Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

སངས་དུས་མེད་པའི་འགྱོད་གདུང་། (གཉིས་པ)


Posted on 2018-07-102018-07-10 By ཁ་བརྡ 3 Comments on སངས་དུས་མེད་པའི་འགྱོད་གདུང་། (གཉིས་པ)


དགེ་བསྟན།
 
དགུན་ཁ་གྲྭ་ཕྲུག་རྣམས་དགོན་པར་སྡོད་དགོས་ཤིང་། ནང་མི་སྤུན་མཆེད་རྣམས་ལའང་ལས་ཀ་ཉུང་བས། དགོན་པར་གྲྭ་ཕྲུག་ལ་སྐོར་མང་ཙམ་རྒྱག་པ་རེད། ལོ་དེའི་དགུན་ཁར་མོས་ང་ལ་སྐོར་ཐེངས་བཅོ་བརྒྱད་བརྒྱབ་འདུག་ཅེས། མོ་འདས་རྗེས་ཨ་ཅག་རྒན་པས་ང་ལ་ལབ་བྱུང་།

ང་ཕྱིར་དགོན་པར་སོང་ཞིང་། སླར་ཡང་ཁྱིམ་ལ་འོངས། དུས་ཚོད་ཏན་ཏན་ཞིག་མི་དྲན། སྐབས་དེར། ཨ་ཕ་ཅུང་ཟད་ལྷོད་ལ་བབས་འདུག །ཨ་ཕའི་ངོ་མདངས་སྔར་ལས་ཅུང་ཟད་བཟང་བར་མངོན། འོན་ཀྱང་། ཨ་ཅག་ལ་ལྟ་སྟངས་ལ་འགྱུར་བ་ཆེར་ཕྱིན་མི་འདུག །ཨ་ཕ་ལ་རེ་བ་གཉིས་པ་ཞིག་ཡོད་པ་དང་། དེ་ཨ་ཅག་གིས་སྒྲུབ་རོགས་བྱས་ན་བསམས་འདུག་མོད། དེ་ཡང་བསྒྲུབས་མ་སོང་ཞེས་འཁང་ར་བྱེད་ཀྱིན་མཆིས། དེ་ནི་གཉེན་ཐག་མ་བཅད་གོང་། ཨ་ཅག་ཨ་ཕ་ལ་བལྟ་རུ་ལན་ཅིག་ཡོང་རྒྱུ་དང་། སྐབས་དེར་ཨ་ཕས་མོ་རང་ཁྱིམ་ཚང་དེ་ལ་མི་འགྲོ་བའི་རེ་སྐུལ་བྱ་རྒྱུ། གལ་ཏེ། མོས་མ་ཉན་ན་ཨ་ཕའི་སེམས་གཏིང་ནས་མོས་མཐུན་མེད་མོད་ཀྱང་། ཕྱི་སྡེ་བའི་མདུན་ནས་གཉེན་ཡིན་ལུགས་ཚུལ་མཐུན་གྱི་སྒོ་ནས་ཐག་གཅོད་བྱས་པའི་རྣམ་འགྱུར་སྟོན་ཆེད། གཉེན་སྟོན་སྟབས་བདེ་ཞིག་བྱ་རྒྱུ་དང་། ཉེ་འབྲེལ་སྐོར་ཞིག་གིས་བསྐྱལ་ནས་འགྲོ་རྒྱུའི་ཐག་གཅོད་བྱས་འདུག །ནང་གཏམ་དེ་བཤད་ཆེད་ཨ་ཅག་རྒན་པ་ལན་འགའ་ལ་མངགས་འདུག་མོད། འོན་ཀྱང་། ཨ་ཅག་གི་བསམ་པར་དེ་ནི་ཨ་ཕའི་མོ་རང་གཏན་ནས་འགྲོར་མི་འཇུག་པའི་ཐབས་ཤེས་མཐའ་མ་དེ་རེད་སྙམ་ནས། གཉེན་ཐག་མ་ཆོད་བར་དུ་ཨ་ཕར་བལྟ་རུ་མ་ཡོང་བ་རེད། དེ་ནི་ཨ་ཕ་ལ་མཚོན་ན། ཆེས་ཆེ་བའི་ཕམ་ཁ་ཞིག་རེད།

ཧོར་ཟླ་དྲུག་པའི་ཚེས་བཅོ་ལྔའི་ཉིན་དབྱར་ཆོས་གྲོལ་ལ། དེ་ནས་དབྱར་གནས་ལ་བསྡད་མི་བསྡད་རང་འདོད་རེད། སྤྱིར་བཏང་བྱས་ན། ང་ལྟ་བུའི་གྲྭ་ཕྲུག་རྣམས་དབྱར་གནས་ལ་སྡོད་པ་ཉུང་ཉུང་རེད། དེར་བརྟེན། དབྱར་ཆོས་གྲོལ་རྗེས་ང་ཁྱིམ་ལ་སོང་ཞིང་། ཨ་ཕ་ལ་འགྲོ་རོགས་འདུག་རོགས་བྱས་པ་ཡིན། ཨ་ཕ་ལ་ལོ་མང་པོའི་གོང་ནས་དབུགས་འཚང་གི་ནད་ཅིག་ཡོད་ཅིང་། སེམས་སྐྱིད་པོ་མ་བྱུང་བའི་དབང་གིས་ནད་རྙིང་དེ་ཇེ་སྡུག་ལ་སོང་བས། ཕུ་བོ་དང་ངེད་གཉིས་ཀྱིས་ཨ་ཕ་སྨན་ཁང་ལ་སྐྱེལ་ཕྱིར་གྲ་སྒྲིག་བྱས། ལམ་ལ་ཆས་རན་པའི་སྐབས་སུ་ཨ་ཅག་ཁྱིམ་ལ་སླེབས་བྱུང་། དེ་ནི་ཨ་ཅག་མནའ་མར་སོང་རྗེས་ངས་ཐེངས་དང་པོར་མཐོང་བ་ཡིན་ལ། ངའི་མི་ཚེ་འདིའི་ནང་ལ་ཆེས་མཐའ་མར་མཐོང་བ་དེ་ཡང་ཆགས་སོང་། གལ་ཏེ། ཐུག་འཕྲད་དེ་ཆེས་མཐའ་མཇུག་གི་ཐུག་འཕྲད་ཡིན་པ་ངས་སྐབས་དེ་དུས་ཤེས་ན། ང་ཨ་ཅག་ལ་འཐམས་ནས་མིག་ནས་ཁྲག་ཐོན་ཐོན་བར་དུ་ངུད་རྒྱངས་བྱེད་ངེས་ཡིན་མོད། དེ་ལྟར་མ་ཤེས་པ་ནི་ད་དུང་ཡང་ངའི་སྙིང་གི་གཅོང་ནད་ཡིན། 

ངེད་ཅག་ག་ཤེད་ཅིག་ལ་འགྲོ་གི་ཡོད་པ་ཤེས་པ་ན། ཨ་ཅག་གིས་ང་ལ་གང་ལ་འགྲོ་གི་ཡོད་ཅེས་དྲིས་བྱུང་། ངས་མོ་ལ་རྣམ་འགྱུར་ཡག་པོ་ཞིག་བསྟན་མེད། ངས་མོ་ལ་ཁ་ཡང་གྲགས་མེད། རྒྱལ་སྒོའི་ནང་ལོགས་ཏག་ཏག་དེར། མོས་ང་ལ་ཐེངས་གསུམ་པ་དེ་དྲིས་བྱུང་། སྐབས་དེར་ངས་མཆུ་ཏོ་ནུབ་བྱང་ཕྱོགས་སུ་གཅུ་ཙམ་བྱས་པ་དེ་ད་དུང་དྲན་གྱི་འདུག །དེ་ནི་ངེད་ཅག་ཁྱུང་ཀྱཱར་འགྲོ་གི་ཡོད་པའི་བརྡ་ཡིན་ཏེ། ཁྱུང་ཀྱཱ་ལ་ངེད་ཚོའི་ཡུལ་ནས་ནུབ་བྱང་ཕྱོགས་སུ་ཆུ་ཚོད་གཉིས་ཙམ་ལ་འགྲོ་དགོས། དེ་ནི་ངས་རང་གི་བརྩེ་བའི་ཨ་ཅག་ལ་བསྟན་པའི་ཆེས་མཐའ་མཇུག་གི་རྣམ་འགྱུར་ཡིན།

ཕུ་བོས་ཨ་ཕ་ངེད་གཉིས་ཁྱུང་ཀྱཱ་རུ་བཞག་ནས་ཕྱིར་ཁྱིམ་ལ་ལོག་ཅིང་། ངས་ཨ་ཕ་ལ་ནད་གཡོག་བྱས་ནས་ཉིན་འགའ་འདས་སོང་། ཉིན་གསུམ་པར་ཕུ་བོ་ཨ་ཕ་ངེད་གཉིས་ལ་བལྟ་རུ་སླེབས་ཤིང་། ཨ་ཕ་ཇེ་དགའ་རུ་འགྲོ་གི་ཡོད་པ་ཤེས་ནས་དགའ་བཞིན་སྤྲོ་བཞིན་དུ་ལོག་སོང་། སང་ཞོགས་སྔ་བོ་ནས་ཕུ་བོ་སླར་ཡང་སླེབས་སོང་། སྐབས་དེར། ཨ་ཕ་ངེད་གཉིས་གནས་ཚང་གི་ཚ་ཐབ་སྟེང་ན་ཁ་ཏོན་འདོན་བཞིན་བསྡད་ཡོད། ཕུ་བོ་མཐོང་བ་དང་ཨ་ཕ་འདྲོགས་ལངས་ནས་གདོང་པ་རྦད་དེ་འགྱུར་བར་མ་ཟད། ཅི་བྱུང་སོང་། ཤོད་དང་། ཅི་ཞིག་བྱུང་སོང་ཞེས་ནན་འདྲི་བྱས་བྱུང་། ཕུ་བོས་དོགས་མི་བདེ་བའི་ངང་ནས་“བདེ་སྐྱིད་མེད་སོང་ཟིག”ཟེར། ང་ནི་སོ་སོའི་རྣ་བ་ལ་ཡིད་མ་ཆེས་པ་འདྲ་ཞིག་བྱུང་ནས་འཐོམས་ནས་བསྡད་ཡོད་པའི་སྐབས་དེར། ཕུ་བོས་ཁྱོད་ཀྱིས་ཨ་ཕ་སྐྱོར་དང་ཞེས་སྐད་བརྒྱབ་པ་ཐོས་བྱུང་ལ། ངས་ཨ་ཕ་ལ་ལྟ་དུས། ཨ་ཕ་དྲན་པ་འཐོར་ནས་གདན་ཐོག་ལ་འགྱེལ་བཞིན་འདུག །

སྟབས་ཡག་ནས་ཨ་ཕ་མྱུར་དུ་དྲན་པ་སོས་བྱུང་ལ། དེ་མ་ཐག་ངེད་ཅག་ཕྱིར་ལོག་གི་ལམ་ལ་ཞུགས། ཁྱིམ་ལ་འབྱོར་དུས་སྡེ་བའི་ནང་གི་མི་མང་པོ་འདུས་ནས། ཟང་ཟིང་ལང་ལོང་དུ་སྣང་། ཉེ་འབྲེལ་དང་ཁྱིམ་མཚེས་བུད་མེད་དེ་དག་མཐོང་དུས་ངས་རང་གི་ཨ་ཅག་ལྷག་པར་དུ་དྲན་ནས་མིག་ཆུ་རང་དབང་མེད་པར་ཤོར། ང་སྐྱོ་གདུང་སངས་སངས་བར་དུ་ངུ་སྙིང་འདོད་ཀྱང་། ཚང་མས་ངུ་ཁ་གཅོད་ཐབས་ལ་འབད། ངས་ངུ་མཚམས་ནམ་ཡང་འཇོག་མི་འདོད། ང་བསྐལ་བའི་བར་དུ་ངུ་སྙིང་འདོད། ཨ་ཅག་ལགས། ངས་ཁྱོད་ལ་ཁྲེལ་མེད་བྱས་སོང་། ཁྱོད་ལ་དེ་ལྟར་བྱེད་མི་འོས། ང་ནོར་སོང་། དགོངས་འདག །དགོངས་འདག་་་་་་་་་་་

“བདེ་སྐྱིད་་་་ ཨ་ཕའི་བུ་མོ་་་་་་་ བུ་མོ་ཁྱོད་གང་ན་ཡོད་་་་་་” ཨ་ཅག་འདས་རྗེས་ཨ་ཕས་དུས་ཚོད་ངེས་མེད་དུ་ངུད་རྒྱངས་བྱས་ཤིང་། དེས་བདག་གི་སེམས་ལ་ཚོར་སྣང་འཇིགས་ཡེར་བ་རེ་སྟེར། སྟོན་ཀ་དེར། ཨ་ཕ་ཁྱིམ་གྱི་ཉེ་འཁོར་ལས་ཐག་རིང་ལ་འགྲོ་མ་ནུས་ཤིང་། ངས་ཞིང་ཁར་ཕྱི་ཇ་བསྐྱལ། དེ་སྔ་ཡིན་ན་ང་དགའ་བཞིན་སྤྲོ་བཞིན་ཞིང་ཁར་འགྲོ་བ་ཡིན་མོད། སྟོན་ཀ་དེར། ང་ཕྱི་ཇ་བསྐྱལ་དུ་འགྲོ་བར་སུན་སྣང་ཚད་མེད་སྐྱེས། ངས་ཨ་སྲུ་ལ་ཇ་བྱིན་ཏེ། སྔར་གྱི་སྤྲོ་སྣང་འཚོལ་ཕྱིར་ཉེ་འཁོར་ལ་ཉུལ། ག་ཤེད་ཅིག་ནས་ཨ་ཅག་གི་བཞིན་རས་མཐོང་སྙམ་དང་། སྐད་གདངས་གོ་སྙམ་བྱེད། མི་རྣམས་ཤི་བའི་རྗེས་སུ་ཕྱིར་ཡོང་ལན་ཅིག་ཡོད་ན་ཨང་སྙམ་ཞིང་། ཕྱིར་ལོག་འོངས་ནས་ཨ་ཕ་དང་ལྷན་དུ་བསྡད། ཨ་ཕའི་གནས་བབ་ཉིན་རེ་བཞིན་ཇེ་སྡུག་ཇེ་སྡུག་རེད། གལ་ཏེ། རྐྱེན་ངན་དེ་བྱུང་མེད་ན། ཨ་ཕ་ད་དུང་ལོ་འགའ་ཞིག་ལ་འཚོ་བའི་རེ་བ་ཡོད་ཀྱང་། གློ་བུར་ཐོག་རྒྱག་གི་གོད་ཆག་དེ་ནི་ཨ་ཕ་ལ་མཚོན་ན་ཡང་། ཆེས་ཧ་ཅང་ལྕི་བའི་ཆད་པ་དྲག་པོ་ཞིག་ཅི་ལ་མིན། ཨ་ཅག་འདས་ནས་ཟླ་བ་གསུམ་གྱི་རྗེས་སུ། ཨ་ཕ་ཡང་ང་ཚོའི་འཇིག་རྟེན་དང་གཏན་དུ་གྱེས་པར་གྱུར།

ལོ་སུམ་ཅུ་ཐམ་པའི་གོང་དུ་བྱུང་བའི་དོན་རྐྱེན་དེ་ད་དུང་ངའི་སེམས་ཀྱི་བྲག་རི་ངོས་སུ་བརྐོས་པའི་རི་མོ་ཡིན། ངས་དུས་སྐབས་དེ་ནམ་ཡང་བརྗེད་མི་སྲིད་ལ། ཨ་ཅག་དེ་བས་ཀྱང་བརྗེད་མི་སྲིད། ཨ་ཅག་ཡིད་ལ་དྲན་པའི་ཉིན་མོ་རེ་རེ་ནི་སེམས་ཀྱི་ཆུ་གཏེར་འགྱོད་པའི་རླབས་ཀྱིས་སྐྱོམ་པའི་ཉིན་མོ་རེ་རེ་ཡིན། ཨ་ཅག་ཡིད་ལ་དྲན་པའི་མཚན་མོ་རེ་རེ་ནི་ཡིད་ཀྱི་ནམ་མཁའ་གདུང་བའི་སྨག་གིས་བཟུང་བའི་མཚན་མོ་རེ་རེ་ཡིན། ཨ་ཅག་ལགས།

དྲན་ཐོ།

Post navigation

Previous Post: ༄༅། །རྗེ་བླ་མ་སྔགས་འཆང་སེམས་པ་ཆེན་པོའི་རྣམ་ཐར་ཆུ་ཐིགས་མ་སྐལ་བཟང་གཞོན་ནུ་དགའ་བའི་གཏམ་ཞེས་བྱ་བ་བཞུགས་སོ།།  

Next Post:  ཁེ་ལས་སྐོར་གྱི་རྒྱུན་ཤེས་གནད་བསྡུས།

Comments (3) on “སངས་དུས་མེད་པའི་འགྱོད་གདུང་། (གཉིས་པ)
”

  1. རང་བྱུང་རིག་པའི་རྡོ་རྗེ says:
    2018-07-10 at 12:53 am

    ཡག་པོ་བྲིས་འདུག སེམས་འགུལ་ཐེབས་སུ་བཅུགས་སོང་། འོན་ཀྱང་ཨ་ཀྱེ་གྲོངས་སྟངས་མ་བཀོད་པས་སྒྲུང་འདི་ཆ་ཚང་མི་འདུག་སྙམ་པའི་བློ་ཞིག་ཤར་སོང་། །

  2. མཚན་བགྲོད། says:
    2018-07-10 at 1:20 am

    དགེ་བསྟན་ལགས། ཐུགས་རྗེ་ཆེ། ཧ་ཅང་ཡག་པོ་བྲིས་འདུག །མཆན་འདེབས་མི་གོང་མར་བྱུང་བའི་ཚོར་བ་དེ་ང་ལའང་བྱུང་། འདི་ལྟ་བུའི་དངོས་བྱུང་ངམ་བརྩམས་སྒྲུང་མང་ཙམ་ན་ཆུང་སློབ་ཕྲུག་ཚོའི་ཟུར་ལྟའི་སློབ་དེབ་ཏུ་འཇོག་ཐུབ་ན་བོད་ཕྲུག་ཚོའི་བོད་ཡིག་གནས་ཚད་གང་ལེགས་ཡོང་བར་གདོན་མི་ཟ་སྙམ།

  3. དགེ་བསྟན says:
    2018-07-12 at 12:03 am

    དགོངས་འཆར་གནང་བ་བཀའ་དྲིན་ཆེ། ཁ་གསབ་བྱ་ངེས་ལགས།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (97)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (68)
  • ཨེ་ལི་སི། (53)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (37)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme