རེབ་ཐོག་མདའ།
*ཆར་པ*
སྒེའུ་ཁུང་ལས་ཆར་པ་འབབ་ཀྱིན་འདུག
ཉིན་མཚན་བསྟུད་ནས་འབབ་ཀྱིན་འདུག
ཆར་པ་དེ མཛའ་མོ་ཞིག་གི་མིག་ཆུ་བཞིན
གས་ཆག་ཤོར་བའི་སེམས་པ་འདི
ཕྱི་ནང་ལ་བབས་སོང་
ཡོལ་བའི་རྒྱབ་ལོགས་ཀྱི་འཇིག་རྟེན་ན
སུ་ཞིག་གི་སྨྲེ་ངག་གྱེར་བ་བཞིན
ཆར་པ་དེ་འབྲུག་སྒྲ་དང་སྡེབ་ནས་འབབ་ཀྱིན་འདུག
ཧ་ཅང་གདུག་རྩུབ་ཀྱི་ངང་ནས་འབབ་ཀྱིན་འདུག
ཆར་པ་འདི
ས་ཆེན་པོའི་ངོ་གདོང་ལ་འབབ་དུས
རི་བོ་དང་གཙང་པོས་འཁུར་ཨེ་འགྲོ་སྙམ་ནས
བདག་རང་དབང་མེད་པར་འདར་ཟུག་ཅིག་རྒྱག་དགོས་སོང
*བསང་ཁྲི་ཞིག་དྲན་པ*
བསང་ཁྲི་དེ ང་ཚོའི་སྡེ་བའི་རྒྱབ་ཕྱོགས་སུ་ཡོད
བསང་ཁྲི་དེར ཁ་དོག་མེད་ལ
མིང་ཤེས་མཁན་ཡང་མེད
ནམ་རྒྱུན་བསང་ཁྲིའི་ངོ་གདོང་སྐྱ་བོ་ཡིན་པས
རླུང་བུ་མ་ལྡང་རུང ཆར་བ་མ་བབས་རུང
བསང་ཁྲི་དེར་བསང་ཕུལ་མཁན་ཧ་ཅང་ཉུང་
མཚམས་ལ་ལར་བྱིས་པ་བྲ་ཚག་འགས
བསང་ཁྲིའི་སྟེང་ནས་ཡར་མར་མཆོངས་ཏེ
བསང་ཁྲི་དེ་ཁ་ཤོ་སྣ་རལ་བཟོས་ཡོད་ན་ཡང
བསང་ཁྲི་དེ་རྩ་བ་བརྟན་ལྷང་ངེར་གནས་ཡོད
དབྱར་ཟླ་དྲུག་པ
བསང་ཁྲི་དེར དཀར་སོབ་སོབ་ཀྱི་འོ་ཞོ་མཆོད་མཁན་མང་ལ
ཡུལ་ལྷ་གཞི་བདག་ཡང་མང་པོ་འཛོམས་ཡོད་རབས་ཟེར
སྡེ་མི་རྒན་པ་ཚོས་བསང་ཁྲི་དེར་བསང་ཕུལ་མྱོང་བ་ལས
བསང་ཁྲི་དེའི་ལོ་རྒྱུས་ཤེས་མཁན་གཅིག་ཀྱང་མེད་པས
ན་ནིང་གཞུང་ལམ་བཟོ་དུས་བསང་ཁྲི་དེ་ང་ཚོ་དང་དུས་གཏན་ཏུ་གྱེས་དགོས་བྱུང་
བྱིས་དུས་ཀྱི་བཞུགས་ཁྲི་འདྲ་བའི་གསང་ཁྲི་དེ
ངའི་ལས་དབང་དང་འདྲ་བར
སྡེ་བ་དེའི་མི་རབས་གསར་པ་ཚོའི་མིག་ཟུང་དང་བྲལ་སོང་བས
བདག་གིས་བསང་ཁྲི་དེ་ཡང་བསྐྱར་གླེང་དགོས་སོང་
*རྨི་ལམ་གཞན་ཞིག*
རྨི་ལམ་ལས་སད་དུས
བདག་གིས་རྨི་ལམ་གཞན་ཞིག་གི་སྣེ་མོ་བཏེགས་ཏེ་འདུག
རྨི་ལམ་ལས
མག་མོག་གི་ཟླ་བ
བདག་གི་སྒེའུ་ཁུང་ནང་ལྷུང་སོང་ལ
རྒྱུ་སྐར་གྱི་ཚོགས་ཀྱང་ བདག་དང་ཐག་ཉེའི་རི་རྩེ་ན་འཚེར་བཞིན་འདུག
ཡོད་ཚད་འཇིག་རྟེན་གཞན་ཞིག་དུ་སྣང་བས
བདག་གིས་རང་ཉིད་ལ་དབང་བའི་གཞི་ཁྱིམ་ཞིག་རྙེད་མ་སོང
རྨི་ལམ་ལས
བདག་སྤྲིན་པའི་རྟ་ཕོ་ལ་ཞོན་ནས
དགུ་ཚིགས་ཀྱི་བྲང་གཞུང་བརྒྱུད་དེ་གང་ཞིག་ལ་ཆས་ཀྱིན་འདུག་མོད
འོན་ཀྱང་
སྒེའུ་ཁུང་ནང་གི་ཟླ་བ
ད་དུང་ཡང་རྨི་ལམ་གཞན་དེའི་སྣེ་མོ་ལ་འཐམ་སྟེ་འདུག
*རྒྱང་རིང་གི་ཕ་ཡུལ།*
ཞོགས་པ་སྒོ་ཕྱེ་ཐེངས་རེར
སྟོད་ཀྱི་གངས་རི་དེ་མིག་ལ་ཟགས་འོང་ལ
གངས་རིམཐོང་ཐེངས་རེར
བསམ་གཞིགས་འདིས་སྣེ་མོ
རླུང་བུ་འཇམ་པོ་དེ་དང་འགྲོགས་ནས
མེ་ཏོག་ལྷུག་ལྷུག་ཏུ་དགོད་པའི
འབྲི་མོ་དང་གཡང་དཀར་ཁོ་ན་ལ་དབང་བའི
ཞོ་དང་འོ་མ་ཡི་ཕ་ཡུལ་དེར་འཁྲིད་འགྲོ
ཞོགས་པ་གངས་རི་མཐོང་ཐེངས་རེར
ཕ་ཡུལ་ད་དུང་ཡང་
བདག་དང་ཐག་ཉེ་ཉེར་སྣང་
*བརྩེ་བ*
ཆར་ཆུས་བརླན་པའི འཛུམ་ཀྱིས་བྲིས་པའི
ན་ནིང་གི་དབྱར་ཟླ་དྲུག་པ་དེ་ཡིན་ནམ
ཡང་ན་སུས་ཀྱང་མཐོང་མ་མྱོང་བའི་མིང་མེད་ཀྱི་མེ་ཏོག་ཆུན་པོ་དེ་ཡིན
མི་ལ་ལས ཁྱོད་ནི་ཁྱོད་དེ
ཚོར་བ་གསོན་པོ་ཞིག་གི་རྒྱབ་མདུན་ན
དུངས་པ་ཟབ་མོ་ཞིག་གི་ཁུགས་སོ་ན
དུས་ནམ་ཡང་བྲལ་མི་འདོད་པའི་འཚོ་བ་ཞིག་གི་ཁ་དོག་རེད་ཟེར
གལ་སྲིད
ཁྱོད ཚོར་བ་དྲོན་མོ་ཞིག་གི་ནང་རོལ་ན་སྨིན་པའི
ཐ་སྙད་གསོན་པོ་ཞིག་གི་སྣེ་མོ་ན་བཞུར་བའི
སེམས་པ་དམར་པོ་ཞིག་གི་གཞིས་ཁྱིམ་ཡིན་ན
བདག་གི དབྱར་ཁ་ལྟ་བུའི་མཛེས་སྡུག་ཅིག
མཛའ་བོ་ལྟ་བུའི་དུངས་པ་ཞིག
ཁྱོད་ཀྱི་བྲང་གཞུང་ལ་འཛུགས་ན་བསམ།
ཕྱི་ལོ ༢༠༡༣ ལོའི་ཟླ ༦་ཚེས་ ༡༡ ་ལ་དཔེ་མཛོད་ནས།
ངའི་སྒེའུ་ཁུང་གི་ཁ་གནམ་ལ་གཏད་ཅིང་ཤེལ་སྒོ་མེད་པས། སྒེའུ་ཁུང་ལས་ཆར་བ་བབས། ཁང་པའི་ནང་དུ་ཆར་ཆུ་མཚོ་མོ་ལྟར་འཁྱིལ་སོང་། ངས་གྲུ་ཆུང་གཏོང་གིན་ཡོད།