Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ས་བྱི་ཞི་རྒོལ་ཆེན་མོ་བྱུང་ནས་ལོ་བཅོ་ལྔ་འཁོར་བའི་ཉིན་མོར་རྗེས་དྲན་བྱའོ།

Posted on 2023-03-012023-03-01 By འཚོ་བྱེད་བུ No Comments on ས་བྱི་ཞི་རྒོལ་ཆེན་མོ་བྱུང་ནས་ལོ་བཅོ་ལྔ་འཁོར་བའི་ཉིན་མོར་རྗེས་དྲན་བྱའོ།

ཆུ་རླངས་འབྲུག་བྱམས།

ཕྲན་ལ་མཚོན་ན་ལོ་ལྟར་ཟླ་གཉིས་པའི་ཚེས་གཉེར་གཅིག་ཉིན་ནི་སེམས་ལ་མི་ཤོང་པའི་ཉིན་མོ་ཞིག་ཡིན།  ཉིན་མོ་དེ་ནི་ང་བཙན་བྱོལ་དུ་ཡོང་པའི་རྗེས་སུ་བྱུང་པའི་ངའི་ཕ་ཡུལ་གྱི་ཡ་ང་བའི་ལོ་རྒྱུས་ཤིག་དང། ངའི་མི་ཚེའི་ནང་ཐེངས་དང་པོར་ཐོས་པའི་ངའི་ཨ་མྱེས་ཀྱི་ངུ་སྐད་འདྲེས་པའི་གསུང་སྐད་དེ་གཉིས་ཡིན། ཕྱི་ལོ་༢༠༠༨ ་ལོའི་ཟླ་༢ ཚེས་༢༡ ཉིན་གྱི་ཞོགས་པ་དེར་ཕྲན་གྱི་གྲོགས་པོ་ཞིག་གིས་ནེའུ་ཡོག་ནས་ཁ་པར་སླེབས་ནས། ཨ་རོགས་ཅི་བྱེད་ཀྱིན་ཡོད་དམ་ཟེར། ང་ཉལ་ནས་ཡོད་ཅེས་ལན་བཏབ་པ་ཡིན།  ཁོས་བཤད་རྒྱུར་ཕ་ཡུལ་ན་རྒྱ་གཞུང་ལ་ངོ་རྒོལ་བྱེད་ཀྱིན་འདུག་ཟེར། ངེད་གཉིས་ཀྱི་སྐད་ཆ་བཤད་མཚམས་དེ་མ་ཐག་བཞག་ནས། སེམས་འཚབ་ཅིག་དང་མཉམ་དུ་བོད་ལ་ཁ་པར་བཏང་པ་ཡིན།

ཕྲན་གྱི་ཚ་མོ་ཆུང་ཆུང་ཞིག་གིས་ཧ་ཅང་སྐད་སྒྲ་སྙན་མོའི་ངང་ཁ་པར་བླངས་ནས་སུ་ཡིན་ནམ་ཟེར། ང་ཨ་ཁུ་ཡིན་ཞེས་ལན་བཏབ་པ་ཡིན། ཚ་མོ་ཆུང་ཆུང་དེས་ལམ་སང་ཨ་ཁུ་བདེ་མོ། ང་དང་ཨ་མྱེས་མ་གཏོགས་ནང་དུ་མེད་ཟེར། ལོ་ན་ཧ་ཅང་རྒས་པའི་ངའི་ཨ་མྱེས་ཀྱིས་ཚ་མོའི་ལག་ནས་ཁ་པར་བླངས་ནས་ཨ་ཞི་ལི་ཁྱོད་ཡིན་ནམ་ཟེར། ཨ་མྱེས་ང་ཡིན། ཁྱོད་བདེ་མོ་ཡིན་ནམ་བཅས་འཚམས་འདྲི་བྱས་པ་ཡིན། ཨ་མྱེས་ཀྱིས་ཟེར་རྒྱུ། ཨ་ཞི་ལི་ད་ངེད་ཚོ་འདི་བ་ཚང་གིས་སྡོད་འཇུག་གི་མི་འདུག ལོ་གཞོན་ཚོ་གསོད་ཐུབ་ནོ་བསད་དང་ཐལ། བཟུང་ཐུབ་ནོ་བཟུང་དང་ཐལ། ད་ངེད་ཆ་བོ་སྡོད་གི་མི་འཇུག་གི་ཟེར་བཞིན། ཨ་མྱེས་ཀྱིས་སྐད་སྒྲ་ཅུང་ཙམ་མཐོ་རུ་སོང་ནས་ངུ་སྐད་ཅིག་དང་མཉམ་ཏུ་༧རྒྱལ་བ་རིན་པོ་ཆེ་སྐུ་ཁམས་བདེ་མོ་ཨེ་རེད་དམ། ༧ཐམས་ཆེན་མཁྱེན་པ་བོད་ལ་ནམ་ཞིག་ལ་ཕེབས་རྒྱུ་རེད་དམ། རྒྱ་འདི་བ་ཚང་གིས་ངེད་ཚོ་སྡོད་དུ་འཇུག་གི་མི་འདུག་ཟེར་བཞིན་ཨ་མྱེས་ཀྱི་སྐད་མགོ་མཐོ་རུ་ཕྱིན། ངས་ཁོང་ཚོའི་བདེ་འཇགས་ཀྱི་ཆེད་དུ་ཨ་མྱེས་ལ་ལན་འདེབས་ཅི་ཡང་བྱེད་མ་ཐུབ། ཨ་མྱེས་ཀྱིས་མུ་མཐུད་ནས་༧རྒྱལ་བ་རིན་པོ་ཆེ་མཁྱེན། ༧རྒྱལ་བ་རིན་པོ་ཆེ་མཁྱེན། ཁོང་བོད་ལ་ནམ་ཞིག་ལ་ཕེབས་རྒྱུ་ཡིན་ནམ། ཁོང་བོད་ལ་ཕེབས་ཐུབ་སོང་ན། བོད་ལ་ཉི་མ་ཤར་དང་ནི་རེད་ཟེེར་བཞིན། ༧སྐྱབས་མགོན་རིན་པོ་ཆེ་ལ་སྨོན་ལམ་འདེབས། སྐབས་དེར་རེབ་ཀོང་ཁུལ་དུ་ཉིས་སྟོང་བརྒྱད་ལོར་བོད་ནང་གི་ས་བྱི་ཞི་རྒོལ་ཆེན་མོ་འགོ་བཙུགས་ཟིན་པ་རེད།

ཕྱི་ལོ་༡༩༥༨ ལོའི་བོད་ཟླ་༣ པའི་ཚེས་༡༥ ཉིན་ངའི་ཨ་མྱེས་རེབ་ཀོང་ནས་འཛིན་བཟུང་བྱས། ཨ་མྱེས་ཀྱི་མགོ་ན་རལ་བ་ཞིག་ཡོད་ལ། དེ་ནི་རེབ་ཀོང་ཕྱོགས་ཀྱི་སྔགས་པ་ཕལ་ཆེ་བའི་མགོ་ན་ཡོད།  ཚེས་བཅོ་ལྔའི་ཉིན་རོང་བོ་དགོན་ཆེན་དུས་འཁོར་གྲྭ་ཚང་གི་གསུམ་པའི་ནག་ཟླ་ཟེར་བའི་ཆོས་ཕྱོགས་ཀྱི་དུས་ཆེན་གྱི་ཉིན་ཞིག་རེད་ཟེར། ཨ་མྱེས་ཀྱིས་བཤད་པ་ལྟར་ན། སྐབས་དེར་སོ་སོའི་ས་གནས་སུ་གུང་ཁྲན་གྱི་དམག་དང་འཁྲུག་པ་བརྒྱབ་ནས་ཟླ་ངོ་ཁ་ཤས་ཕྱིན་པ་རེད། ཟླ་གསུམ་པའི་ནང་དམག་ཁ་ཧ་ཅང་ལྷོད་དུ་ཕྱིན་པ་དང། དེ་དུས་གནམ་གཤིས་ཡང་གྲང་མོ་རེད་ཟེར། ཁོ་ཚོས་ཚེས་བཅོ་ལྔའི་ཉིན་དགོན་པར་མཆོད་མཇལ་དུ་སོང་ན་ཡག་པོ་འདུག་བསམ་ནས། མེ་མདའ་དང་གྲི་སོགས་མཚོན་ཆ་ནང་དུ་བཞག་ནས་དགོན་པར་མཆོད་མཇལ་དུ་སོང་པ་དང་། རྒྱ་མིས་ཁོ་ཚོའི་ལག་ན་མཚོན་ཆ་མེད་པའི་གོ་སྐབས་བཟུང་ནས། ཆོས་ཕྱོགས་ཀྱི་དུས་ཆེན་ཉིན་མོར། རྒྱ་དམག་རྣམས་ཀྱིས་དུས་ཚོད་དམ་བཟུང་གིས་ཉིན་མོ་དེར་རེབ་ཀོང་གི་མི་མང་པོ་ཞིག་གི་ཚེ་སྲོག་ལས་སླ་པོར་རྒྱ་མིའི་ལག་ཏུ་ཤོར་བའི་ལོ་རྒྱུས་བཤད་ཅིང་།ཚེས་བཅོ་ལྔའི་ཉིན་གཅིག་པོར་རེབ་ཀོང་ཁུལ་དུ་མི་བདུན་བརྒྱ་ལྷག་རྒྱ་གཞུང་གིས་འཛིན་བཟུང་བྱས་འདུག་ལ།   ཨ་མྱེས་ཀྱིས་བཤད་ན། ངེད་ཚོ་འཛིན་བཟུང་བྱས་ནས་རོང་བོ་རྒྱལ་ཐང་དུ་བཀག་སོང། སྐབས་དེར་མི་མང་པོ་བཟུང་འདུག དང་པོར་ཁོ་ཚོས་ངའི་ལག་པ་ཐག་པས་བཀྱིག་ནས་མགོ་ཡི་རལ་བ་བཅད། སྐབས་དེར་ང་ཧ་ཅང་ཕངས་བྱུང། ངའི་རལ་བ་རིང་པོ་ཡོད་པས། ངའི་རལ་བ་དེའང་གཏུབ་ཟིན་པའི་མི་གཞན་དག་གི་རལ་བ་རྣམ་ཕྱོགས་གཅིག་ཏུ་བསྡམས་ནས་གད་སྙིགས་སུ་གཡུགས་སོང། ཉིན་གཉིས་པ་ནས་འཛིན་བཟུང་བྱས་ཡོད་པའི་བཙོན་པ་རྣམས་ལ་རང་སྐྱོན་ངོས་ལེན་བྱེད་དགོས་པར་སྐུལ། ཏང་ལ་བློ་སེམས་དཀར་དགོས་ཟེར་ནས་སློབ་གསོ་སྤྲད་སོང་། དེའི་ཁྲོད་ནས་འཐབ་རྩོད་བྱེད་ས་གཙོ་བོ་གཅིག་ནི་རེབ་ཀོང་༧སྐྱབས་མགོན་ཤར་སྐལ་ལྡན་རྒྱ་མཚོ་ཚང་རེད་ཟེར། ངའི་ཨ་མྱེས་ཀྱིས་༧ སྐྱབས་མགོན་ཚང་ལ་ཁ་མི་གཏོང་བའི་དམ་བཅའ་བཞག་པ་ཡིན་ཟེར།   སྐབས་དེར་རྒྱ་རྒན་ཚོས་ཁོང་ལ་གཅར་རྡུང་བྱས་ཤིང་།  ཁྱོད་ཤར་ཚང་གི་རྗེས་འབྲངས་པ་རེད་ཟེར་ནས་ངའི་ལག་པ་གཉིས་ཐག་པ་ཡིས་བཀྱིགས་ནས་རེབ་ཀོང་ཁུལ་དུ་ཉིན་དྲུག་ལ་མི་དམངས་ལ་ལྟད་མོ་ལྟ་རུ་བཅུག་སོང་བ་དང་།  ངས་བློ་གཅིག་སེམས་གཅིག་གིས་སོ་སོའི་རྩ་བའི་བླ་མར་གསོལ་བ་བཏབ་ཅིང་། ང་ལ་ཚ་རྒྱུ་ན་རྒྱུ་གང་ཡང་མ་བྱུང་ལ། དེ་ནི་རྩ་བའི་བླ་མའི་བཀའ་དྲིན་ཁོ་ན་རེད་ཟེར། ད་དུང་ངས་རྒྱ་རྒན་ཚོ་ལ་ལབ་པ་ཡིན། རེབ་ཀོང་སྐྱབས་མགོན་དཀར་པོ་དཀར་རྐྱང་ཡིན། ཁོང་ལ་སྐྱོན་གཅིག་ཀྱང་མེད། ཁོང་ལ་ཁ་གཏོང་པ་ལས་ང་འཆི་ན་དགའ་ཞེས་ལན་བཏབ་པ་ཡིན། ཁོ་ཚོས་ཁྱོད་ཤར་ཚང་གི་རྗེས་འབྲངས་པ་ཟེར་ནས་ཡང་བསྐྱར་ང་ལ་འཐབ་རྩོད་བྱས་སོང་ལ། ངའི་ལག་པ་གཉིས་ཤིང་ཞིག་གི་སྒང་དུ་ཡང་བསྐྱར་བཏགས་ཤིང་ཤིང་རྟ་ཞིག་གིས་དྲུད་ནས་རྒྱལ་ཐང་ནས་མཁར་སྒོ་གོང་མའི་བར་དུ་ཉིན་གཅིག་ལ་ཐེངས་གསུམ་ལ་འཁྲིད་སོང་། སྐབས་དེར་མི་མང་པོ་འཛོམས་འདུག ལྟད་མོར་བལྟ་མཁན་མང་པོ་འདུག མི་སུ་ཡིན་ངོས་འཛིན་ཐུབ་གྱི་མི་འདུག  རེ་ཞིག་ནས་མཁར་སྒོ་ཞོལ་མར་སླེབས་སོང། ངའི་ལག་པ་གཉིས་ཤིང་ཞིག་གི་སྒང་ལ་བཏགས་ནས་མི་དམངས་ལ་ལྟད་མོ་བལྟ་རུ་འཇུག་སྐབས། ཁྱོད་ཚོས་ཏང་ལ་བློ་སེམས་མ་དཀར་ན། ཁོ་ལྟར་སྡུག་མྱངས་དགོས་ནི་རེད་ཟེར་ནས་མི་དམངས་ལ་སློབ་གསོ་སྤྲད་ཅིང་། སྐབས་དེར་བུད་མེད་ཅིག་གིས་ཤིང་གི་ཐོམ་བུ་ཞིག་གི་ནང་ཆུ་འཁྱེར་ཡོང་ནས་ངའི་ཁ་ནང་དུ་ལྡུག་བཞིན་ཁྱོས་དཀའ་ཐ་ཟེར། ངའི་མིག་གཉིས་འབྱེད་ཙམ་བྱས་ནས་བལྟ་སྐབས་རོང་བོ་སྡེ་བའི་མཁའ་མོ་ཐར་རེད། མཁའ་མོ་ཐར་བུད་མེད་ངར་མ་ཞིག་ཡིན། མོས་ད་དུང་སྐབས་དེར་ཁྱོས་ཧྲ་ལ་བྱོས་ཞེས་བཤད་སོང་ཟེར།

སྐབས་དེ་འདྲའི་གདུག་རྩུབ་ཆེ་བའི་ལོ་ཟླའི་རིང་དུའང་ངའི་ཨ་མྱེས་ངུས་མྱོང་བ་གོ་མ་མྱོང་། ལོ་ངོ་བཅུ་བཞི་ཡི་རྗེས་ནས་ནང་མི་ལྷན་འཛོམས་བྱུང་བའི་སྐབས་སུ་ཡང་ངའི་ཨ་མྱེས་ངུས་ཡོད་པ་གོ་མ་མྱོང་། ཨ་མྱེས་ཞྭ་གོན་ཡིན་པའི་སྐབས་སུ་ཡང་ངུས་མྱོང་བ་གོ་མ་མྱོང་། རིག་གསར་སྐབས་ཁྱིམ་གྱི་ཁང་བ་དང་བཅས་པ་གཞུང་བཞེས་བཏང་དུས་ཀྱང་ངའི་ཨ་མྱེས་ངུས་མྱོང་ཡོད་པ་གོ་མ་མྱོང། ཕྱི་ལོ་༡༩༧༩ ལོའི་བར་དུ་སྒོ་ཕྱེས་ནས་འགྲོ་སའི་ཁང་པ་ཞིག་མེད་རུང་ཨ་མྱེས་ངུས་མྱོང་མེད། ཡིན་ནའང་དགོང་མོར་དེར་ཨ་མྱེས་དང་ངེད་གཉིས་ཀྱི་ཁ་བརྡའི་མགོ་ནས་མཇུག་བར་དུ་ཁོའི་སྐད་ལ་ངུ་སྐད་འདྲེས་འདུག ད་དུང་ཨ་མྱེས་ཀྱིས་བཤད་རྒྱུར་སྤུན་ཆུང་དང་ཁྱོད་གཉིས་ཡིད་བཞིན་ནོར་བུའི་མཐའ་འཁོར་དུ་བསྡད་ཡོད་ནོ་ཧ་ཅང་གི་སྐལ་བ་བཟང་པོ་རེད། ང་བློ་བདེ་ནས་ཡོད་ཟེར། དགོང་མོ་དེ་ནི་ཨ་མྱེས་དང་ངེད་གཉིས་ཀྱིས་ཁ་པར་ནང་དུ་ཁ་བརྡ་བྱས་པ་མཐའ་མ་དེ་ཡང་ཡིན།

ཕྱི་ལོ་༢༠༠༨ ལོའི་ཟླ་༢ པའི་ཚེས་༢༡ ཉིན་གྱི་མཚན་མོ་དེར་རེབ་ཀོང་མི་དམངས་ཀྱིས་རྡོག་རྩ་གཅིག་ཏུ་སྒྲིལ་ནས་རྒྱ་གཞུང་ལ་ངོ་རྒོལ་བྱས། རོང་བོ་དགོན་ཆེན་གྱི་ཉེ་འདབས་ནས་རྒྱལ་ཐང་བར་དུ་མི་དམངས་སྟོང་ཕྲག་བཅུ་ལྷག་འཛོམས་ནས་རྒྱ་གཞུང་ལ་ངོ་རྒོལ་བྱས།  “༧ རྒྱལ་བ་རིན་པོ་ཆེ་བོད་དུ་ཕེབས་དགོས། ང་ཚོ་ལ་རང་དབང་དགོས། བོད་ཀྱི་སྐད་ཡིག་སྲུང་སྐྱོབ་བྱེད་དགོས།”ཞེས་མི་དམངས་ཀྱིས་འབོད་སྒྲ་འདྲ་མིན་བསྒྲགས། ཁྱད་པར་དུ་༧ རྒྱལ་བའི་གསོལ་འདེབས་མི་དམངས་ཀྱིས་ཁ་གཡང་སུ་བསྒྲགས་ལ། དེ་མ་ཐག་རྒྱ་གཞུང་གིས་དམག་མི་བཏང་ནས་མི་མང་པོ་འཛིན་བཟུང་བྱས་ཤིང་། གཅར་རྡུང་བཏང་མོད། རེབ་ཀོང་མི་དམངས་ཀྱིས་མུ་མཐུད་ནས་ངོ་རྒོལ་བྱས། ཉེན་རྟོག་པའི་རླངས་འཁོར་བཅུ་གྲངས་ཤིག་མེ་བསྲེགས་པ་དང་གཏོར་བ་རེད། མཚན་མོ་དེར་མི་དམངས་ཀྱི་མགོ་ཐོག་ཏུ་རྒྱ་གཞུང་གིས་ཁྲག་དྲི་བྲོ་བའི་དྲག་གནོན་བྱས་མོད། མི་དམངས་ཀྱིས་མུ་མཐུད་ནས་༧ རྒྱལ་བའི་གསོལ་འདེབས་འདོན་བཞིན་ངོ་རྒོལ་བྱས། ཚེས་ཉེར་གཅིག་ཉིན་གྱི་དགོང་མོ་གཅིག་པོར་མི་༢༥༠ ལྷག་འཛིན་བཟུང་བྱས།

ཚེས་ཉེར་གཉིས་ཉིན་གྱི་ཞོགས་པ་དེར་མི་དམངས་ཁྲི་གཉིས་ལྷག་སླར་ཡང་རྒྱལ་ཐང་དུ་འཛོམས། ལམ་ཁ་ཡོངས་སུ་བཀག ཟ་ཁང་དང་ཚོང་ཁང་གཅིག་གིས་ཀྱང་སྒོ་ཕྱེས་མེད།  མི་དམངས་ཀྱི་དགོས་འདུན་གཙོ་བོ་གཅིག་འདི་རེད། ཚེས་ཉེར་གཅིག་གི་མཚན་མོར་འཛིན་བཟུང་བྱས་ཡོད་པའི་མི་ཉིས་བརྒྱ་དང་ལྔ་བཅུ་ལྷག་ཆ་རྐྱེན་ཅི་ཡང་མེད་པའི་ཐོག་གློད་གྲོལ་གཏོང་དགོས་རྒྱུ་དང་། གལ་ཏེ་མི་དེ་དག་གློད་གྲོལ་མ་བཏང་ཚེ་མུ་མཐུད་ནས་ངོ་རྒོལ་བྱེད་རྒྱུའི་དམ་བཅའ་བཞག སྲིད་གཞུང་གིས་མི་དམངས་ཀྱི་ངར་ཤུགས་འགོག་ཆེད་མི་༢༥༠ ལྷག་དེ་མ་ཐག་གློད་གྲོལ་བྱས། འཛིན་བཟུང་བྱས་པའི་མི་དེ་དག་ཀྱང་སྡེ་བ་སོ་སོའི་སྡེ་དཔོན་ལ་རྩིས་སྤྲད་ཅིང་སྡེ་དཔོན་ལ་མི་རྩིས་སྤྲད་པའི་མཚན་རྟགས་འགོད་དུ་བཅུག ང་རེབ་ཀོང་ཤར་ཕྱོགས་སུ་ཡོད་པའི་སྡེ་བ་ཆུང་ཆུང་ཞིག་ནས་ཡིན་མོད། ང་ཚོའི་སྡེ་བ་ཆུང་ཆུང་དེ་གཅིག་པོ་ནས་མི་བཅུ་གཅིག་འཛིན་བཟུང་བྱས། མི་དེ་དག་ནི་ཆུང་དུས་རྩེད་ར་གཅིག་གི་ནང་དུ་མཉམ་ཏུ་རྩེད་མོ་རྩེས་ནས་འཚར་ལོངས་བྱུང་པའི་སྟག་ཤར་གཞོན་ནུ་དག་ཡིན། ཁོང་ཚོ་བློ་བསམ་དཀར་ལ་གཤིས་རྒྱུད་ཤིན་ཏུ་དྲང་། བོད་མི་རིགས་ལ་དུང་བ་ཧ་ཅང་ཆེ། ཁོང་ཚོའི་གྲས་སུ་སྐབས་དེར་རྨས་སྐྱོན་ཕོག་མེད་པའི་མི་གཅིག་ཀྱང་མེད། མི་ཉིས་བརྒྱ་དང་ལྔ་བཅུ་ལྷག་གི་ནང་དུ་རྨས་སྐྱོན་ཕོག་ནས་འདས་གྲོངས་སུ་སོང་པ་ཡང་ཡོད། ཡིན་ནའང། མི་ལྷག་བསམ་ཅན་དེ་དག་གི་བྱས་རྗེས་བཙན་བྱོལ་ནང་བདག་མེད་དུ་གྱུར། ཁྱེད་ཅག་གིས་བོད་མི་རིགས་ཀྱི་ཆེད་རང་སྲོག་བློས་བཏང་པ་དེ་དག་བཙན་བྱོལ་གྱི་ལོ་རྒྱུས་སུ་བཀོད་མེད། བོད་མིའི་སྒྲིག་འཛུགས་དང་གསར་ཁང་ཁག་གི་ནང་དུ་བོད་ནང་གི་ས་བྱི་ཞི་རྒོལ་ཆེན་མོའི་མགོ་དེ་ཕྱི་ལོ་༢༠༠༨ ཟླ་༣ ཚེས་༡༠ ཉིན་བོད་ཀྱི་རྒྱལ་ས་ལྷ་ས་ནས་བཙུགས་པ་ཡིན་ཞེས་ཡོངས་བསྒྲགས་བྱས། བོད་མིའི་སྒྲིག་འཛུགས་ཀྱིས་འདི་ལྟར་བྱེད་དགོས་པའི་རྒྱུ་མཚན་ཆབ་སྲིད་དང་དགོས་མཁོ་ཞིག་གི་ཆེད་དུ་དེ་ལྟར་བྱེད་དགོས་པ་ཡིན་མོད། འོན་ཀྱང་། ཕྱི་ལོ་༢༠༠༨ ལོར་བོད་ནང་དུ་ས་བྱི་ཞི་རྒོལ་ཆེན་མོའི་འགོ་འཛུགས་དུས་༢༠༠༨ ལོའི་ཟླ་༢ པའི་ཚེས་༢༡ ཉིན་རེད།

སྐབས་དེར་བོད་ཀྱི་གསར་ཁང་ཁག་གིས་ཀྱང་ས་བྱི་ཞི་རྒོལ་ཆེན་མོ་༢༠༠༨ ལོའི་ཟླ་༣ པའི་ཚེས་༡༠ ཉིན་བོད་ཀྱི་རྒྱལ་ས་ལྷ་ས་ནས་འགོ་འཛུགས་བྱས་བཅས་ཡོང་བསྒྲགས་བྱས། བོད་མིའི་སྒྲིག་འཛུགས་ཀྱིས་དེ་ལྟར་བསྒྲགས་པ་ནི་ཆབ་སྲིད་གྱི་ཁེ་ཕན་ཞིག་གི་ཆེད་དུ་ཡིན་སྲིད། འོན་ཀྱང་ལོ་རྒྱུས་ནི་ལོ་རྒྱུས་ཡིན་པས་ལོ་རྒྱུས་ལ་སུ་གཅིག་གིས་ཀྱང་འགྱུར་བ་གཏོང་མི་ཐུབ། གསར་ཁང་ཁག་གིས་ལོ་རྒྱུས་རྫུན་བཟོ་བྱས་པ་དེ་ནི་གནད་དོན་གཅིག་རང་རེད། དེ་ནི་སྤྲེལ་ལད་འཁྲབ་རྒྱུ་ཁོ་ན་ལས་གཞན་ཅི་ཡང་མ་རེད། མཚམས་རེར་བཙན་བྱོལ་ནང་གི་བོད་ཀྱི་གསར་ཁང་ཁག་ནི་”རྒྱ་ནག་ནང་དུ་ལྔ་སྐྱོང་ཁྱིམ་ཚང་ཟེར་བ་ཞིག་ཡོད་པ་དང་ཧ་ཅང་འདྲ།” རང་ཚུགས་དང་སྒལ་ཚིགས་མེད་མཁན་གསར་ཁང་ཁག་འདི་དག་གིས་རང་དོན་ཆེད་ཁོ་ན་ལས་དྲང་བདེན་གྱི་གསར་འགྱུར་ཞིག་སྤེལ་ཉུང་མེད། བདེན་པ་དང་དྲང་བདེན་གཙིགས་སུ་འཛིན་རྒྱུ་ནི་མི་སྒེར་སོ་སོ་ལ་འགན་ཡོད་པས། ཕྱི་ལོ་༢༠༠༨ ཟླ་༢ ཚེས་༢༡ ནས་དེ་རིང་བར་ས་བྱི་ཞི་རྒོལ་ཆེན་མོ་བྱུང་ནས་ལོ་ཧྲིལ་པོ་བཅོ་ལྔ་འཁོར་པའི་ཉིན་མོ་ཡིན་པས་རྗེས་དྲན་བྱའོ།

བསམ་ཚུལ།

Post navigation

Previous Post: ཨ་ཕར་བྲིས་པ།
Next Post: ཐའེ་བོད་བརྒྱུད་ནང་བསྟན་དར་སྤེལ་བགྲོ་གླེང་ཐེངས་བཅུ་གཅིག་པའི་གསར་གནས།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (93)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (62)
  • ཨེ་ལི་སི། (53)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (35)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme