Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

སེམས་ཀྱི་བཤོལ་འདེབས།

Posted on 2012-03-11 By ཁ་བརྡ་ 6 Comments on སེམས་ཀྱི་བཤོལ་འདེབས།

སེང་གེ།
༄༅། །སྙིང་བརྩེ་བའི་སྤུན་ཟླ་རྒྱལ་གཅེས་གངས་ཅན་པ་ཡོངས་ལ་ཆེད་ཞུ།

ཁྱེད་ཅག་གིས་བདག་ངོ་ཡང་ཤེས་རྒྱུ་མ་རེད་ལ། དེ་བཞིན་བདག་ལའང་ཁྱེད་ཅག་རེ་རེ་ནས་ཆ་རྒྱུས་ཆེན་པོ་ག་ལ་ཡོད། འོན་ཀྱང་དེ་དག་གཙོ་བོ་མ་རེད། བཟློག་ཏུ་མེད་པ་ནི། བདག་ཅག་འགྲོ་བ་མི་ཡིན་པ་གཅིག་མཚུངས་དང་། བསྒྱུར་དུ་མི་བཏུབ་པ་ནི། བདག་ཅག་ཤ་ཁྲག་གཅིག་འདྲེས་ཀྱི་སྤུན་ཟླ་མིང་སྲིང་ཟེར་བ་དེ་རེད། དེའི་ཕྱིར་བདག་ཁྱེད་ཅག་ལ་བརྩེ་ཞིང་། ཁྱེད་ཅག་ཀྱང་བདག་ལ་འདང་ཡོད་ངེས། དེ་བས་ཁྱེད་ཅག་ལམ་ལ་མ་ཆས་པའི་སྐད་ཅིག་མ་འདིར་བདག་ལ་ཅུང་ཟད་གསོན་དང་། ངས་བཤད་འདོད་པའི་སྐད་ཆ་འགའ་ཤར་སེ་བཤད་ཆོག
གཅིག༽ སྤྱིར་མིའམ་འགྲོ་བ་སུ་ཞིག་ཡིན་རུང་རང་ལ་བདོག་པའི་ཚེ་སྲོག་ལས་ལྷག་པའི་གཏོང་སྦྱིན་འོས་པའི་དངོས་པོ་རྩ་ཆེན་ཞིག་རྙེད་དུ་མེད་ལ། དེ་ཡང་འཆི་རྒྱུར་སྐྲག་པ་ཙམ་དང་། འདི་སྣང་གི་བདེ་བ་ཙམ་པོ་བར་ཞེན་པ་ཙམ་རྒྱུ་མཚན་དུ་བྱས་པ་མ་ཡིན་པར། ཚེ་སྲོག་ནི། རླབས་ཆེ་བའི་བྱམས་བརྩེ། གཏིང་ཟབ་པའི་ཤེས་རབ། རྣོ་ཞིང་མྱུར་བའི་སུམ་གདུང་བར་མའི་ཚོར་འདུ་སྣ་ཚོགས་ཀྱི་གཞི་དང་རྟེན་ཡིན་པས་ན་དང་། ཚེ་སྲོག་ནི། དཔའ་འཛངས་དེས་གསུམ་དང་། མཁྱེན་བརྩེ་ནུས་གསུམ། མཁས་བཙུན་བཟང་གསུམ། འཆད་རྩོད་རྩོམ་གསུམ་སོགས་འགྲོ་བ་མི་ཡི་ཐུན་མིན་ཁྱད་ཆོས་ཀྱི་ཡོན་ཏན་མཐའ་དག་གི་གཞུང་ཤིང་ཉེག་གཅིག་ཏུ་གྱུར་བས་ནའོ། །དེ་བས་ཚེ་སྲོག་གི་གཏོང་སྦྱིན་ནི། སྦྱིན་གཏོང་ཐམས་ཅད་ཀྱི་ནང་ནས་རབ་ཀྱི་ཀྱང་རབ་དང་། རྩེ་མོའི་ཡང་རྩེ་མོར་གྱུར་བ་བརྗོད་ག་ལ་དགོས། རིན་ཐང་དེ་དག་གི་དངོས་ནས་བསམ་ན། བདེན་དོན་དང་རང་དབང་གི་ཆེད་དང་། གཞན་ཕན་དང་ཞི་བདེ་ཡི་ཆེད། བསྟན་སྲིད་དང་མི་རིགས་ཀྱི་ཆེད་དུ་ཚེ་སྲོག་གི་གཅེས་ནོར་མེ་དཔུང་གི་ཀློང་དང་། མེ་མདའ་ཡི་ཁ་རུ། ཕངས་སེམས་དང་གནོང་འགྱོད་མེད་པར། དཔའ་འཛངས་དང་སྙིང་སྟོབས་ཆེན་པོས་ཕུལ་ཟིན་པ་དང་། འབུལ་བཞིན་པ། དབུལ་བར་འགྱུར་བ་སུ་དང་སུ་ཡིན་རུང་། ང་ཚོས་སྒོ་གསུམ་གྱི་མ་གུས་པ་རྩད་ནས་སྤངས་ཏེ་གུས་པ་ལྷུར་ལེན་སའི་དཔའ་བོ་དཔའ་མོ་ཡིན་ལ། སེམས་དཔའ་དང་སེམས་མའང་ཅི་ལ་མིན། དེ་བཞིན་ལོ་རྒྱུས་ཀྱི་གླགས་བམ་ཁྲོད་དུ། གསེར་འོད་ཆེམ་ཆེམ་འཕྲོ་སའི་ཡིག་འབྲུ་དག་ཀྱང་དཔའ་བོ་དཔའ་མོ་དེ་དག་གི་མཚན་བྱང་ཡིན་ངེས།

གཉིས།༽ སྤྱིར་ཤེས་པ་ཐད་སོར་གནས་པའི་འགྲོ་བ་མི་ཞིག་ལ་མཚོན་ན། རང་གི་ཚེ་སྲོག་རང་ཉིད་ཀྱིས་གཏོང་སྦྱིན་གནང་བ་ནི། རླབས་ཆེ་ཞིང་གཟི་བརྗིད་ལྡན་ཙམ་དུ་མ་ཟད་ཐོབ་ཐང་ལས་ཀྱང་ཐོབ་ཐང་། རང་དབང་ལས་ཀྱང་ཆེས་རང་དབང་ཞིག་ཏུ་བརྩི་མི་འོས་པ་ཅི་ལ་ཡོད་ཨང་། རེད་ད་དེ་འདྲ་རེད་ཀྱང་། ང་ཚོ་བོད་མི་ཞིག་ལ་མཚོན་ནས་དང་། རང་བདེ་གཞན་ཕན་གྱི་ལམ་བུ་སྙེག་བཞིན་པ་ཞིག་གི་དངོས་ནས་བསམ་ན། དེའང་དེ་འདྲའི་གནང་ཆོག་ཅིག་ཏུ་མཐོང་དཀའ་སྟེ། སྤྱིར་ཚེ་སྲོག་གི་ཁྱད་ཡོན་གྱི་དངོས་ནས་མ་བསམ་ནའང་། བོད་མི་གྲངས་ཉུང་ཞིང་ཁ་ཐོར་དུ་གནས་པས་ན། གྲངས་ཀྱི་དངོས་ནས་ཀྱང་ཚེ་སྲོག་གཅིག་ཙམ་ཡང་ཧ་ཅང་གལ་ཆེ་བའི་ཚོད་དུ་ཡོད། དེ་ཙམ་དུ་མ་ཟད་རིན་ཐང་གི་དངོས་ནས་ཀྱང་རང་ཉིད་ཡུན་རིང་ཙམ་དུ་འཚོ་བ་གལ་ཆེ་སྟེ། རང་གི་ཚེ་ཐག་རིང་ན། ལུས་ཀྱིས་ལྕོགས་ཚོད་དང་། རྣམ་དཔྱོད་ཀྱིས་འདང་ཚོད་ཀྱིས་ཡུལ་དུས་གནས་སྐབས་གང་ཡིན་རུང་རླབས་ཆེ་ཞིང་རིན་ཐང་ལྡན་པའི་ལས་འགུལ་གང་མང་སྤེལ་ཐུབ་ངེས། དེ་མིན་མེ་མདའི་སྐད་སྒྲ་ཞིག་གི་ཁྲོད་དུའམ། དམར་ལྷབ་ལྷབ་ཀྱི་མེ་ཕུང་ཞིག་གི་ཀློང་དུ་རོ་དང་འདྲ་བའི་ཤ་ཁྲག་གི་བེམ་པོ་དེ་འཐིམ་འགྲོ་བ་མ་ཟད་། གསེར་དང་འདྲ་བའི་རྣམ་དཔྱོད་ཀྱི་ཤེས་རབ་དེའང་ཡལ་འགྲོ་བས། དེ་ལས་ཕངས་ཤིག་གང་ན་ཡོད། འོན་ཀྱང་ཕངས་པ་ཙམ་ཅི་ཡང་མིན་ནའང་དེའི་རིན་དོད་དུ་ཐོབ་འོས་པ་ཅི་ཞིག་ཐོབ་བམ། དེས་ཕ་རོལ་པོ་ལ་གཡོ་འགུལ་ཅི་ཙམ་ཐེབས་སམ། ད་དུང་རང་ཕྱོགས་ནས་དཔའ་བོ་སྟག་འདྲ་དང་། དཔའ་མོ་གཟིག་འདྲ་ཞིག་ཉུང་དུ་ཕྱིན་པ་མིན་ནམ། ད་དུང་རང་ཕྱོགས་ནས་ཤེས་རབ་ཀྱི་རང་གཟུགས་ཤིག་དང་། སྙིང་སྟོབས་ཀྱི་ཕུང་བོ་ཞིག་ང་ཚོ་དང་དགྱེས་སོང་བ་མ་ཡིན་ནམ། ད་དུང་ཡུལ་དུས་གནས་སྐབས་ཀྱི་སྒོ་ནས་གལ་འགངས་འདི་ལས་ཆེ་ཞིང་། གནད་འགག་འདི་ལས་ཚ་བའི་ཉི་མ་ཞིག་ཡོད་ངེས་ལ། ཉི་མ་དེ་སླེབས་དུས་བློ་གྲོས་དང་དཔའ་སྤོབས་རབ་ཏུ་མངའ་བའི་དཔའ་བོ་དཔའ་མོ་ཁྱེད་ཅག་མེད་སོང་ན། ང་དང་ང་འདྲའི་སྡར་མའི་ཁྱི་ཚོགས་དེས་ཅི་ཞིག་བྱ། བློས་གཏོང་དང་གཞན་ཕན་གྱི་སེམས་བསྐྱེད་ཕྱིར་མི་ལྡོག་པའི་སེམས་དཔའ་སེམས་མ་ཁྱེད་ཅག་བཞུད་སོང་ན། ཁ་ལས་ལག་ལེན་ཅི་ཡང་མེད་པའི་རང་དོན་འབའ་ཞིག་པ་ང་ཚོས་ཅི་ཞིག་ནུས། གོ་སྐབས་ནི་སྐད་ཅིག་སྐད་ཅིག་གིས་ཡལ་འགྲོ་བས་ནམ་ཞིག་གོ་སྐབས་ཤིག་སླེབས་ཀྱང་། མིའི་རིགས་ཀྱི་སྐྱེས་མཆོག་ཁྱེད་ཅག་མེད་སོང་ན། རང་དོན་ཉི་ཚེ་བ་ལས་གང་ཡང་བསམ་མི་ཕོད་པའི་སྙིང་མེད་སྐྱག་ཤོར་ང་དང་ང་ཚོས། རྩ་ཆེ་བའི་གོ་སྐབས་བཟང་བོ་དེ་ཇི་ལྟར་འཇུ་ནུས་སྙམ་པའི་བློ་དོགས་དང་སྔངས་སྐྲག་བདག་ལ་ཤིན་ཏུ་ལས་ཀྱང་ཤིན་ཏུ་ལྕིའོ། །
གསུམ།༽ རྒྱུ་མཚན་དང་དོན་དངོས་དེ་དག་གི་ཆ་ནས་དང་། ཡུལ་དུས་གནས་སྐབས་འོས་མིན་གྱི་དབང་གིས་དང་། རླབས་ཆེན་གྱི་བྱ་བ་གཙོ་ཕལ་གྱིས་བསྒྲུབ་དགོས་པ་སོགས་མང་བོ་མང་བོ་ཞིག་ལ་བསམ་བློ་བཏང་ན། བརྟགས་ཤིང་དཔྱད་ན་ཡུལ་དུས་གནས་སྐབས་ད་ཚོད་ཅིག་ལ་ང་ཚོས་གདམ་གསེས་མཐའ་མ་འདི་གདམ་དགོས་དོན་མེད་པ་འདྲ་བའམ་། གདམ་ཀྱང་ཕན་ཆ་དེ་ཙམ་མེད་པ་འདྲ་བས་ན། ངས་རང་གི་ཁ་སྟབས་སྐྱོ་བོ་དེ་བརྗེད་པར་བྱས་ཤིང་། ངོ་ཚ་ཕྱི་རུ་གཡུགས་ཏེ་དེ་རིང་ནས་དུས་ཡུན་ངེས་ཅན་ཞིག་གི་བར་ལ་རང་སྲོག་མཆོད་འབུལ་མི་གནང་རྒྱུའི་བཤོལ་འདི་བཏབ་པ་ཡིན།
ཐ་མའི་ཚིག་འགའ།༽
ངས་འདི་ལྟར་བཤད་པ་ནི། ལྟོས་འཇོག་དང་། གཙོ་ཕལ་གྱིི་ཆ་ནས་བཤད་པ་ལས། གཞན་དུ་ན་རྒྱལ་གཅེས་དཔའ་བོ་དཔའ་མོ་དེ་དག་གིས་རང་སྲོག་མཆོད་འབུལ་བྱས་པ་ལ་རིན་ཐང་དང་བྱས་རྗེས་མེད་པ་དང་། རླབས་ཆེན་དང་གཟི་བརྗིད་ལྡན་པ་མ་རེད་ཅེས་གཞར་ཡང་ལབ་རྒྱུ་གླེང་རྒྱུ་ནི་བདག་དང་གཞན་སུ་ཡིན་རུང་དཔེ་མི་སྲིད་པ་ལོས་ཡིན་ལ། རྒྱ་ལ་དེ་ལྟར་ལབ་གླེང་གིས་འུར་རྒྱག་མཁན་ཞིག་ཡོད་དུ་མཆི་ན། དེ་ལ་རྒྱུ་མཚན་དང་གནས་ལུགས་དཔང་གཞག་གིས་དགག་སྒྲུབ་ཀྱིས་གཡུལ་ཆེན་བཤམ་རྒྱུ་འོ་སྐོལ་ཚོའི་ལས་འགན་ཡིན་པ་སེམས་སུ་ཉར་ཡོད།
མཐར་གངས་ཅན་བོད་ཀྱི་འདས་མ་ད་གསུམ་གྱི་དཔའ་བོ་དཔའ་མོའི་ཚོགས་ལ་བཀའ་དྲིན་རྗེས་དྲན་དང་། སྒོ་གསུམ་གུས་འདུད་བཅས་རྒྱལ་གཅེས་ཉིན་མོར་གུས་པས་ཕུལ་བ་ལགས་སོ། །

སྣ་ཚོགས།

Post navigation

Previous Post: མི་འགྱུར་གངས་ཕྲུག་ལ་རྒྱབ་བཤད་བརྒྱབ་པ།
Next Post: ཀྲུའུ་དང་དབུས་ཀྱི་འགལ་བ་ལ་གཞིགས་དང་།

Comments (6) on “སེམས་ཀྱི་བཤོལ་འདེབས།”

  1. སྒྲོན་ཕྲུག says:
    2012-03-12 at 6:42 am

    རེད་ཡ་སེངྒེ་ལགས། ཚིག་གི་ལོ་མ་མང་པོའི་ལྟེབ་ཁུག་ནས་མཐོང་བ་ནི། བོད་ནང་གི་དཔའ་བོ་དཔའ་མོ་ཚོའི་ལས་འགུལ་འདི་མཚམས་བཞག་ན་འདོད་པ་དེ་རང་རེད། ཁྱེད་དང་ཁྱེད་ལྟ་བུའི་ཁ་བདེ་བོ་དང་ཚིག་སྙན་མོ་འབྲི་ཐུབ་མཁན་ཁག་ཅིག་གིས་ད་ལྟའི་བོད་ནང་གི་ཞི་འབོད་ཀྱི་ཁྲོད་ནས་རང་ལུས་མེར་བསྲེག་མཁན་རྣམས་ལ་ཁྱེད་ཅག་གིས་དེ་ལྟར་མ་གནང་། ཟེར་པ་དང་། ཅིག་ཅིག་བྱས་ན་ཚེ་སྲོག་རྩ་ཆེན་ཡིན་ཚུལ་དང་། ཉིག་ཉིག་བྱས་ན་བོད་མི་གྲངས་ཉུང་མི་རིགས་ཡིན་ཚུལ་སོགས་མང་པོ་ཞིག་བགྲང་ནས་བཀག་འགོག་གི་ལས་ཁོ་ན་བྱས་ན། འདི་འོས་མཚམས་ཤིག་གཏན་ནས་མིན་པར་སེམས། རེད་ཁྱེད་ཀྱིས་གསུང་པ་ལྟར་ཁོང་ཚོས་འདི་འདྲའི་གདམ་ཀ་ཞིག་ག་རེ་བྱས་ནས་གདམ་པ་དང་། གདམ་ནས་ནུས་པ་ཅི་ཐོན་དགོངས་མཁན་ཁྱེད་དང་ཁྱེད་ལྟ་བུ་མང་དག་ཅིག་གིས་བརྒྱུད་ལམ་ཁག་ཏུ་བརྗོད་པ་གོ་ཐོས་བྱུང་། ཡིན་ནའང་ཁྱེད་ཅག་གིས་ཐག་རིང་ཐག་རིང་ཞིག་ནས་བལྟས་པ་དང་། ཕར་ཕྱོགས་ནས་དངོས་སུ་མྱོང་བཞིན་པ་ཁོང་ཚོའི་དཀའ་སྡུག་གི་སྦ་རླབས་ཁྲོད་ནས་རང་སྲོག་ལ་གཅེས་སྤྲས་དང་། ལས་འགུལ་ལ་གདམ་ཀ་བྱེད་ས་ཞིག་གང་ན་ཡོད། གསལ་བོར་ཞུས་ན། ཁོང་ཚོ་ཡང་མི་ཡུལ་འདི་ནས་འཚོ་འདོད་མེད་པ་དང་། འཚོས་ནས་དོན་གོ་མི་ཆོད་པར་གཟིགས་པ་ཞིག་གཏན་ནས་མིན་པར་འདོད། ལྷག་པར་དུ་རང་ལ་དགོས་པའི་རང་དབང་དང་། རང་གི་མི་རིགས་ལ་དགོས་པའི་ཐོབ་ཐང་གང་ཡང་མེད་ཁར་ཉིན་དང་མཚན་དུ་གཙིར་གནོན་དང་། དྲག་གནོན། བཙན་འདེད། མཐོང་ཆུང་། ཁྱད་གསོད་སོགས་ཉིན་མཚན་འཁྱོལ་དཀའ་བ་འདི་འདྲ་ཞིག་མགོ་ཐོག་ཏུ་བསླེབས་སོང་ན། གདམ་ཀ་དེ་འདྲ་ཞིག་ལས་མེད་པ་ཐག་གིས་ཆོད། དེ་འདྲར་སོང་ང་ཚོས་ཕྱི་ཕྱོགས་ནས་ཁོང་ཚོར་དེ་འདྲ་ཞིག་བྱེད་དགོས་པ་རེད། དེ་འདྲ་ཞིག་མ་བྱས་ན་ལེགས་བརྗོད་ན་འོས་མཚམས་ཤིག་གཏན་མ་རེད་འདོད། ལར་ནས་རྒྱ་གུང་ཁྲན་གཞུང་གི་དམིགས་ཡུལ་གཙོ་བོ་དེ་ཡང་བོད་འདི་གྲག་འགུལ་མེད་པ་བཟོ་དགོས་པ་དེ་རེད། དེའི་ཁྲོད་ནས་རིམ་གྱིས་མི་རིགས་རྩ་མེད་བཟོ་རྒྱུའི་སྲིད་ཇུས་ངན་པ་ཞིག་ལག་བསྟར་བྱེད་བཞིན་ཡོད་མོད། སྲིད་ཇུས་ངན་པ་དེ་འདྲ་ཞིག་དང་དྲག་གནོན་དེ་འདྲ་ཞིག་གི་འོག་ནས་མགོ་བོ་ཡར་བཀྱག་ནས་ཁ་གཏད་དུ་ལངས་པ་ནི་འུ་ཅག་གི་མི་རིགས་འདིའི་གཟི་བརྗིད་ཅིག་ཏུ་ཁྱེད་ཀྱིས་ཀྱང་ལོས་འདོད། ད་དུང་ཁྱེད་ཀྱིས ‘བརྟགས་ཤིང་དཔྱད་ན་ཡུལ་དུས་གནས་སྐབས་ད་ཚོད་ཅིག་ལ་ང་ཚོས་གདམ་གསེས་མཐའ་མ་འདི་གདམ་དགོས་དོན་མེད་པ་འདྲ་བའམ་། གདམ་ཀྱང་ཕན་ཆ་དེ་ཙམ་མེད་པ་འདྲ་བས་ན,།གསུང་པ་དེ་ལ་ངས་ཁྱེད་ལ་ལན་གཞན་པ་འབྲི་བའི་ལས་ལ་ཞུགས་མི་དགོས་པར་སེམས། ཉེ་ཆར་དུས་བབ་གསར་འགོད་པས་༧སྐྱབས་རྗེ་ཀིརྟི་རིན་པོ་ཆེར་བཀའ་འབྲི་ཞུས་པའི་བཀའ་ལན་དུ། ཁོང་གིས་ཁོང་ཚོའི་བློས་གཏོང་ལས་འགུལ་དེ་ང་ཚོའི་རྩིག་རྡོ་གལ་ཆེན་ཞིག་ཆགས་ཡོད། ཅེས་གསུང་ཡོད་པ་ལས་དེ་ལ་ཕན་ཆ་མེད་པའམ་དོན་འབྲས་མི་འབྱུང་བ་དེ་འདྲ་ཞིག་ཏུ་གཟིགས་མེད་པ་ཟད་བོད་དོན་འདི་གཞི་རྒྱ་ཆེན་པོ་ཡིན་པའི་དགོངས་པ་བཞེས་ཕྱོགས་ཀྱང་གསལ་བར་གསུངལ་འདུག་པས་ཐེངས་ཅིག་གཟིགས་རོགས།
    ཡང་ང་ཚོའི་སེམས་དེ་ལས་ཀྱང་མཁྲེག་ཏུ་བཏང་ནས་བསམ་བློ་ཞིག་བཏང་ན་མི་མ་ཤི་བར་རང་དབང་དང་། ཡང་ན་རང་བཙན་གང་ཞིག་ལེན་ཐུབ་རྒྱུ་ཁག་པོ་རེད་སྙམ། དེ་ལབ་ན་ཁྱེད་ཀྱིས་ང་ལ་སྲོག་བཏང་ན་ཐོབ་བྱ་དེ་ཐོབ་སྲིད་དམ་ཟེར་སྲིད། གཅེས་བའི་ལུས་སྲོག་ལོངས་སྤྱོད་དང་བཅས་པ་བློས་གཏོང་ཐུབ་་མཁན་གྱི་དཔའ་རྒོད་འདི་འདྲ་མེད་ན་མི་རིགས་ཤིག་གི་འཐབ་རྩོད་ལ་རྒྱལ་ཁ་ཐོབ་རྒྱུ་ཁག་པོ་རེད། ང་ཚོའི་འཐབ་རྩོད་འདི་ད་བར་ཞི་བ་རང་བྱས་ནས་མི་ལོ་༥༠ལྷག་བརྒལ་ཟིན་མོད། འོན་ཀྱང་གནས་སྟངས་དེའི་བྱུང་རིམ་ལ་ཕྱི་མིག་ཅིག་བལྟས་ན་ཞི་བའི་འཐབ་རྩོད་འདིའི་རྒྱུད་རིམ་ནས་ང་ཚོས་ཕམས་ཁ་ཡང་ཡང་ཁུར་དགོས་མྱངས་ཡོད། དེ་ཡང་༧སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་གིས་ལས་འགུལ་འདི་ནི་འཚེ་མེད་ཞི་བའི་ལས་འགུལ་གྱི་མཐར་ཐུག་ཡིན་པའང་གསུང་འདུག དངོས་གནས་ནམ་ཞིག་བོད་མི་ཡོད་ཚད་དམག་ལ་འབུད་དགོས་པའི་དུས་ཤིག་ཀྱང་འཆར་མི་སྲིད་པ་མ་རེད་སྙམ། དེས་ན་ད་ལྟའི་ལས་འགུལ་འདི་ལ་ང་ཚོའི་ངོས་ནས་གནས་སྐབས་རིང་གང་ཡང་མ་གསུང་བར། ཁོང་ཚོའི་ལས་འགུལ་དེའི་དམིགས་ཡུལ་དེ་འགྲུབ་པ་ལ་ང་ཚོས་རིམ་འདེགས་བྱས་ཏེ། གཞིས་ལུས་རྒྱ་ཆེའི་མི་མང་གི་མངོན་འདོད་དངོས་མ་རྒྱལ་སྤྱིའི་ཐོག་ལ་ཞུ་གཏུགས་བྱེད་པའི་དུས་ལ་སླེབ་འདུག་སྙམ།

  2. སེང་གེ། says:
    2012-03-12 at 8:43 am

    སྒྲོན་ཕྲུག་ལགས་ནས་མཆན་རིང་བོ་ཞིག་སྤེལ་ཏེ་བསམ་ཚུལ་བཤད་པར་ངོ་མ་དགའ་ནི། ཐུགས་རྗེ་ཆེ། ཡིན་ནའང་ཁྱེད་ཀྱིས་ངའི་ཐ་མའི་ཚིག་འགའ་ཀློགས་རོགས་ཞུ་རྒྱུདང་། གཞན་དུ་ན་ང་ཚོ་སུ་ཡིན་རུང་བསམ་བློ་ཐད་ཀའམ་ཁ་ཐུག་ཏུ་བཏང་ན། ཁྱོད་ཀྱི་བསམ་ཚུལ་དང་འདྲ་མཚུངས་ཤིག་སྐྱེ་ངེས་རེད། ཞིབ་ཏུ་བསམ་ན་ད་དུང་དུས་ལ་མ་སླེབས་པ་འདྲ་བ་ཞིག ངའི་བསམ་བློར་འཁོར་ཡོང་གིན་འདུག དེ་བས་ངས་བཤད་པའང་ང་ཁོ་ནས་བསམ་ཚུལ་ལས་གཞན་ཅི་ཡང་མ་བརྩིས་ན་ཆོག རེད་དེ་ང་ཚོས་ཐག་རིང་ས་ནས་བཟང་རྫུ་བྱས་ཏེ་བསྡད་པ་ཡིན་ན་དེའང་འགན་མ་ཁུར་བ་ཞིག་ལས་གཞན་དུ་ངས་མི་མཐོང་གི གཞིས་བཞུགས་རྒྱ་ཆེའི་མི་མང་ལ་རྩི་བཀུར་དང་ཡིད་ཆེས་ང་ལའང་ཡོད་ལ་ཁྱེད་ལ་ཡང་དེ་མཚུངས་རེད། འོན་ཀྱང་འདིའི་ཐད་དུ་ང་ཚོའི་བསམ་ཚུལ་ཅི་ཡོད་ཁོང་ཚོར་ཡང་ཤེས་འདོད་ཡོད་ངེས་ན། འདི་ཕྱོགས་ནས་ཀྱང་མི་སྨྲའི་རྟུལ་ཞུགས་བཟུང་སྟེ་སྡོད་པ་ལས་ཁ་ཞིག་གྲགས་ན་ལོས་དགའ་འདོད་གི ཡ་ཡ་ད་དེ་ཙམ་བྱ། མུ་མཐུད་དུ་བསམ་ཚུལ་ཟབ་ས་ནས་སྤེལ་རོགག་ཞུ།

  3. སྒྲོན་ཕྲུག says:
    2012-03-12 at 10:59 am

    སེངྒེ་ལགས། ཁྱེད་ཀྱི་རྩོམ་ཡིག་འདིའི་མགོ་མཇུག་ཆ་ཚང་ངས་བཀླགས་ཟིན། འོ་ན་ངས་ཁྱེད་ལ་དྲི་བ་ཞིག་འདྲི། ཁྱེད་ཀྱི་དགོངས་ཚུལ་ལྟར་ན་བོད་ནང་ནས་ད་ལྟའི་ཆར་ལས་འགུལ་འདི་འདྲ་མ་སྤེལ་ན་ལེགས་དགོངས་པ་འདྲ། འོ་ན་ལས་འགུལ་ག་རེ་སྤེལ་དགོས་པ་རེད་ལམ་སྟོན་ཞིག་གནོང་དང་། ངས་བལྟས་ན་ད་བར་དུ་གཞིས་ལུས་སྤུན་ཟླ་ཚོས་ནུས་པ་ཐོན་མིན་ལ་མ་ལྟོས་པར་ལས་འགུལ་གང་མང་ཞིག་སྤེལ་ཀྱང་ཚང་མ་སྒོ་ཁེགས་ཟིན་པ་ལྟ་བུ་རེད། གདམ་བྱ་འདི་འདྲ་ཞིག་མ་འདེམས་པར་ཁོང་ཚོ་ཡང་ཐབས་ཟད་འདུག་སྙམ། བོད་མི་རིགས་ཀྱི་ཆབ་སྲིད་འདི་སངས་རྒྱས་ཀྱི་བསྟན་པ་དང་སེམས་ཅན་གྱི་བདེ་སྐྱིད་དང་འབྲེལ་བ་གཏན་ཟབ་ཡོད་པར་ཁྱེད་ཀྱིས་འདོད་དང་མི་འདོད། དེ་འདོད་ན་ཁོང་ཚོའི་བློས་གཏོང་འདི་དེ་བས་ཀྱང་གཟི་བརྗིད་ཆེ། ཁོང་ཚོས་ཀྱང་ཞི་བ་ནས་ཞི་བ་བྱས་ཏེ་ལོ་དང་ཟླ་བ་བསྐྱལ་ནས་མཇུག་མཐར་ཞི་བ་འདི་འདྲ་མཐར་ཐུག་པ་ཞིག་ལ་མ་འགྲོ་ཐབས་མེད་ཆགས་པ་རེད། ཁོང་ཚོས་ལ་འདི་འདྲ་བློས་བཏང་བྱེད་རྒྱུ་དང་དུ་བླངས་པ་དེ་འདྲ་མ་རེད། འདི་འདྲ་མ་བྱས་ཐབས་མེད་ཅིག་ཚུལ་མགོ་ལ་རྭ་བཙུགས་ཡོང་དུས་འདི་འདྲ་ཞིག་ལ་རང་བཞིན་གྱིས་གྱུར་སོང་བ་རེད། ཡིན་ནའང་ལས་འགུལ་འདི་འདྲའི་ཁྲོད་ནས་བློས་བཏང་འདི་འདྲ་གནང་བ་དེ་ལ་སྒེར་སོ་སོར་ཤ་འཁོན་གང་ཡང་མེད། ཁོང་ཚོ་ལ་གནས་སྟངས་ཐབས་སྐྱོ་བོ་ཞིག་གི་འོག་ནས་ལམ་ཁ་འདི་ལས་མ་རགས་པ་རེད། དེ་འདྲར་སོང་ང་ཚོས་ཕྱི་ཕྱོགས་ནས་གནས་སྐབས་རིང་གང་ཡང་མ་ལབ་པར་གོང་དུ་ཞུས་པ་ལྟར་ཁོང་ཚོའི་བྱས་པ་རྗེས་མེ་དུ་འགྲོ་མི་འཇུག་པར་ཞུ་གཏུགས་ཀྱི་ལས་འགུལ་སྤེལ་ན་ཁོང་ཚོའི་མངོན་འདོད་ངོ་མ་དེ་འགྲུབ་ངེས་རེད། དེ་མིན་པར་ཅིག་བྱས་ན་ལེགས། ཅིག་མ་བྱས་ན་ལེགས་ལབ་ནས་སྒེར་སོ་སོས་མཁྲེགས་འཛིན་གྱི་ལྟ་བ་རེ་ཁྱེར་ནས་ཁ་བདེ་ཐག་ཆོད་རེ་ལབ་བསྡད་ན་ཕན་ནུས་གང་ཡང་མི་འདུག་སྙམ།

  4. སྒྲོན་ཕྲུག says:
    2012-03-12 at 7:17 pm

    སེངྒེ་ལགས། ཁྱེད་ཀྱིས་བོད་ནང་གི་ལས་འགུལ་བཀག་འགོག་གི་དགོངས་ཚུལ་ཅི་ཙམ་གསུངས་ཀྱང་གཞིས་ལུས་དཔའ་བོ་ཚོས་ཉེན་འཇོག་བྱེད་མཁན་དཀོན་པོ་ཡིན་པར་མཐོང་། ཉེ་ཆར་ཨ་ཀྱཱ་རིན་པོ་ཆེ་དང་འོད་ཟེར་སོགས་ཀྱིས་ཀྱང་དགོངས་ཚུལ་རྩོམ་ཡིག་སྤེལ་ཡོད་མོད། འོན་ཀྱང་གསུམ་བཅུའི་དུས་དྲན་གྱི་ཉིན་ཡང་བསྐྱར་རྔ་བ་ཀིརྟི་དགོན་པའི་དགེ་འདུན་པ་དགེ་པོ་ལགས་ཀྱིས་རང་ལུས་མེ་བསྲེགས་བཏང་འདུག དེ་བཞིན་ད་དུང་དེ་འདྲ་འབྱུང་རྒྱུ་ཡིན་པ་ཉག་གཅིག་རེད། གལ་ཏེ་སུ་ཞིག་གིས་བཀག་འགོག་བྱས་ཀྱང་ཁོང་ཚོས་ལས་འགུལ་དེ་མཚམས་འཇོག་མ་གནང་ན་ཁྱེད་ལ་གསུང་རྒྱུ་གང་ཡོད། ཡང་ཕྱི་ཕྱོགས་ནས་ག་རེ་བྱེད་དགོས་པ་རེད་དགོངས།

  5. སེང་གེ། says:
    2012-03-12 at 11:34 pm

    རྒྱལ་གཅེས་དཔའ་བོ་དགེ་པོ་ལ་གུས་འདུའ་ཞུ། སྒྲོན་ཕྲུག་ལགས། གཞིས་བཞུགས་རྒྱལ་གཅེས་པ་དེ་དག་གིས་གསན་འཇོག་གནང་མིན་ནི། ཁོང་རྣམ་པའི་རང་དབང་བླ་ན་མེད་པ་ཡིན་པ་སུས་ཀྱང་བཙན་བཀའ་གཏོང་མི་འོས་པ་ངས་ཀྱང་ཤེས་ཡོད། འོན་ཀྱང་རང་སོ་སོའི་བསམ་ཚུལ་ཀྱང་ཞུ་མི་འོས་པ་ཤིག་མ་རེད་སྙམ་པ་མ་ཟད་ངེས་པར་དུ་ཁ་གྲགས་དགོས་པ་རེད་འདོད་པ་འདི་ངའི་བསམ་ཚུལ་ཡིན། ཕྱི་ཕྱོགས་ནས་བཀའ་སྤྱི་མཉམ་འབྲེལ་དང་། ཚོགས་པ་ཁག་གིས་གཟབ་ནན་གྱིས་བོད་ནང་ཟེང་སློང་བྱེད་ཙམ་མ་ཡིན་པར་ཕྲལ་ཕུགས་གཉིས་དང་། ཕྱི་ནང་གཉིས་ལ་དགོངས་པ་ཆེ་ས་ནས་བཞེས་རྒྱུ་གལ་ཆེན་རེད་སྙམ།

  6. སྒྲོན་ཕྲུག says:
    2012-03-13 at 8:19 am

    སེངྒེ་ལགས། སྤྱིར་འགྲོ་བ་མི་སུ་འདྲ་ཞིག་ཡིན་ཡང་། སེམས་ལ་བསམ་ཡང་ཆོག་ལ་ཁ་ནས་བཤད་ཀྱང་ཆོག་པའི་རང་དབང་ལོས་ཡོད། ཁོ་བོས་ཁྱེད་ཀྱིས་དགོངས་ཚུལ་གསུང་མི་ཆོག་པ་དང་ཞལ་གྲགས་མི་ཆོག་པའི་རྒོལ་བ་གང་ཡང་བྱས་མེད།
    སྐབས་འདི་དག་ཁྲོད་ནས་བསམ་གཞིག་ནན་ཏན་བྱས་ན་མི་ཚང་མས་ཁ་གྲགས་དགོས་མིན་དང་། གྲགས་ཀྱང་ཕན་ཐོག་མིན་སུས་ཀྱང་ཁ་ཚོན་གཅོད་དཀའ། འོན་ཀྱང་ཁ་ཞིག་གྲགས་པའི་ཉིན་ནས་རང་གཞན་ཚང་མས་ཕྲལ་ཕུགས་ཀུན་ལ་གཟིགས་ནས་དགེ་ཕན་ཡོད་མེད་དང་། འོས་མཚམས་ཡིན་མིན་སོགས་ལ་ལྟ་ཤེས་རྒྱུ་དེ་ཤིན་ཏུ་ནས་ཀྱང་གལ་ཆེ་སྙམ།
    དེས་ན་སྤྱི་བའི་ལས་དོན་མང་པོ་ཞིག་གང་ཟག་སྒེར་པ་རེ་ཟུང་གིས་ཁ་བདེ་ཐག་ཆོད་རེ་བཤད་ནས་ཁ་ཚོན་བཅད་བཞག་ན་དེ་མི་ལེགས་པར་འདོད་ཀི

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme