Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

སི་ཏུའི་སུམ་རྟགས་འགྲེལ་ཆེན་གྱི་བདག་སྒྲའི་སྐབས་སུ་བྱུང་བའི་ནང་འགལ་ཁག་གསུམ་གླེང་བ།

Posted on 2014-02-202014-02-20 By ཁ་བརྡ་ 9 Comments on སི་ཏུའི་སུམ་རྟགས་འགྲེལ་ཆེན་གྱི་བདག་སྒྲའི་སྐབས་སུ་བྱུང་བའི་ནང་འགལ་ཁག་གསུམ་གླེང་བ།

སྤྲོ་ཚིགས་ཆོས་གྲགས།

སི་ཏུ་བསྟན་པའི་ཉིན་བྱེད་གཙུག་ལག་ཆོས་ཀྱི་འབྱུང་གནས་ཀྱིས་བརྩམས་པའི་སུམ་རྟགས་འགྲེལ་ཆེན་མཁས་པའི་མགུལ་རྒྱན་མུ་ཏིག་ཕྲེང་མཛེས་སམ། ཡོངས་གྲགས་སི་ཏུའི་འགྲེལ་ཆེན་དུ་འབོད་པ་དེ་ནི། བོད་ཀྱི་བརྡ་སྤྲོད་རིག་པའི་ཕྱི་མོའི་གཞུང་སུམ་རྟགས་རྩ་གཞུང་ལ་དུས་རབས་རིམ་བྱུང་གི་རིས་མེད་མཁས་པའི་མཛད་པའི་འགྲེལ་པའི་ཁྲོད། རྩ་ཚིག་གི་འབྲུ་གནོན་བྱེད་སྟངས་དང། དཀའ་གནད་ལ་མཐའ་དཔྱོད་སྟངས། གཞུང་དོན་མང་པོའི་ཐད་དཔྱད་གསུམ་དག་པའི་རང་ལུགས་བཞག་སྟེ་སློབ་དཔོན་ཐུ་མིའི་དགོངས་པ་རབ་ཏུ་གསལ་བར་མཛད་པ་སོགས་ཁྱད་ཆོས་ཐུན་མོང་མ་ཡིན་པ་དུ་མས་ཕྱུག་པས། སྔ་འགྲེལ་ཀུན་ལས་རྒྱས་ཤོས་ཙམ་མ་ཟད་མཁས་བླུན་ཀུན་གྱིས་ཚད་མར་གཟུང་འོས་ཤོས་སུ་གྱུར་ཞིང་། ཀུན་མཁྱེན་སི་ཏུའི་སུམ་རྟགས་འགྲེལ་པ་བརྩམས་པའི་རྗེས་སུ་གྲུབ་མཐའ་རིས་མེད་ཀྱི་མཁས་པའི་ཁྲོད་གཞན་འགྲན་མ་མཆིས་པའི་ཤུགས་རྐྱེན་ཐེབས་ཡོད་པ་རེད། འོན་ཀྱང་སི་ཏུའི་འགྲེལ་ཆེན་གྱི་བཤད་པ་ཐམས་ཅད་ཤ་གཟུག་ཟ་རྐྱང་མིན་པར་ཕྱིས་ཀྱི་མཁས་པའི་ཁྲོད་དགག་པ་དང་དག་ཐེར་གནང་མཁན་ཡང་བྱུང་ཡོད།

ཕྲན་གྱི་རྨོངས་འཆར་ལ། སུམ་ཅུ་པའི་བདག་སྒྲའི་གཞུང་དོན་འཆད་སྐབས། ཀུན་མཁྱེན་སི་ཏུར་ནང་འགལ་ཁག་གསུམ་བྱུང་འདུག འོན་ཀྱང་སི་ཏུ་པཎ་ཆེན་ནི་མདོ་སྔགས་རིག་གནས་ཀུན་ལ་གཞན་དྲིང་མི་འཇོག་པའི་ཚད་ཐུབ་མཁས་པ་དང་། ལྷག་དོན་སྒྲ་རིག་པ་དང་བོད་ཀྱི་བརྡ་སྤྲོད་རིག་པར་ནང་བྱན་ཆུབ་ཅིང། སུམ་རྟགས་འགྲེལ་ཆེན་འདི་ཡང་མི་ལོ་བཅོ་ལྔའི་རིང་བརྩམས་ཚུལ་གཞུང་དེའི་མཛད་བྱང་དུ་གསལ་བ་ལྟར། ཁོང་ལྟ་བུའི་མཁས་པ་ཆེན་པོའི་གསུངས་ལ་དཔྱད་ཞིབ་བྱེད་པ་ནི། སངས་རྒྱས་ཀྱི་དབུ་ལ་བུ་གུའི་ལག་རྩེད་ལྟ་བུ་ཆགས་སྲིད་ཀྱང། སི་ཏུའི་འགྲེལ་ཆེན་སློབ་ཞིབ་དང་། འཆད་ཁྲིད་སྐབས་ཀྱི་དོགས་འཆར་འགའ་ཞིག་རང་མཉམ་བློ་གསལ་དག་ལ་བསམ་ཚུལ་བརྗེ་རེས་ཀྱི་ཚུལ་དུ་འབུལ་འདོད་བྱུང།

བདག་སྒྲའི་སྐབས་ཀྱི་ནང་འགལ་དང་པོ་ནི། སི་ཏུ་པཎ་ཆེན་རང་གིས་མཛད་པའི་གཞུང་ལུགས་ཀྱི་བཤད་པ་དང་ལག་ལེན་བར་འགལ་འདུ་བྱུང་ཡོད་པ་དེ་རེད། ད་ཕན་གྱི་སུམ་རྟགས་འགྲེལ་པ་ཁག་ལས་བདག་སྒྲའི་ཕྲད་ལ་པུལིངྒའི་སྒྲར་གྱུར་པའི་པ་དང་པོ་གཉིས་ཁོ་ན་ལས། བ་ཡིག་བདག་སྒྲའི་ཕྲད་དུ་མི་འཇུག་ཐོག་མར་གསུངས་མཁན་ནི། སི་ཏུ་པཎ་ཆེན་གཙུག་ལག་ཆོས་ཀྱི་འབྱུང་གནས་ཆགས་ཡོད། ཁོང་གིས་ལྷ་ས་བ་དང་།་སེ་ར་བ་ལྟ་བུ་ནི་གྲོང་པའི་ཕལ་སྐད་ཙམ་ཡིན་པས་ཚད་འཛིན་བྱེད་མི་རུང་གསུངས་ཡོད་དེ། “དེ་ལ་པུ་ལིངྒའི་སྒྲ་ནི་བདག་པོའི་དོན་སྟོན་པར་བྱེད་པའི་པ་དང་པོའི་སྒྲ་གཉིས་ཡིན་ཏེ། ” 1 ཞེས་དང། “ལྷ་ས་བ། སེ་ར་བ། ལྟ་བུ་རྣམས་ནི་གྲོང་པའི་སྐད་ཕལ་བ་ཙམ་དུ་ཟད་པས་དཔེར་མི་འོས་ཏེ། དེ་འདྲ་ལ་ཡིད་བརྟན་འཆའ་ན་ནོར་བ་མང་པོའང་ཁས་ལེན་དགོས་པར་འགྱུར་ཞིང། དེ་དག་དག་པར་འདོན་ན། ལྷ་ས་པ། སེ་ར་པ། ལྟ་བུར་བརྗོད་རིགས་པའི་ཕྱིར་རོ།” 2 ཞེས་གསུངས་སོ།

དེ་ལྟར་སི་ཏུ་པཎ་ཆེན་གྱིས་སུམ་རྟགས་ཀྱི་གཞུང་འགྲེལ་རྩོམ་སྐབས། བདག་སྒྲའི་ཕྲད་ལ་པ་པོ་ལས་བ་ཡིག་མི་འཇུག་པའི་གཏན་ཚིགས་བཀོད་ཀྱང། སི་ཏུ་རང་གིས་བྲིས་པ་དང་ཞུ་དག་བགྱིས་པའི་བསྟན་བཅོས་རྣམས་སུ། བ་ཡིག་བདག་སྒྲའི་ཕྲད་དུ་སྦྱར་བ་མང་སྟེ། འདིར་དཔེ་མཚོན་ཙམ་བརྗོད་ན། སི་ཏུ་པཎ་ཆེན་རང་གིས་བྲིས་པའི་རང་རྣམ། <<ཏཱའི་སི་ཏུར་འབོད་པ་ཀརྨ་བསྟན་པའི་ཉིན་བྱེད་ཀྱི་རང་ཚུལ་དྲངས་པོར་བརྗོད་པ་དྲི་བྲལ་ཤེལ་གྱི་མེ་ལོང། >>ཞེས་པར། “རྒྱལ་དབང་བཅུ་གཅིག་པས་ངོས་འཛིན་ཙམ་དང་མཚན་ལེགས་བཤད་སྨྲ་བའི་ཉི་མ་ཞེས་འདོགས་པར་མཛད་ཀྱང་གླིང་ཚང་བ་རང་གི་འདོད་ཕྱོགས་ཀྱིས་ས་སྐྱའི་ཆོས་སྒོར་བཅུག་པས་སྐུ་ན་ཕྲ་མོ་ཉིད་ནས་གྲོང་།” 3 ཞེས་པའི་གླིང་ཚང་བ་དང་།
དེ་བཞིན་དུ། “དཔོན་མགོན་ལུས་གཙོས་པའི་དཔོན་རུ་བ་རྣམས་ཀྱིས་བསྙེན་བཀུར་རྒྱ་ཆེན་བསྟབས་པ་དང་དུ་བླངས།”4 ཞེས་པའི་རུ་བ་ལྟ་བུ་མང་ཞིང། དེ་བཞིན་སྡེ་དགེའི་ཤིང་པར་ལྟར་བསྒྲིགས་པའི་སི་ཏུའི་འགྲེལ་ཆེན་རང་དུ་། “དེ་ལྟ་ན་བསྟན་བཅོས་འདི་རྩོམ་པ་དེའི་ཚེའམ་དེ་ལས་སྔོན་དུ་དཔེར་བྱ་འོས་པའི་ལོ་ཙཱ་བ་དུ་མ་ཞིག་ཡོད་པར་འདོད་དགོས་ཤིང།” 5 ཞེས་པའི་ལོ་ཙཱ་བ་ལྟ་བུ་བདག་སྒྲ་ཡིན་ངེས་ལ་བ་ཡིག་སྦྱར་ཡོད་ཅིང་། སི་ཏུ་པཎ་ཆེན་རང་གིས་ཞུས་ཆེན་མཛད་པའི་སྡེ་དགེའི་བཀའ་འགྱུར་ཤིང་དཔར་མའི་ནང་དུའང། ལོ་ཙཱ་བ་ཞེས་པར་བ་ཡིག་ལས་པ་ཡིག་བྲིས་པ་གཅིག་ཀྱང་མི་སྣང་བ་མ་ཟད། 6 སི་ཏུས་ཞུས་ཆེན་མཛད་པའི་སྡེ་དགེའི་བཀའ་འགྱུར་ནང། ཞབས་འབྲིང་བ། 7 བཱ་རཱ་ཎ་སི་བ་8 ལྟ་བུ་བ་ཡིག་བདག་པོའི་དོན་སྟོན་བྱེད་ཀྱི་ཕྲད་དུ་སྦྱར་བ་རྩིས་ཀྱིས་མི་ལང་ངོ།

དེས་ན་སྐབས་འདིར་སི་ཏུའི་རྗེས་སུ་འབྲངས་ནས་བདག་སྒྲ་སྟོན་པའི་ཕྲད་ལ་པ་དང་པོ་ལས་བ་དང་བོ་མི་འཇུག་པར་འདོད་མཁན་ཚོས། རྩ་བར་དངོས་བསྟན་གྱི་བདག་སྒྲའི་ཕྲད་ཡིན་ན། པུ་ལིངྒའི་སྒྲར་གྱུར་པའི་པ་དང་པོ་གཉིས་ཁོ་ན་ཡིན་པའི་ཁྱབ་པ་སི་ཏུ་པཎ་ཆེན་གྱི་དགོངས་པ་ཡིན་གྱི། སྤྱིར་བ་ཡིག་ཀྱང་བདག་སྒྲའི་ཕྲད་དུ་འདོད་པ་ཙམ་སི་ཏུ་པཎ་ཆེན་གྱིས་ཀྱང་བཞེད་ཅེས་གསུངས་ན་མཛེས་སོ། གནད་འདི་མ་རྟོགས་པའི་རྐྱེན་གྱིས་དེང་སྐབས་འགའ་རེས་ལོ་ཙཱ་པ་སོགས་ཀྱི་ཡིག་སྦྱོར་བྱེད་པ་ནི། བཀའ་བསྟན་སོགས་གཞུང་ཁུངས་མའི་ཡིག་སྲོལ་མིན་ལ། སི་ཏུ་པཎ་ཆེན་གྱི་དགོངས་པའང་མིན་པ་ཞར་ལ་རྟོགས་ནུས།

བདག་སྒྲའི་སྐབས་ཀྱི་ནང་འགལ་གཉིས་པ་ནི། རྟག་པ་ལྟ་བུ་མིང་མཐར་སྔར་ནས་ཡོད་པའི་མིང་གི་ཆ་ཤས་ཀྱི་པ་དེ་ཉིད། སུམ་ཅུ་པའི་གཞུང་དོན་འཆད་སྐབས་པུ་ལིངྒའི་སྒྲ་མིན་པར་གསུངས་ཤིང་། རྟགས་འཇུག་གི་སྐབས་སུ་པུལིངྒའི་སྒྲ་ཡིན་པར་གསུངས་ཡོད་པ་དེ་རེད། དེ་ཡང་སུམ་ཅུ་པར་བདག་སྒྲའི་གཞུང་དོན་འཆད་སྐབས། “དེ་བཞིན་དུ། ཡོད་པ་པ། མེད་པ་པ། བྱེད་པ་པོ། ཤེས་པ་པོ། ལྟ་བུ་རྣམས་ཀྱང་སྔོན་ནས་ཡོད་པའི་པ་སྒྲ་རྣམས་བདག་པོའི་དོན་མི་སྟོན་པའི་ཕྱིར་པུ་ལིངྒའི་སྒྲ་མིན་པས་སླར་པི་ལིངྒའི་སྒྲ་སྦྱར་ཏེ་བདག་པོའི་དོན་ཅན་དུ་སོང་བ་ཡིན་ནོ།” 9 ཞེས་གསུངས་ཏེ། ཤེས་པ་ལྟ་བའི་མིང་མཐའི་པ་ཡིག་དེ་ཉིད་བདག་པོའི་དོན་མི་སྟོན་པའི་ཕྱིར་པི་ལིངྒའི་སྒྲ་མིན་པར་གསུངས་ཡོད།
འདི་ལ་གཞིགས་ན། སི་ཏུའི་བཞེད་པའི་པུ་ལིངྒའི་སྒྲ་ནི་ངེས་པར་དུ་བདག་པོའི་དོན་སྟོན་བྱེད་ཅིག་དགོས་པར་གྲུབ་ཅིང། དེ་ལྟ་ན། ཆང་མ་ལྟ་བུའི་མ་ཡིག་ཀྱང་སི་ཏུ་པཎ་ཆེན་རང་གིས་བདག་སྒྲར་ཞལ་གྱིས་བཞེས་ཡོད་པས། དེ་ཡང་པུ་ལིང་གའི་སྒྲ་ཡིན་ཏེ། བདག་པོའི་དོན་སྟོན་བྱེད་ཙམ་ཡིན་པའི་ཕྱིར་རོ།

སྐབས་འདིར་སི་ཏུ་པཎ་ཆེན་གྱི་རྟགས་འཇུག་འགྲེལ་པའི་ཕྲད་རྣམ་དབྱེ་འདྲེན་ཚུལ་བཤད་པའི་སྐབས་སུ། “བདག་པོའམ་དགག་པའི་དོན་དུ་གསར་དུ་སྦྱར་བ་མ་ཡིན་པའི་མིང་མཐའ་ཉིད་པུ་ལིངྒའམ། སྟྲཱི་ལིངྒར་གནས་པ་ནི་ངོ་བའམ་བྱ་བ་གང་ཡིན་པ་དེ་དེ་ཉིད་སྒྲུབ་པའི་སྒྲར་འགྱུར་བ། རྟག་པ། དམ་པ། བསྟོད་པ།་མཛེས་པ། ཡག་མ། གསར་མ། བླ་མ། གོང་མ། ལྟ་བུ་དང་།” 10 ཞེས་རྟག་པ་ལྟ་བུའི་མིང་གི་ཆ་ཤས་སུ་སྔར་ནས་ཡོད་པའི་པ་ཡིག་དེ་ཉིད་པུ་ལིངྒའི་སྒྲར་གནས་པ་ཡིན་པར་གསུངས་ཡོད་པས། སུམ་ཅུ་པའི་སྐབས་སུ་ཤེས་པ་ལྟ་བུའི་པ་ཡིག་པུ་ལིངྒའི་སྒྲ་མིན་པར་གསུངས་པ་དང། རྟགས་འཇུག་སྐབས་སུ་རྟག་པ་ལྟ་བུའི་མིང་མཐའི་པ་ཡིག་དེ་ཉིད་པུ་ལིངྒའི་སྒྲ་ཡིན་པར་གསུངས་པ་གཉིས། ངའི་མ་མོ་གཤམ་ཡིན་ཟེར་བ་ལྟ་བུའི་ཕན་ཚུན་ནང་འགལ་མིན་ན་ཅི་ཞིག་ཡིན།

བདག་སྒྲའི་སྐབས་ཀྱི་ནང་འགལ་གསུམ་པ་ནི། སུམ་ཅུ་པའི་རྩ་གཞུང་གི་དངོས་བསྟན་གྱི་ཕྲད་རྗེས་འཇུག་གི་བྱ་བ་གཙོ་བོར་གྱུར་པའི་ཕྲད་ཡིན་གསུངས་པ་དང། བདག་སྒྲ་སྟོན་པའི་མ་ཡིག་རྗེས་འཇུག་གི་བྱ་བ་གཙོ་བོར་གྱུར་པའི་ཕྲད་ཡིན་པ་གང་ཞིག རྩ་བར་དངོས་སུ་མ་བསྟན་པའི་གཏན་ཚིགས་ཁ་གསལ་གསུངས་མེད་པ་དེའོ། དེ་ལ་ཀུན་མཁྱེན་སི་ཏུ་པཎ་ཆེན་གྱིས། རྗེས་འཇུག་གི་བྱ་བ་གཙོ་བོར་གྱུར་པའི་ཕྲད། མིང་གཞི་རྐྱང་བའི་སྒྲ་གཙོ་བོར་གྱུར་པའི་ཕྲད། འཇུག་པའི་ཡི་གེ་དང་ལྷན་ཅིག་པའི་སྒྲ་གཙོ་བོར་གྱུར་པའི་ཕྲད་ཅེས་སུམ་ཅུ་པའི་དངོས་བསྟན་དང་། ཤུགས་བསྟན་གྱི་ཕྲད་རྣམས་ལ་རིགས་གསུམ་ཕྱེས་པ་ནི། ཁོང་གི་རྣམ་དཔྱོད་ཀྱི་རྩལ་ལས་ཐོན་པའི་ཐུན་མོང་མ་ཡིན་པའི་གསུངས་སྟངས་ཤིག་ཆགས་ཡོད།

འོན་ཀྱང་། “འོ་ན་འདིར་ཏོའི་སྒྲ་མ་བསྟན་པ་ཅི་ཞེ་ན། གཞུང་འདི་གའི་གཤམ་དུ། རྗེས་འཇུག་བཅུ་ཡི་དོན་ཤེས་ན། ཞེས་དང། རྗེས་འཇུག་སྦྱོར་བ་མཁས་པ་ན།་། ཞེས་སོགས་ཀྱི་སྐབས་སུ་འཆད་པར་འགྱུར་བ་བཞིན་གཞུང་འདིས་གཙོ་བོར་རྗེས་འཇུག་གི་བྱ་བ་འཆད་པ་ཡིན་པའི་ཕྱིར། མིང་གཞི་རྐྱང་བའི་སྒྲ་གཙོ་བོར་གྱུར་པའི་ཕྲད་བདག་སྒྲ་ཙམ་ལས་གཞན་འདིར་མ་གསུངས་པ་ཡིན་ནོ། ” 11 ཞེས་སུམ་ཅུ་པའི་དངོས་བསྟན་རྗེས་འཇུག་གི་བྱ་བ་གཙོ་བོར་གྱུར་པའི་ཕྲད་ཡིན་པས་བདག་སྒྲའི་པ་པོ་ཙམ་ལས་གཞན་མིང་གཞི་རྐྱང་བ་ཉི་ཤུ་ལས་བྱུང་བའི་ཕྲད་དངོས་སུ་མ་བསྟན་གསུངས་པ་དང་། བདག་སྒྲའི་གཞུང་དོན་འཆད་སྐབས། “འགའ་ཞིག་གིས། ཇ་མ་ཆང་མ་སོགས་མ་ཡིག་པུ་ལིངྒར་འགྱུར་བ་ཡོད་ཅེས་ཟེར་བ་ཐོས་ཀྱང། གཞུང་དོན་ལ་ཅུང་ཟད་ཀྱང་མ་དཔྱད་པར་ཟད་དེ། དེ་འདྲ་དེས་བདག་པོའི་དོན་བསྟན་དུ་ཆུག་ཀྱང་པུ་ལིངྒའི་ཟློག་ཕྱོགས་སྟྲཱི་ལིངྒའི་སྒྲ་ཡིན་པའི་ཕྱིར་རོ།།” 12 ཞེས་གསུངས་པ་གཉིས་གོང་འོག་བསྡུར་ན་འདི་འདྲ་ཞིག་འཆར་སྟེ། མ་ཡིག་བདག་དོན་སྟོན་བྱེད་དུ་འཇུག་པ་སི་ཏུ་པཎ་ཆེན་རང་གིས་ཞལ་གྱིས་བཞེས་ཡོད་ལ། དེ་ཉིད་རྗེས་འཇུག་གི་བྱ་བ་གཙོ་བོར་སྟོན་པའི་ཕྲད་ཀྱང་ཡིན་པས། ཁྱེད་ལྟར་ན་དེ་ཡང་དང་པོའི་སློབ་དཔོན་གྱིས་སུམ་ཅུ་པའི་དངོས་བསྟན་གྱི་ཕྲད་དུ་འཇོག་རིགས་ཀྱང་བཞག་མེད་པ་དང་། དེ་ལྟར་མ་བཞག་པའི་རྒྱུ་མཚན་འཐད་ལྡན་གཞན་སྟོན་རྒྱུ་ཡོད་ན་སྟོན་རིགས་ཀྱང་མ་བསྟན་པས་སོ།

དེས་ན་སུམ་ཅུ་པའི་གཞུང་གི་བསྟན་བྱ་གཙོ་བོ་རྗེས་འཇུག་གི་བྱ་བ་གཙོ་བོར་གྱུར་པའི་ཕྲད་ཡིན་པས། བདག་སྒྲའི་པ་པོ་ཙམ་ལས་མིང་གཞི་རྐྱང་བ་ཉི་ཤུ་ལས་བྱུང་བའི་ཕྲད་རྣམས་ཤུགས་ལ་བསྟན་གསུངས་པའང་འདམ་ལ་ཕུར་བུ་བཏབ་པ་ལྟར་མ་གྱུར་གྲང་།
སྐབས་འདིར་<<ཐོན་མིའི་ཞལ་ལུང་།>> དུ། “སླར་བསྡུའི་ཏོ་དང། ལ་དོན་གྱི་དུ། ལྷག་བཅས་ཀྱི་ཏེ་སོགས་ཅུམ་ཅུ་པའི་དངོས་བསྟན་དུ་མ་བྱུང་བའི་རྒྱུ་མཚན་ལ། མཁས་པ་ཁ་ཅིག་སུམ་ཅུ་བར་རྗེས་འཇུག་གི་བྱ་བ་གཙོ་བོར་སྟོན་པའི་རྒྱུ་མཚན་གྱིས་མ་བསྟན་ཟེར་བ་ནི་འཐད་པར་མི་སེམས་ཏེ། གོ་ངོ་དོ་ནོ་སོགས་བསྟན་པའི་དགོས་པ་ནི། ཁྱེད་ལྟར་ན་རྗེས་འཇུག་གི་བྱ་བ་གཙོ་བོར་སྟོན་པའི་རྒྱུ་མཚན་གྱིས་མ་བསྟན་ཟེར་བ་ནི་འཐད་པར་མི་སེམས་ཏེ། གོ་ངོ་དོ་ནོ་སོགས་བསྟན་པའི་དགོས་པ་ནི། ཁྱེད་ལྟར་ན་རྗེས་འཇུག་གི་བྱ་བ་གཙོ་བོར་སྟོན་པའི་རྒྱུ་མཚན་གྱིས་དངོས་སུ་བསྟན་ཟེར་ན། ཏོ་ཏེ་ཏུ་སོགས་ཀྱང་རྒྱུ་མཚན་དེ་ལས་མ་འདས་པས་བཟློག་སྟེ་བཤད་པའི་གནད་ཀ་དེས་ལོག་རྟོག་ཇི་ལྟར་སེལ་ནུས། ” 13 ཞེས་དང། “ཡང་སུམ་ཅུ་བར། མིང་གཞི་རྐྱང་བའི་སྒྲ་གཙོ་བོར་གྱུར་པའི་ཕྲད་བདག་སྒྲ་ཙམ་ལས་མ་གསུངས། ཞེས་པ་བདེན་ན། སུམ་ཅུ་བར་དངོས་སུ་བསྟན་ཅིང་མིང་གཞི་རྐྱང་བའི་སྒྲ་གཙོ་བོར་གྱུར་པའི་ཕྲད་ནི་སྒྲ་དང། དང་སྒྲ། དེ་སྒྲ། གང་སྒྲ། དགག་སྒྲ་རྣམས་ལ་ཅི་ཟེར།
མིང་གཞི་རྐྱང་བའི་སྒྲ་གཙོ་བོར་གྱུར་པའི་ཕྲད་ཅེས་པ་རྗེས་འཇུག་ལ་མི་བལྟོས་པའི་ཕྲད་ཡིན་པ་སྨོས་མ་དགོས་ལ། དེས་ན་བདག་སྒྲ་ཙམ་ལས་མ་གསུངས་ཞེས་པའི་ཙམ་སྒྲ་དེས་མགོ་བོ་རྨོངས་པར་བྱེད་པ་ལས་དགོས་པ་ཅི་བྱུང་འདྲིའོ། ” 14 ཞེས་སི་ཏུ་པཎ་ཆེན་ལ་སྐྱོན་འཕངས་པ་ནི་ནམ་ཡང་མི་འཇུག་སྟེ། སྐབས་འདིར་སི་ཏུ་པཎ་ཆེན་གྱིས་གསུངས་པའི་རྗེས་འཇུག་གི་བྱ་བ་གཙོ་བོར་གྱུར་པའི་ཕྲད་ཅེས་པ་ནི། རྗེས་འཇུག་བཅུ་ལས་བྱུང་བའི་ཕྲད་གང་ཞིག་དེ་ལ་དབྱངས་སྦྱར་བ་སོགས་ཀྱི་བྱ་བ་འབྱུང་བ་ཙམ་གྱི་ཆ་ནས་བཞག་པའི་ཕྲད་རྣམས་ལ་གོ་དགོས་པ་ལས། རྗེས་འཇུག་ལ་བལྟོས་པའི་ཕྲད་ལ་གོ་རྒྱུ་གཏན་ནས་མིན་པ་ཁྲིད་རྒྱུན་དང། གཞུང་གོང་འོག་ལ་ཞིབ་ཏུ་བརྟག་ན་གསལ་ཞིང། སི་ཏུ་པཎ་ཆེན་རང་གིས་ཀྱང་། “རྗེས་འཇུག་གི་བྱ་བ་ཞེས་པ་ནི་རྗེས་འཇུག་གི་ཡི་གེ་བཅུ་པོ་དེ་ལ་བྱ་བ་འབྱུང་བ་ཙམ་གྱི་ཆ་ནས་ཡིན་གྱི། ” 15 ཞེས་གསུངས་པ་ལྟར་རོ།

1. ཀརྨ་སི་ཏུའི་སུམ་རྟགས་འགྲེལ་ཆེན་མཁས་པའི་མགུལ་རྒྱན་མུ་ཏིག་ཕྲེང་མཛེས། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་དཔར། ཤོག་ངོས་༡༠༣། ཐིག་ཕྲེང་༦
2. ཀརྨ་སི་ཏུའི་སུམ་རྟགས་འགྲེལ་ཆེན་མཁས་པའི་མགུལ་རྒྱན་མུ་ཏིག་ཕྲེང་མཛེས། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་དཔར། ཤོག་ངོས་༡༠༥། ཐིག་ཕྲེང་༡
3. ཏཱའི་སི་ཏུར་འབོད་པ་ཀརྨ་བསྟན་པའི་ཉིན་བྱེད་ཀྱི་རང་ཚུལ་དྲངས་པོར་བརྗོད་པ་དྲི་བྲལ་ཤེལ་གྱི་མེ་ལོང། ཤོག་ལྡེབ་གསུམ་པའི་སྲིབ་ངོས་ཐིག་ཕྲེང་བདུན་པར་གསལ།
4. ཏཱའི་སི་ཏུར་འབོད་པ་ཀརྨ་བསྟན་པའི་ཉིན་བྱེད་ཀྱི་རང་ཚུལ་དྲངས་པོར་བརྗོད་པ་དྲི་བྲལ་ཤེལ་གྱི་མེ་ལོང། ཤོག་ལྡེབ་དགུ་པའི་སྲིབ་ངོས་ཐིག་ཕྲེང་གསུམ་པར་གསལ།
5. ཀརྨ་སི་ཏུའི་སུམ་རྟགས་འགྲེལ་ཆེན་མཁས་པའི་མགུལ་རྒྱན་མུ་ཏིག་ཕྲེང་མཛེས། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་དཔར། ཤོག་ངོས་༡༩། ཐིག་ཕྲེང་༨ པར་གསལ།
6. འདིའི་སྐོར་སྡེ་དགེའི་བཀའ་བསྟན་གཙོས་བཀའ་བསྟན་འགྱུར་གྱི་པར་གཞི་གང་གི་ནང་དུའང་། ལོ་ཙཱ་བ་ཞེས་བྲིས་པ་མ་གཏོགས། ལོ་ཙཱ་པ་ཞེས་བྲིས་པ་གཅིག་ཀྱང་མེད། འདི་ལས་དེང་སྐབས་ལོ་ཙཱ་པ་ཞེས་འབྲི་མཁན་ཡོད་པ་མ་དག་རྒྱུན་འབྱམས་སུ་རྟོགས་སླའོ།
7. བཀའ་འགྱུར་དཔེ་བསྡུར་མ། འདུལ་བ། (ག) འདུལ་བ་གཞི། ཀྲུང་གོའི་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་། ཤོག་ངོས་༥། ཐིག་ཕྲེང་༡༥པར་གསལ།
8. བཀའ་འགྱུར་དཔེ་བསྡུར་མ། འདུལ་བ། (ག) འདུལ་བ་གཞི། ཀྲུང་གོའི་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་། ཤོག་ངོས་༢༤༣། ཐིག་ཕྲེང་ ༨ པར་གསལ།
9. ཀརྨ་སི་ཏུའི་སུམ་རྟགས་འགྲེལ་ཆེན་མཁས་པའི་མགུལ་རྒྱན་མུ་ཏིག་ཕྲེང་མཛེས། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་དཔར། ཤོག་ངོས་༡༠༣། ཐིག་ཕྲེང་༡༠ པར་གསལ།
10. ཀརྨ་སི་ཏུའི་སུམ་རྟགས་འགྲེལ་ཆེན་མཁས་པའི་མགུལ་རྒྱན་མུ་ཏིག་ཕྲེང་མཛེས། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་དཔར། ཤོག་ངོས་ ༢༣༠ ། ཐིག་ཕྲེང་༦ པར་གསལ།
11. ཀརྨ་སི་ཏུའི་སུམ་རྟགས་འགྲེལ་ཆེན་མཁས་པའི་མགུལ་རྒྱན་མུ་ཏིག་ཕྲེང་མཛེས། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་དཔར། ཤོག་ངོས་ ༤༢ ། ཐིག་ཕྲེང་༣ པར་གསལ།
12. ཀརྨ་སི་ཏུའི་སུམ་རྟགས་འགྲེལ་ཆེན་མཁས་པའི་མགུལ་རྒྱན་མུ་ཏིག་ཕྲེང་མཛེས། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་དཔར། ཤོག་ངོས་ ༡༠༦། ཐིག་ཕྲེང་༦ པར་གསལ།
13. ཚེ་ཏན་ཞབས་དྲུང་རྗེ་བཙུན་འཇིགས་མེད་རིགས་པའི་བློ་གྲོས་ཀྱི་གསུང་འབུམ། གླེགས་བམ་བཞི་པ། མི་རིགས་དཔེ་སྐྲུན་ཁང་། ཤོག་ངོས་༡༧༩ ། ཐིག་ཕྲེང་༡༦ པར་གསལ།
14. ཚེ་ཏན་ཞབས་དྲུང་རྗེ་བཙུན་འཇིགས་མེད་རིགས་པའི་བློ་གྲོས་ཀྱི་གསུང་འབུམ། གླེགས་བམ་བཞི་པ། མི་རིགས་དཔེ་སྐྲུན་ཁང་། ཤོག་ངོས་༡༨༠ ། ཐིག་ཕྲེང་༦ པར་གསལ།
15. ཀརྨ་སི་ཏུའི་སུམ་རྟགས་འགྲེལ་ཆེན་མཁས་པའི་མགུལ་རྒྱན་མུ་ཏིག་ཕྲེང་མཛེས། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་དཔར། ཤོག་ངོས་ ༤༢། ཐིག་ཕྲེང་༡༩ པར་གསལ།

དཔྱད་རྩོམ།

Post navigation

Previous Post: ཐའེ་ཝན་དུ༼སངས་རྒྱས་བཀྲོངས་པ༽ཞེས་པའི་དཔེ་དེབ་ཆོས་སྡེ་འདྲ་མིན་ཆིག་ཁྲི་སུམ་སྟོང་ལྷག་ལ་བཀྲམས་པ།
Next Post: བོད་དོན་རྒྱབ་སྐྱོར་ཚོགས་ཐེངས་བརྒྱ་ཐམ་པ།

Comments (9) on “སི་ཏུའི་སུམ་རྟགས་འགྲེལ་ཆེན་གྱི་བདག་སྒྲའི་སྐབས་སུ་བྱུང་བའི་ནང་འགལ་ཁག་གསུམ་གླེང་བ།”

  1. ཅོག་མྱི། says:
    2014-02-20 at 5:11 pm

    ཡ་ཡ། སུམ་རྟགས་གླེང་སྲོལ་ལ་བལྟོས་ན་སྤྱི་འཐུས་འོས་གདམས་ཀྱི་གཡུལ་ས་ལས་ཕམ་སོང་ཟིག ད་གང་ལྟར་བློ་མ་ཕམ། ན་ལ་གཉིས་ཀ་看情况 ཟེར་ལེ་རེད། རྗེས་མར་ཡང་བསྐྱར་ལངས་ན་འགྲིག་གི་རེད།

  2. བསྟན་འཛིན། says:
    2014-02-20 at 8:15 pm

    མཁས་རྟགས་སྟོན་རྒྱུ་ཕྱི་སོང་ནི་རེད། ལོ་ངོ་ཉིས་བརྒྱའི་སྔོན་ནས་ལྗོན་དབང་ལས། ན་རོ་ཡོད་མེད་པ་བ་མ། བདག་པོའི་སྒྲ་སྟེ་ཞེས་སོ། ཞེས་སར་གྲགས་གནམ་གྲགས་སོང་ནས་སྤྱོད་བཞིན་པ་རེད་དོ།

  3. ལ་དྭགས་བློ་བཟང་འཇམ་དཔལ་ says:
    2014-02-20 at 9:08 pm

    སི་ཏུ་པཎ་ཆེན་སྡེ་དགེ་བཀའ་འགྱུར་ལ་ཞུས་དག་མཛད་པར་བསྐོས་ཀྱང་། ཁོང་མཛད་འགྲེལ་ཆེ་བས་བཀའ་འགྱུར་པོ་ཏི་རེ་རེ་ཞུས་དག་ཁོང་རང་གིས་མཛད་ཐུབ་མེད་པར་སེམས། བཀའ་འགྱུར་གྱི་དཀར་ཆག་བརྩམས་ཏེ། མཁན་ཆེན་ལ་གཟིགས་འབུལ་ཞུས་པ་ན། “ཧ་ཅང་མང་བ་སོགས་ཀྱི་སྐྱོན་བརྗོད་ཀྱི་བཀའ་བཀྱོན་གནང་།” ཞེས་གང་གི་ཉིན་ཐོ། རྣམ་ཐར་ཨ་པའི་ཤོག་གྲངས་༧༧པ་ན་ཡོད། དོན་ལ་བཀའ་འགྱུར་ལ་ཞུས་དག་ལེགས་པར་མཛད་མེད་པ་ལ་མཁན་ཆེན་གྱིས་བཀའ་བཀྱོན་པར་བདག་བློར་འཆར། སྡེ་དགེའི་བཀའ་བསྟན་གཉིས་ན། བསྟན་འགྱུར་གྱི་ཚིག་རྣམས་བཀའ་འགྱུར་ཚིག་རྣམས་ལས་ཆེས་དག་པ་མཐོང་དུ་མཆིས་སོ། མང་དུ་འབྲི་དགོས་ཀྱང་ལོང་མེད།

  4. ལ་སྟོད་སྟོབས་རྒྱས། says:
    2014-02-21 at 12:09 am

    ད་པ་དང་བ་བརྩད་ཀྱང་ཆོས་གྲགས་ལགས་སྤྱི་འཐུས་སུ་སླེབས་པར་ཕན་པ་མེད་སོང་།རྡ་ས་ནས་འོས་བླུགས་པའི་གྲུབ་དོན་ཕྱིར་བསྒྲགས་ནང་དུ།ཀླུ་མཁར་བྱམས་ལ་འོས་ཤོག་༨༠ལྷག་འདུག་པས་ཨང་དང་པོ་ཐོབ་སོང་།གཉིས་པ་གསེར་རྟ་བཀྲ་ཤིས་དོན་འགྲུབ་ལ་འོས་༣༠བརྒལ་འདུག གཞན་པ་ཚོ་ནི་འོས་གྲངས་བཅུ་འདྲ་བོ་དང་མང་པོ་ཅིག་ལ་འོས་གཅིག་རེ་མ་གཏོགས་མི་འདུག གང་ལྟར་བོད་མིའི་སྤྱི་ཚོགས་ནང་མཁས་རྟགས་བསྟན་ན་འོས་རྩ་བ་ནས་ཐོབ་ཀི་མ་རེད།གླེན་རྟགས་མང་པོ་སྟོན་དང་འོས་བརྒྱ་ཆ་བརྒྱ་འཐོབ་ངེས་རེད།དཔེར་ན།དངོས་ཡོད་གནས་ཚུལ་དང་ཁྱོན་ནས་མི་མཐུན་པ་འུར་ཤོབས་ནམ་མཁར་མི་ཤོངས་པ་དེ་འདྲ་ཤོད་མང་ཚོགས་ནས་དགའ་བོ་བྱེད་ཀི་རེད།དྲང་པོ་དྲང་བཞག་བྱོས་དང་ཁྱེད་ལ་སུ་གང་དགའ་གི་མ་རེད།གྱོང་ཚང་མ་སོ་སོར་རག་གི་རེད།དེ་བོད་པའི་སྤྱི་ཚོགས་ཀྱི་ཁྱད་ཆོས་རེད་དོ།།

  5. ལ་སྟོད་སྟོབས་རྒྱས། says:
    2014-02-21 at 12:16 am

    གང་ལྟར།པ་དང་བ་གི་སྐོར་སྔ་མོ་ནས་བཙན་བྱོལ་ནང་ཧོར་གཙང་འཇིགས་མེད་དང་ལ་དྭགས་བློ་བཟང་སོགས་རྩོད་མང་པོ་ཤོར་ཚར་རེད།ཡིན་ནའང་།ཐག་གཅོད་གང་ཡང་ཐུབ་ཡོད་མ་རེད།གཞུང་འབྲེལ་གྱི་ཡིག་ཆ་ཁག་དང་སྐུ་སྒེར་དེབ་ཁག་གང་ཡིན་ན་པ་ཤ་སྟག་བྲིས་ཏེ་འགྲོ་བཞིན་པ་རེད།ད་དེ་ལ་ཆ་འཇོག་བྱེད་དགོས་རེད་པ།རྩོད་མང་པོ་བྱས་ཀྱང་མཐའ་འཁྱོལ་ཁག་པོ་རེད།
    མཚོ་སྔོན་ནས་དཔར་པའི་ལམ་རིམ་ཆེན་མོ་ལྟ་བུར་ཁྱོན་ནས་བ་མི་ཐོབ་ས་ལའང་ཨུ་ཚུགས་ཀྱིས་བ་བྲིས་བཞག་པ་ཧ་ཅང་མང་པོ་རེད།ད་ཡིན་ན་ཡུལ་དུས་ཀྱིས་དེ་ག་རང་ཆ་འཇོག་བྱེད་རྒྱུ་མ་གཏོགས་འགྱུར་བཅོས་ཡོང་ཁག་པོ་རེད།

  6. ཀརྡོ་གཉེར་ཕྱག་པ་ says:
    2014-02-21 at 5:15 am

    ཆེད་རྩོམ་དང་། བགྲོ་གླེང་འདི་བཟང་། ཐུགས་རྗེ་ཆེ། ད་དུང་མཐུད་ནས་་་་་་

  7. ཀརྡོ་གཉེར་ཕྱག་པ་ says:
    2014-02-21 at 11:23 am

    པ་དང་པོ་ཡིས་མ་འཐུས་པའི་བདག་སྒྲ་མེད། ཇ་པ་ལ། ཇ་མ་བྲིས་པ་ནི། རྒྱ་གར་སྐད་ཀྱི་ཤན་བཞུགས་པ་རེད། བྱང་པ་དང་། རྟ་པ་སོགས་ཤིན་ཏུ་འཐད་ལ། དང་པོ་དང་། གསུམ་པ། བདུན་པ། ཞི་པ་སོགས་དང་། མིང་ཚིག་ལ་རྐང་པ་དང་ཁང་པ་སོགས་ངེས་པར་དུ་པ་ཉིད་འབྲི་དགོས་སོ།། །།

  8. ཚ་ཕྲུག་རྒྱལ། says:
    2014-02-21 at 11:49 am

    བོད་ཀྱི་ཡི་གེའི་སྐྱེ་གནས་བརྒྱད་དང་མི་མཐུན་པའི་བ་ལ་འ་ཞེས་འབོད་ནས་བདག་སྒྲ་རུ་བཙན་གྱིས་འཛུལ་སོང་ནི་རེད། ད་དུང་ཡང་དྲུག་སྒྲ་ལ་གི་རྐྱང་པའི་སྤྱོད་ནས་ཕ་སྐད་གཙང་མ་དང་མ་ཡིག་དག་མ་ཡིན་ཚུལ་གྱིས་གསར་སྐྱེ་བརྡ་དག་མཁན་པོ་མང་ནས་མང་དུ་འགྲོ་བཞིན་པ་འདིའི་རིགས་ལ་མཚམས་རེ་གད་མོའི་རྒྱུ་ལས་མ་འདས།

  9. བསྟན་འཛིན། says:
    2014-02-22 at 5:15 am

    ཆོས་གྲགས་དང་བ་ལ་འ་སྒྲ་སྦྱོར་མཁན་ཚོར་དཔྱོད་པའི་སེམས་དང་སྨྲ་བའི་ལྕེ་ཞིག་ཡོད་ན་ཚ་ཕྲུག་རྒྱལ་གྱིས་བ་ལ་འ་སྒྲ་འཇུག་པར་ནོར་སྐྱོན་བཤད་པ་དེར་ལེན་ཞིག་མི་དགོས་སམ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (15)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme