Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

སེར་བྱེས་བྱ་བྲལ་ཁང་ཚན་གྱིས་འཁྲུངས་སྐར་སྲུང་བརྩི།

Posted on 2012-07-06 By ཁ་བརྡ་ 5 Comments on སེར་བྱེས་བྱ་བྲལ་ཁང་ཚན་གྱིས་འཁྲུངས་སྐར་སྲུང་བརྩི།

གནས་ཚུལ་མཁོ་འདོནཿ སེར་བྱེས་རིན་ཆེན་དོན་འགྲུབ།

སྤྱི་ལོ་༢༠༡༢ལོའི་ཟླ༧ཚེས་༦ཉིན་སེར་བྱེས་བྱ་བྲལ་ཁང་ཚན་དུ། ལྷར་བཅས་སྲིད་ཞིའི་གཙུག་རྒྱན། རྒྱལ་བསྟན་ཡོངས་རྫོགས་ཀྱི་མངའ་བདག འཛམ་གླིང་ཞི་བདེའི་དེད་དཔོན་ཆེན་པོ། གོ་ལ་ཧྲིལ་བོའི་བྱམས་བརྩེ་དང་སྙིང་རྗེའི་ལམ་སྟོན་མཆོག་ཏུ་གྱུར་པ། སྐྱེ་འགྲོ་ཡོངས་ཀྱི་མགོན་དང་དཔུང་གཉེན་གཅིག་པུ། བླང་དོར་ལམ་སྟོན་གྱི་ཟླ་མེད་སློབ་དཔོན་ཆེན་པོ་དོན་གྱི་སླད་དུ་མཚན་ནས་སྨྲོས་ན་༸རྗེ་བཙུན་འཇམ་དཔལ་ངག་དབང་བློ་བཟང་ཡེ་ཤེས་བསྟན་འཛིན་རྒྱ་མཚོ་སྲིད་གསུམ་དབང་སྒྱུར་མཚུངས་པ་མེད་པའི་སྡེ་དཔལ་བཟང་པོ་མཆོག་ཕྱི་ལུགས་དགུང་གྲངས་༧༧ལ་ཕེབས་པའི་སྐུའི་འཁྲུངས་སྐར་སྲུང་བརྩིའི་མཛད་སྒོ་ཞིག་སྔ་དྲོ་ཆུ་ཚོད་༦པའི་ཐོག་རྒྱལ་བའི་སྐུ་པར་མཐོང་གྲོལ་རིན་པོ་ཆེ་ཚོགས་མགོན་དུ་གདན་ཞུ་དང་། བསང་གསོལ་སྨོན་ལམ། རྒྱལ་བའི་ཞབས་བརྟན་ཚོགས་འདོན་གནང་བ་དང་། རྟེན་གསུམ་འདེགས་འབུལ་སོགས་ཀྱིས་མཛད་སྒོ་དབུ་བཙུགས་པ་དང། དགོང་དྲོ་ཆུ་ཚོད་༦དང་ཕྱེད་ནས་མཚན་ཆུ་ཚོད་༡༡དང་སྐར་མ་༡༥བར་མཛད་རིམ་མུ་མཐུད་དེ་གང་ཉིད་ཀྱི་རླབས་ཆེན་འགན་ཁུར་གསུམ་སྟེ་”དང་པོ། ཁོང་ཉིད་འགྲོ་བ་མི་ཞིག་ཡིན་པའི་ཆ་ནས། འགྲོ་བ་མིའི་རྒྱུད་ཀྱི་བཟང་སྤྱོད་གོང་མཐོར་སྤེལ་ཐབས་བྱ་རྒྱུ་དེ་ཡིན་ཞིང༌། དེ་ནི་མི་སྒེར་དང༌། ཁྱིམ་ཚང༌། སྤྱི་ཚོགས་བཅས་སུ་བདེ་སྐྱེད་འབྱུང་བའི་གཞི་རྩ་ཡིན་པར་བཞེད། གཉིས་པ། ཁོང་ཉིད་ཆོས་པ་ཞིག་ཡིན་པའི་ཆ་ནས། ཆོས་ལུགས་ཕན་ཚུན་བར་མཐུན་འབྲེལ་གོང་མཐོར་གཏོང་རྒྱུ་དེ་ཡིན་ཞིང༌། ཆོས་ལུགས་འདྲ་མིན་ལ་ལྟ་བ་དང་གྲུབ་མཐའ་འདྲ་མིན་ཡོད་ཀྱང༌། བྱམས་པ་དང༌། བརྩེ་བ། བཟོད་སྒོམ། ཆོག་ཤེས། ཚུལ་ཁྲིམས་བཅས་ཀྱི་བསླབ་བྱ་ཉམས་སུ་ལེན་པར་ཆོས་ལུགས་ཚང་མ་གཅིག་མཚུངས་ཡིན་པ་མ་ཟད། མི་ཚེ་བདེ་སྐྱེད་ཀྱི་ལམ་དུ་འཁྲིད་པའི་ནུས་པའང་གཅིག་མཚུངས་ཡིན་པར་བཞེད། གསུམ་པ། ཁོང་ཉིད་བོད་མི་ཞིག་ཡིན་པ་དང་ཏཱ་ལའི་བླ་མའི་མཚན་གནས་ཡོད་པ། ལྷག་པར་དུ་བོད་ཕྱི་ནང་དུ་ཡོད་པའི་བོད་མི་སེར་སྐྱ་ཡོངས་ཀྱིས་ཡིད་ཆེས་བློ་གཏད་ཆེན་པོ་བྱེད་བཞིན་ཡོད་པའི་ཆ་ནས། བོད་ཀྱི་རྩ་དོན་ལ་ཐུགས་ཁུར་དང༌། བཙན་འོག་ལ་གནས་པའི་བོད་མི་ཚོའི་རང་དབང་གི་མགྲིན་ཚབ་པ་ཞིག་གནང་རྒྱུ་དེའང་ཁོང་གི་འགན་ཁུར་ཡིན་པར་བཞེད།”ཅེས་པ་དང་། ༸གོང་ས་མཆོག་གིས་དུས་ནས་དུས་སུ་བོད་མི་མང་ལ་བཀའ་སློབ་ལམ་སྟོན་གནང་བ་ཁག་ལག་ལེན་དུ་བསྟར་མ་ཐུབ་པ་གང་ཡོད་དང་། དེ་ལྟར་མ་ཐུབ་པས་བོད་མི་རིགས་ལ་གྱོང་གུད་གང་ཞིག་ཡོད་དམ་བཅས་ཀྱི་བརྗོད་གཞིའི་ཐོག་བགྲོ་གླེང་ཞིག་སེར་བྱེས་བྲལ་ཁང་ཚན་གྱི་ཆོས་རའི་ནང་དུ་འཚོགས་ཡོད་པ་རེད། དེ་ཡང་བྱ་བྲལ་ཁང་ཚན་གྱི་ངོས་ནས་༸གོང་ས་མཆོག་གི་འཁྲུངས་སྐར་སྲུང་བརྩིའི་ལས་རིམ་ཞིག་སྤྱི་ལོ་༢༠༡༡ལོ་ནས་འགོ་འཛུགས་ཀྱིས་༸གོང་ས་མཆོག་གི་བཀའ་སློབ་ལམ་སྟོན་དང་། གང་ཉིད་ཀྱི་ཡང་དག་པའི་དགོངས་གཞི་སོགས་ཀྱི་བརྗོད་གཞིའི་ཐོག་བགྲོ་གླེང་དང་དྲི་བ་དྲིས་ལན་གྱི་སྒོ་ནས་འཁྲུངས་སྐར་སྲུང་བརྩི་བྱེད་པའི་དམིགས་བསལ་ལས་རིམ་ཞིག་ལག་ལེན་དུ་བསྟར་བཞིན་ཡོད་འདུག འཁྲུངས་སྐར་སྲུང་བརྩི་བྱེད་སྟངས་འདིའི་དམིགས་ཡུལ་དང་དགོས་པ་སོགས་གང་ཞིག་གི་ཆེད་དུ་ཡིན་མིན་སྐོར་འབྲེལ་ཡོད་ལས་སྣེ་དག་ལས་རྒྱུས་ལོན་བྱས་ཏེ་ཤེས་གསལ་ལྟར་ན། འཁྲུངས་སྐར་འདི་ལྟར་སྲུང་བྱེད་དགོས་པའི་རྒྱུ་མཚན་དང་དགོས་པ་གཙོ་བོ་ནི་༸གོང་ས་མཆོག་གི་ཡང་དག་པའི་མཛད་རྗེས་དེ་དག་ལ་རྗེས་དྲན་དང་། དེ་ཡང་བགྲོ་གླེང་སྦྱང་བཤད་ཀྱི་ཐོག་ནས་ཁོང་གི་བཀའ་དྲན་དང་། དགོངས་གཞི་རླབས་པོ་ཆེ་དེ་དག་བཤད་པ་ཙམ་མ་ཡིན་པར་ཤེས་ནས་དད་པ་ཐོབ་ཞིག་ཡོང་བའི་ཆེད་དང་། དེ་ལ་བརྟེན་ནས་མི་རེ་རེའི་ངོས་ནས་༸གོང་ས་མཆོག་གི་དགོངས་གཞི་ཤེས་རྟོགས་དང་། བཀའ་སློབ་ལམ་སྟོན་དེ་དག་རང་གིས་ཉམས་ལེན་བྱེད་པའི་ཆ་རྐྱེན་ཞིག་ཏུ་འགྱུར་བའི་ ཆེད་དུ་ཡིན་འདུག

ལས་རིམ་གཤམ་གསལ་ལྟར་ཡིན།

༄༅། །འཕགས་ཡུལ་སེར་བྱེས་བྱ་བྲལ་ཁང་ཚན་འདུས་མང་ཡོངས་ཀྱིས་ས་སྟེང་རྒྱལ་བསྟན་ཡོངས་རྫོགས་ཀྱི་མངའ་བདག་འཛམ་གླིང་ཞི་བདེའི་དེད་དཔོན། རིས་སུ་མ་ཆད་པའི་ཆོས་རྒྱུད་ཡོངས་ཀྱི་རྒྱལ་བོ་ཆེན་པོ་༸གོང་ས་༸ལྷ་མིའི་རྣམ་འདྲེན་རྒྱལ་དབང་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་ཕྱི་ལུགས་དགུང་གྲངས (༧༧) ལ་ཕེབས་པའི་སྐུའི་འཁྲུངས་སྐར་སྲུང་བརྩིའི་ཉིན་དང་པོའི་མཛད་རིམ་ངོ་སྤྲོད་གཤམ་གསལ།

བོད་རྒྱལ་ལོ་༢༡༣༩ ཟླ་༥་བའི་ཚེས་༡༨དང་། ཕྱི་ལོ་༢༠༡༢ ཟླ་༧ ཚེས་༦ ཉིན་གྱི་ཞོགས་པའི་ཆུ་ཚོད་དྲུག་དང་ཕྱེད་ནས་དབུ་འཛུགས་གནང་རྒྱུ།

༡༽ཁང་རྒན་གཙོས་བླ་སྤྲུལ་དགེ་བཤེས་རྣམས་ཀྱིས་༸གོང་ས་༸མཆོག་གི་སྐུ་པར་མཐོང་གྲོལ་རིན་པོ་ཆེ་ཚོགས་མགོན་དུ་གདན་འདྲེན་ཞུ་རྒྱུ།

༢༽༸རྒྱལ་བའི་སྐུ་པར་རིན་པོ་ཆེ་བཞུགས་ཁྲིར་འཁོད་པ་དང་མཎྜལ་རྟེན་གསུམ་འདེགས་འབུལ་གྲུབ་མཚམས་སུ་དགེ་འདུན་འདུས་མང་ཡོངས་ལ་རྟེན་འབྲེལ་འབྲས་སིལ་དང་གསོལ་ཇ་འབུལ་གནང་མཛད་རྒྱུ།
༣༽ཁང་རྒན་མཆོག་གིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མཛད་རྣམ་སྙིང་བསྡུས་སྒྲོགས་སྦྱང་གནང་རྒྱུ།

༤༽ སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་སྐུ་ཚེ་བསྐལ་བརྒྱར་བརྟན་ཆེད་དབུ་མཛད་ཆེན་མོ་ལགས་ཀྱིས་དབུ་བསྐུལ་དང་འབྲེལ་རྒྱལ་བའི་ཞབས་བརྟན་དང་། བདེན་ཚིག་སྨོན་ལམ། ཆོས་སྐྱོང་ཁག་གི་བསང་གསོལ། འཕྲིན་བཅོལ་བཅས་གསུངས་ནས་ཉིན་དང་པོའི་མཛད་རིམ་རྒྱལ་ཁའི་ངང་གྲོལ་རྒྱུ།

༄༅། །འཕགས་ཡུལ་སེར་བྱེས་བྱ་བྲལ་ཁང་ཚན་འདུས་མང་ཡོངས་ཀྱིས་ས་སྟེང་རྒྱལ་བསྟན་ཡོངས་རྫོགས་ཀྱི་མངའ་བདག་འཛམ་གླིང་ཞི་བདེའི་དེད་དཔོན། རིས་སུ་མ་ཆད་པའི་ཆོས་རྒྱུད་ཡོངས་ཀྱི་རྒྱལ་བོ་ཆེན་པོ་༸གོང་ས་ལྷ་མིའི་རྣམ་འདྲེན་རྒྱལ་དབང་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་ཕྱི་ལུགས་དགུང་གྲངས (༧༧) ལ་ཕེབས་པའི་སྐུའི་འཁྲུངས་སྐར་སྲུང་བརྩིའི་ཉིན་གྱི་མཛད་རིམ་ངོ་སྤྲོད་གཤམ་གསལ།

བོད་རྒྱལ་ལོ་༢༡༣༩ ཟླ་༥་པའི་ཚེས་༡༨ དང་། ཕྱི་ལོ་༢༠༡༢ ཟླ་༧ ཚེས་༦ ཉིན་གྱི་ཕྱི་དྲོ་ཆུ་ཚོད་དྲུག་དང་ཕྱེད་ནས་དབུ་འཛུགས་གནང་རྒྱུ།
༡༽མཛད་རིམ་དང་པོ།
དགེ་འདུན་འདུས་མང་ཡོངས་ཚོགས་ཞུགས་གྲུབ་མཚམས་སུ། ཁང་རྒན་གཙོས་བླ་སྤྲུལ་དགེ་བཤེས་རྣམས་ཀྱིས་༸གོང་ས་མཆོག་གི་སྐུ་པར་མཐོང་གྲོལ་རིན་པོ་ཆེ་ཚོགས་མགོན་དུ་གདན་འདྲེན་ཞུ་རྒྱུ།
༢༽ མཛད་རིམ་གཉིས་པ།
༸རྒྱལ་བའི་སྐུ་པར་མཐོང་གྲོལ་རིན་པོ་ཆེ་བཞུགས་ཁྲིར་འཁོད་པ་དང་ཁང་རྒན་མཆོག་གིས་མཎྜལ་རྟེན་གསུམ་འདེགས་འབུལ་ཞུ་རྒྱུ།
༣༽མཛད་རིམ་གསུམ་པ།
ཁང་རྒན་མཆོག་གིས་༸གོང་ས་མཆོག་གི་སྐུའི་འཁྲུངས་སྐར་སྲུང་བརྩི་བྱེད་དགོས་པའི་རྒྱུ་མཚན་དང་། བགྲོ་གླེང་སྐབས་ཀྱི་སྒྲིག་གཞི་དང་འབྲེལ་བའི་གསུང་བཤད་གནང་རྒྱུ།
༤༽ མཛད་རིམ་བཞི་པ།
བགྲོ་གླེང་གཙོ་སྐྱོང་བ་ལྷ་རམས་པ་རྒན་བསམ་འཕེལ་དོན་གྲུབ་ལགས་ཀྱིས་བགྲོ་གླེང་བྱེད་ཕྱོགས་ངོ་སྤྲོད་དང་འབྲེལ་བགྲོ་གླེང་བ་དབུ་གསར་གོང་མའི་འཐུས་ཚབ་ཀྱིས་༸གོང་ས་མཆོག་གི་ཞལ་སྔ་ནས་(ང་འགྲོ་བ་མི་ཞིག་ཡིན་པའི་ཆ་ནས་འགྲོ་བ་མིའི་རྒྱུད་ཀྱི་བཟང་སྤྱོད་གོང་མཐོར་སྤེལ་ཐབས་བྱ་རྒྱུ་དེ་ངའི་ལས་འགན་་ཡིན)ཞེས་པའི་བརྗོད་གཞིའི་ཐོག་དུས་ཡུན་སྐར་མ་༡༥ནས༢༠་བར་རྩོམ་ཤོག་སྒྲོགས་སྦྱང་དང་། སྐར་མ༣༠་རིང་བརྗོད་གཞི་དེའི་སྐོར་ལ་དྲིས་ལན་གནང་རྒྱུ།

༥༽ མཛད་རིམ་ལྔ་བ།
དབུ་རྙིང་གོང་མའི་འཐུས་ཚབ་ཀྱིས་༸གོང་ས་མཆོག་གི་ཞལ་སྔ་ནས་(ང་ཆོས་པ་ཞིག་ཡིན་པའི་ཆ་ནས་ཆོས་ལུགས་ཕན་ཚུན་བར་གྱི་མཐུན་སྒྲིལ་གོང་མཐོར་གཏང་རྒྱུ་དེ་ངའི་ལས་འགནཡིན་)ཞེས་པའི་བརྗོད་གཞི་ཐོག་དུས་ཡུན་སྐར་མ་༡༥་ནས༢༠་བར་རྩོམ་ཤོག་སྒྲོགས་སྦྱང་གནང་རྒྱུ་དང་། སྐར་མ་༣༠རིང་བརྗོད་གཞི་དེའི་སྐོར་ལ་དྲིས་ལན་གནང་རྒྱུ།

༦༽ མཛད་རིམ་དྲུག་པ།
བགྲོ་གླེང་གཙོ་སྐྱོང་བ་ལྷ་རམས་པ་རྒན་བཀྲ་ཤིས་བཟང་པོ་ལགས་ཀྱིས་བགྲོ་གླེང་བྱེད་ཕྱོགས་ངོ་སྤྲོད་དང་འབྲེལ་དབུ་རྙིང་འོག་མའི་འཐུས་ཚབ་ཀྱིས་བརྗོད་གཞི་༸གོང་ས་མཆོག་གི་ཞལ་སྔ་ནས་(ང་བོད་པ་ཞིག་ཡིན་པ་དང་། ཏཱ་ལའི་བླ་མའི་མཚན་གནས་ཤིག་ཡོད་པ་དང་བོད་མི་གཞིས་བྱེས་ཡོངས་ཀྱིས་ཡིད་ཆེས་བློ་གཏད་ཆེན་པོ་བྱེད་ཀྱིན་ཡོད་པའི་ཆ་ནས་ངས་བོད་མི་རིགས་ཀྱི་རང་དབང་གི་མགྲིན་ཚབ་པ་ཞིག་བྱེད་རྒྱུ་དེ་ངའི་ལས་འགན་ཡིན)ཞེས་པའི་བརྗོད་གཞིའི་ཐོག་དུས་ཡུན་སྐར་༡༥ནས༢༠་བར་རྩོམ་ཤོག་སྒྲོགས་སྦྱང་གནང་རྒྱུ་དང་། སྐར་མ་༣༠་རིང་བརྗོད་གཞི་དེའི་སྐོར་ལ་དྲིས་ལན་གནང་རྒྱུ།

༧༽ མཛད་རིམ་བདུན་པ།
དབུ་གསར་འོག་མའི་འཐུས་ཚབ་ཀྱིས་(༸གོང་ས་མཆོག་གིས་དུས་ནས་དུས་སུ་བོད་མི་མང་ལ་་བཀའ་སློབ་ལམ་སྟོན་གནང་བ་ཁག་ལག་ལེན་དུ་བསྟར་མ་ཐུབ་པ་གང་ཡོད་དང་། དེ་ལྟར་མ་ཐུབ་པས་བོད་མི་རིགས་ལ་གྱོང་གུད་གང་ཞིག་ཡོད་)ཅེས་པའི་བརྗོད་གཞིའི་ཐོག་དུས་ཡུན་སྐར་མ་༡༥་ནས་༢༠བར་རྩོམ་ཤོག་སྒྲོགས་སྦྱང་གནང་རྒྱུ་དང་། སྐར་མ་༣༠་རིང་བརྗོད་གཞི་དེའི་སྐོར་ལ་དྲིས་ལན་གནང་རྒྱུ།

༥༽ མཛད་རིམ་བརྒྱད་པ།
མཇུག་ཏུ་སྤྱི་རྒན་ལགས་ཀྱིས་ཐུགས་རྗེ་ཆེ་ཞུ་དང་འབྲེལ་བའི་གསུང་བཤད་གནང་རྒྱུ་དང་བཅས་བགྲོ་གླེང་རྒྱལ་ཁའི་ངང་གྲོལ་རྒྱུ།
འཁྲུངས་སྐར་སྲུང་བརྩིའི་བགྲོ་གླེང་འདིའི་དུས་ཡུན་ནི་ཞོགས་ཀའི་ཆུ་ཚོད་དྲུག་ནས་བདུན་དང་ཕྱེད་ཀའི་བར་དང་དགོང་མོ་ཆུ་ཚོད་༦དང་ཕྱེད་ནས་༡༡དང་སྐར་མ་༡༥་བར་ཡིན། སེར་བྱེས་བྱ་བྲལ་ཁང་ཚན་གྱིས་ཕུལ།

གསར་འགྱུར།

Post navigation

Previous Post: ཁེར་རྐྱང་གི་ལོ་ཟླ་འདི་དག
Next Post: ༸གོང་ས་མཆོག་ཕྱི་ལུགས་ཀྱི་དགུང་གྲངས་དོན་བདུན་ལ་འཕེབས་པའི་སྐུའི་འཁྲུངས་སྐར་ལ་འཕུལ་བའི་བཀྲ་ཤིས་སྙན་དབྱངས།

Comments (5) on “སེར་བྱེས་བྱ་བྲལ་ཁང་ཚན་གྱིས་འཁྲུངས་སྐར་སྲུང་བརྩི།”

  1. ཁ་སྒང་ཤེར་རྒྱམ། says:
    2012-07-07 at 6:05 am

    དེ་ལྟའི་མཛད་ཐབས་ཐབས་ཤེས་ཟུང་ལྡན་མ།།
    མ་ལུས་འགྲོ་ཀུན་ཀུན་ཏུ་དགེ་བའི་དཔལ།།
    དཔལ་ལྡན་ཐུགས་བཞེད་བཞད་པའི་ཨུལ་ཕྲེང༌།།
    ཕྲེང་ལྟར་ས་ཆེན་ཆེན་པོའི་རལ་བར་བླངས།།

    དབྱིག་འཛིན་དབྱིག་གི་ལང་ཚོ་ཡིད་འོང་མར།།
    དོན་ལྡན་དོན་གྱིས་འཁྱུད་པའི་ཕྱྭ་གཡང་སྟོང༌།།
    དགེ་ལེགས་དགེ་བར་བསྩལ་བའི་མཛད་རྗེས་ནི།།
    བསྐལ་ནས་བསྐལ་བར་བསྲིངས་འདི་ཕྱག་གི་ཡུལ།།

  2. བོན་རྒྱ་བསྟན་འཛིན་རབ་རྒྱས། says:
    2012-07-07 at 7:09 am

    ཁམས་ཚན་གྱི་བླ་གྲྭ་ཡོངས་ནས་རིགས་བརྒྱའི་ཁྱབ་བདག་རྡོ་རྗེ་འཆང་ཆེན་པོ། དུས་གསུམ་རྗེན་གཟིགས་ཀྱི་མཁྱེན་བརྩེ་བདག་པོ། འཇིག་རྟེན་གསུམ་གྱི་སྤྱི་ནོར། གངས་ཅན་པ་རྣམས་ཀྱི་ལྟ་བའི་མིག་དང་ཁོག་པའི་སྙིང་། ཆེན་པོ་བོད་ཀྱི་བསོད་ནམས་ཀྱི་ལྷ་སྐལ་དང་ཚོགས་བསགས་ཀྱི་ཞིང་ས། རྒྱལ་བ་ཐམས་ཅད་ཀྱི་མཁྱེན་བརྩེ་ནུས་གསུམ་གཅིག་ཏུ་བསྡུས་པའི་རང་གཟུགས་རྒྱལ་མཆོག་བཅུ་བཞི་པ་ཆེན་མོའི་མཛད་པའི་ཆ་ཤས་ལས་བརྩམས་པའི་གཏམ་གྱི་བགྲོ་བ་དེ་ནི་རྨད་དུ་བྱུང་བའི་ལེགས་ཚོགས་ཀྱི་ཕྱི་མོ་རུ་སྙམ་པས། གུས་འདུད་གྲངས་མེད་དང་བཅས་ཡི་རངས་ལྷད་མེད་ཞུ།

  3. ཨ་ཀྲུག་ཚེ་བརྟན says:
    2012-07-07 at 7:33 am

    ལྷ་དང་བཅས་པའི་འགྲོ་བ་ཡོངས་ཀྱི་མ་འདྲིས་པའི་མཛའ་བཤེས་ཆེན་པོ། ས་སྟེང་རྒྱལ་བསྟན་ཡོངས་རྫོགས་ཀྱི་མངའ་བདག ཁམས་གསུམ་ཆོས་ཀྱི་རྒྱལ་པོ། འཇིག་རྟེན་ཞི་བདེའི་དེད་དཔོན། ༸གོང་ས་རྒྱལ་དབང་སྐུ་ཕྲང་བཅུ་བཞི་བ་ཆེན་པོ་མཆོག བརླང་སྤྱོད་གདུལ་དཀའ་སྙིགས་དུས་ཀྱི་འགྲོ་བ་སྤྱི་དང་། ཡང་དགོས་གངས་ཅན་པ་རྣམས་ལ་ཐུགས་ལྷག་པར་བརྩེ་བའི་གདུལ་ཞིང་དུ་བདག་གིར་བཟུང་སྟེ་སྐྱེ་བོ་ཡོངས་ཀྱི་མཐུན་སྣང་དུ་མཇལ་དུ་རུང་བའི་ངུར་སྨྲིག་གསུམ་ལྡན་གར་གྱི་རྣམ་པར་སྐུ་བལྟམས་ནས་དགུང་གྲངས་བདུན་བཅུ་དོ་བདུན་ལ་སོན་པའི་སྐུའི་འཁྲུངས་སྐར་ལ་སྒོ་གསུམ་གུས་པའི་བཀྲ་ཤིས་བདེ་ལེགས་ཞུ་བ་དང་།
    རིས་སུ་མ་ཆད་པའི་ཆོས་ལུགས་སྣ་ཚོགས་ཀྱི་རྗེས་འབྲང་བ་རྣམས་དང་། ཆོས་ལུགས་གང་ལའང་ཡིད་ཆེས་དད་མོས་མི་བྱེད་པའི་སྐྱེ་འགྲོ་སོགས་ཀུན་གྱི་ཡིད་དབང་འཕྲོག་པའི་ལམ་སྟོན། འགྲོ་བ་མིའི་རྣམ་དཔྱོད་དང་ཡ་རབས་བཟང་སྤྱོད་ཀྱི་རིན་ཐང་ཀུན་ཁྱབ་ཏུ་གོང་མཐོར་སྤེལ་ཏེ་འཇིག་རྟེན་མཉམ་གནས་དང་། གོ་ལ་གཅིག་རྒྱུར་གྱིས་འཇིག་རྟེན་སྤྱིའི་ཕན་བདེ་སྒྲུབ་ཐབས་ལ་མཉམ་རུབ་ཡོང་ཐབས་སོགས་སྔར་མ་གྲགས་པའི་གདམས་ངག་ཟབ་མོ་འདོམས་པར་མཛད་པ་སོགས་ཀྱི་བཀའ་དྲིན་སེམས་ནས་དྲན་བཞིན་དུ་ངོ་མཚར་རྨད་དུ་བྱུང་བའི་གདམས་ངག་རྣམས་ལ་རང་ནུས་གང་ཐུབ་ཀྱི་ཉམ་ལེན་ཞུ་བ་དང་།
    མགོན་པོ་མཆོག་ཉིད་སྐྱེ་འགྲོ་སྤྱི་དང་བྱི་བྲེག་གངས་ཅན་པ་རྣམས་ཀྱི་མགོན་དཔོང་དམ་པར་སྐུ་ཚེ་སྐལ་བརྒྱར་བརྟན་ཅིང་རྨད་བྱུང་གདམས་ངག་ཟབ་མོ་དུས་ནས་དུས་སུ་རྩལ་གནང་ཡོངས་བའི་གསོལ་འདེབས་ཀྱང་སྙིང་དབུའི་ནས་རྩེ་གཅིག་གདུང་ཤུགས་དྲག་པོས་ཞུ་ཞུ་ཞུ།།
    དགེ་ལུགས་སྤྱི་འཐུས་ཨ་ཀྲུག་ཚེ་བརྟན་ནས་མགོན་པོ་གང་གི་སྐུ་འཁྲུངས་སྐར་ལ།།

  4. དར་ལྕེ་ཟད་པོ།། says:
    2012-07-07 at 11:18 am

    སེར་བྱེས་བྱ་བྲལ་ཁམས་ཚན་ནི་སེར་བྱེས་གྲྭ་ཚང་གསར་བཏོད་ལམ་དུ་འཁྲིད་མཁན་གྱི་དེད་དཔོན་ཞིག་ཏུ་ངས་ལོ་ཤས་སྔོན་ནས་མཐོང་གི་ཡོད།

  5. གླེན་པ། says:
    2012-07-09 at 3:49 am

    སེར་་བྱེས་བྱ་བྲལ་ཁང་ཚན་ཟེར་བ་དེ་ངོ་མ་ཡར་ཐོན་གྱི་ཁང་ཚན་དངོས་ཞིག་ལ་ངོས་འཛིན་བྱེད་ཀི་ཡིན། ཁང་ཚན་འདི་བཙན་བྱོལ་ནང་གི་ཚོགས་སྡེ་དག་གི་སྣེ་ཁྲིད་མཁན་རེད་ཟེར་ནའང་མ་ཆོག་པ་མི་འདུག ཁང་ཚན་འདིའི་རང་གི་འཛིན་སྐྱོང་འོག་བོད་ཀྱི་རིགས་གནས་འཛིན་གྲྭ་ལྔ་དང་དབྱིན་ཡིག་འཛིན་གྲྭ་ལྔ་རྒྱ་ཡིག་འཛིན་གྲྭ་གཉིས་བཅས་འཛུགས་ནས་ལོ་འཁོར་གསུམ་སོང་ཡོད་པ་གསལ་བོ་རེད། ༸གོང་ས༸་ས་མཆོག་གི་དགོངས་དོན་དངོས་སུ་བསྒྲུབ་མཁན་དང་སློབ་གཉེར་བ་དག་ལ་བསམ་ཤེས་བྱེད་མཁན་ཞིག་ལ་ངོས་འཛིན་བྱེད་ཀི་ཡོད། སེར་བྱེས་བྱ་བྲལ་ཁང་ཚན་ངོ་མ་ཐུགས་རྗེ་ཆེ་གདན་སའི་ནང་གང་དགོས་པ་དག་མཐུན་རྐྱེན་བསྒྲུབ་བཞིན་ཡོད་པ་འདི་ལ་རྗེས་སུ་ཡི་རིང་ཡོད།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (15)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme