Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

སེམས་ཁམས་འཁྲུག་པའི་རྒྱུ་རྐྱེན།

Posted on 2016-09-112016-09-11 By ཁ་བརྡ་ 2 Comments on སེམས་ཁམས་འཁྲུག་པའི་རྒྱུ་རྐྱེན།

དོལ་པོ་སྤྲུལ་སྐུ།

 
སྤྱི་ལོ་ ༢༠༡༥། ཕྱི་ཟླ༡༠། ཚེས༡༥ ནས་བཟུང་ཉིན་གསུམ་རིང་བོད་ཀྱི་སྨན་རྩིས་མཐོ་སློབ་ཚོགས་ཁང་དུ་ལུས་སེམས་སྲོག་གི་བགྲོ་གླེང་ཐེངས་གསུམ་པ་ཚོགས་སྐབས་སུ་དོལ་པོ་སྤྲུལ་སྐུ་རིན་པོ་ཆེ་ནས་བོད་བརྒྱུད་ནང་དོན་རིག་པའི་གཞུང་དུ་ཇི་སྐད་གསུངས་པའི་སེམས་ཁམས་འཁྲུགས་པའི་རྒྱུ་རྐྱེན་གླེང་བའི་གཏམ།

ཡུན་རིང་རྣམ་གྲངས་མང་བའི་མཛད་ཕྲིན་ཀུན།།
མཛད་ཕྲིན་གཞན་གྱི་འཇུག་པ་མི་འགོག་པར།།
སྐབས་ཀྱི་མཛད་པས་མང་ཚོགས་མགུ་བར་མཛད།།
ཞི་བདེའི་དེད་དཔོན་འཛམ་གླིང་ཡོངས་ཀྱི་ཕུལ། །
དམ་པའི་རང་བཞིན་བརྗོད་པ་སྔོན་དུ་བཏང་ནས་ཉེ་ཆར་བོད་ཀྱི་སྨན་རྩིས་ཁང་གི་ལུས་སེམས་སྲོག་གི་སྡེ་ཚན་ནས་འདི་ལྟར། ༼གང་ཉིད་ནས་བོད་བརྒྱུད་ནང་དོན་རིག་པའི་གཞུང་དུ་ཇི་སྐད་གསུང་པའི་སེམས་ཁམས་འཁྲུག་པའི་རྒྱུ་རྐྱེན་ཁོ་ནའི་ཐོག་ལ་ལག་ལེན་མྱོང་འཁྲིད་ཀྱི་གསུང་བཤད་གནང་བར་ཞུ།༽ཞེས་བཀའ་གནང་བ་གཞིར་བཟུང་སེམས་འཁྲུག་པའི་རྒྱུ་རྐྱེན་སྐོར་གླེང་བར་བྱའོ།

unnamed-7དེ་ཡང་སློབ་དཔོན་དབྱིག་གཉེན་གྱི་ཞལ་སྔ་ནས། ཕྲ་རྒྱས་སྤངས་པ་མ་ཡིན་དང༌། །ཡུལ་ནི་ཉེ་བར་གནས་པ་དང༌། །ཚུལ་བཞིན་མ་ཡིན་ཡིད་བྱེད་ལས། །ཉོན་མོངས་རྒྱུ་ནི་ཚང་བ་ཡིན། །ཞེས་གསུངས་པའི་སྡོམ་ཚིག་འདི་བོད་བརྒྱུད་ནང་དོན་རིག་པའི་ཁུངས་སུ་བྱས་ནས་ལུང་དྲངས་པ་ཡིན། ལུང་དོན་འདི་དག་རང་གི་མྱོང་བ་དང་སྦྱར་ནས་ཞུ་དགོས་པས་རྩ་ཉོན་དང་ཉེ་ཉོན་རྣམས་ལ་གོམས་འདྲིས་ཡོད་ཀྱང་རྣམ་པ་དང་རྣམ་གྲངས། བྱེད་ལས་དང་རྒྱུ་རྐྱེན་བཅས་ཀྱི་རབ་དབྱེ་རྣམས་ཇི་བཞིན་མི་ཤེས་པ་དང་། སྐབས་རེ་ཐར་གྲོལ་དོན་གཉེར་ལ་གསུངས་པའི་དམིགས་རྣམ་ཕྲ་མོ་རྣམས་མི་དཀྱུས་མ་ཞིག་ལ་ཧ་ཅང་ཞིབ་ཚགས་སུ་སོང་སྟབས་འཚོ་བའི་ཁྲོད་དུ་གླེང་མོལ་ཡོང་གི་མི་འདུག རྒྱུ་མཚན་དེ་ལ་རྟེན་ནས་ངས་འདིར་གོང་གི་ལུང་དོན་གྱི་དྲྭ་བ་ལས་མ་བརྒལ་བར་མི་དཀྱུས་མའི་སེམས་ཁམས་དང་སྦྱར་ནས་སེམས་འཁྲུག་པའི་རྒྱུ་རྐྱེན་སྐོར་གླེང་བར་བྱའོ།

 

དང་པོ། ཡུལ་ཉེ་བར་གནས་པ།

མང་ཆེ་བ་ཞིག་གིས་འདོད་པར་མ་བབས་པའི་(དབང་མིན་པའི་)ཡུལ་ཞིག་ཉེ་སར་ཡོད་ན་དེ་ནུས་མེད་བཟོ་བ་དང་། ཡང་ན་དེ་ལས་གཡོལ་ཐབས་བྱེད་པ་ལས་དེ་དག་དང་བསྟུན་ནས་རང་སེམས་བཅོས་ཐབས་བྱེད་ཀྱི་མེད། འོན་ཀྱང་སྟབས་ཉེས་པ་ཞིག་ལ་མི་རྣམས་ཉི་མ་གཅིག་ལ་ཆུ་ཚོད་ ༨ ཉུང་མཐའ་དང་བདུན་ཕྲག་གཅིག་ལ་ཆུ་ཚོད་༤༠ ལོ་གཅིག་ལ་བདུན་ཕྲག་བཞི་བཅུ་ཞེ་ལྔ་སྟེ་ཆུ་ཚོད་ ༡༨༠༠ རིང་སོ་སོ་ཕྱག་ལས་གནང་སའི་ཁོར་ཡུག་དང་འབྲེལ་བའི་མི་སྣ་དང་ལྷན་དུ་གཤིབ་དགོས། ཡུན་རིང་བའི་དུས་ཚོད་འདི་སེམས་འཁྲུག་པའི་ཡུལ་རྐྱེན་སྟོབས་ཆེ་ཤོས་ཡིན། གང་ལགས་ན། སྐབས་དེར་རང་གི་ལས་འགན། ལས་དཔོན། ལས་རོགས། ཁོར་ཡུག་སོགས་ཉེ་བར་གནས་པ་ལ་མ་རིག་པའི་དབང་གིས་འདོད་ཆགས་དང་། ཞེ་སྡང་། སེམས་སྡུག སེམས་ཕམ་སོགས་སྐྱེ་བཞིན་ཡོད། གནས་སྟངས་འདི་འདྲའི་སྐབས་སུ་འདམ་ག་གསུམ་ལས་མེད། དང་པོ་ལས་དགོངས་ཞུ་རྒྱུ། གཉིས་པ་དབང་ཚད་ཡོད་ན་ཡུལ་རྐྱེན་བསྒྱུར་བཅོས་བྱེད་རྒྱུ། གསུམ་པ་ཡུལ་རྐྱེན་ཉེ་བར་གནས་ཀྱང་རང་ཚུགས་མ་ཤོར་བར་རང་སེམས་བསྒྱུར་བཅོས་བྱེད་རྒྱུ་བཅས་རེད། ལས་དགོངས་ནི་འཚོ་བའི་གནད་དོན་ལ་ཐུག་པ་དང་། ཡུལ་རྐྱེན་བསྒྱུར་བཅོས་བྱེད་པ་ནི་བདག་དབང་ཡོད་མེད་ལ་ཐུག་ཡོད། དེས་ན་ཐབས་ལམ་གསུམ་པ་དེར་འགོག་རྐྱེན་གང་ཡང་མེད་པས་དེ་ལ་འབད་དགོས་པ་ཡིན་ཏེ། སྤྱོད་འཇུག་ལས། ས་སྟེང་འདི་དག་ཀོས་གཡོག་ཏུ། །དེ་སྙེད་ཀོ་བས་ག་ལ་ལང་། །ལྷམ་མཐིལ་ཙམ་གྱི་ཀོ་བས་ནི། །ས་སྟེང་ཐམས་ཅད་གཡོགས་དང་འདྲ། །ཞེས་གསུངས་སོ། །

 

གཉིས་པ། ཚུལ་མིན་ཡིད་བྱེད།

འདིར་གསུང་རབ་ལས་གསུངས་པའི་རྩ་ཉོན་ཉེ་ཉོན་གྱི་རྣམ་གཞག་དེ་དག་རེ་ཞིག་བཏང་སྙོམས་སུ་བྱས་ནས་དེང་རབས་སྤྱི་ཚོགས་ནང་གི་སེམས་འཁྲུག་པའི་རྒྱུ་རྐྱེན་ཚུལ་བཞིན་མ་ཡིན་པའི་ཡིད་བྱེད་ཀྱི་རྣམ་གྲངས་ལ་དྲུག་སྟེ།
༡ བསམ་ཤེས་མེད་པ།
༢ བདེན་པ་ཨུ་ཚུགས།
༣ མ་དག་སྐྱོན་ཅན།
༤ ངོས་ལེན་མེད་པ།
༥ འདོད་རྔམས་ཆེ་བ།
༦ བློ་ཁོག་ཆུང་བ།

unnamed-6

 

༡༽ བསམ་ཤེས་མེད་པ།

བསམ་ཤེས་མེད་པའི་རྐྱེན་གྱིས་ནང་མི་ཁྱིམ་མཚེས་ཀྱི་རྙོག་དྲ་ནས་བཟུང་འཛམ་གླིང་དམག་ཆེན་དང་པོ་དང་གཉིས་པ་ཀུན་བྱུང་བའི་རྒྱུ་གཙོ་བོ་སེམས་ཁམས་འཁྲུགས་པའི་ལོ་རྒྱུས་བྱུང་དང་འབྱུང་བཞིན་ཡོད། གང་ལྟར་བསམ་ཤེས་མེད་པས་གཞན་ལ་འཚེ་བ་དང་དེའི་ལེ་ལན་དུ་རང་ལའང་འཚེ་བ་ཡོང་གི་ཡོད། མི་ཚེར་སྐྱིད་འདོད་ན་བསམ་ཤེས་ནི་མེད་དུ་མི་རུང་བ་ཞིག་ཡིན། སྤྱིའི་ཆ་ནས་མི་རིགས། ཆོས་ལུགས། རིག་གཞུང་དང་། བྱེ་བྲག་ཏུ་མི་སྒེར་གྱི་མོས་པ་དང་ལངས་ཕྱོགས་སྒྱུ་རྩལ་སོགས་ལ་བསམ་ཤེས་མ་ཐུབ་ན་གཞན་ལ་དངོས་དང་ཞོར་ལ་ཁྱད་གསོད་བྱེད་པ་ཡིན། ལྷག་པར་དུ་བོད་དང་ཧི་མ་ལ་ཡའི་སྤྱི་ཚོགས་ནང་དུ་ཆོས་ལུགས་གཞན་ལས་ཀྱང་ཆོས་བརྒྱུད་གཞན་དང་དེའི་རྗེས་འབྲངས་ཡོངས་ལ་བསམ་ཤེས་བྱེད་རྒྱུ་ནི་གལ་ཆེའི་ནང་གི་དོན་ཆེན་ཡིན་པ་ང་ཚོའི་སེམས་ཁམས་ལས་ཤེས་ཐུབ། འདིའི་ཐད་ལ་སངས་རྒྱས་ཀྱི་རྗེས་འཇུག་པ་རྣམས་བསམ་ཤེས་ཆེ་བ་དགོས་ཚོད་ཡིན་ཀྱང་སྐབས་རེ་མི་རིགས་གཞན་དང་ཆོས་མེད་རིང་ལུགས་གཞན་ལས་ཀྱང་ཐབས་སྐྱོ་བ་མ་གཏོགས་གནས་ཚུལ་འཕར་མ་གང་ཡང་མ་མཐོང་། བདག་འདྲ་ཉམས་ལེན་པར་ཁས་ཆེ་བ་ཞིག་གི་ངོས་ནས་ཞུས་ན། འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག །ཅེས་པ་འདིའི་ཁ་ཐུག་གི་དོན་ནི་འོལ་སྤྱི་ཙམ་ལས་སེམས་ཅན་གཞན་ལ་མྱོང་ཚོར་གང་ཡང་སྤྲོད་མི་ཐུབ་པར་སེམས། དེ་ཡང་མཐར་གཏུགས་ན་བསམ་ཤེས་ཡོད་མིན་ལ་ཐུག་འདུག སྤྱོད་འཇུག་ལས་བདག་གཞན་མཉམ་བརྗེ་ནན་པོ་བྱས་ནས་གསུངས་པ་དེའང་རྩ་བ་བསམ་ཤེས་སྐྱེ་དགོས་པའི་དོན་མིན་ནམ། བསམ་ཤེས་ཀྱིས་སྙིང་རྗེ་དང་། དེ་ལས་བྱང་ཆུབ་ཀྱི་སེམས་སྐྱེ་དགོས་པའི་རིམ་པ་འདི་ཐེག་ཆེན་པ་གཅིག་པུའི་སྒེར་ཆོས་མིན་པར་བྱམས་བརྩེ་འདོད་པ་ཀུན་གྱི་སེམས་ཀྱི་འཚོ་བ་གལ་ཆེན་ཞིག་ཡིན་པར་ངོས་འཛིན་བྱེད་དགོས།

 

༢༽ བདེན་པ་ཨུ་ཚུགས།

བདེན་པ་ཨུ་ཚུགས་ནི། སྐབས་འདིར་གང་ཞིག་བདེན་པ་ཡིན་རུང་ཁོར་ཡུག་དང་འབྲེལ་ཡོད་གང་ལའང་མ་ལྟོས་པར་བཤད་རྐྱང་ལས་རྐྱང་བྱེད་པའི་དོན་ལ་གོ་དགོས། བདེན་པ་ར་སྤྲོད་དང་བདེན་པའི་གྲུབ་འབྲས་གང་ཡིན་རུང་གོ་སྐབས་དང་འབྲེལ་ཡོད་ལ་ལྟོས་ཏེ་གསལ་བཤད་དང་ལས་འགུལ་སྤེལ་དགོས། རྒྱབ་མདུན་གང་ལའང་མ་ལྟོས་པར་བདེན་པའི་ང་རྒྱལ་ཁོ་ནས་ལས་འགུལ་སྤེལ་ན་སྐབས་རེ་ཕན་པ་ལས་གནོད་པ་ཆེ་བ་ཡོང་གི་ཡོད། གང་ལགས་ཞུས་ན་དོ་བདག་རང་དང་འདྲ་བའི་རིགས་སུ་ལ་མཚོན་ནའང་ཡོན་ཏན་ལས་སྐྱོན་མང་བ་ཡོད་པས་གཞན་ཞིག་གིས་ཐད་ཀར་སྐྱོན་མཚང་བཏོན་ན་ཁོང་ཁྲོ་སྐྱེ་ངེས་ཅན་ཡིན་པས་བདེན་པ་ཨུ་ཚུགས་ནི་སེམས་འཁྲུག་པའི་རྒྱུ་ཆགས་ཡོད། དེ་ལྟར་ན་ངང་རྒྱུད་སྲིང་བ་དང་། གོ་སྐབས་དམ་འཛིན། ཐབས་ཇུས་དང་ལྡན་པ་བཅས་ཀྱི་སྒོ་ནས་བདེན་པའི་གསལ་བཤད་དང་གྲུབ་འབྲས་ལ་འབད་དགོས།

 

༣༽ མ་དག་སྐྱོན་ཅན།

སྐྱོན་དུ་མཐོང་བ་རྣམས་ལས་ཡར་རྒྱས་ཕྱིན་པའི་འཕེལ་རིམ་དེ་དག་སྐབས་འདིར་གླེང་གིན་མེད། སུ་ཡིན་རུང་ཉིན་གཅིག་ལ་མཐོང་ཐོས་བྱུང་བའི་གནས་ཚུལ་རིགས་བརྒྱ་ནས་ལྔ་བཅུ་ལྷག་སྐྱོན་གྱི་ཕྱོགས་ནས་ལྟ་བ་དང་སྐྱོན་བརྗོད་བྱེད་ཀྱི་ཡོད་ན་སེམས་འཁྲུག་པའི་གནས་ཚད་མཐོ་བོ་ཡིན་པར་ཤེས་ཐུབ། དུས་གང་མཚམས་ཤིག་ནས་འདི་ལྟ་བུ་ངན་གོམས་སུ་ཤོར་ན་སྣང་བ་དགྲ་ལངས་ཟེར་བའི་དཔེ་ལྟར་གང་བྱས་ཀྱང་མ་འགྲིག་པ། མ་ཚང་བ། མ་འཐུས་པ་སོགས་ཀྱི་སྐྱོན་མང་བའི་འཆར་སྣང་འབྱུང་ཞིང་། དེ་འདྲའི་དུས་ལ་རང་ཉིད་མགུ་བའི་སྣང་བ་དག་པ་དེ་རྩ་མེད་དུ་འགྲོ་བ་ཡིན། ཚབས་ཆེ་ན་རང་སྲོག་རང་གིས་གཅོད་པ་སོགས་བྱེད་བཞིན་ཡོད། དེས་ན་ངུ་བ་ལས་བགད་ན་དགའ་ཟེར་བའི་དཔེ་ལྟར་གང་ཐུབ་ཐུབ་ཀྱིས་བཟང་ཕྱོགས་དང་། ཡོན་ཏན་གྱི་ཕྱོགས་དང་། དག་པའི་ཕྱོགས་ནས་ལྟ་དགོས། འདིས་སེམས་ཞི་བར་བྱེད་པའི་རྒྱུ་མཚན་གྱིས་སྔགས་ཀྱི་ཐེག་པའི་གླེང་གཞི་བྱུང་བ་ཡིན། སྔགས་ཀྱི་ཐེག་པར་ལྷ་དང་ཞིང་ཁམས་སྒོམ་དགོས་ཚུལ་གསུངས་པ་ཡང་མ་དག་པའི་སྣང་བ་ནུབ་ནས་དག་པའི་སྣང་བ་འབྱམས་སུ་ཀླས་པའི་དོན་དུ་ཡིན། དེ་ཡང་དངོས་ཡོད་འཚོ་བའི་ཁྲོད་དུ་ཆུང་ས་ནས་ཡོན་ཏན་གྱི་ཕྱོགས་ནས་ལྟ་བ་དང་ཆེ་ས་ནས་ལྷའི་རྣལ་འབྱོར་ལ་སློབ་དགོས། དག་པ་ལྷ་རྣམ་བསྒོམས་ཀྱང་རྗེས་ཐོབ་འཚོ་བའི་ཁྲོད་དུ་སྐྱོན་ལས་བསམ་རྒྱུ་མེད་ན་དངོས་སྒྲུབ་རྣམ་གཉིས་ཕར་རིའི་སྤང་རྒྱན་ཡིན། ཆུ་ཕོར་བ་ཕྱེད་ལ་ཆུ་འདོད་པའི་མིས་ཆུ་ཕོར་བ་ཕྱེད་ཁེངས་བར་ལྟ་བ་དང་སྤྱིར་བཏང་གི་མིས་ཕོར་པ་ཕྱེད་སྟོང་པ་ཡིན་པར་ལྟ་བས་ལྟ་སྟངས་ལ་ཁྱད་ཆེན་པོ་ཤོར་བར་བརྟེན་འཚོ་བའི་ནང་དུ་དག་སྣང་སྦྱོང་དགོས།

 

༤༽ ངོས་ལེན་མི་ཐུབ་པ།

ངོས་ལེན་མི་ཐུབ་པ་ལ་སྤྱི་དང་སྒེར་གྱི་གནས་ཚུལ་གཉིས་ཡོད། དང་པོ་ནི། ཆོས་ལུགས་དང་། མི་རིགས། རིག་གཞུང་། ཆབ་སྲིད། མོས་པ། ལངས་ཕྱོགས། འདམ་ག ཚོར་སྣང་སྣ་ཚོགས་པ་རྣམས་ཡིན། འདི་དག་ངོས་ལེན་བྱེད་མ་ཐུབ་ན་རྒྱུན་དུ་སེམས་འཁྲུགས་ནས་སྡོད་རྒྱུ་ལས་མེད། གནད་དོན་འདི་དག་ལས་རང་ཉིད་དགའ་ས་དང་མི་དགའ་ས་གཉིས་ཡོད་ཅིང་། མི་དགའ་ས་ལ་འགྱུར་བ་གཏོང་ཐུབ་པ་དང་མི་ཐུབ་པ་གཉིས་ཡོད། འགྱུར་པ་གཏོང་ཐུབ་པའི་རིགས་ངོས་ལེན་བྱེད་སླ་བ་དང་། མི་ཐུབ་པའི་རིགས་ངོས་ལེན་བྱ་རྒྱུར་དཀའ་ལས་ཡོད། འོན་ཀྱང་ང་ཚོས་མི་འདོད་པ་མ་ཟད་འགྱུར་བའང་གཏོང་མི་ཐུབ་པའི་སྤྱི་སྒེར་གྱི་གནད་དོན་མང་པོ་མི་ཚེའི་ནང་ཡང་ནས་ཡང་དུ་ཡོང་གི་ཡོད་པས་ཉུང་ཉུང་མིན། དེས་ན་མི་སུམ་ཅུ་ལ་བསམ་བློ་སུམ་ཅུ། གཡག་སུམ་ཅུ་ལ་རྭ་ཅོ་དྲུག་ཅུ། ཞེས་པའི་གཏམ་དཔེ་ལ་བློ་ཁ་ཕྱོགས་ནས་གཅིག་གྱུར་མིན་པའི་རྣམ་གྲངས་འདི་དག་ལ་སེམས་ཁམས་དང་འབྲེལ་བའི་དགོས་མཁོ་རེ་ཡོད་པ་མཁྱེན་ན་ངོས་ལེན་བྱ་རྒྱུར་དེ་ཙམ་དཀའ་ལས་མེད།
གཉིས་པ་སྒེར་གྱི་གནས་ཚུལ་ནི། རང་སྐྱོན་ངོས་ལེན་བྱེད་མི་ནུས་པ་དང་། རང་ལ་འཕྲད་པའི་དཀའ་ངལ་ངོས་ལེན་བྱེད་མི་ནུས་པ་གཉིས་ཡིན། ཕྱི་མ་དེར་སེམས་ཁམས་རིག་པའི་ཆ་ནས་ཉེན་ཁ་ཆེན་པོར་རྩི་བཞིན་འདུག དེ་ཡང་འབྱུང་མི་སྲིད་པའམ་གཡོལ་ཐབས་མེད་པའི་དཀའ་ངལ་རིགས་རང་གཅིག་པུར་འབྱུང་སྐབས་བསམ་བློས་དང་ལེན་བྱེད་མ་ནུས་ན་སེམས་ནད་ཀྱིས་མནར་བའི་ཉེན་ཁ་ཧ་ཅང་ཆེ། དེས་ན་དཀའ་ངལ་འཕྲད་ཚེ་སྨན་དང་ཆོ་གའི་རིམ་འགྲོ་གྲོགས་སུ་བསྟེན་ན་ཕན་ཐོགས་ལོས་ཡོད། དེ་ལས་ཀྱང་གཙོ་བོ་དཀའ་ངལ་གང་འདྲ་ཞིག་ཡིན་རུང་སུ་ལའང་འཕྲད་སྲིད་པ་བསམ་བློར་འཁོར་ཡོད་ན་གནས་སྐབས་ཀྱི་དཀའ་ངལ་ངོས་ལེན་བྱེད་ཐུབ། ངོས་ལེན་ནུས་པ་ཙམ་གྱིས་སེམས་གུ་ཡངས་སུ་ཕྱིན་ནས་དཀའ་ངལ་ལ་གོམས་འདྲིས་བྱ་རྒྱུའི་ཆོད་སེམས་འབྱུང་བ་དང་། དེ་སེལ་བྱེད་ཐབས་ལམ་འཚོལ་བའི་སྤོབས་པའང་སྐྱེ་བ་ཡིན།

 

༥༽ འདོད་རྔམས་ཆེ་བ།

འདོད་རྔམས་ཆེ་བའི་མི་ཕལ་ཆེ་བར་བདེ་སྐྱིད་ལ་ས་མཚམས་ཞིག་ཡོད། ས་མཚམས་དེ་ནི་ཐོབ་དང་སྙན་པ། རྒྱུ་སོགས་ཚད་འདི་ཙམ་ཞིག་བྱུང་ན་བསམ་པ་དེའོ། ཚད་གཞི་འདི་རང་ཉིད་ལ་ཐོབ་པ་ལས་ཀྱང་གསུམ་འགྱུར་གྱིས་མང་བ་དང་མཐོ་བ་དང་རིང་བ་ཡིན། རང་ལ་ཐོབ་པ་དང་རང་གིས་འདོད་པ་གཉིས་ཀྱི་དབར་ལ་བར་ཐག་རིང་པོ་ལྷགས་པའི་སྐབས་སུ། ཐོབ་པ། འཐུས་པ། ཚང་བ། འགྲིག་པ་བཅས་ཀྱི་ཚོར་སྣང་མི་འབྱུང་བས་སེམས་འཁྲུག་པར་འགྱུར། འདི་གཉིས་ཀྱི་བར་ཐག་ཉེ་རུ་གཏོང་བའི་ཐབས་སུ་སངས་རྒྱས་ཀྱིས་འདོད་ཆུང་ཆོག་ཤེས་ཀྱི་ཉམས་ལེན་གྱི་རིམ་པ་གསུངས་མོད། འདིར་གོ་བདེ་བའི་ཚིག་ཅིག་བེད་སྤྱོད་གཏོང་འདོད་པ་ནི། དགོས་ངེས་བསྟེན་པ། ཞེས་པ་འདི་ཡིན། དེ་ཡང་ལས་འགན། ཤེས་ཡོན། གོ་གནས། མ་རྩ་སོགས་དང་རན་པའི་དགོས་ངེས་བསྟེན་དགོས། ཚོང་ཁང་དུ་འགྲོ་བའི་སྐབས་ལྟ་བུར་མཚོན་ན། འདོད་རྔམས་ཀྱི་དབང་དུ་སོང་ནས་དེ་མ་ཐག་དངུལ་འདང་མིན་མི་རྩི་བར། རང་གིས་རང་ལ་དགོས་ངེས་ཅི་ཙམ་ཡོད་མེད་འདྲི་དགོས། དངོས་ཡོད་འཚོ་བའི་ནང་དུ་ཉོ་མ་ཐུབ་ནས་ལུས་པའི་ཚོར་བ་དང་། ཉོ་མ་ཐུབ་ཀྱང་དགོས་ངེས་མིན་པར་མཐོང་ནས་བློས་བཏང་བའི་ཚོར་བ་གཉིས་ལ་ཁྱད་པར་ཆེན་པོ་ཡོད། མདོར་ན་ཉེར་མཁོའི་ཆ་རྐྱེན་དགོས་ཀྱང་འདོད་རྔམས་ཀྱི་རྒྱས་སྤྲོས་མི་དགོས།

 

༦༽ བློ་ཁོག་ཆུང་བ།

ང་ཚོའི་སྤྱི་ཚོགས་ནང་དུ་མི་དེ་ལ་བློ་ཁོག་འདུག གང་ཡིན་ཟེར་ན་གཞན་སྐྱོན་ཐད་ཀར་བརྗོད་ནུས་ཟེར། བསམ་བློ་ཞིབ་ཏུ་བཏང་ན་བློ་ཁོག་ཆེ་རྒྱུ་གང་ཡང་མི་འདུག གཞན་གྱི་ཡོན་ཏན་མི་བཟོད་པ་ནི། གུ་ཡངས་དང་བཟོད་བསྲན། བློའི་ཁོག་ཆེ་བ་བཅས་ཀྱི་སེམས་ཁམས་དང་དངོས་སུ་འགལ་བ་ཡིན། དེ་ལྟར་ན་བློ་ཁོག་ངོ་མ་ནི་གཞན་གྱི་ཡོན་ཏན་བརྗོད་རྒྱུ་དེ་རེད་འདུག གཞན་གྱི་སྐྱོན་དང་ཡོན་ཏན་བརྗོད་པ་གཉིས་བསྡུར་ན་གཞན་སྐྱོན་བརྗོད་རྒྱུ་འདི་ལྡབ་འགྱུར་གྱིས་སླ། རང་ཉིད་ལ་མཚོན་ནའང་གཞན་གྱི་ཡོན་ཏན་ཐོས་ཚེ་ཕྲག་དོག་དབང་གིས་གཞན་ལ་དགག་ཅི་ནུས་ཀྱིས་དངོས་ཤུགས་བརྒྱུད་ནས་སྐྱོན་བརྗོད་བྱེད་ཀྱི་ཡོད་ལ། བཟོད་བསྲན་དང་གུ་ཡངས་པའི་བློ་ཁོག་གི་མྱོང་ཚོར་ཡོང་གི་མེད། དེ་བཞིན་ང་ཚོས་བློ་ཁོག་ཆེན་པོར་རྩི་བའི་མི་རྣམས་ཀྱི་ཞལ་ནས། སུ་གཅིག་ལ་ཧ་མི་ལས། གཞན་ལ་རྩི་མི་དགོས། གུས་མི་དགོས། ཉན་མི་དགོས་ཞེས་གསུང་གི་ཡོད། གསུང་སྟངས་ལ་བརྟགས་ན་ཁོང་རྣམ་པར་གཞན་གྱི་ཕུན་ཚོགས་བཟོད་པའི་བློ་རྒྱ་མེད་པ་གསལ་པོ་རེད། བློ་རྒྱ་དང་བཟོད་བསྲན་མེད་པ་ཞིག་ལ་བློ་ཁོག་ཆེན་པོར་རྩི་བའི་སྲོལ་རྒྱུན་ངན་པ་འདི་དེང་སང་ཡར་ཐོན་གྱི་རྒྱལ་ཁབ་ཁག་གི་ནང་དུ་དར་ཡོད་ན། གནམ་ཐང་དང་། མེ་འཁོར་དང་རླངས་འཁོར་འབབ་ཚུགས། ཁྲོམ་ཚོགས་རྣམས་སུ་དགོངས་དག་དང་ཐུགས་རྗེ་ཆེ་ཞེས་པའི་ཚིག་སྙན་པོ་འདི་དག་གི་ཚབ་ཏུ། མིག་ཞར་རམ། མཐོང་གིན་མི་འདུག་གམ། གོ་མ་བྱུང་ངམ་ཟེར་བའི་སེམས་འཁྲུགས་པའི་འུར་སྒྲ་དིར་རེ་ཡོད་ཚོད་རེད། དེས་ན་གཞན་གྱི་ཡོན་ཏན་ཐོས་ཚེ་དགག་པ་རྒྱག་རྐྱང་བྱེད་པ་ལས་སྐབས་རེ་ཨུ་ཚུགས་དང་། སྐབས་རེ་དག་སྣང་དང་། སྐབས་རེ་ཡོན་ཏན་ལ་དྲང་པོའི་ཐོག་བསམ་བློ་བཏང་སྟེ། རེད་རེད། དེ་རང་རེད། ངོ་མ་རེད། ཅེས་ཡོན་ཏན་བརྗོད་ན་རྗེས་སུ་ཡི་རངས་བའི་བསམ་བློ་རིམ་གྱིས་འཕེལ་ནས་ཡིད་ལ་བདེ་བ་མྱོང་ངེས་ཡིན་ནོ།།

 

གསུམ་པ། ཕྲ་རྒྱས་སྤངས་པ་མ་ཡིན་པ།

ཕྲ་རྒྱས་སྤངས་པ་མ་ཡིན་པ་ཞེས་པ་གཙོ་ཆེ་བའི་དབང་དུ་བྱས་ནས་གསུངས་པ་ཡིན། སྤྱིར་བཏང་གི་ཆ་ནས་ཉོན་མོངས་ཀྱི་སྟོབས་ཙམ་ལ་མ་ལྟོས་པར་ལུས་ཕུང་གི་རིགས་རྒྱུན་དང་། ལུས་ཕུང་གི་གྲུབ་ཆ། དེར་བརྟེན་པའི་གོམས་གཤིས། ནད་རིགས་སོགས་ལས་ཀྱང་སེམས་ཁམས་འཁྲུག་པ་ཡིན། དེ་དག་གི་ཐབས་ལམ་གྱི་རིམ་པའང་སྣ་ཚོགས་ཡོད་སྐད་ཐོས། འོན་ཀྱང་གཙོ་བོ་ནི་བདག་མེད་རྟོགས་པའི་ཤེས་རབ་དང་འགལ་བའི་ཉོན་མོངས་པ་འདི་དག་སེམས་འཁྲུག་པའི་རྒྱུ་རྐྱེན་ཡིན་པ་སྟེ།

སྤྱོད་འཇུག་གི་ལེའུ་བཞི་པ་བག་ཡོད་བཤད་པ་ལས།

ཞེ་སྡང་སྲེད་སོགས་དགྲ་རྣམས་ནི། །རྐང་ལག་ལ་སོགས་ཡོད་མིན་ལ། །
དཔའ་མཛངས་མིན་ཡང་ཅི་ཞིག་ལྟར། །དེ་དག་གིས་བདག་བྲན་བཞིན་བྱས།
བདག་གི་སེམས་ལ་གནས་བཞིན་དུ། །དགའ་མགུར་བདག་ལ་གནོད་བྱེད་པ། །
དེ་ལ་མི་ཁྲོ་བཟོད་པ་ནི། །གནས་མིན་བཟོད་པ་སྨད་པའི་གནས། །
གལ་ཏེ་ལྷ་དང་ལྷ་མིན་རྣམས། །ཐམས་ཅད་བདག་ལ་དགྲར་ལངས་ཀྱང༌། །
དེ་དག་གིས་ཀྱང་མནར་མེད་པའི། །མེ་ནང་འཁྲིད་ཅིང་འཇུག་མི་ནུས། །
ཉོན་མོངས་སྟོབས་ཅན་དགྲ་འདིས་ནི། །གང་དང་ཕྲད་ན་རི་རབ་ཀྱང༌། །
ཐལ་བ་ཡང་ནི་མི་ལུས་པ། །དེར་བདག་སྐད་ཅིག་གཅིག་ལ་འདོར། །
བདག་གི་ཉོན་མོངས་དགྲ་བོ་གང༌། །དུས་རིང་ཐོག་མཐའ་མེད་པ་ལྟར།
དགྲ་གཞན་ཀུན་ཀྱང་དེ་ལྟ་བུར། །ཡུན་རིང་ཐུབ་པ་མ་ཡིན་ནོ། །
མཐུན་པར་རིམ་གྲོ་བསྟེན་བྱས་ན། །ཐམས་ཅད་ཕན་དང་བདེ་བྱེད་ན། །
ཉོན་མོངས་རྣམས་ནི་བསྟེན་བྱས་ན། །ཕྱིར་ཞིང་སྡུག་བསྔལ་གནོད་པ་བྱེད། །ཅེས་གསུངས་པ་ལྟར་རོ།།

སྤྱི་ལོ་ ༢༠༡༥།༦།༣༠ ཉིན་ནུབ་གླིང་འཇར་མན་རྒྱལ་ས་བྷོར་ལེན་དུ་དོལ་པོ་སྤྲུལ་སྐུར་འབོད་པས་བྲིས་པའི་རྣམ་དཀར་གྱི་དགེ་བས་འཛམ་གླིང་ཞི་བདེའི་རྒྱུར་སྨོན།། །།

࿇འཆད་པ་པོའི་བཀའ་འཁྲོལ་ལྟར་ངག་དབང་ལྷུན་གྲུབ་ཀྱིས་འོས་སྦྱོར་བྱས།

གསུང་བཤད།

Post navigation

Previous Post: སྐྱོ་གདུང་ངག་གི་འགྱུར་ཁུགས།
Next Post: མི་ཚེ་འདུ་འབྲལ་གྱི་བཞུད་ལམ་རིང་མོ།

Comments (2) on “སེམས་ཁམས་འཁྲུག་པའི་རྒྱུ་རྐྱེན།”

  1. ལ་དྭགས་བློ་བཟང་འཇམ་དཔལ་ says:
    2016-09-12 at 5:40 am

    དོལ་པོ་སྤྲུལ་སྐུ། མཆོག་དོལ་པོ་པ་ཤེས་རབ་རྒྱལ་མཚན་གྱི་སྐུ་སྐྱེས་ཡིན་ན། སྐད་ཀྱི་མིང་ཚིག་ཕལ་ཆེ་བ་ལེགས་པ་འདུག འོན་མིང་ཚིག་མང་པོར་དིང་དུས་འབྲི་བ་པོ་དག་གི་སླད་ཞུགས་ཏེ་བོད་ཀྱིས་མཁས་རྣམས་ཀྱིས་བྲིས་པའི་མིང་ཚིག་དག་ཆ་དང་མི་མཐུན་པ་མང་ངོ་། དེ་དག་ལས་འགའ་ཞིག་གླེང་བ་ནི།
    ་
    འདོད་པར་མ་ཟདལ། འདོད་པ་མ་ཟད། ཅེས་ར་ཡིག་གི་མུ་གེ་ཤོར།
    ་
    ཐེངས་གསུམ་པ་ཞེས་ཕལ་སྐད་ལ་ཟེར་ཡང་བོད་མཁས་པས་བྲིས་པའི་གཞུང་དཔེ་དག་ན། ལན་གསུམ་པ་མ་གཏོགས་མེད།
    ་
    དངུལ་འདང་མིན་།

    སྤྱོད་འཇུག་ལས།
    ས་སྟེང་འདི་དག་ཀོས་གཡོག་ཏུ།
    དེ་སྙེད་ཀོ་བས་ག་ལ་ལྡང་།
    ལྷམ་མཐིལ་ཙམ་གྱི་ཀོ་བས་ནི།
    ས་སྟེང་ཐམས་ཅད་གཡོགས་དང་འདྲ།།
    ་
    ལྡང་ཞེས་འབྲི་དགོས་པ་ལས། འདང་། ཞེས་བྲིས་ཏེ། བོད་སྐད་ལ་གནོད་པ་སྐྱེལ་བ་མ་ཡིན་ནམ། འདང་། ཞེས་པནི། ཆུ་རྙོགས་དྭངས་པའི་ད་ལྟ་བར་འཇུག

  2. ཀརྡོ་རབ་འབྱམས་པ་ says:
    2016-09-12 at 6:12 am

    ་་་་་་་་ འདང་། ཞེས་པནི། ཆུ་རྙོགས་དྭངས་པའི་ད་ལྟ་བར་འཇུག ་་་་་་་་

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (95)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (67)
  • ཨེ་ལི་སི། (53)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (36)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme