Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

སིངྒལའི་དེབ་ཐེར་དུ་འཁོད་པའི་རླབས་ཆེན་བོད་མི་ཞེས་པའི་དེབ་གསར་ངོ་སྤྲོད།

Posted on 2017-06-302017-06-30 By ཁ་བརྡ་ 30 Comments on སིངྒལའི་དེབ་ཐེར་དུ་འཁོད་པའི་རླབས་ཆེན་བོད་མི་ཞེས་པའི་དེབ་གསར་ངོ་སྤྲོད།

ཨ་ལགས་རྗེ་སྤྲུལ་བློ་གྲོས་ཆོས་བཟང་།

 
༄༅། །རྒྱ་ཆེ་བའི་མཁྱེན་ལྡན་ཀློག་པ་པོ་རྣམ་པ།

ཕྲན་གྱིས་བྲིས་པའི་ << སིངྒལའི་དེབ་ཐེར་དུ་འཁོད་པའི་རླབས་ཆེན་བོད་མི། >> ཞེས་པའི་དཔེ་དེབ་འདི་བོད་ནང་ནས་པར་བསྐྲུན་བྱས་པར་མདོ་དབུས་ཁམས་གསུམ་ནས་དོ་སྣང་དང་དེའི་ཐོག་དཔྱད་བརྗོད་བགྲོ་གླེང་གང་མང་བྱུང་བར་མ་ཟད། རྒྱ་གར་དང་ཕྱི་རྒྱལ་ཁག་ཏུ་བཞུགས་པའི་དོན་གཉེར་ཅན་རྣམས་ལ་ཀློག་འདོད་ཡོད་པར་བརྟེན་རིང་མིན་རྒྱ་གར་ནས་འགྲེམས་སྤེལ་ཞུ་རྒྱུ་ཡིན། སྤྱིར་ན་དཔེ་དེབ་འདིའི་ནང་དུས་རབས་ཉི་ཤུའི་འགོ་སྟོད་སིངྒལའི་གླིང་དུ་ཕེབས་པའི་བོད་མི་སྤེན་པ་དོན་གྲུབ་ཀྱི་མི་ཚེའི་ལོ་རྒྱུས་སྤྱི་དང་། ལྷག་པར་ཁོང་གིས་སིངྒལའི་བསྟན་སྲིད་རིག་གནས་དང་བཅས་པའི་ཐོག་བསམ་ཡུལ་ལས་འདས་པའི་མཛད་རྗེས་བཞག་པའི་སྐོར་བྲིས་ཡོད།

དཔེར་ན། སྐད་ཡིག་དང་རིག་གནས་སླར་གསོའི་མཛད་རྗེས་ལ་མཚོན་ན། ཕྱི་ལོ་ ༡༩༢༥ ཡས་མས་སུ་སིངྒལའི་རྒྱལ་ཡོངས་ཀྱི་སྙན་ངག་རྩོམ་ཡིག་འགྲན་བསྡུར་ཁྲོད་ཨང་དང་པོ་བླངས་པ་དང་ཁྱོན་བརྩམས་ཆོས་ ༤༢ ལྷག་བྲིས་ཡོད། རྒྱལ་བསྟན་འཛིན་སྐྱོང་སྤེལ་བར་མཚོན་ན། མཐོ་སློབ་གྲགས་ཅན་ཁག་ཏུ་ནང་ཆོས་དགེ་རྒན་དང་ལོ་ཙཱ་བ། མང་ཚོགས་དཀྱུས་མའི་ཁྲོད་ཆོས་འཆད་ཁྲིད་དང་བགྲོ་གླེང་སོགས་ཀྱི་ལས་འགུལ་ཤུགས་ཆེ་སྤེལ། ཆབ་སྲིད་ལ་མཚོན་ན། གླིང་དེའི་རང་བཙན་གྱི་ལས་འགུལ་ནང་གཞོན་སྐྱེས་ས་ཡ་མང་པོའི་སྣེ་ཁྲིད་མཁན་གྱི་དཔའ་བོའི་མཛད་རྗེས་སོགས་བཞག་འདུག

དེར་བརྟེན་སིངྒའི་རྒྱལ་ཁབ་དེའི་མཐོ་སྲིད་འཛིན་སོགས་ཀྱིས་ཀྱང་ཁོང་ལ་སྔགས་བརྗོད་ཤུགས་ཆེ་གནང་མྱོང་བ་དང་། དམན་བྱིས་པ་ཚུན་ཆད་ཀྱིས་ཀྱང་ཁོང་གི་ལོ་རྒྱུས་ཁ་ལ་མ་ཎི་བྱང་བ་ལྟར་བཤད་ཤེས་ཤིང་། རྒྱལ་ཁབ་དེའི་ཕྱོགས་བཞི་མཚམས་བརྒྱད་དུ་བོད་ཀྱི་དགེ་སློང་མཧཱེཎྜ་ཞེས་རླུང་ལྟར་གྲགས་པར་མ་ཟད། ཁོང་གི་མཚན་སྙན་ནི་སིངྒལའི་རྒྱལ་རབས་ཀྱི་དེབ་ཐེར་ནང་གསེར་ཡིག་ཏུ་བྲིས་ཡོད།

བོད་མི་ཞིག་གིས་བོད་གངས་ཅན་ནས་ལེ་བར་ཁྲི་ཕྲག་གིས་ཆོད་པའི་སིངྒལའི་རྒྱལ་ཁབ་ཏུ་བཞག་པའི་བྱས་རྗེས་རྣམས་ནི་ང་ཚོ་ཤ་རུས་གདུང་རྒྱུད་གཅིག་པའི་བོད་མི་ཡོད་དོ་ཅོག་གི་གཟི་བརྗིད་ཅིག་ཡིན་པ་སྨོས་མེད་དང་ཀུན་གྱིས་ཤེས་དགོས་པའི་གལ་ཆེ་བའི་ལོ་རྒྱུས་ཤིག་ཡིན་ཡང་། ཡུལ་དུས་བསྐལ་བ་སོགས་རྒྱུ་རྐྱེན་མང་དག་ཅིག་གིས་བོད་པའི་སྤྱི་ཚོགས་ནང་དེ་སྔོན་རྒྱུས་མངའ་དང་གོ་ཐོས་ཉུང་བར་བརྟེན་བོད་ཀྱི་དགེ་སློང་ཁོང་གི་ལོ་རྒྱུས་ཅུང་ཤེས་རྟོགས་དང་དོ་སྣང་གསར་བ་ཞིག་ཡོང་སླད་དང་། གཞན་དཔེ་དེབ་འདིའི་ནང་བོད་པའི་སྤྱི་ཚོགས་ཁྲོད་ཡོངས་གྲགས་ཀྱིས་གླེང་མྱོང་ཤུགས་ཆེ་མེད་པའི་དོན་ཚན། བདག་ཅག་གི་སྟོན་པ་སིངྒལར་ཐེངས་ཅི་ཙམ་ཕེབས་མིན་དང་། སིངྒལའི་གླིང་དུ་རྒྱལ་བསྟན་འཕེལ་འགྲིབ་ལན་ཅི་ཙམ་བྱུང་མིན་གྱི་ལོ་རྒྱུས་དང་།

ཕྱི་ལོ་ ༡༩༤༣ ལོར་མཁས་དབང་དགེ་འདུན་ཆོས་འཕེལ་སིངྒལའི་གླིང་དུ་ཕེབས་སྐབས་བོད་ཀྱི་དགེ་སློང་ཁོང་དང་ཐུག་འཕྲད་ཀྱིས་ཁོང་གཉིས་བར་ལ་གསང་བའི་གནད་དོན་ཅི་ཞིག་ལྷག་པའི་སྐོར་བཅས་བྲིས་ཡོད་ཅིང་།
དེ་ཡང་། མཁས་དབང་དགེ་འདུན་ཆོས་འཕེལ་གྱིས། མཐོང་ཐོས་དབང་པོའི་ཡུལ་དུ་མ་གྱུར་པར། །ཁྱིམ་གྱི་མལ་དུ་དཔྱད་པས་མི་ཤེས་པའི། །ཕྲ་རགས་དོན་གྱི་ཁྱད་པར་ཇི་སྙེད་ཅིག །ཅེས་གསུངས་པ་ལྟར། རང་ཁྱིམ་དུ་ལྷོད་ལ་བབས་ནས་རྟོག་དཔྱོད་ཀྱིས་བྲིས་པ་མ་ཡིན་པར་རྒྱལ་ཁབ་མི་འདྲ་བ་གསུམ་གྱི་ས་གནས་ས་ཐོག་ཏུ་ཆེད་བསྐྱོད་ཀྱིས་དུས་རབས་ཉི་ཤུ་པའི་དཔྱད་ཐབས་ཚང་ཞིང་གོ་བདེ་ཉིན་ཐོའི་ལམ་ནས་བྲིས་པའི་ལོ་རྒྱུས་དཔྱད་རྩོམ་ཞིག་ཡིན་པས་རྒྱ་ཆེ་བའི་ཀློག་པ་པོ་དང་། ཞིབ་འཇུག་པ། ལོ་རྒྱུས་སྨྲ་བ་བཅས་ཀྱིས་ཀློག་རིན་དང་དཔྱད་རིན་ཡོད་པའི་དཔེ་དེབ་ཅིག་ཏུ་འགྱུར་བའི་ཡིད་ཆེས་བྱེད་བཞིན་ཡོད་ཅེས་དེང་དུས་ཀྱི་འགྲོ་ལུགས་ལྟར་དཔེ་དེབ་འགྲེམས་སྤེལ་མ་བྱས་པའི་སྔོན་དུ་དཔེ་དེབ་ཀྱི་ངོ་སྤྲོད་མདོ་ཙམ་དུ། རྩོམ་པ་པོས།

དཔེ་དེབ་འདིའི་ནང་དུ་འཁོད་མ་ཐུབ་པའི་གནད་དོན་དང་འབྲེལ་ཡོད་ཀྱི་ཤེས་བྱ་མང་ཙམ་མཁྱེན་འདོད་ཡོད་ཚེ། ངོ་དེབ། བོད་ཀྱི་དགེ་སློང་མཧཱེཎྜ་ TibetMihanda དང་ @tibet1901 ལ་འབྲེལ་མཐུད་དང་། དེབ་འདི་ཀློག་འདོད་ཡོད་མཁན་ཚོས་གཤམ་གྱི་ཨང་གྲངས་འདི་དག་ལ་འབྲེལ་བ་གནང་ན་དཔེ་དེབ་འདི་ཉོ་ཐུབ།

ཀིརྟིའི་བྱེས་པ་གྲྭ་ཚང་གི་དཔེ་མཛོད་ལས་བྱེད། ཨ་རིག་བརྩོན་འགྲུས། 8219215107 9816262888
ཀིརྟིའི་བྱེས་པ་གྲྭ་ཚང་། གཉའ་དཀོན། 7018607812
རྒྱ་གར་ལྡི་ལི། བློ་འཇམ། 8512091125
འབྲས་བློ་གླིང་། རོང་པོ་ཤེས་རབ། 9916691410
འབྲས་སྒོ་མང་། གྲགས་པ་རྒྱ་མཚོ། 9916411805
སེར་བྱེས། བྱ་བྲལ་ཁང་ཚན། དམ་ཆོས། 9916893849
རྫོང་གསར་བཤད་གྲྭ རྒྱལ་མཚན་དར་རྒྱས། 9816396694
ཏཱ་ལའི་བླ་མའི་མཐོ་སློབ། ཨ་འབྲུག་དཀོན་མཆོག 0996469487
ཝཱཎ་མཐོ་སློབ། ཡེ་ཤེས་དབང་འདུས། 09889664200
ས་སྐྱའི་མཐོ་སློབ། མཁན་པོ་མཁྱེན་རབ་བཟང་པོ། 9897742703
བལ་ཡུལ། འཇིགས་མེད། 9803153263
འཇམ་ཆོས། 9862218888
ཨ་རིའི་ནེའུ་ཡོག བློ་རབ། 19175350253
ཚེ་འཛིན། 3475361248
ཧྥ་རན་སི། རྐྱང་ཕྲུག་གྲགས་པ། 33782569788
སུད་སི། ཡོན་ཏན་རྒྱ་མཚོ། 0041763321137
བྷེལ་རྗམ། ཕུན་ཚོགས། 0483662725
ཨོ་སུ་ཀྲུ་ལེ་ཡ། ཚེ་རིང་བདེ་སྐྱིད། 0422598429

ངོ་སྤྲོད།

Post navigation

Previous Post: བོད་ཡིག་བཀོལ་སྤྱོད། བོད་སྐད་སྤྱོད་རོགས།
Next Post: བོད་ཀྱི་བུ་མོའི་རྐང་རྩེད་སྤོ་ལོའི་རུ་ཁག་གིས་རྒྱལ་སྤྱིའི་རྩེད་འགྲན་ལ་གྲ་སྒྲིག་བྱེད་བཞིན་པ།

Comments (30) on “སིངྒལའི་དེབ་ཐེར་དུ་འཁོད་པའི་རླབས་ཆེན་བོད་མི་ཞེས་པའི་དེབ་གསར་ངོ་སྤྲོད།”

  1. གཞུང་པ་ཚེ་དབང་བསོད་ནམས་ says:
    2017-07-01 at 12:53 am

    བཀྲིན་ཆེ་ཐུགས་རྗེ་ཆེ་།
    མཁས་དབང་ཁོང་གཉིས་ཀྱིས་དངོས་ཡོད་ལོ་རྒྱུས་ལག་སོན་མ་བྱུང་བ་ལྷག་ཡོད་ད་ལམ་ཁྱེད་ཀྱི་ང་ལ་དགོས་པ་དེ་འདི་རུ་སྟོན་འདུག་པ་སླར་ཡང་ཐུགས་རྗེ་བཀྲིན་ཆེ་།

  2. དཔའ་ཆེན་དོན་གྲུབ་ says:
    2017-07-01 at 3:39 am

    དོན་དངོས་སུ་དེབ་འདི་རྒྱ་གར་ནས་དཔར་བ་རེད་དམ། བོད་ནས་དཔར་བ་རེད། མགོ་འཐོམ་སོང་།

  3. དགའ་སྐུ་ says:
    2017-07-01 at 6:53 am

    ངོ་སྤྲོད་གནང་བར་དགའ་བསུ་ཞུ།

  4. ལ་དྭགས་འཇམ་དཔལ།། says:
    2017-07-01 at 7:11 am

    ཨ་ལགས་རྗེ་སྤྲུལ་བློ་གྲོས་ཆོས་བཟང་མཆོག་གིས་བོད་མི་སྤེན་པ་དོན་གྲུབ། ཅེས་པར་གོ་ཐོས་བྱུང་། ཐུགས་རྗེ་ཆེ། བོད་མི་སྤེན་པ་དོན་གྲུབ་སིངྒྷ་ལའི་གླིང་དུ་བྱོན་ནས། གནས་བརྟན་སྡེ་པའི་དགེ་སློང་བོད་ཀྱི་དགེ་སློང་མཧཱེཎྜ། ལེགས་སྐད་དུ། མཧེནྡྲ། ཞེས་བྱ། དགེ་སློང་ཁོང་གི་སྐོར་ལ་དང་པོ་ཁུ་ན་བླ་མ་རིན་པོ་ཆེ། བསྟན་འཛིན་རྒྱལ་མཚན་ཞལ་སྔ་ནས། ལོ་རབས་༦༠་པའི་མགོ་སྟོད་དུ། བོད་འབྲས་ལྗོངས་ནས་ཕེབས་ནས། ཤྲཱི་ལངྐཱ་ཡུལ་གྱི་སྙན་དངགས་པ་ཆེན་པོར་གྱུར་པ་ཞེས་ཐོས།
    དེ་ནས་ཤྲཱི་ལངྐཱ་ཡུལ་གྱིམཁས་པ་འགའ་དང་བགྲོ་གླེང་དུ། ཤྲཱི་ལངྐཱ་ཨིན་ཡུལ་པས་དབང་བསྒྱུར་པ་ནས། ཤྲཱི་ལངྐཱ་ལ་རང་དབང་དགོས་པར་བོད་ཀྱི་དགེ་སློང་མཧེནྡྲས་བརྩམས་པའི་གླུ་དབྱངས་ཡུལ་དེ་ཉིད་བྱིས་པ་ཚུན་ཆད་གིས་གླུ་དབྱངས་སུ་ལེན། ཞེས་ཐོས། བོད་ཀྱི་དགེ་སློང་མཧེནྡྲ་ཁོང་བོད་ཡུལ་གང་དུ་འཁྲུངས་པ་གསལ་ཁ་ཡོད་དམ། ཞེས་དྲི་བ་མཆིས་སོ།

  5. འབྲོང་བུ་སོག་ཚ། says:
    2017-07-01 at 10:13 am

    རིན་པོ་ཆེ་ལགས་ཐུགས་རྗེ་ཆེ། རླབས་ཆེན་གྱི་མི་སྣ་ཞིག་ངོ་སྤྲོད་གནང་འདུག

  6. ཨ་ལགས་རྗེ་སྤྲུལ། says:
    2017-07-01 at 11:56 am

    རྒན་འཇམ་དཔལ་གྱིས་མཚོན་རྒྱབ་སྐྱོར་དང་ཐུགས་འཁུར་གནང་མཁན་ཚང་མར་བཀའ་དྲིན་ཆེ། ཁོང་དུས་རབས་འགོ་སྟོད་༡༩༠༡ ལོར་དེ་སྔོན་འབྲས་ལྗོངས་ཀྱི་ས་ཁོངས་ཡིན་པའི་རྡོ་རྗེའི་གླིང་གི་སེང་རཱི་ཏཱམ་ཞེས་པའི་ས་གནས་སུ་བོད་པའི་ཁྱིམ་ཚང་ཞིག་ཏུ་འཁྲུངས་པར་འདོད་མཁན་ཞིག་དང་། འབྲེལ་ཡོད་ཀྱི་ཡིག་ཚགས་ཕལ་ཆེ་བའི་ནང་འབྲས་ལྗོངས་སུ་འཁྲུངས་པར་སྨྲ། རྒན་འཇམ་དཔལ་ལགས་ཀྱིས་དེ་སྔོན་ཁ་བརྡའི་མཆན་ཞིག་གི་ནང་ལ་བོད་ཀྱི་དགེ་སློང་མཧཱེཎྜ་དང་དགེ་འདུན་ཆོས་འཕེལ་གཉིས་ཐུག་འཕྲད་བྱུང་ཡོད་མེད་ཀྱི་ཐད་ལ་དྭོགས་དྲི་ཞེ་དྲག་གནང་བ་མཐོང་མྱོང་། དཔེ་དེབ་འདི་ཚར་གཅིག་མཇལ་ཙམ་གནོངས་དང་རྒན་གྱི་དྭོགས་པ་རྣམས་གནམ་མཁའ་ལ་འཇའ་ཡལ་བར་ལྟར་གྱུར་ངེས་ཡིན། དཔེ་དེབ་འདི་རིང་མིན་ལ་དྭགས་སུ་འགྲེམས་སྤེལ་བྱ་རྒྱུ་ཡིན།

  7. ཨ་ལགས་རྗེ་སྤྲུལ། says:
    2017-07-01 at 1:01 pm

    དཔའ་ཆེན་དོན་གྲུབ་ལགས། དཔེ་དེབ་འདི་ཐོག་མར་བོད་ནས་པར་བསྐྲུན་བྱས་རྗེས་རྒྱ་བལ་སོགས་ཀྱི་དོན་གཉེར་ཅན་མང་དག་གཅིག་གི་དགོས་མཁོར་དམིགས་ཏེ་རྒྱ་གར་ནས་ཐེངས་གཉིས་པ་པར་བསྐྲུན་བྱས་ནས་ཁ་རྩང་ཀིརྟིའི་གྲྭ་ཚང་དུ་མཛད་སྒོ་སྟབས་བདེ་ཞིག་གཉེར་བ་ཡིན།

  8. བདག་མེད་ཀུན་གྲོལ། says:
    2017-07-01 at 1:53 pm

    རིན་པོ་ཆེ་བཀའ་དྲིན་ཆེ། དེབ་དེ་འདྲ་ཞིག་བཏོན་འདུག་པ་དང་། ལྷག་པར་ཏུ་དཔེ་དེབ་དབུ་འབྱེས་ལ་མཁས་དབང་བཀྲིས་ཚེ་རིང་ལགས་གདན་འགྲེན་ཞུ་པ་ལ་སེམས་ཁོངས་ནས་ཐུགས་བརྗེ་ཆེ་ཞུ་པ་ཡིན། ཁོང་xxxxxཡིན་ན་ཡང་། ལོ་རྒྱུས་མཁས་པ་ཅིག་ཡིན་ཙང་། ང་ཚོས་གུས་ཤབས་བྱེད་དགོས་པ་ཡིན། རིན་པོ་ཆེ་ཡིས་ཚངས་མ་ཁྱེན་ཡོད་ངེས་ཡིན་ཡང་། ད་དུང་ཡང་ཁོང་གདན་འགྲེན་ཞུ་པ་ནི་གཟི་བརྗིད་ཆེན་པོ་རེད། བཀའ་དྲིན་ཆེ།

  9. ལ་དྭགས་འཇམ་དཔལ།། says:
    2017-07-01 at 2:19 pm

    ཨ་ལགས་རྗེ་སྤྲུལ མཆོག་ལ་ཞུ་རྒྱུར། མཁས་དབང་དགེ་ཆོས་ཀྱིས། སེངྒྷ་ལ་ཡི་སྐོར་ལ་བྲིས་པར་བཀླགས། འོན་ཀྱང་། བོད་དགེ་སེངྒྷ་ལ་ཡི་སྙན་རྩོམ་མཁས་པ་དེའི་སྐོར་ཞིག་རྙེད་མེད་པས། དགེ་ཆོས་ཀྱི་གསུང་འབུམ་དེབ་༣་ཡོད་པ་ན། བོད་ཀྱི་དགེ་སློང་མཧཱེཎྜ་དང་དགེ་འདུན་ཆོས་འཕེལ་གཉིས་ཐུག་འཕྲད་བྱུང་བའི་དེབ་དང་། ཤོག་གྲངས་བཅས་འགོད་པར་མཛད་ན། བདག་ལ་ཕན་ཐོགས་ཆེ་ཞུ། འདི་ནས་ལོག་རྗེས་དེབ་རྣམས་ཀློག་ངེས་ལགས།
    ང་ལ་དྭགས་ལ་མ་སླེབས་པར་ལོ་ངོ་དྲུག་བདུན་ཙམ་སོང་། “དཔེ་དེབ་འདི་རིང་མིན་ལ་དྭགས་སུ་འགྲེམས་སྤེལ་བྱ་རྒྱུ་ཡིན།” གསུངས་པར་གཟངས་བསྟོད་ཞུ་འོས་ཀྱང་། བོད་ཡིག་ཀློག་པར་དོན་གཉེར་མེད་པ་ལྟ་བུ་ལགས། ང་ལ་ཕ་མ་གཅིག་པའི་སྤུན་མཆེད་དག་གི་ཚ་བོ་དང་། ཚ་མོ་ཉི་ཤུ་ལྷག་ཡོད་ཀྱང་། ཕར་ཚུར་ཡི་གེ་འབྲི་ན། ཨིན་ཡིག་ཏུ་འབྲི། ས་གནས་གཞན་གྱི་བོད་རིགས་ཀྱང་དེ་ལྟར་ཡིན་པ་དུས་དབང་གིས་དེ་འདྲ་ཆགས་པ་སུས་འགོག་ཐུབ། བོད་པ་བུ་མོ་ཞིག་ད་ལྟ་རང་སླེབས་པར་། བོད་ཡིག་འབྲི་མི་ཐུབ། ཀློག་ཐུབ་ཅེས་བཤད་དོ།

  10. ཨ་འབར་འཇིགས་དབང་། says:
    2017-07-01 at 2:38 pm

    ༄༅། གོ་ལ་འདིའི་ནང་སྟོན་པ་བཅོམ་ལྡན་འདས་ཀྱི་རྗེས་འཇུག་པ་ཤེས་ལྡན་པ་གང་ན་སུ་བཞུགས་རྣམས་ནས་ཡང་དག་པའི་ཕྱག་ལས་གནང་མཁན་ལ་སྙིང་ནས་དགའ་བསུ་དང་བསྟོད་བསྔགས་་་བཀྲིས་བདེ་ལེགས་ཞུ་གི་ཡོད།
    མི་ལུས་བླངས་ནས་བླངས་གོ་ཆོད་པ་རེད། ཡང་མི་ངན་ཁ་ཤས་ནས་་་ལྟོ་་་གོས་ལ་བརྟེན་ནས་་་རང་གི་རྒྱལ་ཁབ་མི་རིགས་འདི་དང་ཕྱི་མའི་་་ལམ་སྟོན་པ་རྕ་བའི་བླ་མར་ཟུར་ཟ་མཚན་སྨད་ཞུ་མཁན་དེ་རིགས་ནི་་་མི་ལུས་བྱངས་ནས་གང་ཡོང་་་སྙིང་ཡང་རྗེ་།
    མི་ལུས་རིན་ཆེན་གསེར་ལས་དཀོན། དེ་འདྲའི་མི་ལུས་དཀོན་རྒྱུ་མེད་་གསུངས་་ཅི་མི་བདེན།

  11. སྲིན་པོ་རྫ་རྒན says:
    2017-07-02 at 1:18 am

    ཨ་ལགས་རྗེ་སྤྲུལ་མཆོག་ལ་ཐུགས་རྗེ་ཆེ་ཞུ།

  12. ཀརྡོ་རབ་འབྱམས་པ་ says:
    2017-07-02 at 2:04 am

    ་་་་་་་་་་་་་་ ང་ལ་ཕ་མ་གཅིག་པའི་སྤུན་མཆེད་དག་གི་ཚ་བོ་དང་། ཚ་མོ་ཉི་ཤུ་ལྷག་ཡོད་ཀྱང་། ཕར་ཚུར་ཡི་གེ་འབྲི་ན། ཨིན་ཡིག་ཏུ་འབྲི། ་་་་་་་་་་་་་

  13. ཀརྡོ་རབ་འབྱམས་པ་ says:
    2017-07-02 at 2:04 am

    ་་་་་་་་་་ བོད་པ་བུ་མོ་ཞིག་ད་ལྟ་རང་སླེབས་པར་། བོད་ཡིག་འབྲི་མི་ཐུབ། ཀློག་ཐུབ་ཅེས་བཤད་དོ། ་་་་་་་་་་་་་་་

  14. ནམ་མཁའ says:
    2017-07-02 at 5:00 am

    སྤེན་པ་དོན་གྲུབ་མཆོག་གི་ལོ་རྒྱུས་ཕྲན་བུ་ཞིག་ལོ་བཅུའི་ཡར་སྔོན་ཞིག་ལ།ང་རང་དུས་རྒྱུན་ཚིགས་ཇ་འཐུང་གི་འགྲོ་སའི་ཕྰ་རེ་སིའི་ཇ་ཁང་ཞིག་གི་ནང་ལས་ཀ་བྱེད་མཁན།སིངྒ་ལའི་མི་ཞིག་གི་ཁ་ནས་ཐོས།
    ཁོས་བཤད་ཚུལ་ལ་སྤེན་པ་དོན་གྲུབ་མཆོག་གིས་སིངྒ་ལའི་རྒྱལ་གླུ་ཡང་བརྩམས་ཡོད་པ་མ་ཟད།སིངྒ་ལའི་ལོ་རྒྱུས་ཐུང་ངུ་ཞིག་བརྩམས་ཡོད།དེ་དེང་སང་སློབ་གྲྭའི་སློབ་དེབ་ནང་བཞག་ཡོད་པ་རེད་ཟེར། གང་ལྟར་ད་ཐེངས་སྐུ་ཉིད་ཀྱིས་ཟིན་ཐོ་བཏབས་ཏེ་དེབ་ཞིག་པར་སྐྲུན་བྱས་ཡོད་པ་དེ་བཀའ་དྲིན་ཆེ།ཀློག་འདོད་ཆེན་པོ་འདུག རབ་བྱུང་ན་ཁོའི་བརྩམས་ཆོས་གང་ཡོད་དང་མཚན་སོགས་བྲིས་ཡོད་ཚེ་ཤིན་ཏུ་ནས་བཀའ་དྲིན་ཆེ་ཞུ།

  15. ཀརྡོ་རབ་འབྱམས་པ་ says:
    2017-07-02 at 8:34 am

    ་་་་་་་་་་་ སིངྒ་ལའི་མི་ཞིག་གི་ཁ་ནས་ཐོས། ཁོས་བཤད་ཚུལ་ལ་སྤེན་པ་དོན་གྲུབ་མཆོག་གིས་སིངྒ་ལའི་རྒྱལ་གླུ་ཡང་བརྩམས་ཡོད་པ་མ་ཟད།སིངྒ་ལའི་ལོ་རྒྱུས་ཐུང་ངུ་ཞིག་བརྩམས་ཡོད། ་་་་་་་་་་་ ཟེར། འདི་ནི་ཡིད་འཆེས་དཀའ་བའི་གནས་སུ་འདུག་གོ

  16. ཨ་ལགས་རྗེ་སྤྲུལ། says:
    2017-07-02 at 10:30 am

    ཀརྡོ་རབ་འབྱམས་ལགས། སྤེན་པ་དོན་གྲུབ་ཀྱིས་སིངྒལའི་རྒྱལ་གླུ་བརྩམས་པའི་ལོ་རྒྱུས་མི་འདུག ཡིན་ན་ཡང་ཁོང་གིས་སིངྒལའི་རང་བཙན་ལས་འགུལ་གྱི་སྣེ་ཁྲིད་པ་དང་། དེའི་ཆེད་དུ་རྒྱལ་ཞེན་ཅན་གྱི་སྙན་རྩོམ་བཅུ་ཕྲག་བརྩམས་པའི་གྲས་ལས་ཆེས་གྲགས་ཅན་འགའ་ན་ིལང་ཀའི་མ་ཡུམ་ ( Lanka Matha ) དང་རང་བཙན་གྱི་བསྟོད་ཚིག་ ( Nihdasa Dehana ) སོགས་ཡིན་པ་ནི་ཕྲན་སིངྒལའི་གླིང་དུ་ཞིབ་འཇུག་གི་ཆེད་ཐེངས་གཉིས་ཕྱིན་པའི་བརྒྱུད་རིམ་ཁྲོད་དངོས་སུ་མཐོང་བྱུང་། གཞན་བརྩམས་ཆོས་༤༢ ལྷག་འདུག ཞིབ་ཕྲ་དཔེ་དེབ་ལས་ཤེས་པར་བྱའོ། །

  17. ཨ་ལགས་རྗེ་སྤྲུལ། says:
    2017-07-02 at 10:41 am

    གནམ་མཁའ་ལགས། སྤེན་པ་དོན་གྲུབ་ཀྱིས་སིངྒལའི་རྒྱལ་གླུ་བརྩམས་པའི་ལོ་རྒྱུས་མི་འདུག ཁོང་ལ་བརྩམས་ཆོས་ ༤༢ ལྷག་ཡོད་ཅིང་རེ་རེ་ནས་མིང་དྲང་རྒྱུ་འདུག་པར་མ་ཟད་ཕྲན་གྱི་དཔེ་དེབ་དུའང་བཀོད་ཡོད། ཡིན་ན་ཡང་ཕལ་ཆེ་བ་ལང་ཀའི་སྐད་ཡིག་དང་རེ་གཉིས་རེ་པཱ་ལིའི་སྐད་དུའང་བརྩམས་འདུག

  18. ཨ་ལགས་རྗེ་སྤྲུལ། says:
    2017-07-02 at 10:43 am

    བདག་མེད་ཀུན་གྲོལ་ལགས། ཁྱེད་ཀྱི་མཆན་འདི་བསྟོད་པའི་ཚུལ་གྱིས་སྨད་པའམ་སྨད་པའི་ཚུལ་གྱིས་བསྟོད་པ་གང་ཡིན་ཆ་མ་འཚལ་ཡང་། དོ་སྣང་གནང་བར་ཐུགས་རྗེ་ཆེ།

  19. ཨ་ལགས་རྗེ་སྤྲུལ། says:
    2017-07-02 at 10:51 am

    རྒན་འཇམ་དཔལ་ལགས། ངས་རྒན་ཁྱེད་ཀྱི་དྲིན་ལས་ལ་དྭགས་ཕྱོགས་སུ་བོད་སྐད་དང་བོད་ཡིག་ལ་དོ་སྣང་དང་ཤེས་ཚད་ཀྱང་ལེགས་འབྲས་ཡིན་པ་གོ་ཐོས་བྱུང་། ད་བློ་ཕམ་བྱུང་། སེམས་སྡུག་བྱུང་། ད་དུས་དབང་ལ་ཁག་དཀྲི་མ་བྱས་ན། སུས་ལྷག་བསམ་རྣམ་དག་གིས་འགན་འཁུར། ད་ངའི་དཔེ་དེབ་དེ་ཚོ། ཧ་ཧ་ཧ།

  20. ཀརྡོ་རབ་འབྱམས་པ་ says:
    2017-07-02 at 3:56 pm

    ཨ་ལགས། ལགས་སོ། གསལ་བཤད་གནང་བར་བཀའ་དྲིན་ཆེའོ།།

  21. ཀླུ་སྨྱོན། says:
    2017-07-02 at 11:47 pm

    ཨ་ལགས་ལགས་ལ་ལེགས་སོ་འབུལ།།

  22. དཔའ་ཆེན་དོན་གྲུབ་ says:
    2017-07-03 at 2:06 am

    ཨ་ལགས་རྗེ་སྤྲུལ་མཆོག་ལ་ཐུགས་རྗེ་ཆེ་ཞུ།
    བདག་མེད་ཀུན་གྲོལ་མིང་ཅན། ཨ་མྱེས་རྨ་ཆེན་ཞིབ་འཇུག་ཁང་གི་བཀྲ་ཤིས་ཚེ་རིང་རྒྱལ་བ་རིན་པོ་ཆེ་ལ་མི་དགའ་མཁན་རེད་དམ། ཁྱི་ཁ་གླ་གི་མ་བསྡད་ན་ཡག་པོ་མེད་འགྲོ།

  23. ཨ་ཁུ་འབྲོག་པ། says:
    2017-07-03 at 7:37 am

    འོ། ད་ཡང་བོད་མི་སྤེན་པ་དོན་གྲུབ་སིངྒ་ལའི་དེབ་ཐེར་དུ་འཁོད་པའི་རླབས་ཆེན་འབྲས་ལྗོངས་པར་འགྱུར་རྒྱུ་ཡིན་འདུག།

  24. རྒྱ་ཞིང་མྱི་དཀར། says:
    2017-07-06 at 2:30 pm

    བོད་མི་ཡིན་མིན་ད་རུང་བལྟ་རྒྱུ་རེད

  25. ཨ་ལགས་རྗེ་སྤྲུལ། says:
    2017-07-07 at 4:50 am

    ཨ་ཁུ་འབྲོག་པ་ལགས། ངས་ཁོང་འབྲས་ལྗོངས་པ་མ་རེད་ཟེར་ཀྱི་མེད། འབྲས་ལྗོངས་པ་ཡིན་ན་བོད་མི་མ་ཡིན་དགོས་པ་དང་མོན་པ་ཡིན་ན་བོད་པ་མ་ཡིན་པའི་ལྟ་ཚུལ་འདི་གང་ནས་རྙེད་བྱུང་། ས་ཁུངས་གཞན་ལག་ཏུ་ཤོར་ཡང་བོད་རིགས་རྣམས་མི་རིགས་གཞན་དུ་བསྒྱུར་དགོས་དོན་མེད་ལ། ཁོང་གི་རུས་རྐང་ནི་བོད་ཀྱི་བཙན་པོའི་རུས་རྐང་ལས་ཆད་པའི་ཁུངས་ལྡན་གྱི་ཡིག་ཚགས་ཡོད། ཞིབ་ཏུ་<> ཞེས་པའི་དཔེ་དེབ་ལ་ལྟོས།
    རྒྱ་ཞིང་མྱི་དཀར་ལགས། སོ་སོའི་ཤ་ཁྲག་རུས་གསུམ་བོད་མིའི་ཤ་ཁྲག་རུས་ལས་མཆེད་པའི་རྒྱུ་མཚན་ལས་རང་ཉིད་བོད་མི་ཡིན་པའི་ཁུངས་བཙན་པ་ཞིག་མེད། ཡང་བོད་སྐད་ཤེས་མིན་དང་བོད་ཀྱི་རྒྱལ་ཁུངས་སུ་སྐྱེས་ཡོད་མེད་དེ་ཉིད་བོད་མི་ཡིན་མིན་གྱི་དབྱེ་མཚམས་སུ་མི་འཇོག་པ་ནི་བོད་ཞེན་ཅན་ཀུན་གྱིས་ཤེས་གསལ་ཡིན།
    རྒྱ་ཞིང་མྱི་དཀར་ལགས། ངས་ཁྱེད་བོད་མི་ཞིག་ཡིན་པའི་ཡིད་ཆེས་བྱེད་བཞིན་ཡོད། འོན་ཀྱང་དེ་ནི་ཡིད་ཆེས་ཙམ་རེད། དེར་བརྟེན་ཁྱེད་ཀྱིས་ཁྱེད་རང་བོད་མི་ཞིག་ཡིན་པའི་ཁུངས་སྐྱེལ་ཞིག་གནང་རོགས དཀོན་མཆོག་གསུམ་ཞེས་མནའ་བསྐྱལ་ནས་མ་སྒྲུབ་རོགས།

  26. ཀརྡོ་རབ་འབྱམས་པ་ says:
    2017-07-07 at 8:50 am

    ་་་་་་་་་་བོད་སྐད་ཤེས་མིན་དང་བོད་ཀྱི་རྒྱལ་ཁུངས་སུ་སྐྱེས་ཡོད་མེད་དེ་ཉིད་བོད་མི་ཡིན་མིན་གྱི་དབྱེ་མཚམས་སུ་མི་འཇོག་པ་ནི་བོད་ཞེན་ཅན་ཀུན་གྱིས་ཤེས་གསལ་ཡིན། ་་་་་་་་་་

  27. ཨ་ཁུ་འབྲོག་པ། says:
    2017-07-07 at 4:55 pm

    ཨ་ལགས་རྗེ་སྤྲུལ་ཞུ་བར་བཀྲ་ཤིས་བདེ་ལེགས། སིངྒ་ལ་པའི་དེབ་ཐེར་ནང་རླབས་ཆེན་བོད་པ་ཞེས་འཁོད་པ་དང་། ཁོང་རྣམས་ཀྱིས་བོད་པར་བརྩིས་ཡོད་ན་དེ་གས་འཐུས། དེ་མིན་བོད་རང་བཙན་རྒྱལ་ཁབ་ཡིན་བཞིན་པའི་སྐབས་བོད་དང་ས་འདྲེས་ཡུལ་ལུང་གི་མི་ཁོངས་ཡིན་པ་འབྲུག་པ་དང་འབྲས་ལྗོངས། ཤར་པ་དང་རྟ་མང་། སྒོ་རུང་ཟེར་བ་སོགས་ཧི་མ་ལ་ཡའི་རི་བརྒྱུད་ཀྱི་མི་རྣམས་བཙན་པོའི་རུས་རྐང་ལས་ཆད་པ་ཟེར་བ་ཡིན་དུ་ཆུག་ཀྱང་། བྱས་རྗེས་ཡོད་པའི་མི་སྣ་རྙེད་ཚད་ལ་ད་གཟོད་བོད་པ་དང་བོད་པ་ཞེས་བརྗོད་ན་མི་རྒྱུ་ལ་བསྟོད་ར་གཏོང་བའི་འགན་ཁུར་ལེན་པའི་འོས་བབ་ཡོད་མེད་དང་། མི་ལ་མི་བདག་མེད་ཀྱང་རོ་ལ་རོ་བདག་ཡོད་ཟེར་བའི་དཔེ་ལྟར་གཞན་གྱི་བསམ་བློར་དོ་ཕོག་འགྲོ་མིན་ཡང་བལྟ་དགོས་སྙམ་མོ། དེ་ལས་འབྲས་ལྗོངས་ནས་ཡིན་པའི་བོད་པ་ཞེས་པ་ལྟ་བུ་བརྗོད་ན་འོས་ཤིང་འཚམ་ཡང་སྙམ་མོ།

  28. ཨ་ལགས་རྗེ་སྤྲུལ། says:
    2017-07-21 at 2:13 am

    དགེ་ཆོས་ཀྱིས་སྤེན་པ་དོན་གྲུབ་ཀྱི་མཚན་སྙན་གྲགས་སིངྒལར་མ་ཕེབས་པའི་སྔོན་ནས་ཤེས་འདུག་སྙམ་ཏེ། ཁོང་ལ་འབྲས་ལྗོངས་ཀྱི་བློན་ཆེན་མི་ཉག་ཨ་ཏི་( 1902-1988) ཡིས་སིངྒལར་འགྲོ་བའི་ལམ་ཡིག་སྤྲད་པ་དང་། མི་ཉག་ཨ་ཏི་ཡིས་སྤེན་པ་དོན་གྲུབ་ཀྱི་གནང་སྟངས་ཚང་མ་ཤེས་མཁན་ཡིན་པའི་ཆ་ནས་དགེ་ཆོས་ལ་ཁོང་གི་སྐོར་ཏན་ཏན་གསུང་འདུག་སྙམ། ཡང་དགེ་ཆོས་ཀྱིས་སྤེན་པ་དོན་གྲུབ་ཀྱི་ལོ་རྒྱུས་ཡོང་གྲགས་སུ་མ་གླེང་བ་ནི་དགེ་ཆོས་ཀྱི་མིའི་གཤིས་ཀུན་སྤྱོད་ལའང་འབྲེལ་བ་ཧ་ཅང་འདུག་སྙམ་ཏེ། གཏམ་རྒྱུད་གསེར་ཐང་ལས། དེ་ལྟར་ན་གླིང་འདིར་བོད་ཀྱི་བླ་མ་རྫུ་འཕྲུལ་གྱིས་བྱོན་པ་ནི་སྔར་འགའ་ཙམ་བྱུང་འདུག་མོད། རྫུ་འཕྲུལ་མ་ཐོབ་པའི་ནང་ན་ངེད་རང་སླེབས་སྔ་བ་ཞིག་ཏུ་སེམས། ཞེས་དགེ་ཆོས་ཀྱིས་སིངྒལའི་གླིང་དུ་རྐང་འགྲོས་ཐེངས་དང་པོ་སླེབས་མཁན་དགེ་ཆོས་རང་ཉིན་ཡིན་པར་སྟོན་འདོད་ཀྱིས་རེ་ཞིག་རིང་སྤེན་པ་དོན་གྲུབ་ས་འོག་ཏུ་སྦས་པ་ཡིན་ཤས་ཆེ།
    ཡང་། གཏམ་རྒྱུད་གསེར་ཐང་ལས། དེ་ལྟར་ན་གླིང་འདིར་བོད་ཀྱི་བླ་མ་རྫུ་འཕྲུལ་གྱིས་བྱོན་པ་ནི་སྔར་འགའ་ཙམ་བྱུང་འདུག་མོད། རྫུ་འཕྲུལ་མ་ཐོབ་པའི་ནང་ན་ངེད་རང་སླེབས་སྔ་བ་ཞིག་ཏུ་སེམས། ཞེས་སྔར་བོད་ཀྱི་བླ་མ་རྫུ་འཕྲུལ་ཅན་སུ་ཞིག་སིངྒལར་ཕེབས་ཡོད་པ་དང་དུས་རབས་ནམ་ཞིག་ནང་ཕེབས་ཡོད་དམ། དེ་ཡང་ ” འགའ་ཙམ་བྱུང་འདུག་མོད། ” ཅེས་པའི་བརྗོད་ཚིག་བལྟས་ན་ཕལ་ཆེར་བཞི་ལྔ་ཞིག་བྱུང་ཡོད་ཚོད་འདུག་པས་དེའི་སྐོར་མཁྱེན་མཁན་ཡོད་ན་བདག་ལ་བློ་བསྐྱེད་ཤིག་གནང་རོགས་ཞུ།

  29. ཀརྡོ་རབ་འབྱམས་པ་ says:
    2017-07-21 at 2:42 am

    ་་་་་་་ དགེ་ཆོས་ཀྱིས་སིངྒལའི་གླིང་དུ་རྐང་འགྲོས་ཐེངས་དང་པོ་སླེབས་མཁན་དགེ་ཆོས་རང་ཉིན་ཡིན་པར་སྟོན་འདོད་ཀྱིས་རེ་ཞིག་རིང་སྤེན་པ་དོན་གྲུབ་ས་འོག་ཏུ་སྦས་པ་ཡིན་ཤས་ཆེ། ་་་་་་ འདི་ནི་ཁྱད་མཚར་ཞིག་རེད། དགེ་ཆོས་ཀྱིས་འདོད་བསྟན་བྲིས་སྤོབས་ལ། དགེ་སློང་སྤེན་དོན་མ་གླེང་བ་མཁས་པ་ནང་ཚགས་ཕྲག་མདོག་བྱས་པ་ཡིན་ནམ། ཡང་ན། གསང་དགོས་དོན་ཅི་ཡིན་ནམ། ཧ་ཧ། ཧོ་ཧོ།།

  30. ཨ་ལགས་རྗེ་སྤྲུལ། says:
    2017-07-21 at 6:41 am

    འབྲས་ལྗོངས་ཀྱི་བློན་ཆེན་མི་ཉག་ཨ་ཏི་དེ་འབྲས་ལྗོངས་བློན་ཆེན་འབའ་ཉག་ཨ་ཐིང་ལ་ཆོས།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme