Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

སེམས་པ་དབེན་རི་ལ་ཆས་པ།

Posted on 2014-01-162014-01-16 By ཁ་བརྡ་ 62 Comments on སེམས་པ་དབེན་རི་ལ་ཆས་པ།

ཨོ་རྒྱན་ཉི་མ།

ཨ་ཧོ།
སྐྱབས་གཅིག་ཨོ་རྒྱན་གྱི་བླ་མས། །
བྱིན་རླབས་མཆོག་ཐུན་གྱི་དངོས་གྲུབ། །
འབད་མེད་ལྷུན་གྲུབ་དུ་སྩོལ་དང་། །
བུ་ངས་རིང་མོ་ནས་བསྒུགས་ཡོད། །

བསོད་ནམས་བྱེ་བ་ལས་གྲུབ་པའི། །
ཁྱེད་སྐུ་མཇལ་བ་ལ་བྲེལ་ཡང་། །
རྨོངས་པའི་སྒྲིབ་པ་འདིས་བཀགས་ཏེ། །
དངོས་མཇལ་སྐལ་བཟང་དེ་མ་ཐོབ། །

འཇིག་རྟེན་འཁོར་བ་ཡི་ཆོས་ལ། །
ཞེན་པ་གཏིང་ཆོད་ཅིག་མིན་ཡང་། །
སྟོན་དང་བསྟན་པ་ལ་དད་པའི། །
ལྷག་བསམ་ཟོལ་མེད་ཀྱིས་གནས་ཡོད། །

ཁྲེལ་དང་ངོ་ཚ་ཡི་གོས་ལ། །
དྲན་ཤེས་བག་ཡོད་ཀྱི་རྒྱན་བཟང་། །
ཏིང་འཛིན་སྐུད་པ་དེར་བཀལ་ཏེ། །
རྣམ་དཔྱོད་ཕུང་པོ་ལ་བསྒོས་ཡོད། །

རྙེད་པ་ཅུང་ཟད་རེའི་ཆེད་དུ། །
ལས་འབྲས་ཁྱད་གསོད་ལ་མཁས་པའི། །
དེང་དུས་བཙུན་གཟུགས་དག་མཐོང་དུས། །
སེམས་པ་དབེན་རི་ལ་ཆས་སོང་། །

འབྱོར་དུས་སྤྱི་བོ་རུ་བཀུར་ཞིང་། །
རྒུད་ཚེ་དགྲ་བོ་རུ་ལྟ་བའི། །
བྱིས་པའི་མཛའ་བཤེས་དག་མཐོང་དུས། །
སེམས་པ་དབེན་རི་ལ་ཆས་སོང་། །

ཚེ་སྟོད་འབྱོར་ལྡན་གྱི་དང་མ། །
ཚེ་སྨད་དབུལ་པོ་ཡི་ཐ་མ། །
འབྱོར་རྒུད་འདུ་འབྲལ་དག་མཐོང་ཚེ། །
སེམས་པ་དབེན་རི་ལ་ཆས་སོང་། །

ཁོག་ན་རང་འདོད་ཀྱིས་ཁེངས་ཀྱང་། །
ཁ་ནས་གཞན་དོན་རང་འཆད་པའི། །
མཁན་པོ་དགེ་བཤེས་དག་མཐོང་ཚེ། །
སེམས་པ་དབེན་རི་ལ་ཆས་སོང་། །

ཤེས་བྱའི་ཡོན་ཏན་གྱིས་སྟོང་ཡང་། །
མིང་གིས་ཅོད་པཎ་ཙམ་འཆང་བའི། །
ཁྲེལ་མེད་ཡང་སྲིད་དག་མཐོང་ཚེ། །
སེམས་པ་དབེན་རི་ལ་ཆས་སོང་། །

གདོང་ལ་འཛུམ་མདངས་ཀྱིས་ཁེངས་ཤིང་། །
གཏམ་སྙན་བསླུ་བྲིད་ལ་མཁས་པའི། །
ཆབ་སྲིད་བདག་པོ་དག་མཐོང་ཚེ། །
སེམས་པ་དབེན་རི་ལ་ཆས་སོང་། །

ཁ་སང་མཛའ་བཤེས་ཀྱི་དང་པོ། །
དེ་རིང་དགྲ་བོ་རུ་ཆགས་པའི། །
དགྲ་གཉེན་ངེས་མེད་དག་མཐོང་ཚེ། །
སེམས་པ་དབེན་རི་ལ་ཆས་སོང་། །

སྤྱི་ལོ་༢༠༡༡་ཟླ་བ་༢་ཚེས་༥་ཆོས་འཇིག་རྟེན་གཉིས་ཀའི་དགྲ་བོ་ཨོ་རྒྱན་ཉི་མས་ཐེ་པེ་རུ་བྲིས་སོ། །

རྩོམ་རིག

Post navigation

Previous Post: དོ་སྣང་བྱེད་དགོས་པ་ཞིག
Next Post: སྨན་བླ་སྐྱབས་ཀྱི་ཁ་ཤགས་དེ་ལ་མང་ཚོགས་ཀྱིས་གོ་བ་མ་ལོན་པ།

Comments (62) on “སེམས་པ་དབེན་རི་ལ་ཆས་པ།”

  1. ཨ་ཕྱི་ཆོས་སྒྲོན says:
    2014-01-16 at 2:16 pm

    སེམས་པ་དབེན་རི་ལ་བཞུགས་ཞིང་། །
    སྙན་ངག་བདེན་པ་རུ་གྱེར་ནས། །
    གཟུགས་པོ་འཁོར་འཛིན་ལ་གནས་པ། །
    སྤྲུལ་སྐུ་ཉི་མ་ཁྱེད་ཡག་གི།

  2. ཨོ་རྒྱན་ཉི་མ། says:
    2014-01-16 at 2:41 pm

    སེམས་པ་དབེན་རི་ལ་ལུས་ཤིང་།།
    ལུས་པོ་འཁོར་འདམ་དུ་ཚུད་པའི།།
    བསམ་སྤྱོད་རྒྱབ་འགལ་དུ་སོང་ཡང་།།
    ལྟ་སྒོམ་རང་མལ་དུ་བསྙལ་ཡོད།།
    ཧཧཧཧཧ

  3. མེ་ཏོག་དཀར་པོ says:
    2014-01-16 at 2:47 pm

    སེམས་པ་དབེན་རི་ལ་ལུས་ཤིང་།།
    ལུས་པོ་འཁོར་འདམ་དུ་ཚུད་པའི།།
    བསམ་སྤྱོད་རྒྱབ་འགལ་དུ་སོང་བའི།།
    ཕུང་གསུམ་གཏེ་པོ་འདི་སུ་ཡིན།།

  4. ཀརྡོ་གཉེར་ཕྱག་པ་ says:
    2014-01-16 at 3:52 pm

    ཨོ་རྒྱན་ཉི་མ་ཡི་དབུ་ལ། །
    ཅོད་པན་པཎ་ཞྭ་ཞིག་བཞེས་དང་། །
    ཅོད་པཎ་ན་ལོག་འདི་བཞག་ནས། །
    རང་ལུགས་ཅོད་པན་འདི་བཞེས་རོགས། །

  5. ཀརྡོ་གཉེར་ཕྱག་པ་ says:
    2014-01-16 at 3:57 pm

    རང་ལུགས་ཅོད་པན་འདི་བཞེས་ནས། །
    བཙུན་གཟུགས་དམར་སེར་ལ་དད་དང་། །
    མཁན་པོ་དགེ་བཤེས་ལ་གུས་ནས། །
    ལུས་སེམས་དབེན་རི་ལ་ཆས་དང་། །

  6. ཞུས་ཆེན་པ says:
    2014-01-16 at 5:15 pm

    སྐྱ་མིན་སེར་མིན་གྱི་བར་ན། །བན་ཆུང་བུ་མོ་ཚོ་བདའ་བའི། །གྲྭ་ལོག་བླ་ལོག་གི་རིགས་འདི། །རི་ཁྲོད་འགྲིམས་པ་འདིས་ལས་དགའ། །

  7. ཡེ་ཤེས་རྡོ་རྗེ། says:
    2014-01-16 at 5:16 pm

    དྲི་མེད་ལྷག་བསམ་ཞིག་བཅངས་ནས།།
    ཨ་ཀོང་དཀར་འདོན་ལ་ཕྱོགས་པར།།
    མག་པ་སྤྲུལ་མིང་ཅན་དེ་ཡིས།།
    ཀྲུང་གོའི་ཡེ་རྡོར་ལ་དོགས་སོང་།།

    བཀའ་བརྒྱུད་བསམ་ཡས་ན་འཚོ་བའི།།
    ཚ་མོ་སྒྲོན་ལྷ་ཡི་བརྩེ་འདང་།།
    ཚ་བོ་འཇིགས་མེད་ཀྱི་ལྷོད་ཤ།།
    རང་སེམས་སྒུལ་བྱེད་ཀྱི་གཞིའོ།།

    ལྐོག་གྱུར་སྤྲུལ་སྐུ་ཡི་ལུགས་དེར།།
    དམོད་པའི་ཚིག་འབྲུ་གཅིག་མ་བོར།།
    བསྟན་སྲིད་ལ་རྒྱ་རེ་བསམས་ནས།།
    སྨྲ་སྒོའི་མདུད་རྒྱ་དེ་ཞིག་སོང་།།

  8. ཨོ་རྒྱན་ཉི་མ། says:
    2014-01-16 at 5:51 pm

    འཚོ་བ་གསར་བའི་གྲུ་ཁ་འདི་ནས།།
    རྣམ་རྟོག་རླུང་གི་སྐྱོ་གར་དང་འགྲོགས་ཏེ།།
    འགྲན་རྩོད་རླབས་ཆེན་མཁའ་ལ་འཕྱུར་དུས།།
    ཞི་བདེ་ལྷིང་འཇག་དབེན་རི་ལ་ཆས་འགྲོ།།
    ཧཧཧ

  9. འཇམ་དབྱངས། says:
    2014-01-16 at 5:52 pm

    ཐའེ་པེ་གྲོང་ཁྱེར་གྱི་དཀྱིལ་ནས།། རང་དོན་མ་འགྲུབ་པའི་ཉིན་མོར།། སེམས་པ་དབེན་རུ་ལ་ཕྱོགས་པ།། ངོ་མཚར་ཅི་གང་ཡང་མི་འདུག།

  10. ཨོ་རྒྱན་ཉི་མ། says:
    2014-01-16 at 6:02 pm

    འཇམ་དབྱངས་འདྲ་བའི་མཁས་པ་ཞིག་གིས།།
    སྐྱོན་ཐོག་འཛུབ་མོ་ཐད་ལ་འཛུགས་དུས།།
    ཟུག་ངུ་ལྕི་ཡང་སེམས་ཀྱི་གཏིང་ནས།།
    ལེགས་སོ་འབུལ་བའི་འདུན་པ་ལྕི་འོ།།

  11. འཇམ་དབྱངས། says:
    2014-01-16 at 6:24 pm

    མཚང་ཐོག་ཏུ་འཁེལ་བ་བླ་མའི་མཆོག ཀུ་རེ་ཡིན། མཛད་འཕྲིན་རྒྱས་པར་སྨོན།

  12. ཅོ་རི་ཉི་མ། says:
    2014-01-16 at 7:02 pm

    རང་སེམས་རང་བཅོས་ཐུབ་ན།
    གང་སྡོད་དབེན་པའི་རི་ཁྲོད།
    རང་སེམས་གཞན་དབང་ཤོར་ན།
    ག་སོང་ཟང་ཟིང་གྲོང་ཁྱེར།།

    རང་སེམས་འདོད་ཆུང་བྱུང་ན།
    སྐྱབས་བཅོལ་ཀླུ་ཡི་རྒྱལ་པོ།
    འདོད་པ་ཁེངས་ཀྱི་མེད་ན།
    སྤྲུལ་སྐུ་ས་མཐའི་སྤྲང་པོ།།

    སེམས་ལ་བརྩེ་དུང་ཡོད་ན།
    སྙིང་དུང་ལྷ་ཡི་བུ་མོ།
    བརྩེ་བ་སེམས་ནས་བོར་ན།
    མཛེས་མ་འདྲེ་ཡི་བུ་མོ།།

    བཀོར་ཁུག་་་་་་་་ཕ་ཡུལ་གཅིག་པའི་ངོ་ལ་བལྟས་ནས་སྙན་ངག་ཚིག་གསུམ་བྲིས་ཡོད་ད།་་་

  13. རྩེ་རྒྱལ། says:
    2014-01-16 at 7:05 pm

    ཨོ་སྟོང་ཀླད་རྒྱ་དེ་ཆུང་ཡང་།
    རྒྱན་གོས་ནག་དད་དེ་ཆེ་བ།
    ཉི་དཀར་ལས་འབྲས་ཀྱི་ལམ་ནས།
    མ་རྒན་གཡང་གཟར་རུ་སྐྱུར་མཁན།
    ཨོ་ཉི་ཟོབ་རྫུ་ཡི་མཁན་པོས།
    མཛུབ་ཡ་མི་ངོ་ལ་ཀེར་ཚེ།
    གཞན་བཞི་ནང་སྐོར་དེ་མ་ཚོར།
    ཆེ་མཆོག་བཙུན་དགེ་དག་སྨད་དེ།
    ཞེ་མེར་རྣོར་བཙོག་གིས་སྦག་པའི།
    རང་གི་རྐང་རྗེས་དེ་མ་མཐོང་།
    དགེ་སྔགས་བཙུན་པ་ཡི་རྣམ་རྫུས།
    ཆ་ལུགས་ཡ་མ་ཡི་ཟུང་དག
    སྔ་དྲོ་ཕྱི་ཆ་རུ་བརྗེས་ཏེ།
    རྒྱ་སོག་ཐེ་ཝན་གྱི་དད་ལྡན།
    མགོ་སྐོར་ཁ་བསླུ་དེ་རྫོགས་ནས།
    ད་ལྟ་ནུབ་གླིང་དུ་ཟོར་ཏེ།
    རྫ་ཆག་དགུ་སྦྱོར་གྱི་ལྷུ་ལྟར།
    དབྱིན་སྐད་ར་མ་ཡི་ལུག་སྐད།
    ཅོ་སྤུ་རིང་མ་ཞིག་ཐུང་དང་།
    སྔགས་འདུལ་ཆ་མ་རུ་མཆིས་པའི།
    ར་མགོ་ལུག་སྦྱར་གྱི་གོས་འོག
    གཡོ་དགུ་འཕྲུལ་བཅུ་དེ་བསྐྲབས་ཏེ།
    དཀོར་ནག་དགུ་འཛིང་ལ་འཐམ་ཅིང་།
    ལན་ཆགས་རྫ་ཕྲུག་གི་ཁུར་དང་།
    ཞེན་འཁྲི་བཟའ་ཉོབ་ཀྱིས་འཁོར་འདུག
    ད་དུང་དབེན་གནས་དང་་ཏིང་འཛིན།
    བསྟན་པ་་ལྷག་བསམ་ཅེས་ཟེར་ཏེ།
    དམིགས་པ་འདྲེ་རྒན་ལ་གཏད་དེ།
    རྡུང་རྒྱུ་དྲེལ་བུ་དེ་ཡིན་པ།
    ཕྱི་བལྟས་ནང་གསལ་དུ་ལུས་ཡིན།

  14. ཨོ་རྒྱན་ཉི་མ། says:
    2014-01-16 at 7:08 pm

    ཅོ་ཉི། ༼དཀོར་ཁུག་༽ཡང་འདྲི་མི་ཤེས་པར། ༼བཀོར་ཁུག་༽ཐེངས་བརྒྱ་ཡང་བྲིས་སོང་། ཁྱོད་འདྲ་བའི་ལྟ་ལོག་ཅིག་ཕ་ཡུལ་གཅིག་པ་མིན་ན་དགའ། ཀུ་རེ་ཡིན་ད། ཧཧཧཧ

  15. གནམ says:
    2014-01-16 at 7:10 pm

    ཨོ་རྒྱན་ཉི་མ་རི་ལ་ཆས་ན།
    རི་དེ་ལ་དད་པས་ཕྱག་གསུམ་འཚལ་ཆོག།
    ཨོ་རྒྱན་ཉི་མ་གྲོང་ནས་བཞུགས་ན།
    གྲོང་དེ་ལ་མི་ཡོང་ཡོལ་ནས་བུད་འགྲོ། ཧ་ཧ་ཧ།

  16. ཅོག་མྱི། says:
    2014-01-16 at 8:24 pm

    ཨ་ཧོ།
    བོད་ཡུལ་གྱི་ཨུ་རྒྱན་ཉི་མ།
    རྫུ་འཕྲུལ་གྱིས་རྒྱ་ལ་རྩེབས་ནས།
    གུང་ཁྲན་གྱི་ཡན་ལག་ཉིང་ལག
    རཾ་ཡཾ་ཁཾ་མེ་ཡིས་སྒྲོན་དང་།

  17. བན་དེ་བ། says:
    2014-01-16 at 9:12 pm

    སྐྱེ་བ་རྫུས་མ་ཞིག་བླང་ནས།
    ཡང་སྤྲུལ་རྫུས་མ་ཞིག་སྤྲུལ་སོང།
    ངེས་འབྱུང་རྫུས་མ་ཞིག་སྐྱེས་ནས།
    གྲྭ་བ་རྫུས་མ་ཞིག་བྱས་སོང།

    གྲྭ་སྤྲུལ་རྫུས་མའི་འོག་ནས་།
    མགུར་མ་རྫུས་མའི་འོག་ནས།
    བསླུ་བྲིད་རྫུས་མ་ཞིག་འཁྲབ་འདོད།
    ཧ་ཧ་དེ་འདྲའི་རྫུས་མས།
    དབེན་རི་འགྲིམས་འདོད་ཡ་ཆ།

  18. ནུབ་ཕྱོགས་གངས་ཕྲུག says:
    2014-01-17 at 1:25 am

    རང་སེམས་དབེན་རི་ལ་ཆས་པ།།
    རང་ལུས་འཁོར་འདམ་དུ་བྱིང་སོང་།།
    རང་མགོ་རང་གཡོག་གི་ཕུང་གསུམ།།
    རང་སྤྲུལ་ཨོ་ཉི་ལ་བསྟོད་དོ།།

  19. ཨོ་རྒྱན་ཉི་མ། says:
    2014-01-17 at 3:30 am

    སྤྲུལ་སྐུ་རྫུན་མ་ཡི་སེམས་ལ།།
    བསྟན་ལ་སེམས་གཏིང་ནས་དད་ཅིང་།།
    ངེས་འབྱུང་བཅོས་མིན་ཞིག་ཡོད་པས།།
    མཁན་དགེ་བརྫུས་མ་དང་མི་འདྲ།།

    ཧཧཧཧཧ

  20. ཀརྡོ་གཉེར་ཕྱག་པ་ says:
    2014-01-17 at 3:55 am

    སྤྲུལ་སྐུ་རྫུན་མ་ཡི་སེམས་ལ།།
    བསྟན་ལ་སེམས་གཏིང་ནས་དད་ཅིང་།།
    ངེས་འབྱུང་བཅོས་མིན་ཞིག་ཡོད་པས།།
    མཁན་དགེ་བརྫུས་མ་དང་མི་འདྲ།།
    འདི་ལ།
    བསྟན་ལ་སེམས་གཏིང་ནས་དད་པའི། །
    མཁན་དགེ་རི་འཁྲོད་ལ་འགྲིམ་བགྱིད། །
    ངེས་འབྱུང་བཅོས་མིན་ཞིག་ཡོད་མཁན། །
    ཨོ་ཉི་གྲོང་ཡུལ་ལ་འགྲིམ་བགྱིད། །
    ཧ་ཧ། ཀུ་རེ་ཡིན་གདའ།

  21. ཀརྡོ་གཉེར་ཕྱག་པ་ says:
    2014-01-17 at 4:09 am

    ལུས་པོ་གྲོང་ཡུལ་འགྲིམ་དུས། །
    འཁོར་བའི་སྡུག་བསྔལ་སོམས་དང་། །
    དབེན་པའི་རི་འཁྲིད་འགྲིམ་དུས། །
    ཏིང་འཛིན་བདེ་གསལ་སྒོམས་དང། །

  22. མེ་ཏོག་དཀར་པོ says:
    2014-01-17 at 4:41 am

    སྤྲུལ་སྐུ་རྫུན་མ་ཡིན་བདེན་ན།།
    ཕུང་གསུམ་གཏེ་པོ་རུ་གྲུབ་པས།།
    བསྟན་པའི་གཤེད་མ་སོང་པས།།
    ལྷག་བསམ་ཟེར་བ་དེ་ཡ་ང་།།

  23. མེ་ཏོག་དཀར་པོ says:
    2014-01-17 at 4:42 am

    གཤེད་མ་རུ་

  24. སྙེ་ལྷའི་ཐུགས་སྲས། says:
    2014-01-17 at 5:41 am

    སྤྲུལ་སྐུ་རིན་ཆེན་གསེར་ལ།། ཐུགས་སེམས་སྐྱག་གདོངས་གོང་བུ།།
    གཞན་དོན་སྐྱག་དྲི་ཚུབ་ཚུབ།། རང་དོན་གསེར་འོད་ཆེམས་ཆེམས།།

  25. ཨོ་རྒྱན་ཉི་མ། says:
    2014-01-17 at 6:19 am

    གསེར་ལས་ལྷག་པའི་སྤྲུལ་སྐུ་དང་།།
    དངུལ་ལས་ལྷག་པའི་མཁན་དགེ་གཉིས།།
    ལུགས་གཉིས་སྐྱོང་བའི་མཁན་པོ་ཡིན།།
    དེང་གི་ར་གན་གཏན་མི་མཚུངས།།

  26. གནམ says:
    2014-01-17 at 6:25 am

    བན་རྒན་རི་ལ་བཞུགས་པའི་གཏམ་རྒྱུ་ལས།།
    རྣམ་ཤེས་ཁྲོམ་ལ་འགྲིམ་པའི་སྐྱོ་གར་གོ།
    སེམས་པ་རྒོད་ལ་ཤོར་བའི་བླ་རྒན་ཚོ།།
    དྲན་རྒྱུ་མང་ན་བྱུང་རྒྱུ་འདི་འདྲ་རེད།
    ཨོ་རྒྱན་ཉི་མ་ཁྱོད་ཡང་གཅིག་པ་རེད། ཧ་ཧ་ཧ།

  27. བན་དེ་བ། says:
    2014-01-17 at 6:28 am

    སེམས་པ་རི་ལ་ཆས་འདོད།
    ལུས་པོ་པད་སྟེང་ལུས་སོང།
    ལུས་སེམས་ཡ་བྲལ་སྤྲུལ་སྐུ།
    ཕུང་གསུམ་བར་དོར་གནས་སོང།

    སེམས་པ་བུ་མོར་ཆགས་སོང།
    ལུས་པོ་གཞན་དབང་ཤོར་སོང།
    ཁ་ནས་ཆགས་སྡང་གཏམ་གྱིས།
    མི་ངན་གླུད་དུ་བརྫངས་སོང།

  28. མེ་ཏོག་དཀར་པོ says:
    2014-01-17 at 6:31 am

    མཁན་པོ་དགེ་བཤེས་ཇི་ཙམ་ངན་ན་ཡང་།།
    རང་གིས་དཀའ་ལས་རྒྱབ་པའི་འབྲས་བུ་རེད།།
    སྤྲུལ་གོག་འདི་ཚོ་མངལ་ལས་སྐྱེ་མ་ཐག །
    ཉམ་ཆུང་མགོ་བོ་གཅོག་པའི་ཐོ་བ་ཡིན།།

  29. ཨོ་རྒྱན་ཉི་མ། says:
    2014-01-17 at 6:38 am

    ནང་བསྟན་ཐོག་མར་སྲོལ་འབྱེད་སྤྲུལ་སྐུ་ཡིན།།
    བོད་ལ་ནང་ཆོས་འདྲེན་མཁན་སྤྲུལ་སྐུ་ཡིན།།
    བོད་ཅེས་ཀུན་གྱིས་བཀུར་བ་སྤྲུལ་སྐུས་དྲིན།།
    མཁན་དགེ་རང་རྒྱུད་དག་དང་གཏན་མི་མཚུངས།།
    ཧཧཧཧ

  30. ཨོ་རྒྱན་ཉི་མ། says:
    2014-01-17 at 6:51 am

    སྤྲུལ་སྐུའི་དགོངས་པ་མ་སྦྱང་ཀློང་བརྡོལ་དང་།།
    མཁན་དགེའི་འབད་པས་སྒྲུབ་པའི་རྣམ་དཔྱོད་དེ།།
    བླུན་པོ་ཚིག་ལ་འཆེལ་རྣམས་ཚིག་རྗེས་འབྲངས།།
    མཁས་པའི་བློ་ལ་ནམ་ཡང་དོན་བཟང་མཛེས།།

  31. སྙེ་ལྷའི་ཐུགས་སྲས། says:
    2014-01-17 at 6:53 am

    སྔོན་སྤྲུལ་བྱངས་སེམས་སྐུ་སྐྱེས།། བསྟན་འགྲོའི་དོན་ཆེན་སྒྲུབ་ཡོད།།
    དེང་སྤྲུལ་བདུད་ཀྱི་སྤྲུལ་སྐུས།། བསྟན་འགྲོའི་བདེ་རྩ་འཇོམས་ཀིས།།
    ཨོ་ཉི་སྤྲུལ་པའི་སྐུ་མཆོག། བསྟན་དང་འགྲོ་ལ་དགོངས་སམ།།
    མི་ཁའི་ཚོན་ལ་འཇིགས་ནས།། རི་མགོར་འགྲོ་འདོད་ལང་བྱུང་།།

  32. ཨོ་རྒྱན་ཉི་མ། says:
    2014-01-17 at 6:55 am

    སྤྲུལ་མིང་ཐོགས་ཚད་སྤྲུལ་སྐུ་ག་ལ་ཡིན།།
    མཁན་དགེའི་མིང་གིས་མཛེས་ཀྱང་དོན་སྟོང་ན།།
    བསྟན་བཤིགས་ཡོངས་ཀྱི་གཙོ་བོ་དེ་ཡིན་པས།།
    མཁན་སྤྲུལ་དགེ་གསུམ་མིང་ལ་མ་འཆེལ་ཅིག།
    ཧཧཧཧཧ

  33. སྙེ་ལྷའི་ཐུགས་སྲས། says:
    2014-01-17 at 7:12 am

    སྟོན་པའི་རྣམ་ཐར་འདི་དང་དེ་འོ་ཞེས།། དད་ལྡན་བུ་སློབ་ཀུན་ལ་སྨྲ་ནུས་མེད།།
    འདོད་ཡོན་རྣམ་ལྔ་འདི་དང་དེ་དག་ཀུན།། ང་ལ་མཁོ་ཞེས་ཧམ་པའི་གད་རྒྱངས་སྒྲོགས།།
    སྔགས་རྫས་གཞན་མགོར་འཇོགས་ལ་ཡིན་ཤག་ཤག། དད་རྫས་རིན་ཆེན་ཕུང་པོ་ལེན་ཤག་ཤག།
    རང་རྒྱུད་མ་འདུལ་གཞན་རྒྱུད་བཏུལ་ཤག་ཤག། སྤྲུལ་པའི་སྐུ་ཡི་ཕྲིན་ལས་ཡིན་ཤག་ཤག།

  34. མྱི་དཀར says:
    2014-01-17 at 8:31 am

    ལུས་པོ་གྲོང་གསེང་དུ་ལུས་ཏེ།།
    སེམས་པ་འདོད་ཡོན་ལ་ཟུག་པའི།།
    མགུར་གླུ་རྫུན་མ་ཞིག་མིན་ན།།
    གང་མགྱོགས་ནག་མོ་དང་གྱེས་ནས།།
    གཡའ་གངས་རི་ཁྲོད་ལ་བྲོས་དང་།།
    ཁ་བཤད་ལག་ལེན་དང་མཐུན་འགྲོ།།

  35. ཨོ་རྒྱན་ཉི་མ། says:
    2014-01-17 at 8:58 am

    མྱི་དཀར་སེམས་དཀར་ཁྱོད་ཕེབས་ནས།།
    གཏམ་དཀར་དོན་དཀར་བཤད་པར།།
    ཁ་དཀར་ཞེ་དཀར་གྱི་ངག་ནས།།
    བསྟོད་པ་དཀར་པོ་ཞིག་འབུལ་ལོ།།

  36. ཨོ་རྒྱན་ཉི་མ། says:
    2014-01-17 at 8:59 am

    མྱི་དཀར་སེམས་དཀར་ཁྱོད་ཕེབས་ནས།།
    གཏམ་དཀར་དོན་དཀར་ཞིག་བཤད་པར།།
    ཁ་དཀར་ཞེ་དཀར་གྱི་ངག་ནས།།
    བསྟོད་པ་དཀར་པོ་ཞིག་འབུལ་ལོ།།

    བཅོས།

  37. མེ་ཏོག་དཀར་པོ says:
    2014-01-17 at 11:21 am

    སྤྲུལ་སྐུའི་དགོངས་པ་མ་སྦྱང་ཀློང་བརྡོལ་དེ།།
    རྙིང་དགོན་རྣམ་གྲོལ་གླིང་དང་དགེ་ལུགས་པའི།།
    དགོན་ཆེན་གསུམ་དང་ས་སྐྱ་མཐོ་སློབ་ཁང་།།
    བཀའ་དགོན་སོགས་སུ་ལྟོས་དང་ཤེས་ཡོང་ངོ་།།

  38. བསམ་ཤེས། says:
    2014-01-17 at 11:35 am

    ཁྱད་མཚར་སྡིག་པའི་འཁྲུལ་ཞིག་མིན་འགྲོ། དབེན་གནས་ལ་བསླེབས་ན། དམིགས་བསལ་འཁྲིག་པའི་ཆགས་པ་དེ་ངར་ཤུགས་ཆེ་བ་སླེབས་འོང་། རི་ཁྲོད་ལ་མཚམས་ཐེངས་འགའ་ཤས་བསྡད་མྱོང་། ཐེངས་མ་རེ་རེར་མཚམས་ལ་སྡོད་མཁན་གྱི་བུད་མེད་གཞན་རྣམས་དང་དེ་མིན་གནས་སྐོར་མཁན་རྣམས་ལ་ལུས་འབྲེལ་ཤོར་སོང་། རྒྱུ་དངོས་དང་མིང་གྲགས་ལ་ཆགས་པ་དེ་ཙམ་མི་ཡོང་། གཅིག་པུར་སྡོད་དུས་ལུས་ཀྱི་ཆགས་པ་དེ་ཤིན་དུ་ཆེ་བ་ཡོང་ཞིང་། དེ་འགོག་པར་ཅུང་དཀའ་བ་འདུག མི་སྡུག་པ་སྒོམ་པ་ཅིག་པུས་བཀག་མི་ཐུབ། དེ་ལ་གདམ་ངག་འདྲ་གནང་རྒྱུ་ཨེ་ཡོད།

    ང་མཚམས་ལ་བསྡད་པའི་སྐབས་ཀྱི་ཉམས་མྱོང་ཤར་མ་ཞིག་ནི་འདི་ལྟར།

    གཟའ་འཁོར་དང་པོ་དེ་གཉིད་ལ་ཤོར་འགྲོ། གཟའ་འཁོར་གཉིས་པ་དེ་གཡེང་བ་དང་རྒོད་ལ་ཤོར་འགྲོ། གཟའ་འཁོར་གསུམ་པ་དེ་གཟའ་འཁོར་དང་པོ་གཉིས་པ་དེ་ལ་ཉམས་ལེན་གྱི་འབྲས་བུ་ལག་ཏུ་མ་ཡོང་བས་འགྱོད་པའི་ནང་ཤོར་འགྲོ། གཟའ་འཁོར་བཞི་པ་དེ་འདྲི་བ་མང་པོ་ཞིག་བློ་ལ་ཤར་ནས་དྭོགས་པའི་ནང་ལ་ཤོར། འདི་ནི་ཟླ་བ་གཅིག་མཚམས་ལ་བསྡད་པའི་མྱོང་ཁྲིད་དམར་རྗེན་ཡིན།

  39. ཀརྡོ་གཉེར་ཕྱག་པ་ says:
    2014-01-17 at 11:57 am

    བསམ།
    ཟས་ཀྱི་ཚོད་རན་མེད་པ་དང་། །
    དྲན་ཤེས་བག་ཡོད་མ་བསྟེན་སྐྱོན། །
    ཤེས།
    འདོད་ཆགས་འབར་དུས་གཏུམ་མོ་སྒོམས། །
    མཚམས་རྡོ་མ་བརྒལ་རང་ཚུགས་བརྟན། །
    ལགས།

  40. ནམ་མཁའ says:
    2014-01-17 at 12:04 pm

    ལུས་བོ་རི་ལ་ཆས་ཀྱང་།།
    སེམས་པ་འདོམ་ལ་ཤོར་ཏེ།།
    ངུར་སྨྲིག་མནའ་བཟའ་སྐྱུར་ནས།།
    གོས་དཀར་ལྕང་ལོ་གྱོན་པའི།།
    ཨོ་ཉི་རྒྱལ་ཁམས་ཉུལ་སོང་།།

  41. ཀརྡོ་གཉེར་ཕྱག་པ་ says:
    2014-01-17 at 12:05 pm

    ཉིན་གཅིག་མཚམས་ཀྱང་བསྡད་མ་མྱོང་། །

    གཉིད་དུ་ཤོར་ཡང་དགེ་བར་ངེས། །
    གཡེང་རྒོད་མཐོང་བ་རྒོད་རྟགས་ཟིན། །
    ལེ་ལོར་འགྱོད་པས་དགེ་བ་ཉིད། །
    དྲི་དྭོགས་ཤར་དུས་གདམས་ངག་དྲན། །

    ཟླ་གཅིག་མཚམས་ཀྱང་དོན་དང་ལྡན། །

  42. བསམ་ཤེས། says:
    2014-01-17 at 12:17 pm

    ཀརྡོ་ལགས།

    གདམས་ངག་གནང་བར་ཐུགས་རྗེ་ཆེ།

  43. བན་དེ་བ། says:
    2014-01-17 at 12:56 pm

    ལུས་པོ་ཐེང་གསུམ་བསྒྱུར་སོང།
    སེམས་པ་ཐེངས་གཅིག་མ་འགྱུར།
    དབེན་གནས་འགྲིམས་པར་འདོད་ཀྱང།
    ད་ནི་ལྕམ་གྱིས་དྲྭ་བར་བཙུད་འདུག

    ཆོག་ཤེས་ཆོག་ཤེས་ཟེར་སོང།
    ཁྱི་བཞིན་མི་ཡུལ་འགྲིམས་ཏེ།
    དབྱིན་སྒོར་དམར་པོའི་ཆེད་དུ།
    རྣམ་པར་སྣ་ཚོགས་སྤྲུལ་བགྱིད།

    ཧ་ཧོ།
    རྙིགས་མ་ལྔ་ཚང་སྤྲུལ་རྫུས།
    གང་བྱེད་འདི་བྱེད་མེད་ནས།
    གང་བྱུང་མ་བྱུང་བྲིས་སོང།
    བོང་བུའི་ནང་ཆ་སྟོན་སོང།

  44. ཨོ་རྒྱན་ཉི་མ། says:
    2014-01-17 at 1:10 pm

    བཀའ་བསྟན་རྫུན་བསྒྱུར་མ་བྱས། །
    ལོ་རྒྱུས་གཡོ་སྒྱུས་མ་བསླད། །
    གང་བྱས་ཕག་ཏུ་མ་སྦས། །
    ཕྱི་ནང་ཀུན་གསལ་ཡིན་ནོ། །

    ཧཧཧཧ
    སྤྲུལ་མིང་རྫུན་མ་འདི་ཡང་། །
    བྱིས་པ་སྣབས་ལུགས་ཡིན་དུས། །
    རང་ངོ་ཟིན་པར་དཀའ་དུས། །
    བླ་མ་ཞིག་གིས་བཏགས་སོང་། །

    དངུལ་དང་གོ་སའི་ཆེད་དུ། །
    སྤྲུལ་མིང་ཉོས་པ་མིན་ལ། །
    མགོ་གཡོག་མགོ་སྐོར་ཆེ་དུ། །
    སྤྲུལ་མིང་བརྐུས་པ་མིན་ནོ། །

    མི་ཚེའི་བརྒྱུད་རིམ་ཁྲོད་དུ། །
    སྤྲུལ་མིང་རྫུན་མ་འདི་ཡིས། །
    ཕན་གནོད་གཉིས་ཀ་བྱུང་བས། །
    དོན་བྱེད་ནུས་པར་རྟོགས་སོང་། །

    མཚམས་རེར་སྤྲུལ་མིང་འདི་ཡིས། །
    དཀོར་ཡང་ཉིས་ལོག་རག་ཀྱང་། །
    ཐེངས་རེར་སྤྲུལ་མིང་འདི་ཡིས། །
    གོ་སྐབས་ཡོད་ཚད་ཤོར་སོང་། །

    ཧཧཧ

  45. ནུབ་ཕྱོགས་གངས་ཕྲུག says:
    2014-01-17 at 1:37 pm

    སེམས་པ་རི་ལ་མ་སོང་སྤྲུལ་སྐུ་ཡིན།།
    འདོད་ཡོན་ལོངས་སྤྱོད་རྒྱས་སྤྲོས་སྤྲུལ་སྐུ་ཡིན།།
    འདི་དང་ཕྱི་མ་མི་བསམ་སྤྲུལ་སྤྲུལ་སྐུ་ཡིན།།
    འདི་འདྲ་འདི་ལ་བློ་ལྡན་ཡིད་ཐང་ཆད།།

  46. བན་དེ་བ། says:
    2014-01-17 at 1:41 pm

    རྐུས་རྐུས་བསྒྱུར་བསྒྱུར་བཤད་སོང་།
    ན་གཅིག་སྟོན་རྒྱུ་མི་འདུག
    ཆུ་ལེན་བུ་མོ་ཡི་གཏམ་ལ།
    སུས་ཀྱང་བདེན་ཁ་མི་སྟེར།

    རང་མཐུན་ཆོས་རྒྱུད་ཀུན་ལ།
    མེད་པའི་རྫོགས་ཆེན་གྲུབ་མཐའ།
    གང་ནས་རྐུས་བསྒྱུར་བྱས་མིན།
    གསལ་གསལ་ཐིང་ཐིང་མིན་ནམ།

    རྐུ་མ་ཡ་མེད་གཅིག་གིས།
    བདག་པོར་ཚད་ཚད་བྱེད་ཀྱི།
    ལས་འབྲས་བདེན་པའི་ཁྲིམས་རར།
    འགུག་པའི་དུས་ཞིག་སླེབ་ཡོང།

  47. ཏྲེ་ཧོར་ཚང་། says:
    2014-01-17 at 1:49 pm

    རྐུན་མར་ངོ་ཚ་མེད་པས། །
    བརྐུས་ཟོག་ངོ་སྤྲོད་བྱས་ཀྱང་། །
    རྐུན་འཇལ་སྤྲོད་རྒྱུ་ཕར་ཞོགས། །
    བདག་པོ་རྐུན་མ་རེད་ཟེར།ཉ

    །ོོཕཙཧཧཧཧ

  48. ཏྲེ་ཧོར་ཚང་། says:
    2014-01-17 at 1:59 pm

    བོན་པོའི་ཞྭ་ཁྲ་མ་གཏོགས། །
    ཡོད་ཚད་བན་དེའི་ཡིན་པས། །
    ན་གཅིག་ངོས་འཛིན་ཞེས་པའི། །
    ངོས་འཛིན་ཆུང་ཆུང་མི་དགོས། །

    བོན་ལ་རབ་བྱུང་མེད་པས། །
    ཆོས་གོས་རྣམ་གསུམ་མེད་ལ། །
    བོན་ལ་བཀའ་བསྟན་མེད་པས།། །
    བཤད་སྒྲུབ་དགོས་པ་མི་འདུག །

    དེང་སང་བོན་པོ་མེད་ཀྱང་། །
    བསྒྱུར་བོན་བཤུས་བོན་འདི་ཚོས། །
    བོན་པོའི་མིང་ལ་འཆེལ་ནས། །
    གྲུབ་མཐའ་གསར་བ་བཅོས་སོ། །
    ཧཧཧཧཧཧ

  49. ཨོ་རྒྱན་ཉི་མ། says:
    2014-01-17 at 3:58 pm

    ཏྲེ་ཧོར་ཚང་ཟེར་བ་ཁོ་བོ་ཡིན། གློག་ཀླད་གཞན་པ་ཞིག་ནང་ལ་མིང་དེ་འདུག་་་་

  50. བསམ་ཤེས། says:
    2014-01-17 at 6:48 pm

    བན་དེ་དང་ཨོ་ཉི་རྣམ་པ་གཉིས་ཅུང་བསམ་བློ་གུ་ཡངས་ཙམ་བྱས་ནས་བགྲོ་གླེང་གནང་དང་། རང་སེམས་བདེ་བ། གཞན་སེམས་ལྷོད་པ། ལུས་སེམས་ཀྱི་འཕྲོད་བསྟེན་ལ་ཡང་ཕན། རྟག་ཏུ་འདྲེ་མཐོང་བ་ནང་བཞིན་བསྡད་ན། མཇེ་ལ་མི་ཕན། སྟུ་ལ་མི་ཕན་ལྟ་བུ་དོན་མེད་རེད། མཚམས་རེ། ཅུང་གྱོང་འཁུར་ནས་གཞན་དེ་ལ་རྒྱལ་ཁ་ཏོག་ཙམ་སྤྲོད་ན་གང་འདུག ཤོར་རྒྱུ་ཅི་འདུག

    ཁྱེད་གཉིས་ཀ་རྫོགས་ཆེན་གྱི་གཞུང་ཤེས་མཁན་རེད། སེམས་ཀྱི་སེམས་ལ་བལྟས་ནས། མཚམས་རེ་ཁོང་ཁྲོའི་རྣམ་རྟོག་དེ་ཤར་སྐབས། དེའི་རྗེས་སུ་མ་རྒྱུག་པར། ཧྲིལ་ཧྲིལ་བལྟས་ནས་བསྡད་ན། དེ་ངོ་མ་ཉམས་ལེན་ཞིག་མ་རེད་པས། དེ་ལྟར་བྱུང་ན་ཁ་བརྡ་ལ་ཡོང་བ་འདི་གོ་ཆོད་པ་མ་རེད་པས།

  51. ཁ་བའི་ཡུལ་གྱར་བ། says:
    2014-01-17 at 7:48 pm

    སྔོན་བྱོན་ཤཀྱའི་ཞལ་ནས་མ་གསུང་པ།
    རྒྱལ་བའི་གསུང་རབ་ནང་དུ་མ་འཁོད་པའི།
    ཕྱིར་འབྱུང་གནམ་བབ་ས་རྡོལ་དཔེ་ཚོགས་དག།
    བན་དེའི་ནང་ལ་བྱུང་དུས་ནང་འཁྲུགས་ཤོར།

    ཤཀྱ་དགེ་སློང་སེར་པོའི་ཆ་ལུགས་ལ།
    འདུལ་བ་གོས་དྲུག་འཛིན་པའི་རྒྱུད་ལུང་མེད།
    རྒྱ་གར་འབར་མ་ཐེའི་ལན་ལ་ལྟོས།
    ད་སྐབས་བོད་བན་དག་ནི་ཡ་རེ་མཚར།

    གཟུ་བོར་གནས་ཞིང་བན་དེའི་མཁས་པ་འགས།
    བདེ་རྫུན་དབྱེ་འབྱེད་ལོ་རྒྱུས་འགའ་རྩོམ་དུས།
    གནད་ལ་ཕོག་ནས་ཟུགས་ཀྱི་ལྟབ་པའི་ཚེ།
    སྣེ་ངག་འོ་དོད་འབྱིན་པའི་སྐད་ངན་ཤོར།

    ང་ཚོ་བོད་པ་དག་གི་ཁ་དཔེ་ལ།
    རྐུ་རྫུན་མཐའ་ལ་ཁུང་སྐྱེལ་ཕེལ་པ་མེད།
    དབེན་པའི་ཤུགས་ཀྱི་སྲ་བའི་བྲག་ཡང་བཀད།
    ཟེར་བའི་དཔེ་བཞིན་གྱེ་གསལ་གྱེ་གསལ་རེད།

  52. བན་དེ་བ། says:
    2014-01-17 at 8:40 pm

    གཞན་ཕན་ཁབ་རྩེ་ཙམ་དུ།
    མེད་པའི་རི་ལ་ཆས་འདོད།
    ངེས་འབྱུང་དྲི་ཙམ་མེད་པར།
    དབེན་རིར་ཆས་འདོད་ཧ་ཧ།

    ལུས་གཅིག་མ་ལ་མིང་བརྒྱར་སྤྲུལ།
    མིང་བརྒྱར་སྤྲུལ་ནས་ངན་དགུ་སྨྲ།
    ཐན་དགུ་ཡི་བདག་པོ་ཁྱོད་ཉིད།
    མི་རིང་ལས་འབྲས་འཁོར་ཡོང།

  53. མྱི་དཀར says:
    2014-01-17 at 9:27 pm

    སེམས་ལ་རླན་ཐིགས་ཞིག་མེད་ན།།
    ཕྱི་ཚུལ་གཡོ་འཕྲུལ་གྱིས་སྦངས་ཤིང་།།
    ལྟ་སྒོམ་ཐོལ་གླུ་རེ་གྱེར་ཡང་།།
    ཆགས་སྡང་ཡུལ་ངན་དང་འཕྲད་དུས།།
    བཟོད་པ་དཔེ་ཐོག་ཏུ་ལུས་པའི།།
    དུག་ལྔའི་འཆལ་གཏམ་དག་སུན་པ།།

    བློ་འདས་བླ་མེད་ཀྱི་ལྟ་བ།།
    ཡོད་མེད་མཐའ་བཞི་དང་བྲལ་ཡང་།།
    ཀུན་ཤོང་མཐའ་བྲལ་གྱི་ཀློངས་ནས།།
    ང་ཁྱོད་ཕྱོགས་རིས་སུ་གཅོད་པའི།།
    སྒྲོ་འདོགས་སྐུར་འདེབས་ཀྱི་རྒྱལ་པོའི།།
    ངུ་མགུར་རིས་ཆད་དག་སུན་པ།།

  54. རྩེ་རྒྱལ། says:
    2014-01-17 at 9:37 pm

    བོན་ཞྭ་ཁྲ་མ་གཏོགས་བན་དྷེས་བརྐུས།
    ལྷ་ཆེན་པོའི་རྡོ་མཇེ་ཙམ་མ་གཏོགས།
    རིག་བྱེད་སྔགས་ཧིན་དྷི་བན་དྷེས་བརྐུས།
    མཐོ་པད་འབྱུང་དབུ་ཡི་བྱ་སྤུ་དང་།
    དམའ་ཨོ་ཉིའི་ལག་གི་དྲེལ་སྦུབ་སོགས།
    སྔགས་ཧིན་དྷེའི་ཡོ་བྱེད་བན་དེས་བརྐུས།
    བོན་མདོ་སྔགས་སེམས་གསུམ་བན་དྷེས་བརྐུས།
    དོན་ཡངས་རྩེ་ལྟ་བའི་དགོངས་ཀློང་ཅན།
    བླ་གྲུབ་ཆེན་དཔོན་རྒྱལ་བཙན་པོའི་མདུན།
    བོན་ཐེག་དགུའི་རྫོགས་ཆེན་བན་དྷེས་བརྐུས།
    སྨད་མདོ་ཁམས་རྨ་རི་དེའུ་གསུམ་ནས།
    དོན་འགོག་སྒོམ་མི་ཟིའི་ཐུགས་ཀྱི་སྲས།
    བླ་ཆེན་པོ་དགོངས་པ་རབ་གསལ་ལས།
    བོན་ཐེག་ཆེན་་འདུལ་བརྒྱུད་བན་དྷེས་བརྐུས།
    དཔང་བཀའ་རྟགས་ཆོས་གོས་སྣེ་མོར་བཀོད།
    ད་ཡོད་ཚད་བཤད་ན་བརྗོད་མི་ལོང་།
    མདོར་བསྡུས་ན་གངས་ཅན་དབུ་ནག་པའི།
    ཚེ་ཕྱི་མར་བདེན་པའི་བོན་མཆོག་དང་།
    གསོན་འཇིག་རྟེན་ཕན་བདེའི་ཚེ་བསོད་དཔལ།
    བོན་སྒྲུབ་ཐབས་ཡོངས་རྫོགས་བན་དྷེས་བརྐུས།
    ཐ་ད་དུང་རྐུན་མ་བོན་རེད་ཟེར།
    ད་ལྟོས་དང་ལྟད་མོ་འདི་འདྲ་འདུག
    རྟ་བོང་བུ་གླང་འབྲི་མཉམ་བསྡེབས་ཅན།
    མཛོ་དྲེལ་རྒན་བན་དྷེ་མིན་པ་སུ།
    སྟོན་ཤཀྱ་མུ་ནེས་ཐེག་ཆེན་བཀའ།
    གསུངས་ཨེ་འདུག་མི་འདུག་འབེལ་གཏམ་ལུང་།
    ཁོང་ཉིད་ཀྱི་དངོས་སློབ་གཞུང་དྲང་ཅན།
    དོན་བདག་པོ་དགེ་སློང་སེར་པོར་ཞུས།
    དར་ད་དུང་ལྟོས་དང་ཡ་མཚན་ཅན་།
    ལས་རྒྱུ་འབྲས་རྟེན་འབྲེལ་རྟེན་འབྱུང་དང་།
    ཚེ་སྔ་ཕྱི་བན་དྷེའི་ཐུན་མིན་ཞེས།
    མཆུ་སྤྲབ་སྤྲབ་བར་དུ་ཁ་ལྕེ་བརྡར།
    འོན་ཏང་སྟེ་ཧིན་དྷིའི་གྲུབ་མཐའི་ནང་།
    ལས་རྟེན་འབྲེལ་འདོད་མཁན་གྲུབ་མཐའ་མང་།
    ད་ངོ་མ་ངོ་མ་བཤད་སོང་ན།
    དོན་ཐུན་མིན་བན་དྷེ་ངོ་མ་སུ།
    ཁ་སྟོང་པའི་འབྲུག་སྐད་མི་སྒྲོགས་པར།
    དོན་ངོ་མའི་སྦྲང་ཆར་བབས་ན་བསམ།
    མི་གཞན་ངོའི་ཤིག་སྲོ་མི་འཚོལ་བར།
    བདག་རང་ངོའི་གཡག་རྒན་དེད་ན་དགའ།
    ཚུར་རང་བདེན་ཞེན་འཛིན་མ་ཆེ་ལ།
    ཕར་སྐྱོན་འདོགས་ཚོར་བ་མ་རྣོ་ཞིག
    གླུ་གོ་ན་རྣ་བའི་བྱིན་འབབས་གྱིས།
    གླུ་མ་གོ་ཨུ་གོ་གང་ཡང་མེད།
    ཀི་ཧི་ཧི་ཧི!!!!

  55. མྱི་དཀར says:
    2014-01-17 at 11:30 pm

    དོན་དམ་གཡུང་དྲུང་གི་ཀློང་ཆེན།།
    ཁྱབ་བདལ་ཀུན་ཤོང་གི་དབྱིངས་ཆེན།།
    རིས་དང་ཕ་མཐའ་དེ་བྲལ་ཡང་།།
    གུ་དོག་རྒྱ་ཁབ་ཀྱི་བུ་གར།།
    ང་ཁྱོད་ཕམ་རྒྱལ་རེ་རྩོད་ནས།།
    རང་གིས་རང་བཅིངས་དག་སྐྱོ་བ།།
    བཟོད་སོགས་ཕར་ཕྱིན་གྱི་ཉམས་ལེན།།
    ཁ་ནས་མ་ནི་བཞིན་བགྲངས་ཏེ།།
    སེམས་བསྐྱེད་མ་ཁ་རུ་བཏགས་ཀྱང་།།
    བྱུང་ཚོར་པགས་པ་དེ་སྲབ་པས།།
    མིག་བགྲད་ཁ་འཛིང་ལ་བྱང་བའི།།
    དགེ་སྦྱོར་རྫུན་མ་དག་སྐྱོ་བ།།

  56. ཨ་ཕྱི་ཆོས་སྒྲོན says:
    2014-01-17 at 11:38 pm

    སྐུ་སྲོག་དབེན་ལ་བཞག་ནས །
    བསྟན་འགྲོར་ཕན་བདེ་གསུངས་ཀྱང་། །
    སྤྲུལ་སྐུ་ཨོ་རྒྱན་ཉི་མས། །
    དམུས་ལོང་བོན་ལ་མི་ཕན། །

  57. རྩེ་རྒྱལ། says:
    2014-01-18 at 5:44 am

    ཨ་ཕྱིའི་ཨ་ལེ་བཀོག་སྟེ།
    ཨོ་ཉིའི་རྐུབ་ལ་སྦྱར་ན།
    དམུ་ལོང་བན་དེ་དག་ལ།
    ཕན་བདེའི་བསྐལ་ཆེན་ཤར་ཡོང་།

  58. བན་དེ་བ། says:
    2014-01-18 at 5:54 am

    ཨ་ཕྱི་རྒན་མོའི་སྟུ་པགས།
    ཨོ་ཉིའི་རྐུབ་ལ་སྦྱར་ནས།
    ཨ་ཀོང་ཚ་མོའི་ཇ་ལེ།
    ཨོ་ཉིའི་ལྕེས་ལྡག་ན།

  59. ཨ་ཕྱི་ཆོས་སྒྲོན says:
    2014-01-18 at 8:25 am

    ཨ་ནེ་སྨན་རིལ་སང་གིས།།
    ཨ་ཕྱི་ངན་སྨོད་བྱས་ཀྱང་།།
    ཨ་ཁ་བོན་རྐུབ་ཚ་བོ།།
    ཨ་རོ་ངོམས་ནི་མིན་ནམ།།

  60. མྱི་དཀར says:
    2014-01-18 at 9:05 am

    ད་ནི་མགུར་གླུའི་སྣེ་མོ་རྐུབ་ལ་སླེབས་སོང་། ཨ་ཁ་ཁ་་་་་་

  61. ཁ་བའི་ཡུལ་གྱར་བ། says:
    2014-01-18 at 10:03 am

    དོན་མེད་ཀྱི་ཁ་རྩོད་མ་བྱེད། གནས་ལུགས་ཀྱི་གཏམ་ཤོད།
    ཨ་ཕྱི་དང་ཨོ་ཉི་ནང་བཞིན། རྨོད་ཚིག་གི་འཆལ་གཏམ་བོར།

  62. སྙེ་ལྷའི་ཐུགས་སྲས། says:
    2014-01-18 at 1:14 pm

    ངན་གོམས་འཆལ་གཏམ་ཀྱི་ཁྲོད་ནས།། ངོ་ཚའི་གོས་བཟང་དེ་འཕུད་ནས།།
    མེས་པོའི་སྲོལ་བཟང་ལ་རྒོལ་བའི།། མ་རབས་ཁྱུ་མཆོག་ཀྱི་གཡུལ་ས།།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ།
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ།
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (98)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (77)
  • ཨེ་ལི་སི། (54)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (39)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ། (6)
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ། (4)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme