Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

སེམས་ཤུགས་འཕེལ་བའི་བོད་ནང་གི་གནས་ཚུལ། ཨ་མདོའི་ཕྱོགས་སུ་སྐད་ཡིག་སྲུང་སྐྱོབ་ཀྱི་ལས་འགུལ།

Posted on 2012-05-11 By ཁ་བརྡ་ 37 Comments on སེམས་ཤུགས་འཕེལ་བའི་བོད་ནང་གི་གནས་ཚུལ། ཨ་མདོའི་ཕྱོགས་སུ་སྐད་ཡིག་སྲུང་སྐྱོབ་ཀྱི་ལས་འགུལ།


རྡོ་རྗེ་ཚེ་བརྟན། རྒྱ་གར་བོད་རང་བཙན་སློབ་ཕྲུག་ཚོགས་པའི་འགན་འཛིན།

ཁ་སང་ལྷག་དཀར་ཉིན་མོར་བདག་གི་སེམས་ཐག་ཉེ་བའི་གྲོགས་པོ་བོད་དོན་འཐབ་རྩོད་པ་ཆབ་སྲིད་བཙོན་ཟུར་ལྷ་མོ་སྐྱབས་ལགས་བདག་གི་ཡིག་ཚང་དུ་སླེབས་སོང་ལ། མཚར་སྣང་དང་རེ་སྒུག་གིས་ཁེངས་པའི་ཁོང་གི་རྣམ་རིག་གྲུང་བོ་མཐོང་མ་ཐག་བདག་གིས་ཁོང་ལ་ནམ་རྒྱུན་དང་མི་འདྲ་བའི་གནས་ཚུལ་གསར་བ་ཞིག་ཡོད་པ་ཤེས་ཐུབ།ཁོང་གིས་རང་ཉིད་ཀྱི་མཐེབ་འཇུག་ལས་བདག་ལ་བོིད་ནང་གི་ཡིད་འགུལ་ཐེབས་པའི་ལྷག་དཀར་སྲུང་བརྩི་བྱེད་སྟངས་ཀྱི་རྣམ་པ་དམིགས་གསལ་བ་ཞིག་བསྟན་སོང་། སེམས་ཤུགས་འཕར་བའི་གནས་ཚུལ་དེས་བདག་གི་ལྷག་དཀར་ཉིན་མོ་དེ་ཡང་དམིགས་བསལ་བ་ཞིག་བཟོས་སོང་།

ཕྱི་ལོ་༢༠༡༡ལོའི་ཟླ༠༤ཚེས་༡༥ཉིན་ཨ་མདོ་རྨ་ཆུ་རྩྭ་ཐང་གི་བོད་མི་ཁ་ཤས་ཀྱིས་རང་འགུལ་གྱིས་“བོད་ཕ་སྐད་དམ་སྲུང་མཐུན་ཚོགས།”ཞེས་པ་ཞིག་གསར་འཛུགས་བྱས་འདུག་ལ། དུས་དེ་རིང་མཐུན་ཚོགས་དེའི་བྱ་འགུལ་ཁག་བོད་ཤར་ཕྱོགས་ཀྱི་ཁམས་དང་ཨ་མདོ(ཞིང་ཆེན་མཚོ་སྔོན་དང་། ཀན་སུའུ། སི་ཁྲོན་)སོགས་གཙོ་བྱས་པའི་བོད་རིགས་འདུས་སྡོད་ཀྱི་ས་ཁུལ་ཡོངས་ལ་ཁྱབ་ཡོད་འདུག་ལ།་་གནོན་ཤུགས་དང་དཀའ་ངལ་ཡོད་ཚད་གདོང་གིས་བསུས་ནས་ད་དུང་མཐུན་ཚོགས་དེས་མུ་མཐུད་ས་ཁུལ་དེ་དག་ཏུ་སྐད་ཡིག་སྲུང་སྐྱོབ་དང་རྒྱུན་འཛིན་གྱི་ལས་འགུལ་མུ་མཐུད་སྤེལ་བཞིན་ཡོད་འདུག དེར་བརྟེན། ད་ལྟ་དྭངས་བླངས་ལས་འགུལ་བ་དེ་དག་ལ་གཞི་རིམ་བོད་མི་སྤྱི་ཡོངས་ཀྱི་རྒྱབ་སྐྱོར་དང་གུས་བརྩི་བླ་མེད་ཐོབ་བཞིན་ཡོད་འདུག

མི་མང་གི་ཉིན་རྒྱུན་གྱི་འཚོ་བའི་ཁྲོད་དུ་བོད་རང་གི་སྐད་ཡིག་བེད་སྤྱོད་གཏོང་བར་སེམས་ཤུགས་སྤེལ་ཆེད་དུ། སྐད་ཡིག་མཐུན་ཚོགས་དེས་སྦྱར་བྱང་དང་ཅ་དངོས་འདྲ་མིན་བཟོས་ནས་དེ་དག་ལ་བོད་སྐད་ཀྱི་མིང་འདོགས་བྱེད་བཞིན་ཡོད་འདུག་ལ། ཁོ་ཚོས་བཟོས་པའི་སྦྱར་བྱང་དེ་དག་མི་མང་འཛོམས་ས་ཆེ་ཁག་དག་སྟེ་ཟ་ཁང་དང་ཚོང་ཁང་།དགོན་པ་ཁག་དང་མི་མང་གི་ཁྲོམ་ར་ཁག་ཏུ་སྦྱར་འགྲེམ་བྱེད་བཞིན་ཡོད་འདུག འདྲ་པར་དག་ལས་ང་ཚོས་གསལ་བོར་མཐོང་བ་ལྟར་མཐུན་ཚོགས་དེས་བོད་ཁུལ་གྱི་ས་ཆ་འདྲ་མིན་དུ་སྐད་ཡིག་སྦྱོང་བརྡར་འཛིན་གྲྭ་བསྡུ་བ་དང་སྐད་ཡིག་གི་ཡིག་རྒྱུགས་རིགས་འདྲ་མིན་བཀོད་སྒྲིག།དེ་བཞིན་བོད་ཀྱི་ས་ཁུལ་འདྲ་མིན་ནས་མཁས་དབང་དང་ཆེད་ལས་མཁས་པ་འདྲ་མིན་གདན་ཞུས་ཀྱིས་བཀའ་སློབ་དང་ལམ་སྟོན་ཡང་དུས་ནས་དུས་སུ་ཞུ་བཞིན་ཡོད་འདུག

མཐུན་ཚོགས་དེའི་ཚོགས་གཙོ་ཡང་མང་གཙོའི་བརྒྱུད་ལན་ནས་འོས་འདེམས་བྱེད་བཞིན་ཡོད་འདུག་ལ་ཁོ་ཚོས་བོད་ཀྱི་སྐད་ཡིག་དར་སྤེལ་གཅིག་པུ་ཙམ་མ་ཡིན་པར་བོད་མི་སྤྱི་བོ་གནམ་བསྟན་ཡོངས་ཀྱི་ནང་ཁུལ་དུ་ཕན་ཚུན་ཕུ་ནུ་ལྟ་བུའི་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་ཡོང་བར་ཡང་ཤུགས་སྣོན་ཆེན་པོ་རྒྱག་བཞིན་ཡོད་འདུག དེར་བརྟེན།ལས་འགུལ་དེས་བོད་ཀྱི་དེང་རབས་གཞོན་སྐྱེས་དག་ལ་ཡ་རབས་བཟང་སྤྱོད་སོགས་ཀྱི་ཤུགས་རྐྱེན་ངེས་ཅན་ཐེབས་བཞིན་ཡོད་འདུག
ཉིན་དེའི་ཕྱི་དྲོར་བདག་རྡ་སའི་མེག་ལོར་སྲང་ལམ་དུ་སྐྱོད་སྐབས་གདོང་ལ་འཛུམ་གྱིས་ཁེངས་ཤིང་ལུས་ལ་བོད་ཆས་གཙང་མ་མནབས་པའི་བྱིས་པ་དང་། གཞོན་སྐྱེས།དེ་བཞིན་ཁྲོམ་དུ་སྐོར་སྐྱོད་བྱེད་མཁན་སོགས་མཐོང་བས་བདག་གི་སེམས་པ་རེ་བ་དང་སྤོབས་པས་བརྟས་བྱུང་། ཁོ་ཚོ་ཚང་མར་ཡང་ང་དང་འདྲ་བར་རང་ཉིད་བོད་མི་རིགས་སུ་སྐྱེས་བར་སྤོབས་པས་ཁེངས་ནས་འདུག
གནས་ཚུལ་འདི་དག་གིས་བདག་ལ་ལྕམ་ཨང་སན་སོས་སྐྱིད་(Aung Sung Suu Kyi)ལགས་ཀྱི་ཕྱག་དེབ་ (གཞོན་ནུ་མ་ དང་རྨ་བྱ།)ཞེས་པའི་ནང་གི་ལེགས་བཤད་“ཁྱོད་ཀྱིས་བདག་གི་རང་དབང་རྐུ་འཁྱེར་བྱེད་ཐུབ་ནའང་ཁྱོད་ཀྱིས་བདག་གི་རེ་བ་ནམ་ཡང་འཁྱེར་མི་ཐུབ་”ཅེས་པའི་བླ་མ་མེད་པའི་ལེགས་བཤད་དེ་དྲན་ཏུ་བཅུག་སོང་།
ལྷག་དཀར་ནི་རང་དབང་ལ་བཅོལ་བའི་རེ་བ་ཡིན།
གྲོགས་པོ་ལགས།ཁྱེད་ཀྱིས་འདི་ལྟར་བདག་ལ་ལྷག་དཀར་ཉིན་མོ་དམིགས་བསལ་བ་ཞིག་གནང་བར་ཐུགས་རྗེ་ཆེ་ཞུ།

རྩོམ་རིག

Post navigation

Previous Post: ནིའུ་ཡོག་ཏུ་སྨན་རྩིས་ཁང་གི་སྨན་རྩིས་པ་ཟུར་པ་རྣམས་འདུ་འཛོམས།
Next Post: རང་སྐྱོང་རག་ན་དེའི་སྐབས་རྒྱ་དར་འཕྱར་དགོས་མིན་ལྟ་དགོས།

Comments (37) on “སེམས་ཤུགས་འཕེལ་བའི་བོད་ནང་གི་གནས་ཚུལ། ཨ་མདོའི་ཕྱོགས་སུ་སྐད་ཡིག་སྲུང་སྐྱོབ་ཀྱི་ལས་འགུལ།”

  1. ལ་དྭགས་བློ་བཟང་འཇམ་དཔལ་ says:
    2012-05-11 at 10:53 am

    གནས་ཚུལ་འདི་བཀླགས་པས་རབ་ཏུ་དགའ། ལ་དྭགས་ལ་སོགས་རྒྱ་གར་རི་བོ་གངས་ཅན་གྱི་ལྗོངས་སུ་གནས་པའི་བོད་སྐད་རྒྱབ་པ་དག་ལ་ཡང་རྨོངས་པའི་གཉིད་སད་དེ། རང་གིས་ཁ་སྐད་དེ་ལ་བོད་ཀྱི་རིག་གཞུང་བཀའ་བསྟན་གསུང་འབུམ་གྱི་དག་ཆ་མཐུན་པའི་གསར་ཤོག་སོགས་བཟོ་སྐྲུན་ལ་འབད་དགོས་པར་མཐོང་ངོ་།།

  2. ཀླུ་སྨྱོན། says:
    2012-05-11 at 11:00 am

    བདག་ཀྱང་གློ་བ་རབ་ཏུ་དགའ་འོ།།

  3. ལུང་རྟོགས། says:
    2012-05-11 at 11:00 am

    བོད་ནང་གི་བོད་མི་འདི་ཚོའི་སེམས་ཤུགས་ལ་བལྟོས། བཙན་བྱོལ་བ་ཚོ་གཉིད་ལས་སད་རེན་ཐག་ཆོད་འདུག བཙན་བྱོལ་བོད་མི་མང་པོས་བོད་ཡིག་སྦྱང་ན་མདུན་ལམ་མེད་པ་དང་ཟ་མ་མི་རག་པ་སོགས་བཤད་བཞིན་པ་ནི་ཇི་འདྲའི་མིག་རྒྱང་ཐུང་བའི་བསམ་བློ་ཞིག་རེད། ངས་ཁྱེད་ཚོར་འདྲི། ཁྱེད་ཚོས་མདུན་ལམ་ཞེས་པ་དེ་ཅི་འདྲ་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད། བོད་ཡིག་གིས་ཟ་མ་མ་རག་པར་སུ་ལྟོག་ཤི་ཐེབ་འདུག ད་དུང་མིའི་མདུན་ལམ་ཞེས་པ་དེ་ཟ་མ་རག་རྒྱུ་ཙམ་ཡིན་ནམ།

  4. འཇམ་དབྱངས། says:
    2012-05-11 at 11:43 am

    སྤྱིར་བཏང་གནས་ཚུལ་འདི་ལྟ་བུ་སྤེལ་ཐུབ་པར་བོད་ལ་དགའ་ཞིང་བོད་ལ་ཞེན་པའི་མི་ཞིག་ཡིན་ཕྱིན་མི་དགའ་བ་ག་ལ་སྲིད། ཡིན་ན་ཡང་གཟབ་དགོས་པ་ཞིག་ལ། གཞུང་དང་སྒེར་ཅི་འདྲ་ཞིག་ཡིན་ཡང་བོད་ནང་གི་ལས་འགུལ་གང་ཞིག་ཤེས་མ་ཐག་དབྱེ་ཞིབ་མི་བྱེད་པར་གསར་ལམ་དང་དྲྭ་ལམ་ཁག་ཏུ་འགོད་རྐྱང་བྱེད་པ་འདིས། བོད་ནང་གི་སེམས་ཤུགས་ཅན་ཚོས་ལས་འགུལ་རྒྱུན་སྐྱོང་བྱེད་རྒྱུར་བར་ཆད་དུ་འགྲོ་ངེས་པས། ད་ལྟའི་ཆར་བོད་ནང་དང་འབྲེལ་ཡོད་ཀྱི་གནས་ཚུལ་ཞིག་ཡིན་ཚེ་ཅིས་ཀྱང་གཟབ་དགོས། འཕྲལ་གྱི་གསལ་བསྒྲགས་ལས་ཕུགས་ཀྱི་ཁེ་ཕན་གལ་མི་ཆེའམ།

  5. བསྟན་འོད་ says:
    2012-05-11 at 11:49 am

    སྨྲ་བྱའི་རྣ་ལམ་ན་དབྱར་རྔ་ཞིག་།

  6. མེ་ཏོག་དཀར་པོ། says:
    2012-05-11 at 11:59 am

    ལུང་རྟོགས། བོད་ཡིག་སྦྱང་ན་ལྟོ་མི་རག་ཚུལ་སུས་གང་ན་ག་དུས་སུ་ལ་བཤད་གསལ་པོ་ཁུངས་ལྡན་འབྲི་ཤོག་མ་གཏོགས་མི་འགྲིག་ཁོ་ཐག་ཡིན། བོད་ནས་ཕྱིས་སུ་སླེབས་མཁན་ནང་ནས་མང་མང་ཞིག་གིས་ནམ་ནམ་གཞར་གཞར་ལ་བཙན་བྱོལ་བར་ཁ་བརྡུང་གཏོང་ཤག་ཤག་བྱེད་གི་འདུག ཁྱེད་ཚོ་བོད་དོན་ལ་ཞེ་པུ་བྱས་ཡོད་མདོག་མདོག ག་རེ་བྱས་ཡོད། ཤོད་དང་། ད་དུང་་་་ད་གཡུག་ཞོག
    ཁ་བདག་པོ་རྒྱོབས་ཨ། བཙན་བྱོལ་ནང་སྐྱིད་པོ་མིན་འདུག་ན་ཀྲུང་གོ་ལ་ལོག་རྒྱུགས། ཁྱོད་འདྲ་པོ་ཞིག་ང་ཚོའི་སྤྱི་ཚོགས་ལ་མེད་ན་སྟབས་བདེ་བ་ཡོད།

  7. ཨ་རོགས་ཁམས་པ says:
    2012-05-11 at 12:20 pm

    འཇམ་དབྱངས་ཀྱི་བསམ་ཚུལ་རྒྱབ་སྐྱོར་ཡོད།

  8. གཉིས་མེད་སེངྒེ says:
    2012-05-11 at 12:27 pm

    ལས་འགུལ་དེ་ལམ་ལྷོངས་ཡོང་བར་སྨོན་ནས་ཡོད། དེ་ནི་དཔའ་བོ་དཔའ་མོ་ཚོའི་ཞལ་ཆེམས་ཀྱི་གཙོ་བོ་གྲས་ཤིག་མ་ཡིན་ནམ།

  9. ཨ་རིག་དགེ་མཐོང་། says:
    2012-05-11 at 12:49 pm

    གནས་ཚུལ་ཡག་པོ་འདུག མཚོ་སྔོན་པོ་ཟིན་བྲིས་སུ་པར་རིས་དང་བཅས་གསལ་བས་དོ་སྣང་ཅན་དག་གིས་གཟིགས་པར་འཚལ། རྡོ་རྗེ་ཚེ་བརྟན་གྱིས་འདི་འདྲ་ཞིག་བྲིས་པར་བདག་གིས་ཁོང་ལ་ཐུགས་རྗེ་ཆེ་ཞུ།

  10. དངས་བླངས་པ says:
    2012-05-11 at 1:29 pm

    ཚེ་སྲོག་མཆོད་མེར་ཕུལ་བའི་རྒྱལ་གཅེས་པས། ལྷག་བསམ་ཅན་གྱི་བྱ་བཞག་འདིར་ལ་གཟིགས། ཆོལ་གསུམ་གཞིས་བསྡོད་རྡོག་རྩ་གཅིག་ཏུ་གྱུར། རླབས་ཆེན་སྙིང་གཏམ་ཇི་སྲིད་སེམས་ལ་འཆང། རང་དབང་མེད་པར་གཞན་གྱི་སྡུག་བསྔལ་གསལ། ཆོད་སེམས་བརྟན་པོའི་ཞུམ་མེད་མེར་ལ་ལྕེབ། དམ་བཅའ་བརྟན་པོའི་ཚེ་ཡི་འདུ་བྱེད་གཏོང། བཟོད་པའི་གོ་ཆས་ཆོལ་གསུམ་གཅིག་ཏུ་བཟོས།

  11. དཔལ་སྟུག says:
    2012-05-11 at 1:47 pm

    ཞེ་དྲག་ཡག་པོ་འདུག་རྒྱུན་སྐྱོང་རྒྱུ་གལ་ཆེ་བར་སྙམ།

  12. ལ་དྭགས་བློ་བཟང་འཇམ་དཔལ་ says:
    2012-05-11 at 4:32 pm

    བླ་མ་ཀླུ་སྨྱོན་པས་གཞུང་མང་དུ་བཀླགས་མྱོང་ཡང་། རྣམ་དཔྱོད་བཀོལ་བ་མེད་སྙམ་པ་ཞིག་བློ་ལ་ཤར། བདག་གི་བསམ་པར་གློ་བ་ནི་བེམ་པོ་རྡུལ་དུ་གྲུབ་པ་ཞིག་ལ་དགའ་བ་ག་ལ་འོང་། བློ་དགའ་ཞེས་པ་ནི་རྨ་མེད་པ་ཞིག་ལགས། ལན་ལ་སྒུག་གོ །

  13. སྟག་སྨྱོན། says:
    2012-05-11 at 5:51 pm

    བོད་མིས་བུ་རྒྱུད་མང་པོ་སྤེལ་དགོས། སྐདཡིག་སྲུང་སྐྱོབ་བྱེད་དགོས། དམ་ཚིག་རྡོག་རྩ་ཆིལ་སྒྲིལ་བྱེད་དགོས། གཞན་ཕྱི་ལོགས་ཀྱི་བོད་མིའི་ཚོགས་སྡེ་དང་སྒེར་བ་ཚོས་བོད་ནང་ལ་སོ་མྱུལ་བྱེད་རྒྱུ་མཚམས་བཞག་ན་དགའ། བོད་ནང་གི་མི་ཚོས་སྤྱི་ཕན་གྱི་ལས་དོན་ཞིག་བརྩམས་པ་དང་། ཕྱི་ལོགས་ཀྱི་བོད་མིའི་ཚོགས་སྐྱིད་ཁག་དང་གསར་འགྱུར་བརྒྱུད་ལམ་ཁག་ནས་ཆབ་སྲིད་ཀྱི་ངོ་བོར་བསྒྱུར་ཏེ་ས་བསྒྲགས་གནམ་བསྒྲགས་བྱེད་བཞིན་པ་བོད་དོན་ལ་བར་ཆད་ཆེན་པོ་ཞིག་རེད།

  14. སྟག་སྨྱོན། says:
    2012-05-11 at 5:55 pm

    རྒྱ་མིས་བོད་ཐོག་དྲང་བདེན་མིན་པའི་སྲིད་ཇུས་ག་རེ་ལག་ལེན་བསྟར་བཞིན་པ་ཕྱི་ལོགས་ནས་བསྒྲགས་ན་ཡག་པོ་རེད། འོན་ཀྱང་བོད་ནང་གི་བོད་མི་ཚོས་རྣམ་པ་མངོན་གསལ་དོད་པོ་མ་ཡིན་པའི་ཐོག་ནས་རྩ་དོན་སྒྲུབ་བཞིན་པ་ཁུ་སིམ་པོར་བཞག་ན་ཡག་པོ་རེད།

  15. གཞིས་ཞོལ་ཚེ་རྡོར། says:
    2012-05-11 at 5:56 pm

    བོད་ནང་གནས་ཚུལ་འདི་འདྲ་མང་པོ་མཐོང་རྒྱུ་འདུག ངོ་མ་དུས་ཚོད་འདིར་དགོས་ངེས་ཀྱི་བྱ་བར་མཐོང་།
    ང་ཚོ་ཚང་མས་རང་མི་རིགས་ཀྱི་སྐད་ཡིག་བཀོལ་སྤྱོད་གང་མང་གནང་དགོས། དེ་ཡང་གལ་ཆེ་ཤོས་ཕྱི་རྒྱལ་ཁག་ཏུ་ཡོད་པའི་བོད་ཕྲུག་ན་གཞོན་ཚོར་དཀའ་ངལ་ཆེན་པོ་འཕྲད་བཞིན་འདུག དེར་འབྲེལ་ཡོད་ཕྲུ་གུའི་ཕ་མ་ཚོས་ཐུགས་འགན་ཆེར་བཞེས་གནང་རོགས།།

  16. གཞིས་ཞོལ་ཚེ་རྡོར། says:
    2012-05-11 at 6:23 pm

    སྟག་སྨྱོན་གྱི་དགོངས་འཆར་དེ་གནད་ལ་འཁེལ་བ་ཞིག་གསུངས་འདུག
    ངོ་མ་ང་ཚོ་མི་དམངས་ཀྱི་ནང་བསམ་ཚུལ་དེ་རིགས་ཤུགས་ཆེན་པོ་ཡོང་གི་འདུག
    དེར་ཚང་མས་གཟབ་གཟབ་གནང་རོགས།

  17. སྐྱུ་རྩི་ནས། says:
    2012-05-11 at 10:41 pm

    ཨེ་ཤི་ཡ་བོད་སྐད་སྡེ་ཚན་དང་། ཨ་རིའི་རང་དབང་རླུང་འཕྲིན་ཁང་གཉིས་ནས་སོ་སོའི་རང་དབང་བེད་སྤྱད་ནས་བོད་ནང་གི་ལས་་བསྐུལ་བའི་མིང་རྒྱ་གྲགས་བོད་གྲགས་ཀྱིས་རྒྱ་དམར་ལག་པར་རྩིས་མི་སྤྲོད་པའི་རེ་བ་ཡོད། རྣམ་དཔྱོད་ལྡན་པའི་མི་ཞིག་ཡིན་ན་གསར་འགྱུར་གང་ཤོད་འོས་པ་དང་། གང་ཤོད་མི་འོས་པ་གསར་པོར་ཤེས་ངེས།

  18. མེ་ཏོག་དཀར་པོ། says:
    2012-05-11 at 11:14 pm

    ལུང་རྟོགས་འདི་དོང་རིམ་པ་དགུའི་འོག་ཏུ་འཛུལ་ནས་འདུག་ཡོད་ལེ་ཨེ་རེད།

  19. དཔྱིད་འགོའི་མེ་ཏོག says:
    2012-05-12 at 1:26 am

    བོད་ཕ་སྐད་དམ་སྲུང་མཐུན་ཚོགས་ཀྱི་ཚོགས་མི་ལྷག་བསམ་ཅན་དག་ལ་སྙིང་ནས་གུས་འདུད་ཞུ།

  20. ཁྱི་ཕྲུག says:
    2012-05-12 at 2:45 am

    རྡོ་རྗེ་ཚེ་བརྟན་གྱིས་ལྷག་དཀར་གྱི་ཟིན་ཐོ་སྙིང་རྗེ་བོ་ཞིག་བྲིས་ཏེ་བོད་ནང་གི་གནས་ཚུལ་གལ་ཆེན་ཞིག་ང་ཚོར་ཤེས་སུ་་བཅུག་པར་བསྔགས་བརྗོད་ཡོད།  བོད་རང་བཙན་སློབ་པྲུག་ཚོགས་པས་ནམ་རྒྱུན་ནས་ཕྱི་ལོགས་ལ་གང་ཞིག་ཁྱབ་བསྒྲགས་བྱེད་དགོས་དང་མི་དགོས་ཚང་མ་སྔ་ཕྱི་བར་གསུམ་ལ་དཔྱད་ཞིབ་བྱས་ནས་ལས་ཀ་བྱེད་ཀྱི་འདུག་ ་མི་ཁ་ཤས་ཀྱིས་རྩོམ་ཡིག་འདིའི་ཐོག་ལ་ཁྱབ་བསྒྲགས་བྱེད་ཉན་དང་མི་ཉན་གྱི་བསམ་ཚུལ་བཏོན་འདུག་པ་དེ་ཡང་རྒྱུ་མཚན་འདུག་  ཡིན་ཡང་བོད་ནང་དུ་སྐད་ཡིག་སྲུང་སྐྱོབ་བྱེད་ཀྱིན་ཡོད་པ་དེའི་ཐོག་ལ་་སྒྲོ་འདོགས་གང་ཡང་མེད་པར་རང་ཉིད་ཀྱི་ཚོར་སྣང་ཞིབ་འབྲི་བྱས་པ་ལ་དེ་འདྲ་གནད་འགག་མཐོང་མ་སོང་།  ཁོང་གི་ཚོར་ཤུགས་ངོ་མ་ཕྱི་ལ་བཏོན་པ་ལ་རྗེས་སུ་ཡི་རངས་ཡོད།  

  21. ལུང་རྟོགས། says:
    2012-05-12 at 3:31 am

    མེ་དཀར་ཁོ་རེ། སྐད་ཆ་སྦོམ་པོ་མ་ཤོད་ཨ། བོད་ཡིག་གིས་ཟ་མ་མི་རག་པར་ཤོད་མཁན་ནི་བཙན་བྱོལ་ནང་གཅིག་དང་གཉིས་ཤེས་སྒྲང་ག་ལ་ཚར་མི་ཕལ་ཆེ་བ་དེ་འདྲ་རེད། དེ་འདྲ་མིན་ན་གྲྭ་བཙུན་དང་ཝ་ན་ས་ར་སོགས་བོད་ཡིག་སློབ་གྲ་དེ་དག་ནས་ཐོན་པ་ཕུད་ནས་བཙན་བྱོལ་ནང་སྐྱེས་པའི་ཁྲོད་བོད་ཡིག་རང་སྐྱ་འཕེར་བ་ཕལ་ཆེར་མཐོང་རྒྱུ་མེད་པ་འདི་ཅི་རེད། ད་དུང་ཁྱོད་དང་ཁྱོད་ལྟ་བུའི་ཡ་མ་བརླ་འདི་དག་སོ་སོའི་སྐྱེས་ཁུང་གང་ཡིན་མི་ཤེས་པར་བོད་པ་ལས་རྒྱ་གར་ལ་དགའ་ཞེན་ཆེ་བ་ཡོད་པ་དང་། རང་དང་རིགས་གཅིག་པའི་གསར་འབྱོར་ཚོ་ལ་དགྲ་མཐོང་མཐོང་བྱེད་མཁན་དག་ལ་མིའི་མཚན་ཉིད་ཚང་ཡོད་དམ། ང་གང་དུ་སྡད་མ་སྡད་དང་སྐད་ཆ་ཅི་ཞིག་བཤད་མ་བཤད་ང་རང་རང་དབང་རེད། ཁྱེད་རང་ལ་ཇུས་གཏོག་གང་ཡང་མེད་པས་ཁ་ཚུམ་ནས་སྡོད།

  22. མེ་ཏོག་དཀར་པོ། says:
    2012-05-12 at 4:00 am

    ག་རེའི་སྐད་ཆ་སྦོམ་པོ། སྐད་ཆ་སྦོམ་པོ་སུས་བཤད་འདུག རང་རིགས་ཚང་མ་གཅིག་པ་ཡིན་ན་བཙན་བྱོལ་བར་སྡང་དོན་ཅི་རེད། གསར་འབྱོར་བར་སུས་སྡང་གི་འདུག
    མ་འགྲིག་པའི་སྐྱོན་གཞིས་སྡོད་དང་ཕྱི་སྡོད་བོད་མི་གཉིས་ཀར་ཡོད་སྲིད་ལ་ཡོན་ཏན་ཡང་གཉིས་ཀར་ཡོད། གང་ལྟར་ཁུངས་སྟོན་རྒྱུ་གང་ཡང་མེད་པར་བཙན་བྱོན་ནང་བོད་ཡིག་ཤེས་མཁན་ཚང་མ་ཕར་ཕུད་ནས་གཞན་བོད་ཡིག་ཤེས་མཁན་མེད་ཟེར། ཞར་ལོང་འདིའི་རིགས་པ་འདི་རེད། རིགས་པ་འདི་གཞིས་སྡོད་བོད་མི་ལ་ཕར་བཏང་ན་གཅིག་པ་རེད།
    ད་ཚོད་བཟུང་ནས་སྡོད་ཨ།

    བཙན་བྱོལ་བ་ཚོ་བཀའ་སྐྱོན་བཟེད་མཁན་འདྲ་པོ། བོད་ནས་གསར་དུ་ཕེབས་མཁན་རྣམས་བཀའ་སྐྱོན་གཏོང་མཁན་འདྲ་པོ། འདི་ག་རེ་རེད། ང་ཚོ་ཚང་མ་གཅིག་ནས་བོད་པ་གཅིག་རེད། གཉིས་ནས་བཙན་བྱོལ་བ་གཅིག་ལ་རེད། དེ་སེམས་ལ་ཞོགས།

  23. གེ་གསར་ says:
    2012-05-12 at 4:16 am

    རང་མི་རིགས་རིག་གཞུང་སྲུང་སྐྱོབས་དོན་
    བོད་སྤུན་ཟླའི་སྙིང་སྟོབས་འདྲན་མཐའ་བྲལ་
    ཡིད་དགའ་ཞིང་གུས་བརྩིའི་དགའ་བསུ་ཞུ་
    ད་ངས་ཀྱང་བོད་སྐད་དྭངས་མ་བཤད་
    བོད་ཡིག་གནས་ཚད་ཡར་རྒྱས་གཏོང་
    ཁོང་༧རྒྱལ་བའི་བཀའ་སློབ་ལམ་བསྟོན་བཞིན་
    དུས་འདི་ནས་ཡ་རབས་བཟང་སྤྱོད་བརྩོན་
    འདི་ང་ཡི་ལྷག་དཀར་དམ་བཅའ་ཡིན་།

  24. ངག་ཆེན་ says:
    2012-05-12 at 4:53 am

    བོད་ནང་དུ་སེམས་ཤུགས་ཅན་གྱིས་ལས་འགུལ་སྤེལ་གནང་མཁན་ཚོར་སྙིང་དབུས་ནས། ཐུགས་རྗེ་ཆེའོ་། ཁྱེད་རྣམས་པའི་རྣམ་དཀར་གྱི་ལས་དོན་མ་ལུས་ལམ་ལྷོང་ཡོང་བའི་སྨོན་འདུན་ཞུ།
    སྐབས་རེ་ཕྱིར་བསྡོད་མི་འགའ་ཞིག་གིས་གནང་ཕྱོགས་ལ་ཡིད་སྐྱོ་དགོས་པ་ཞིག་རེད། དཔེར་ན། བོད་གཞུང་ཤེས་རིགས་ལས་ཁུང་ནང་གྱི་ལས་བྱེད་པ་ཞིག་གིས་ཀྱང། ཁོ་པའི་ཕྲུ་གུ་གཉིས་རྡ་སའི་ཉེ་འགྲམ་ཡེ་ཤུའི་སླབ་གྲར་བཏང་ནས། ཕྱིས་སུ་བྱིས་པ་རྒན་པ་དེས། ཁོ་མོའི་རྨོ་རྨོ་ལགས་སུ་བོད་པ་ཚོ་ག་རེ་བྱས་ནས། ཡེ་ཤུའི་བསྟོན་པའི་རྗེས་སུ་མི་འགྲོ་བ་རས། མི་ཚང་མ་ལྷས་བཟོད་པ་གཅིག་མཚུངས་རེད། ཞེས་བརྗོད་འདུག། སྐབས་དེར་རྨོའོ་ལགས་ཁོ་རང་ཧོན་ཐོར་བའི་ངང་ཕྲུ་གུ་བོད་པའི་སློབ་གྲར་གཏོང་ཞེས། ཁོ་མོའི་བུ་ལ་ལབ་དུས་ཉན་མ་བྱུང། ད་ལྟ་བུའི་ཕྲུ་གུ་དེ་གཉིས་ཀྱིས་བོད་སྐད་ཀྱང་ཡག་པོ་བརྒྱབ་ཤེས་ཀྱི་མི་འདུག། མི་དགོས་པའི་ཡེ་ཤུའི་ཆོས་མང་པོ་ཞིག་བཤད་ཀྱི་འདུག། ད་ཕྲུ་གུའི་ལམ་ནོར་སོང་ཅེས་སྡུག་སྐད་ཤོར་འདུག་གོ།

  25. མེ་ཏོག་དཀར་པོ། says:
    2012-05-12 at 4:59 am

    ོབོད་ལ་བོད་སྐད་མི་ཤེས་པའི་བོད་ཕྲུག་མང་པོ་འདུག་ག
    བོད་དང་རྒྱ་གང་ཡིན་མ་ཤེས་མཁན་ཡང་ཉུང་ཉུང་མ་རེད།
    དེ་ཚོ་ཡང་ཞན་ཆ་རེད།
    བོད་པ་ཡིན་ན་ནང་པ་ཡིན་དགོས་མ་རེད། ཡི་ཤུ་ཡིན་ནའང་འགྲིག

  26. ལུང་རྟོགས། says:
    2012-05-12 at 5:46 am

    མེ་དཀར་ཁྱོད་རང་ཤེས་པ་རྣལ་དུ་གནས་ཡོད་མཁན་ཞིག་ཡིན་ན་བསམ་བློ་ཐོང་དང་། བཙན་བྱོལ་བ་ཟེར་ན་བོད་ནས་སྐྱབ་གཅོལ་ལ་ཡོང་མཁན་གསར་གཉིས་ཚང་མ་ལ་གོ་བ་ལས་གཞིས་ཆག་ཅིག་པུ་ལ་གོ་བ་ཞིག་མ་རེད། འདི་ཁྱེད་རང་གིས་ཀྱང་ཁས་བླང་འདུག་ལ། ངས་ཀྱང་བཙན་བྱོལ་བོད་མི་ཞེས་བཤད་པ་ལས་གཞིས་ཆག་བོད་མི་ཞེས་བཤད་མེད་མོད། འོན་ཀྱང་ཁྱོད་རང་གི་སེམས་ནང་ལ་གསར་རྙིང་གི་ལྟ་བ་ཤུགས་ཆེ་ཐག་ཆོད་ནས་གོ་བ་ལོགས་སོང་བ་རེད། དེས་ན་རྗེས་མ་ནས་བསམ་གཞིག་མེད་པའི་སྐད་ཆ་གང་བྱུང་འདི་འདྲ་བཤད་མ་ཡོང་། བོད་མི་རིགས་རྡོག་རྩ་གཅིག་ལ་བསྒྲིལ་ན་དགའ་རྒྱུ་རེད།

  27. མེ་ཏོག་དཀར་པོ། says:
    2012-05-12 at 6:16 am

    ཡ་ཡ། ད་ཁྱོད་ཀྱིས་ངས་གསར་འབྱོར་ལ་སྡང་གི་འདུག་ཟེར་དུས་གསར་འབྱོར་དང་བཙན་བྱོལ་རང་བཞིན་གྱིས་ཕྱེ་བ་མ་རེད་དམ། དེ་མིན་ན་གསར་འབྱོར་ལ་སྡང་མཁན་དེ་སུ་ལ་ངོས་བཟུང་དགོས་རེད། ཡིན་ནའང་འགྲིག་འདུག་ཁྱོད་ཀྱིས་ངར་ངར་བྱེད་རྒྱུའི་དབུགས་ཤོར་ཟིན་འདུག དེ་གས་འགྲིག

  28. ལུང་རྟོགས། says:
    2012-05-12 at 7:17 am

    ཚུར་ངར་ངར་བྱས་ན་ཕར་ཡང་ངར་ངར་བྱེད་རྒྱུ་དང་ཚུར་འཇམ་པོ་བཤད་ན་ཕར་ཡང་འཇམ་པོ་བཤད་རྒྱུ་འདི་བོད་གངས་ཅན་པའི་མི་སྤྱི་དང་ཁྱད་པར་དུ་མདོ་ཁམས་ཀྱི་མིའི་ཁྱད་ཆོས་རེད། ཁྱོད་རང་འཇམ་དུ་སོང་འདུག་པས་ངས་ཀྱང་སྐད་ཆ་འཇམ་དུ་བཏང་བ་ཡིན། ཁྱོད་ངར་ན་ང་ཡང་དེ་ལས་ངར་དུ་འགྲོ་རྒྱུ་རེད། ཧཧཧཧཧ དེ་ཚོ་སྐུ་རེ་ཡིན། འོན་ཀྱང་ཁྱོད་རང་གི་སྐད་ཆ་ལ་གནས་ལུགས་མེད་པ་ངས་གོང་དུ་ར་སྤྲོས་གསལ་པོ་བྱས་ཡོད་པས་རྗེས་མ་ནས་སྐད་ཆ་བཤད་དུས་གཟབ་གཟབ་གྱིས།

  29. མེ་ཏོག་དཀར་པོ། says:
    2012-05-12 at 7:34 am

    སྐད་ཆ་གོབ་ཏོ་དེ་འདིར་འཁྱེར་ཡོངས་མཁན་ཁྱོད་རང་རེད། དེ་བས་ན་བོད་ཡིག་གི་ལྟོ་མི་ཟེར་བའི་ཁུངས་འཁྱེར་ཤོག་ཟེར་དུས། ཚང་མས་ཟེར་གི་འདུག་ཟེར་བ་དང་། བོད་ཡིག་ཤེས་མཁན་ཚང་མ་ཕར་ཕུད་ནས་བོད་ཡིག་ཤེས་མཁན་མིན་འདུག་ཟེར་བ་འདི་གཉིས་རེད། འདི་གཉིས་ལ་གནས་ལུགས་དང་ལྡན་པའི་སྐད་ཆ་རེད་དྲན་ན་ཁྱེད་རང་ལྐུགས་པ་ཞིག་ལ་ངོས་བཟུང་གི་ཡིན། ང་ལ་སྐད་ཆ་གཟབ་གཟབ་བྱས་ནས་ཤོད་ཟེར་བསླབ་བྱ་གནང་འདུག་པ་བདེན་དེ་བཙན་བྱོལ་བོད་མིར་བཀའ་སྐྱོན་གཏོང་རྐྱང་མ་བྱེད་རོགས་ཞེས་ཁྱོད་ལའང་རེ་བ་བྱེད་གི་ཡོད།

  30. ལུང་རྟོགས། says:
    2012-05-12 at 8:52 am

    ཚང་མས་ཟེར་གྱི་འདུག་ཞེས་ལབ་མེད། མིག་ཆེ་ཙམ་གདང་ནས་བལྟོས། བཙན་བྱོལ་ནང་གི་བོད་ཡིག་ཡག་པོ་ཤེས་མཁན་ཕལ་ཆེ་བ་བོད་ནས་གསར་དུ་ཡོང་མཁན་དང་། བོད་ཡིག་གི་མཐོ་སློབ་ཁ་ཤས་ཡོད་པ་དེ་དག་ནས་ཐོན་པའི་སློབ་མ་ཉུང་ཤས་ཙམ་ཡིན་པ་སུས་བལྟས་ཀྱང་ཤེས་གསལ་རེད། གོང་གི་ངག་ཆེན་ལགས་ཀྱི་མཆན་དེས་ཀྱང་བོད་ཡིག་ལ་བལྟ་ཚུལ་ཇི་ལྟར་ཡོད་པ་གསལ་བཤད་བྱས་མི་འདུག་གམ། ད་དུང་ཨུ་ཚུག་རྒྱབ་ནས་ཕན་ཐོག་ཅི་ཡོད།

  31. མེ་ཏོག་དཀར་པོ། says:
    2012-05-12 at 9:04 am

    བཙན་བྱོལ་བོད་མི་མང་པོས་བོད་ཡིག་སྦྱང་ན་མདུན་ལམ་མེད་པ་དང་ཟ་མ་མི་རག་པ་སོགས་བཤད་བཞིན་པ་ནི་ཇི་འདྲའི་མིག་རྒྱང་ཐུང་བའི་བསམ་བློ་ཞིག་རེད། ངས་ཁྱེད་ཚོར་འདྲི། ཁྱེད་ཚོས་མདུན་ལམ་ཞེས་པ་དེ་ཅི་འདྲ་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད། བོད་ཡིག་གིས་ཟ་མ་མ་རག་པར་སུ་ལྟོག་ཤི་ཐེབ་འདུག ད་དུང་མིའི་མདུན་ལམ་ཞེས་པ་དེ་ཟ་མ་རག་རྒྱུ་ཙམ་ཡིན་ནམ།

    མིག་གདང་ནས་བལྟས་ཡིན་གོང་གི་འདི་རེད། ཁྱོད་ཚོར་འདྲི་ཟེར་བའི་འདྲི་ས་སུ་རེད། ཟ་མ་མི་རག་སོགས་བཤད་བཞིན་པ་སུ་རེད། ཡོངས་གྲགས་རེད་ཟེར་བ་དང་། དེ་འདྲ་བཤད་གི་འདུག་ཟེར་བས་ཁུངས་ཐུབ་གི་མ་རེད།
    ད་དུང་བཙན་བྱོལ་བ་ཚོ་གཉིད་ལས་སད་རེན་ཐག་ཆོད་འདུག་ཟེར། ཁྱོད་རང་བཙན་བྱོལ་བ་ཡིན་ན་ཁྱོད་རང་གཉིད་ཁུག་སྡད་ཡོད་ཀྱི་རེད། དེ་མེད་ན་གཉིད་སད་ནས་བྱས་བཞག་པ་ག་ན་ཡོད་སྟོན་དང་། བརྙས་བཅོས་གཏོང་མ་ཡོངས་ཨ།

  32. ལུང་རྟོགས། says:
    2012-05-12 at 9:12 am

    དྲི་ས་བཙན་བྱོལ་བ་ཚོ་རེད། ཡོང་གྲགས་ཡིན་པ་ལས་ལྷག་ཙམ་གྱི་བདེན་སྤང་ཞིག་དགོས་དོན་མི་འདུག ང་ཡང་བོད་ཀྱི་དྐད་ཡིག་གི་སྟེང་བས་བཤད་ན་གཉིད་ལས་སད་ཡོད་ཅེས་བཤད་ན་མི་ཆོག་རྒྱུ་མེད། ཤེས་སོང་ངམ་། སྦོར་ཤོག་བཤད་མ་ཡོང་ཨ།

  33. ལུང་རྟོགས། says:
    2012-05-12 at 9:14 am

    ནོར་བཅོས། བོད་ཀྱི་སྐད་ཡིག་གི་སྟེང་ནས།

  34. མེ་ཏོག་དཀར་པོ། says:
    2012-05-12 at 9:18 am

    བཙན་བྱོལ་བ་ཟེར་ན་བོད་ནས་སྐྱབ་གཅོལ་ལ་ཡོང་མཁན་གསར་གཉིས་ཚང་མ་ལ་གོ་བ་ལས་གཞིས་ཆག་ཅིག་པུ་ལ་གོ་བ་ཞིག་མ་རེད། ཡི་གེ་རྐང་ཆག་ལག་ཆག་འདི་ཁྱོད་ཀྱིས་བྲིས་པ་ཡིན་ན་གོང་གི་དྲི་བ་དེའི་ལན་ཁྱོད་རང་གིས་བཏབ་དགོས།
    སྦོར་ཤོབ་ཅང་བཤད་མེད།

  35. ལུང་རྟོགས། says:
    2012-05-12 at 9:22 am

    དེ་འདྲ་ཡིན་ན་ཁྱོད་ཀྱིས་ང་ལ་སྡང་དགོས་དོན་ཅི་འདུག ངས་བཙན་བྱོལ་བོད་མི་ཞེས་བྲིས་པ་ལས་གཞིས་ཆག་བོད་མི་ཞེས་བྲིས་མེད། ད་ཁྱོད་ལ་བཤད་རྒྱུ་ཅི་ཡོད།

  36. མེ་ཏོག་དཀར་པོ། says:
    2012-05-12 at 9:30 am

    ཡ་ཡ་ལུང་རྟོགས་ད་འགྲིག་སོང་། ད་ང་གཉིས་གྲོགས་པོ་འགྲིག་ཡ་ཡིན་ལོ། ལྷོད་ལྷོད་བྱས་བཞུགས། ལབ་རྒྱུ་གང་ཡང་མེད།

  37. ཁྱི་ཕྲུག says:
    2012-05-13 at 4:53 am

    དོན་དག་ཆུང་ཆུང་ཞིག་གི་དོན་དུ་ཕན་ཚུན་སྡང་སྡིག་བྱེད་པ་ལས། ལྷག་དཀར་དམ་བཅའ་ཞིག་བླངས་ནས་དེ་དོན་ཐོག་ལ་འཁྱོལ་ཨེ་ཐུབ་ན་དགའ་ཡི་མི་འདུག་གམ།  དྲ་གྲོགས་ཚོ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme