་ལ་འདུག ཁྱོད་ལ་མི་འདུག
    ཁོ་ལ་འདུག ཁོ་ལ་མི་འདུག
    དེ་ལ་འདུག དེ་ལ་མི་འདུག

    འདས་ད་ལྟ་མ་འོངས་གསུམ་ལ།
    ༡༽ མདང་ ངས་ ཤིང་ བཅད་པ་ ཡིན།
    ༢༽ འདི་རིང་ ངས་ ཤིང་ གཅོད་བགྱིན་ ཡོད།
    ༣༽ སང་ཉིན་ ངས་ ཤིང་ གཅད་བགྱི་ ཡིན།

  21. བཀྲ་ཤིས་དོན་འགྲུབ། says:
    2014-01-24 at 3:40 am

    བགྲོ་གླེང་ཡག་པོ་གནང་སོང་ཐུགས་རྗེ་ཆེ། གནད་དོན་འགའ་ཞིག་གསལ་བཤད་བྱེད་དགོས་སྣང་ཤར་ཡང་། མཆན་འགོད་པ་འགའ་ཞིག་མ་གཞི་ནས་ཆོལ་ཁའི་འཐེན་ཁྱེར་གྱིས་བཟི་ཚར་འདུག་པས། བློ་གཟུ་བོས་མི་བཤད་ངེས་ན། དོན་མེད་ཀྱི་རྩོད་གླེང་ཚོད་མེད་ཅིག་འཕེལ་བའི་རྒྱུ་ཙམ་ལས་དོན་སྙིང་མེད་ཙང་བསྐྱུར་བཞག་པ་ཡིན།

  22. གཡུ་འབྲུག་དཀར་པོ། says:
    2014-01-24 at 6:11 am

    ངས་བྱས་ན་གིན་ཀྱིན་གྱིན་དང་བགྱིད་སོགས་གང་ཡང་མིན་པར་གི་ཀྱི་གྱི་རང་ཡིན་པར་སེམས། དེ་ལ་རྗེས་འཇུག་ན་སྒྲ་ཞིག་འདོན་པ་ནི་འདུག་ཅེས་པའི་སྔོན་འཇུག་འའི་སྒྲ་འདོན་པ་ཡིན་པར་སྣང་།

  23. དགེ་འདུན་རྒྱ་མཚོ། says:
    2014-01-24 at 7:14 am

    བཀྲ་ཤིས་དོན་གྲུབ་ཀྱིས་བཤད་པ་ནི་བདེན་པ་རེད། 

  24. ལ་དྭགས་བློ་བཟང་འཇམ་དཔལ་ says:
    2014-01-25 at 4:51 am

    ཁ་སྐད་བཞིན་ཡིག་སྐད་དུ་འགྲོ་ན། ཁ་སྐད་གྲངས་ལས་འདས། རྒྱབ་པ་དང་། རྒྱག་པ་གང་གཙོ་ཆེ་བ་ཡིན་ནམ། གཙོ་ཆེ་བ་དེ་གཟུང་དགོས། ང་རང་གིས། ཞེས་པ་ཁ་སྐད་དུ། ང་རས། འབྱུང་བ་བདེན་པ་ཞིག་ཏུ་མཐོང་། ས་བོན། ཞེས་པའི་བ་ཡིག་མེད་པར་སོང་སྟེ། སོན། ཞེས་པ་བྱུང་། ད་ལྟའི་ལ་དྭགས་ཁ་སྐད་དུ། རྣམ་དབྱེ་གསུམ་པ་དང་། དྲུག་པའི་གསལ་བྱེད་མེད་པར་སོང་། ཀྱིས་དང་། ཀྱི་ལ། ཨིས། ཨི། ཞེས་ཁ་རུ་འདོན་པ་ཡོད། ཆོས་ཀྱིས་ལ། ཆོ་སིས་དང་། ཆོས་ཀྱི་ལ། ཆོ་སི། འདོན་པ་སོགས་བོད་སྤྱིའི་མེད་པར་བཟོ་བ་མཐའ་ཡས་པ་ཡོད། དེ་བཞིན་ཁ་སྐད་ཚང་མ་ན་ཡོད་པ་བརྗོད་མི་དགོས་པ་ཡིན། ཁ་སྐད་གཙོ་བོར་འཛིན་པ་པོ་དག་གིས་དགོངས་དགོས་སོ།

  25. ཀརྡོ་གཉེར་ཕྱག་པ་ says:
    2014-01-25 at 5:32 am

    བསམ་འཆར་སྙིང་དོན་།

    ངས་བོད་སྤྱི་ལ་ཁྱབ་ཐུབ་པའི་ཕན་ཐོགས་ཅན་གྱི་ཁ་སྐད་ཅིག ཡིག་ཐོག་ལ་ཕབ་ཐུབ་པ་བྱུང་ན་སྙམ་ནས་འབད་བཞིན་ཡོད་པའི་སྤྱི་སྐད་དེ་ནི།

    ༡༽ ཐུ་མི་སྔོན་གྱི་ཁ་སྐད་དེ་ཙམ་ཡང་མིན།

    ༢༽ སྲོང་བཙན་ནས་ང་དགུའི་བར་གྱི་དབུས་གཙང་པ་དང་། ཁམས་པ། ཨ་མདོ་པའི་ཁ་སྐད་དེ་ཙམ་ཡང་་མིན།

    ༣༽ འོ་ན་གང་ཡིན་ཞེ་ན། ད་ལྟའི་ལྷ་སའི་ཁ་སྐད་དེ་ཤེས་པའི་ཐོག་ནས། སུམ་རྟགས་དང་མི་མཐུན་དག གཙང་བསལ་ཐོག ང་དགུ་ནས་ཉི་སྟོང་དགུའི་བར་དྷ་སར་ཆོལ་གསུལ་བོད་རིགས་ཡོད་མང་པོ་རང་བཞིན་གྱིས་འཛོམས་ནས། ལོ་ངོ་༥༠བར་ཉམས་མྱོང་གསར་གསོག་གིས་གསར་ཐོན་འདི། གཞིར་བཞག་ནས་ཁ་སྐད་ཚད་ལྡན་ཅིག ཡིག་ཐོག་ལ་གཅིག་འགྱུར་ཕབ་པ་ཅིག་བྱུང་ན་སྙམ་པ་དང་། དེ་ཡང་།

    ༤ ༽ རྒན་འཇམ་དཔལ་ལགས་ཀྱིས་གཟབ་ནན་སྐུ་ངལ་གནང་བ་བཞིན། བཀའ་བསྟན་ནང་གསལ་གྱི་མིང་ཚིག་སྤྱི་མཚུངས་ཅིག་བྱུང་ན། ཁ་སྐད་ཤེས་པས། བཀའ་བསྟན་ཤེས་པ་ལ་ཕན་པ་དང་། བཀའ་བསྟན་སྤྱི་མཚུངས་ལྟར། མིང་ཚིག་ཀྱང་མ་འོངས་ཆོལ་གསུམ་བོད་རིགས་ཡོངས་རྫོགས་སྤྱི་མཚུངས་སུ་གྱུར་པ། འོནད་ཀྱང།

    ༥༽ ཁ་སྐད་ནང་གི གི་ཀྱི་གི་ཡི་འི། འབྲེལ་སྒྲ་མིན་པར་འབྲེལ་སྒྲའི་ཕྲད་བྲིས་མི་དགོས་པར། འདས་མ་འོངས་གསལ་སྟོན་སྔར་ཡོད་༼བགྱི་༽དང་༼བགྱིད་༽བྲིས་པ་དང་། གིན་ཀྱིན་གྱིན་སོགས་ཕྲད་གཞན་ཅན་མིན་བཞིན་དུ། རྗོད་བདེ་མང་པོ་འདྲེན་མི་དགོས་པར། ཁ་སྐད་དང་ཏག་ཏག་མཚུངས་པ་༼བགྱིན་༽ཞེས་པའི་ཚིག་གཅིག་གིས་འཐུས་པ་བྱུང་ན་ཁ་སྐད་ཀྱང་འབྲི་སླ་རུ་སོང་བ་སྙམ་པ་སོགས་ནི། དགོས་དོན་མཐོང་ན་དམིགས་བསལ་བྱུང་ན་སྙམ་པ་ལགས།

  26. ཆབ་བྲག་ལྷ་མོ་སྐྱབས། says:
    2014-01-25 at 6:06 am

    དཔྱད་གཞིར་་་

    བྱ་་་ ་བྱེད་་ ་བྱས་་ ་བྱོས། དང་
    བགྱི་་ ་བགྱིད ་བགྱིས་་་གྱིས། གཉིས་གཅིག་ཡིན།

    དེ་བས་བྱེད་བགྱིད་ཡོད། བྱ་བགྱི་ཡིན། བྱས་བགྱིས་ཡིན། བྱོས་གྱིས་ཤིག ཟེར་མི་འོས།

    བདག་གིས་བགྱིས་སོ། ངས་བྱས་སོ། གཉིས་འདྲ། དེ་བཞིན་དུ། དེ་ལྟར་བགྱིའོ། དང་བྱའོ། འདི་བཞྀན་བྱེད་དོ་དང་བགྱིད་དོ། དེ་ལྟར་བྱོས་ཤིག་དང་གྱིས་ཤིག་བཅས་འདྲ།

    གི་དང་གིན མི་འདྲ། དེ་བཞིན་གྱི་་་ཀྱི་་་དང་གྱིན་་་་ཀྱིན་་་་ཡང་མི་འདྲ།

    གིན་གྱིན་ཀྱིན་གསུམ་ད་ལྟ་བའི་བྱ་ཚིག་དང་སྦྱར་ནས་བྱེད་བཞིན་་པ་ཁོ་ན་ཙམ་སྟོན། དེ་ནི་བཞིན་དང་འདྲ་བ་རེད། བགྱིན་ཟེར་བ་ཞིག་གསར་དུ་བཟོས་ཀྱང་མི་འོས་སྙམ།

  27. ཡེ་ཤེས་རྡོ་རྗེ། says:
    2014-01-25 at 8:05 am

    ལ་དྭགས་བློ་བཟང་འཇམ་དཔལ་གྱི་བསམ་ཚུལ་དེ་བློ་ལ་ངེས་ཤིང་། ཁ་སྐད་ལ་གཞོལ་མཁན་ཚོས་དེ་ལ་ཅིས་ཀྱང་དཔྱོད་དགོས་པ་ཞིག་ཏུ་མཐོང་།
    དེ་ནས་ལ་དྭགས་པར་འདྲི་རྒྱུར། གོང་གི་ཁྱེད་ཀྱི་མཆན་དེར་གཙོ་ཆེ་བ་དེ་གཟུང་དགོས་ཞེས་བྲིས་པ་ལས། གཟུང་ཞེས་པའི་ཚིག་དེར་འགྲེལ་ཞིག་མཛད་དུ་གསོལ། དེ་ནི་བཟུང་དང་འཛིན་ཞེས་པའི་དུས་གསུམ་གྱི་ཆ་ཤས་ཞིག་ཏུ་བཀོལ་བ་ཡིན་ནམ་ཅི།

  28. ལ་དྭགས་བློ་བཟང་འཇམ་དཔལ་ says:
    2014-01-25 at 8:12 am

    ཀྱིན། གིན། གྱིན། ཡིན། ཞེས་པ་རྣམས། བཞིན། ཞེས་པ་གྱུར་ནས། དེ་འདྲ་བྱུང་བར་སེམས། ལ་དྭགས་ཁ་སྐད་དུ། སྔོན་འཇུག་དང་། རྗེས་འཇུག་གཉིས་ཀ་ཟུར་ཆག་སྟེ། མེད་པར་སོང་ནས ཨིན། ཞེས་ལུས་པ་དེ། བྱ་ཚིག་དེ་ཡི་མིང་མཐར་ཨ་ཡོད་པ་ཡིན་ན། ཨ་དང་ཨི་གཉིས་མཚམས་སྦྱར་ན། ལེགས་སྦྱར་མཚམས་སྦྱོར་ལྟར་ཨེ་ཡིག་ཏུ་འགྱུར་བ་ཡོད། དཔེར་ན། ཆ། ཞེས་པ་འགྲོ་བའི་དོན་ཏེ། ཆ་དང་། ཨི་གཉིས་མཚམས་སྦྱར་ན། ཨ་དང་ཨི་གཉིས་ཀ། ཨེ་རུ་གྱུར་ཏེ། ཆེན། ཞེས་ལ་དྭགས་ཁ་སྐད་ལ་ཡོད།
    དབུས་གཙང་གི་ཁ་སྐད་དུ། འགྲོ་བགྱི་སོགས་འབྲི་བ་ལ་ནི་སྐད་ཀྱི་འགྲོ་སྟངས་ལ་ཞིབ་མོའི་རྣམ་དཔྱོད་དགོས་པར་སྣང་ངོ་།

  29. ཡེ་ཤེས་རྡོ་རྗེ། says:
    2014-01-25 at 8:18 am

    ཆབ་བྲག་ལགས་ཀྱིས་དཔྱད་གཞིར་བཏོན་པ་ལྟར། “བྱ་དང་བགྱི” གཉིས་ནི་དོན་གཅིག་ཏུ་འདུག་རུང་། ཀརྡོར་གྱིས་ཨུ་ཚུགས་མཐར་སྐྱེལ་བྱེད་སྲིད། 
    ཡང་ “གི་དང་གིན” གཉིས་ནི་དོན་གཅིག་ཏུ་མི་འབབ་པར་དུས་ཀྱི་ཁྱད་པར་མི་འདྲ་བ་རེ་སྟོན་པ་གསལ་ཞིང་། ད་སྐབས་ཡིག་སྐད་དུ་”གིན་དང་བཞིན་” གཉིས་རེས་སུ་སྤྱོད་པ་ལྟར། ཆབ་བྲག་ལགས་ཀྱིས་ཨ་མདོའི་ཁ་སྐད་དུ།  “གིན་དང་བཞིན” གྱི་ཚིག་འགྲོས་ཇི་ལྟར་ཡིན་ལུགས་ཀྱི་དཔེ་མཚོན་ཞིག་འགོད་པར་ཞུ།

  30. ཡེ་ཤེས་རྡོ་རྗེ། says:
    2014-01-25 at 8:26 am

    ལ་དྭགས་བློ་བཟང་འཇམ་དཔལ་གྱིས་ཡི་གེའི་དག་ཆ་ལ་བརྡར་ཤ་གཅོད་པར་བཀའ་བསྟན་གྱི་གཞུང་ནི་ཁུངས་གཏུགས་ཡུལ་གལ་ཆེན་ཞིག་ཏུ་འཛིན་སྲོལ་ཡོད་པ་ལྟར། གོང་དུ་བཤད་པའི་ “ཀྱིན། གིན། གྱིན།” སོགས་ཁྱེད་ཀྱིས་བཀའ་བསྟན་གྱི་གཞུང་དུ་མཇལ་མྱོང་ཡོད་མེད་ཀྱི་ལན་ཞིག་ཡོད་པར་ཞུ། 

  31. གནམ says:
    2014-01-25 at 8:34 am

    བཀྲ་ཤིས་དོན་འགྲུབ་གཉིད་སད་པས་མ་ཚད། མྱིག་ཕྱེ་ཡོད་པ་འདྲ་བས། དགའ་བསུ་ཞུ། ངས་བཤད་བཤད་བྲིས་བྲིས་ཚང་མར། བྱེད་སྒྲ། འབྲེལ་སྒྲ། ལ་དོན། མིང་ཚིག་བསྡུས་བ་བཀོལ་སྤྱོད་གང་ཙམ་བཏང་ཡོད་པ་དང་། གང་ཙམ་བཏང་ན། དེ་ཙམ་གྱིས། འདྲེ་མགོ་རྡོ་དག་གིས་ཤེས་བཞིན་དུ་ཁྱད་གསོད་བྱེད་པ་དང་། མ་ཤེས་བར་ཧམ་བཤད་བྱེད་པ། ཆོས་ཡིག་གི་ཕྱོགས་སུ་སྣ་ཤད་ལ་ལེན་པ། ཆོལ་ཁའི་དོན་དུ་གཞན་གདངས་ལ་འཕྱ་བ་སོགས། ཐ་ན་གནམ་གྱི་འདྲེ་སྐད་ནི། བོད་སྐད་མིན་པ། བོད་ཡིག་མིན་པ། བོད་སྤྱི་སྐད་ལ་ཕན་ལས་གནོད་ཆེ་བ། གོ་ནི་མ་དགོས་ཉན་ནི་མེད་རབས་བཤད་ཐལ། ཡིན་ན་ཡང་། ད་བྱས་དུས། ང་གཅིག་པོར་ཕྲད་ནིའི་དཀའ་ངལ་ཤིག་མིན་པ་འདྲ། དེ་ན། ད་དུང་སྒྲ་ཟུར་ཉམ་པ། སྒྲ་ལྕེ་མི་བདེ་བ། དབྱངས་ཡིག་གི་ཀློག། ཐོབ་ཐང་དང་དགོས་ངེས་ཀྱི་སྒྲ་ཕྲད་མིང་ཡིག་གི་སྦྱོར་གསུམ་ཤེས་དགོས་བ་མང་བས། ཀུན་པོས། སོ་སོས་གང་ཤེས་བའི་ར་བ་ནས་ཕྱི་ལ་མདུན་མཆོང་གོམ་གང་ཕོག་ན། རིག་རྒྱུ་རྟོག་རྒྱུ་མང་བས་ན། བཀྲ་ཤིས་དོན་འགྲུབ་ལྟར་ཐོན་ཐུབ་ན། དུས་རབས་གསར་བ་ལ་མྱི་རབས་རྙིང་བའི་སྐད་བརྡ་དར་སྤེལ་གཏོང་བཞིན་འགྲོ་ཡ།

  32. ཡེ་ཤེས་རྡོ་རྗེ། says:
    2014-01-25 at 8:40 am

    “ང་རས་ཞུས་ཆོག” ཟེར་བའི་ཚིག་འདི་ལས་ “རས” ནི་ “རང་གིས” ཞེས་པའི་སྡུས་ཚིག་ཡིན་པ་ལྟར། “སྤྱན་རས་གཟིགས་” ཞེས་པའི་མིང་ངམ་ཚིག་འདིའི་ནང་གི་ “རས” ཞེས་པ་དེའང་ “སྤྱན་རང་གིས་གཟིགས” ཞེས་པར་འགྲེལ་སྲོལ་ཡོད་དམ།
    1. རས་གཞི།
    2. མི་ལ་རས་པ།
    3. སྤྱན་རས་གཟིགས།
    ཐིག་ཕྲེང་དང་པོ་དང་གཉིས་པའི་ཁྲོད་ཀྱི་ “རས” ནི་མིང་ངམ་མིང་གི་ཆ་ཤས་སུ་བསྒྲུབ་ཆོག་པ་ཞིག་ཏུ་སྣང་ཡང་། སྤྱན་རས་གཟིགས་ཞེས་པའི་ “རས” དེ་ཅི་ཡིན་དགོངས་འཆར་སྩོལ་རོགས་ཞུ།

  33. ཀརྡོ་གཉེར་ཕྱག་པ་ says:
    2014-01-25 at 9:23 am

    བྱ་་་ ་བྱེད་་ ་བྱས་་ ་བྱོས། དང་
    བགྱི་་ ་བགྱིད ་བགྱིས་་་གྱིས། གཉིས་གཅིག་ཡིན་ན་ཡང་།
    འདིར་དགོས་དོན།
    ང་ འགྲོ་གི་ ཡིན། འདི། ང་ འགྲོ་བགྱི་ ཡིན་དང་།
    ང་ འགྲོ་གི་ ཡོད། འདི་ལ། ང་ འགྲོ་བགྱིད་ ཡོད། ཅེས་དགོས་འདུག་ཟེར་བ་ཡིན་པས།

    ང་ འགྲོ་བྱ་ ཡིན། དང་། ང་ འགྲོ་བྱེད་ ཡིན། ཞེས་བྲིས་ན། འདིར་ཕན་མི་ཐོགས།

  34. ཡེ་ཤེས་རྡོ་རྗེ། says:
    2014-01-25 at 9:23 am

    གོང་གི་ལ་དྭགས་པའི་མཆན་ཞིག་ལས་ “གཙོ་ཆེ་བ་དེ་གཟུང་དགོས་” ཞེས་པའི་ཚིག་འདིའི་ནང་གི་ གཟུང་གི་ དུས་གསུམ་གྱི་དབྱེ་བ་ནི།

    གཟུང་ ༼མ་འོངས་༽
    འཛིན་ ༼ད་ལྟ་༽
    བཟུང་ ༼འདས་པ༽
    ཟུངས་ ༼སྐུལ་ཚིག༽ 

    ད་དུང་ ཟིན་ ཞེས་པ་ཞིག་ཀྱང་ཡོད་པ་དེ་ནི། བྱེད་མེད་ལས་ཚིག་གོ 

  35. ཀརྡོ་གཉེར་ཕྱག་པ་ says:
    2014-01-25 at 9:27 am

    གང་ལྟ་ཡང་། ཆུ་ཐིགས་ལགས། བསམ་ཤེས་ལགས། ཡེ་རྡོར་ལགས་དང་། ཆབ་བྲག་སོགས་ཀྱིས་བགྲོ་གླེང་ལ་གུས་དུད་ཞུའོ།། །།

  36. ཀརྡོ་གཉེར་ཕྱག་པ་ says:
    2014-01-25 at 9:29 am

    ཆབ་བྲག་སོགས་ཀྱིས་
    འདི།
    ཆབ་བྲག་ལགས་སོགས་ཀྱིས་

  37. ཡེ་ཤེས་རྡོ་རྗེ། says:
    2014-01-25 at 9:36 am

    ཀརྡོ་ལགས། 
    ང་ འགྲོ་གི་ ཡིན། ལ་ ང་ འགྲོ་བགྱི་ ཡིན་ཞེས་འབྲི་དགོས་པའི་རྒྱུ་མཚན་ཅི་ཞིག་པ་ཡིན་པ་རེ་རེ་བཞིན་དུ་གསུང་དང་།  

  38. གནམ says:
    2014-01-25 at 9:47 am

    ང་འགྲོ་འི་ཡིན། འགྲོ་མཐའ་མེད་ཡིན་པས་འི་ཐོབ་པ་རེད། ང་འགྲོ་རྒྱུ་ཡིན། འདི་ནི་ང་འགྲོ་བར་བྱེད་པའི་རྒྱུ་རྩོམ་(མགོ་རྩོམ)པར་བྱེད་པ་ཡིན་པའི་རྒྱུ་མཚན་གྱིས། ང་འགྲོ་རྒྱུ་ཡིན་ཟེར་བ་རེད། ཨེ་གོ་ཐལ། ཀརྡོ་ཨུ་ཚུགས་ཅན།

  39. ཡེ་ཤེས་རྡོ་རྗེ། says:
    2014-01-25 at 9:54 am

    གནམ་ལགས། 
    ང་འགྲོ་རྒྱུ་ཡིན། ང་འགྲོ་གི་ཡོད། དང་ ང་འགྲོ་བཞིན་ཡོད། ཟེར་བ་འདི་དག་ཨ་མདོའི་ཁ་སྐད་ཀྱི་ལམ་ནས་ཅིག་ཕྲིས་དང་།

  40. གནམ says:
    2014-01-25 at 10:26 am

    ཨམ་མདོའི་སྐད་ཡིན་མིན་ཤེས་རེད་ཨ། ངའི་ས་ནས།
    (ང་འགྱོ་འི་ཡིན། ང་འགྱོ་རྒྱུ་ཡིན།)དུས་མ་འོངས་བ།
    (ང་འགྱོ་འི་ཡོད།)དུས་ད་ལྟ་བ།
    (ང་སོང་ཡིན། ང་སོང་ཡོད།)དུས་འདས་བ།

  41. གནམ says:
    2014-01-25 at 10:28 am

    ཡིན་མིན་མི་ཤེས་རེད་ཨ།

  42. ཀརྡོ་གཉེར་ཕྱག་པ་ says:
    2014-01-25 at 10:34 am

    ཀརྡོ་ལགས།
    ང་ འགྲོ་གི་ ཡིན། ལ་ ང་ འགྲོ་བགྱི་ ཡིན་ཞེས་འབྲི་དགོས་པའི་རྒྱུ་མཚན་ཅི་ཞིག་པ་ཡིན་པ་རེ་རེ་བཞིན་དུ་གསུང་དང་།
    ལན་དུ།
    ང་ འགྲོ་གི་ ཡིན། འདི་མ་འོངས་པ་པ་ཡིན་པས། ང་ འགྲོ་བགྱི་ ཡིན། ཞེས་པའི་༼བགྱི་༽ཡིས་མ་འོངས་པ་སྟོན་ཐུབ་ལ། གི་ཡིས་མ་འོངས་པ་སྟོན་མི་ཐུབ་པས་སོ།།
    དཔེར་ན། ཨིན་སྐད་དུ། I (will) go. ལྟར་ will དང་། ༼བགྱི་༽ཡིས་མ་འོངས་པ་སྟོན་པ་ལ་ཕན་ནོ།།

  43. ཡེ་ཤེས་རྡོ་རྗེ། says:
    2014-01-25 at 11:55 am

    རྣམ་པ་གཉིས་ཀྱིས་ལན་བཏབས་པར་བཀའ་དྲིན་ཆེ།
    ཀ་རྡོར་གྱིས་དེ་ལྟར་འབྲི་དོན་ནི་ “བགྱི” ཡིས་མ་འོངས་པ་སྟོན་ཐུབ་ཕྱིར་རེད་ཅེས་བཤད་པ་དེ་ལ་རྒྱུ་མཚན་མེད་པ་མ་རེད། ཡིན་ནའང་། I will work ཟེར་བ་དེ་ལའང་། ལས་ཀ་བྱེད”བགྱི”་ཡིན་ཞེས་འབྲི་ “བགྱི” ཡིན་ནམ། 
    གནམ་ལགས་ཀྱི་ཨ་མདོའི་ཁ་སྐད་ཀྱི་བཤད་འགྲོས་དེའི་ཁ་སྣོན་དུ་ཆབ་བྲག་ལགས་ཀྱི་ལན་ཞིག་ལ་བསྒུགས་ནས་བསྡད་ཡོད།

  44. ལ་དྭགས་བློ་བཟང་འཇམ་དཔལ་ says:
    2014-01-25 at 11:31 pm

    “གོང་གི་ཁྱེད་ཀྱི་མཆན་དེར་གཙོ་ཆེ་བ་དེ་གཟུང་དགོས་ཞེས་བྲིས་པ་ལས། གཟུང་ཞེས་པའི་ཚིག་དེར་འགྲེལ་ཞིག་མཛད་དུ་གསོལ།” ད་ལྟ་མང་པོས་ཁ་སྐད་གཙོ་བར་འཛིན་ཡང་། བོད་སྤྱིའི་སྐད་ཀྱི་གནད་དོན་འདི་གོ་རྟོགས་བྱུང་ན། མ་འོངས་པ་ན། དེ་ལྟར་གཙོ་ཆེ་བ་དེ། གཟུང་དགོས། ཞེས་མ་འོངས་པ་བྲིས་པ་ལགས། སྤྱིར་བཏང་། དགོས་ཀྱི་དམིགས་ཡུལ་དུ་འདས་ཚིག་དང་། ད་ལྟ། མ་འོངས་བཅས་ཐོབ་པ་ཡོད་མེད་བརྟག་དཔྱད་ཀྱི་ཡུལ་ཡིན་པར་སེམས་ཞེས་ཞུ།
    “ཀྱིན། གིན། གྱིན།” སོགས་ཁྱེད་ཀྱིས་བཀའ་བསྟན་གྱི་གཞུང་དུ་མཇལ་མྱོང་ཡོད་མེད་ཀྱི་ལན་ཞིག་ཡོད་པར་ཞུ།”
    ད་བར་དུ་བདག་གིས་མ་མཐོང་། བཀའ་བསྟན་གསུང་འབུམ་དང་། བཀའ་བརྟེན་རྣམས་ཀྱི་ཚིག་དག་ནི་རྒྱ་མཚོ་ཆེན་པོ་ལྟ་བུ་དང་། ཁོ་བོས་ཤེས་པའི་ཚིག་རྣམས་ནི་བ་རྨིག་གི་ཆུ་ལྟ་བུའོ།

  45. ཡེ་ཤེས་རྡོ་རྗེ། says:
    2014-01-26 at 12:42 am

    ལ་དྭགས་བློ་བཟང་འཇམ་དཔལ་ལེགས། ལྗགས་ལན་གནང་བར་བཀའ་དྲིན་ཆེ།
    དོན་དུ་ “གཟུང” གི་སྐོར་ལ་དྲི་བ་དྲིས་དོན་ནི། “དགོས་” ཀྱི་མདུན་སར་དུས་ཅི་ཐོབ་ལ་གཞིགས་ཕྱིར་ཡིན་ལགས། ལོ་ཤས་ཀྱི་གོང་ལ་རྒན་ལགས་ཀྱིས་བྱེད་སྒྲའི་ཕྲད་སྦྱོར་སྐབས་བྱ་ཚིག་ལ་བྱ་ཡུལ་ཡོད་མེད་ཀྱི་སྒོ་ནས་ཡིན་ནམ་གསལ་པོ་ཞིག་མི་དྲན་མོད། དེ་འདྲའི་གཏམ་བཤད་ཅིག་ལ་ཉན་རྒྱུའི་གོ་སྐབས་བྱུང་རྗེས། ཁྱེད་ཀྱིས་དེའི་སྐོར་ལ་བྲིས་རྩོམ་ཅི་ཡོད་བཀའ་འདྲི་ཞུ་འདོད་བྱུང་ཡང་། སྐབས་དེར་གོ་སྐབས་མ་ཐོབ། བརྡ་སྤྲོད་ཀྱི་སྐོར་ལ་ཁྱེད་ཀྱི་བརྩམས་ཆོས་ཇི་ཡོད་མཇལ་འདོད་ཆེ་བས་ཇི་ལྟར་ཐོབ་ཐུབ་བམ། 

  46. ཀརྡོ་གཉེར་ཕྱག་པ་ says:
    2014-01-26 at 3:00 am

    སྔར་བོད་སྐད་དུ། ང་འགྲོ་གི་ཡོད་པ་དང་། ང་འགྲོ་བཞིན་ཡོད་གཉིས་སོ་སོར་དབྱེ་མེད་པའི་དབང་དུ་བྱས་པ་རེད།
    ད་ལྟ་ངས་བྱས་ན།
    ང་ འགྲོ་བགྱིད་ ཡོད། I go.
    ང་ འགྲོ་བགྱིན་ ཡོད། I am going.
    དགོས་སྙམ།

  47. ཡེ་ཤེས་རྡོ་རྗེ། says:
    2014-01-26 at 12:20 pm

    ཀརྡོར་ལགས།
    “I will work” ཞེས་པ་འདི་ཁྱེད་ཀྱི་བཤད་སྲོལ་ལྟར་ན་བོད་སྐད་དུ་ཅི་འདྲ་ཞིག་ཡིན་དགོས་སམ། 

  48. ཀརྡོ་གཉེར་ཕྱག་པ་ says:
    2014-01-26 at 12:57 pm

    I will work. = ང་ ལས་ཀ་ བྱེད་བགྱི་ ཡིན། ་་་་་བྱ་བགྱི་་་་ དགོས་ཀྱང་དེང་སང་མི་ཟེར།

  49. ཡེ་ཤེས་རྡོ་རྗེ། says:
    2014-01-26 at 2:56 pm

    ཀ་རྡོར་ལགས། ཁྱེད་རང་གིས་ “བགྱི” ཟེར་བ་དེ་སྦྱོར་དགོས་པར་འདོད་པའི་རྒྱུ་མཚན་དང་སྦྱོར་སྟངས་བཅས་གང་ལ་གང་འཚམས་ཤིག་གསལ་པོ་ཆགས་སོང་། 
    བཀའ་དྲིན་ཆེ།

  50. ཀརྡོ་གཉེར་ཕྱག་པ་ says:
    2014-01-27 at 2:58 am

    ལགས། ལགས་སོ། ཐུགས་སྣང་གནང་བར་ཐུགས་རྗེ་ཆེའོ།།

  51. བསམ་ཤེས། says:
    2014-01-27 at 9:46 am

    ཀ་རྡོ་ལགས།

    གཤམ་གྱི་ཚིག་ལ།

    I will work.

    ངས་ལས་ཀ་བྱ། ལས་ཀ་བྱེད། ལས་ཀ་བྱས་ཟེར་ན་ཅིའི་ཕྱིར་མི་འགྲིགས་སམ།

    བཀའ་བསྟན་འགྱུར་ལྟར་ན། མཆོད་པར་བྱའོ། མཆོད་པར་བྱེད། མཆོད་པར་བྱས།

    བདག་གིས་བསྒྲུབ་བོ། བདག་གིས་སྒྲུབ་པར་བྱེད། བདང་གིས་བསྒྲུབས་སོ།

    སང་ཉིན་བདག་ལས་ཀ་བྱ། དི་རིང་ལས་ཀ་བྱེད་བཞིན་ཡོད། ཁ་ས་ལས་ཀ་བྱས་པ་ཡིན།

  52. ཀརྡོ་གཉེར་ཕྱག་པ་ says:
    2014-01-27 at 1:00 pm

    སང་ཉིན་བདག་ལས་ཀ་བྱ། དི་རིང་ལས་ཀ་བྱེད་བཞིན་ཡོད། ཁ་ས་ལས་ཀ་བྱས་པ་ཡིན།
    འདི་དག་མི་འཐད་པ་མེད།

    ང་ འགྲོ་གི་ ཡིན། འདི། ང་ འགྲོ་བགྱི་ ཡིན།
    ང་ འགྲོ་གི་ ཡོད། འདི། ང་ འགྲོ་བགྱིད་ ཡོད། ཅེས་དགོས་འདུག་ཟེར་བ་ཡིན།

  53. བསམ་ཤེས། says:
    2014-01-27 at 2:00 pm

    ཀ་རྡོ་ལེགས། ཧ་གོ་སོང་ལགས། ད་འདིར་དྭོགས་འདྲི་གཞན་པ་ཡོད་པ་ལ།

    ང་འགྲོ་གི་༼བགྱི་༽ཡིན་ལྟ་བུར།

    ང་སང་ཉིན་ཚེ་རིང་སྐྱིད་མཉམ་དུ་ཆང་ཁང་ལ་འགྲོ། དེ་རིང་མཆོད་མཇལ་ལ་འགྲོ་བཞིན་ཡོད། ཁ་ས་ཀ་རྡོ་ལགས་མཉམ་དུ་ཕྱིན་པ་ཡིན་ཟེར་ན་འདི་ལ་སྐྱོན་གང་འདུག

    ད་དུང་། ཁྱོད་སང་ཉིན་ལྷ་སར་ཨེ་འགྲོ། མིན། འགྲོ་བ་མིན། གནངས་ཉིན་འགྲོ་བ་ཡིན།

  54. ཀརྡོ་གཉེར་ཕྱག་པ་ says:
    2014-01-27 at 2:20 pm

    ང་སང་ཉིན་ཚེ་རིང་སྐྱིད་མཉམ་དུ་ཆང་ཁང་ལ་འགྲོ། དེ་རིང་མཆོད་མཇལ་ལ་འགྲོ་བཞིན་ཡོད། ཁ་ས་ཀ་རྡོ་ལགས་མཉམ་དུ་ཕྱིན་པ་ཡིན་ཟེར་ན་འདི་ལ་སྐྱོན་གང་འདུག
    ད་དུང་། ཁྱོད་སང་ཉིན་ལྷ་སར་ཨེ་འགྲོ། མིན། འགྲོ་བ་མིན། གནངས་ཉིན་འགྲོ་བ་ཡིན།
    འདི་མི་འཐད་པ་མེད།
    ངའི་སྤྱི་སྐད་ལྟརན།

    ང་སང་ཉིན་ཚེ་རིང་སྐྱིད་མཉམ་དུ་ཆང་ཁང་ལ་འགྲོ་བགྱི་ཡིན། དེ་རིང་མཆོད་མཇལ་ལ་འགྲོ་བཞིན་༼འགྲོ་བགྱིད་ཡོད་༽ཡོད། མདང་ཀ་རྡོ་ལགས་མཉམ་དུ་ཕྱིན་པ་ཡིན།
    ཁྱོད་སང་ཉིན་ལྷ་སར་ཨེ་འགྲོ་བགྱི་ཡིན་པེ། མིན་པེ། གནངས་ཉིན་འགྲོ་གེ

    དེང་སང་གི་ཤོད་སྟངས་ལྟར་ཚིག་སྒྲུབ་ཆ་ཚང་བའི་ཁྱད་ཡོད།

  55. ཡེ་ཤེས་རྡོ་རྗེ། says:
    2014-01-27 at 2:56 pm

    བཙན་བྱོལ་དུ་ “འགྲོ་གི་ཡིན” ཟེར་བ་དང་ བོད་དུ་ “འགྲོ་རྒྱུ་ཡིན” ཟེར་བ་ལྟ་བུའི་ཚགས་པར་དང་དུས་དེབ་སོགས་ཀྱི་ཡིག་འགྲོས་འདི་ལ། ཀརྡོར་ལགས་ཀྱིས་མ་ཤི་བར་དུ་ “འགྲོ་བགྱི་ཡིན” ཞེས་ལབ་དགོས་རེད་ཅེས་ཨུ་ཚུགས་མཐར་སྐྱེལ་བྱེད་མདོག་ཁ་པོ་འདུག 
    ཁོང་གི་ཀུན་སློང་ནི་ “ངའི་སྤྱི་སྐད” ཟེར་བ་དེ་ནས་འཕྲོས་པ་ཤེས་ཐུབ་མོད། ཡིན་ནའང་དྲི་བ་ནི་ཁོང་གི་གསུང་རྗེས་སུ་འབྲང་མཁན་ནི་བོད་ཕྱི་ནང་གཉིས་ཀར་མི་ག་ཚད་ཅིག་ཡོད་མེད་དེ་རེད། 
    ཀུན་སློང་དེ་ལ་དགག་བྱ་མེད་མོད། ཐབས་དེ་ནི་ཐབས་རྡུག་ཅིག་ཏུ་མཐོང་། འདི་ནི་ཀརྡོར་གཅིག་པུ་ཙམ་མ་རེད། ང་ཚོ་མང་པོ་ཞིག་ལ་ “བྱེད་ཐབས”  མི་དགོས་པར་ “ཀུན་སློང” གཅིག་པུའི་སྐད་ཆ་བཤད་མཁན་མང་ཙམ་ཡོད་པར་སྣང་། 

  56. ཀརྡོ་གཉེར་ཕྱག་པ་ says:
    2014-01-27 at 3:31 pm

    ”འགྲོ་གི་ཡིན” འདི། ”འགྲོ་བགྱི་ཡིན” འབྲི་དགོས་ལབ་པ་ཡིན།
    ང་ བོད་ལ་ འགྲོས་ ཡོད་དེ། ད་ལྟ་ འགྲོ་རྒྱུ་ ཡིན། ཞེས་པ་འདི་དོན་ཁ་ཁག་ཅིག་རེད།

    ང་ འགྲོ་བཞིན་པ་ ཡིན། ཞེས་པ་འདི། འབྲི་སྟངས་མང་དྲགས་པས། ང་ འགྲོ་བགྱིན་ ཡིན། ཞེས་བྲིས་ན་ཞེས་པ་ཙམ་མོ།།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (98)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (70)
  • ཨེ་ལི་སི། (54)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (38)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme