Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ས་ག་ཟླ་བའི་ཚེས་བཅོ་ལྔ། འཇིག་རྟེན་འོད་ཀྱིས་ཁེངས་པའི་ཉིན་མོ།

Posted on 2012-06-022012-06-02 By ཁ་བརྡ་ 25 Comments on ས་ག་ཟླ་བའི་ཚེས་བཅོ་ལྔ། འཇིག་རྟེན་འོད་ཀྱིས་ཁེངས་པའི་ཉིན་མོ།

འཛམ་གླིང་ཡུལ་གྲུ་ཀུན་ཏུ་གནས་པའི་ནང་བ་སངས་རྒྱས་པ་ཡོངས་ཀྱིས་ཉིན་གཉིས་ཀྱི་རྗེས་ཀྱི་སྐལ་བཟང་གི་དུས་ཚེས་ཏེ་ས་གའི་ཚེས་པ་བཅོ་ལྔའི་ཉིན་དེར་སྟོན་པའི་འཁྲུངས་སྐར་སྲུང་བརྩི་གནང་རོགས།

གཅིག

དེ་རིང་ནི་འོད་ཀྱིས་འཇིག་རྟེན་ཁེངས་པའི་ཉིན་མོ་ཡིན་ལ་བལྟ་ན་སྡུག་པའི་མཛེས་པའི་མེ་ཏོག་བདུན་ཚར་གྱི་བཀྲག་མདངས་ཕྱི་རུ་མངོན་པའི་ཉིན་མོའང་ཡིན། དེ་རིང་ནི་རྟེན་འབྱུང་ལྟ་གྲུབ་ཀྱི་ལྐོག་གྱུར་གནས་ལུགས་དང་བྱམས་བརྩེའི་སྙིང་སྟོབས་ཀྱི་གཟི་འོད་གླིང་བཞིར་མཆེད་པའི་ཉིན་མོ་སྟེ་མི་ལོ་ཧྲིལ་བོ་ཉིས་སྟོང་ལྷག་གི་སྔ་རོལ་ཀྱི་དེ་རིང་ཉམས་རྟོགས་འབུམ་གྱིས་ཕྱུག་པའི་སྐྱེས་ཆེན་དམ་པ་ཞིག་གི་སྐུ་ཡི་མཚན་དཔེའི་མེ་ཏོག་འཛམ་གླིང་ཟླུམ་པོའི་དཀྱིལ་འཁོར་དུ་བཞད་ཅིང་དེ་ནས་བཟུང་སྐྱེ་བོ་ཁྲི་སྟོང་མང་པོའི་ཡིད་ཀྱི་ཞིང་སར་བྱམས་བརྩེ་དང་གཞན་གཅེས་ཀྱི་ནུས་པའི་རོ་བཅུད་སྨིན་པའི་འགོ་བརྩམས་པ་རེད། དུས་དེ་ནས་སྐྱེ་བོ་མཆོག་དམན་ཀུན་གྱི་སེམས་ཁམས་སུ་ཡང་དག་པའི་འོད་ཀྱི་ཞིང་ཁམས་སུ་བགྲོད་པའི་ནུས་སྟོབས་ཡོད་པའི་བདེན་དཔང་རྙེད་ཅིང་བདག་ཉིད་བདག་གི་མགོན་པོ་རུ་ལྟ་བའི་བློ་གྲོས་ཀྱི་མིག་ཟུང་ཐོབ། ཉིན་མོ་འདི་ནི་སྐྱེ་འགྲོ་སྤྱི་དང་ཁྱད་པར་དུ་ནང་པ་སངས་རྒྱས་པའི་རྗེས་འཇུག་པ་དག་གིས་ངེས་པར་དུ་དྲན་དགོས་པའི་ཉིན་མོ་ཞིག་དང་དགའ་སྤྲོའི་རྣམ་འགྱུར་དང་དགེ་སྒྲུབ་རྣམ་དཀར་གྱིས་བསུ་དགོས་པའི་རིན་ཐང་གྱི་ཉིན་མོ་གལ་ཆེན་རེད།

གཉིས།

གལ་ཏེ་དེ་རིང་སྟོན་པ་ཡེ་ཤུ་མཆོག་གི་སྐུ་ཡི་འཁྲུངས་སྐར་ཡིན་ན་ཁོང་གི་རྗེས་འཇུག་པ་ས་ཡ་མང་པོས་ཉིན་མོ་འདིར་རང་གི་སྟོན་པའི་མཛད་རྣམ་ལ་ཡི་རང་གི་བསྔགས་བརྗོད་འཁྲོལ་བཞིན་འཁྲུངས་སྐར་འདི་དགའ་དད་སྤྲོ་གསུམ་གྱིས་བསུ་ངེས་ཤིང་། དེ་བཞིན་རྗེའུ་དང་། ཁ་ཆེ་སོགས་ཆོས་ལུགས་གང་ཡིན་ཡང་རང་གི་སྟོན་པའི་འཁྲུངས་སྐར་ནི་ཆེས་གལ་ཆེའི་ཉིན་མོར་སྲུང་བརྩི་བྱེད་ངེས། ང་ཚོ་སྟེ་འདྲེན་མཆོག་མཉམ་མེད་དཔལ་ཟས་གཙང་སྲ་ཕོའི་རྗེས་འཇུག་ཏུ་ཁས་འཆེས་པའི་ནང་བ་སངས་རྒྱས་པ་དག་གིས་འཛམ་གླིང་འདིར་གནས་འཆའ་བའི་ནང་པ་ཡོངས་རྫོགས་གཅིག་མཐུན་གྱིས་སྟོན་པ་བཅོམ་ལྡན་འདས་ཀྱི་སྐུ་བལྟམས་པ་དང་སངས་རྒྱས་པ་མྱ་ངན་ལས་འདས་པའི་གསུམ་འཛོམས་ཀྱི་དུས་ཆེན་འདིར་ཡོངས་ཁྱབ་རང་བཞིན་གྱི་སྲུང་བརྩི་རྒྱ་ཆེན་ཞིག་བྱེད་མ་ཐུབ་པ་འདི་ནི་ཅི་འདྲའི་བློ་ཕམ་གྱི་རང་བཞིན་ཞིག་རེད་ཨང་། ང་ཚོས་སྟོང་ཆ་འདི་བསྐང་ཆེད་དེ་རིང་བཟུང་དཔལ་མཉམ་མེད་ཤཱཀྱ་སེང་གེའི་སྐུ་ཡི་འཁྲུངས་སྐར་འདི་སྲུང་བརྩི་བྱེད་པའི་ཡོངས་ཁྱབ་ཀྱི་ལས་གཞི་འདི་ལྟར་བརྩམས་དགོས་པས་འཛམ་གླིང་གོ་ལའི་ས་ཕྱོགས་གང་སར་གནས་པའི་ནང་པ་ཡོངས་ཀྱིས་འཁྲུངས་སྐར་འདི་ལྟར་སྲུང་བརྩི་བྱེད་རོགས།

གསུམ།

གཅིག ཉིན་མོ་འདིར་རང་རང་གི་ཉེ་འཁོར་དུ་གནས་པའི་སྐྱེ་བོ་ཡོངས་ལ་རང་གི་སྟོན་པའི་མཛད་རྣམ་སྐོར་དང་རླབས་ཆེན་གྱི་སྟོན་པ་ཁོང་གིས་ང་ཚོར་བླང་དོར་གྱི་ལམ་སྟོན་གང་དང་གང་གནང་ཡོད་པའི་སྐོར་ལ་གོ་བསྡུར་དང་བགྲོ་གླེང་བྱ་རྒྱུ།
གཉིས། སྟོན་མཆོག་ཁོང་གི་རྗེས་འཇུག་པ་ཞིག་ཡིན་པའི་ངོས་ནས་ཉིན་མོ་འདིར་སྐྱེས་ཆེན་ཁོང་གིས་ཉམས་བཞེས་སུ་བསྟར་བའི་གཞན་གཅེས་དང་བྱམས་སྙིང་རྗེའི་དགེ་ཕན་ལ་སོགས་ལ་བསམ་བློ་བཏང་སྟེ་གཞན་ལ་གནོད་གཞིའི་ལས་མི་བརྩམས་པར་གཞན་ཕན་གྱི་ལས་ཀ་གང་ཐུབ་བསྒྲུབ་རྒྱུ།
གསུམ།
རང་གི་ནང་མི་དང་གྲོགས་པོ་ཕོ་མོ་ཚོར་རྒྱུད་ལམ་གང་རུང་ཐོག་དེ་རིང་གི་ཉིན་མོའི་གལ་ཆེའི་རང་བཞིན་ངོ་སྤྲོད་དང་སྦྲགས་ཉིན་མོ་འདིར་གཞན་ཕན་གྱི་ལས་སུ་འཇུག་དགོས་པའི་སྐུལ་དེད་བྱ་རྒྱུ།

བཞི།

དུས་དེབ་དང་། ཚགས་ཤོག དྲ་རྒྱ་སོགས་སུ་སྟོན་མཆོག་ཐུབ་པའི་དབང་པོའི་མཛད་བཟང་ལ་བསྔགས་བརྗོད་དང་དེ་འབྲེལ་གྱི་རྩོམ་བྲིས་སྤེལ་རྒྱུ།
ལྔ། རང་ཉིད་ནང་པ་ཞིག་གི་ངོས་ནས་ཉིན་མོ་འདི་ཆེས་གལ་ཆེན་དུ་བརྩིས་ཏེ་་ཉིན་དེའི་དུས་ཚད་ཡོངས་རྫོགས་དགེ་སེམས་འབའ་ཞིག་གི་ངང་ནས་རྫོགས་པར་ཧུར་བརྩོན་བྱ་རྒྱུ།
འདི་ནི་ནང་པའི་ཆོས་ཀྱི་རྗེས་འབྲང་པའི་གྲྭ་བ་ཞིག་གིས་ནང་པ་ཡོངས་ལ་ཕུལ་བའི་རེ་སྐུལ་ཡིན་པས་བདག་གི་རེ་བ་འདི་ཅིས་དང་ལེན་གནང་རོགས་ཞུ།།

ནང་པའི་ཆོས་ཀྱི་རོ་བཅུད་ཐོས་བསམ་གྱིས་ཅུང་ཟད་གཞིབ་པའི་མཐུ་ལས་ནང་པ་སངས་རྒྱས་པའི་སྟོན་མཆོག་དམ་པ་ཁོང་ལ་བཅོས་མིན་དད་པ་ཐོབ་པའི་སེར་ཤུལ་རིན་ཆེན་དོན་གྲུབ་ཀྱིས་གུས་པས་ཕུལ།

རྩོམ་ཡིག་འདི་ནི་༢༠༡༡ལོར་བྲིས་ཏེ་དྲ་ཐོག་ཏུ་སྤེལ་མྱོང་ཞིང་རེ་སྐུལ་འདིིའི་ཤུགས་རྐྱེན་ནམ་གང་ལྟར་གཞུང་དང་གཞུང་འབྲེལ་མིན་པ་འགའ་ཞིག་གིས་ད་ལོ་ཡོངས་གྲགས་ཐོག་སྟོན་པའི་འཁྲུངས་སྐར་སྲུང་བརྩི་ཐོག་མ་དེ་གནང་སོང་བས་དགའ་སྣང་ཡི་རང་དང་བཅས་སླར་ཡང་རེ་སྐུལ་འདི་སྤེལ་བ་ཡིན།

གསལ་བསྒྲགས།

Post navigation

Previous Post: ༧ཀུན་གཟིགས་༧པཎ་ཆེན་རིན་པོ་ཆེ་མཆོག་གི་སྐུ་པར་ཁག་ཅིག
Next Post: ཁ་དོག་གཉིས་ལ་འགྲེལ་བ།

Comments (25) on “ས་ག་ཟླ་བའི་ཚེས་བཅོ་ལྔ། འཇིག་རྟེན་འོད་ཀྱིས་ཁེངས་པའི་ཉིན་མོ།”

  1. མེ་ཏོག་དཀར་པོ། says:
    2012-06-02 at 1:34 am

    ངོས་ལེན་ཡོད། ཡག་པོ་འདུག དེ་འདྲ་རང་རེད།

  2. བོད་ལ་ཞེན། says:
    2012-06-02 at 2:14 am

    ཤིན་ཏུ་ལེགས། ང་ཚོ་བོད་པ་ཚང་གིས་རང་རང་སོ་སོའི་བླ་མ་ཕྱོགས་རེ་བའི་འདས་མཆོད་རྒྱས་པོ་ཞིག་དགོན་པ་ཕྱོགས་རེ་བ་དང་། ཆོས་ལུགས་བྱེ་བྲག་པའི་མིང་ཐོགས་ནས་ཚོགས་པ་ལས་བསྟན་པའི་བདག་པོ་ཐུབ་པ་མཆོག་གི་འཁྲུངས་སྐར་དང་འདས་མཆོད་རྩིས་བསྲུང་བྱེད་རྒྱུ་ཕར་ཞོག་མང་པོ་ཞིག་གིས་ག་དུས་ཡིན་ཤེས་ཚོད་ཡང་མ་རེད།

  3. རྒྱ་གར་རྨ་བྱ། says:
    2012-06-02 at 2:30 am

    དངོས་གནས་བདེན་པ་རེད། འོན་ཀྱང་བོད་པ་ནང་པས་སྒྲོལ་མ་དང་གུ་རུ་སོགས་རྩ་ཆེར་འཛིན་པ་ལས། མཉམ་མེད་སྟོན་པ་མཆོག་གིས་བཀའ་དྲིན་འདི་ལྟར་དྲན་དཀའ་ཙམ་རེད།

    འདི་ལ་འགྱུར་བ་ཞིག་ངེས་པར་དགོས་པར་མཐོང་། དོན་གྱི་ནང་ཆོས་ངོ་མ་དེ་སྤྱི་ཚོགས་ཀྱི་རྟིང་བྱིངས་སུ་མ་སླེབས་པར་འདོད་དོ།། ལེགས་སོ་ལེགས་སོ།། རིགས་ཀྱི་བུ་ལགས།

  4. ཀརྨ་ཡེ་ཤེས says:
    2012-06-02 at 3:49 am

    སྟོན་པའི་འཁྲུངས་སྐར་དངོས་དེ་ཟླ་འདིའི་ཚེས་པ་བརྒྱད་ལ་རེད། ད་རིས་གཏན་ཁེལ་འདི་བོད་བརྒྱུད་རྗེས་འཇུག་ཚང་མས་ངོས་ནུས་ན་ཤིན་ཏུ་བཟང་།

  5. རང་འཚོལ། says:
    2012-06-02 at 4:37 am

    རང་ཉིད་འཁོར་བའི་བཙོན་དུ་ཚུད་པ་ཡི།།
    འཇིག་རྟེན་ལྷ་ལ་སྒོ་གསུམ་སྐྱབས་བཅོལ་ཏེ།།
    རྟག་ཏུ་ལས་དོན་ལམ་ལྷོང་ཙམ་སྨོན་པ།།
    དེ་ནི་སྤྲང་པོས་སྤྲང་པོ་གཞན་ཞིག་ལ།།
    སྐྱབས་སུ་བཅོལ་ཏེ་ལྟོ་གོས་སློང་དང་འདྲ།།
    དེ་བས་ནམ་ཡང་སུས་ཀྱང་བསྒྲུན་མི་ནུས།།
    སྟོང་ཉིད་ལྟ་དང་སྙིང་རྗེས་དབང་ཕྱུག་པའི།།
    རང་རེའི་ནང་པའི་སྐྱབས་གནས་མི་སླུ་བ།།
    སྐྱོན་ཕྲས་མ་གོས་ཡོན་ཏན་ཀུན་རྫོགས་ཞིང་།།
    ཚད་མའི་སྐྱེ་བོར་ཅིས་ཀྱང་བགྲང་འོས་པའི།།
    ཐུགས་རྗེའི་བདག་ཉིད་ཐུབ་པའི་དབང་པོ་ལ།།
    སྒོ་གསུམ་གུས་པས་ཕྱག་དང་མཆོད་འབུལ་གྱིས།།
    གང་གིས་ཡང་ཡང་གསུང་པའི་རྟེན་འབྲེལ་དང་།།
    སྟོང་ཉིད་སྙིང་རྗེ་ལ་སོགས་ཆོས་ཚུལ་ལ།།
    ཇི་བཞིན་མ་ལུས་ཁོང་དུ་མ་ཆུད་ཀྱང་།།
    མི་ལུས་རིན་ཆེན་དོན་མེད་མིན་ཙམ་དང་།།
    ཕྱི་མའི་དོན་དུ་བག་ཆགས་བཟང་འཇོག་སླད།།
    ཅི་ཐུབ་ཉམས་སུ་ལེན་པར་འབད་མཛད་ན།།
    ད་གཟོད་མི་ལུས་ལེན་རིན་ཆེན་ལེན་པ་དང་།།
    ཐེག་པ་ཆེན་པོའི་གྲལ་དུ་ཚུད་པ་ཡང་།།
    སྐལ་བཟང་འགྱུར་ལ་གང་གི་ཐུགས་དགོངས་ཀྱང་།།
    དེ་ཡིས་འགྲུབ་པས་ནང་པའི་ནང་ཕྲུག་ཚོ།།
    གང་ཉིད་བལྟམས་པའི་དུས་ཆེན་ཁྱད་འཕགས་ཏེ།།
    དེ་རིང་ཉིན་མོར་རྣམ་དཀར་དགེ་སྒྲུབ་དང་།།
    མཁའ་ཁྱབ་འགྲོ་བ་མ་ལུས་སེམས་ཅན་ཀུན།།
    གཅིག་གིས་གཅིག་ལ་ཉེ་རིང་ཆགས་སྡང་དང་།།
    རྡུང་རྡེག་བཤུ་གཞོག་ལ་སོགས་མི་འབྱུང་ཞིང་།།
    བཀྲ་ཤིས་ལོ་ལེགས་ཡོང་བའི་སྨོན་འདུན་དང་།།
    འདི་ནས་ཚེ་རབས་གཞན་དུའང་སྟོན་དེ་ཉིད།།
    ཡང་ཡང་མཇལ་བའི་སྐལ་བཟང་བགོ་སྐལ་དེ།།
    འཐོབ་པའི་དོན་དུ་གང་གསུང་ཇི་སྙེད་རྣམས།།
    འཇིག་རྟེན་ཡུལ་གྲུ་ཀུན་ཏུ་ཁྱབ་མཛད་ཅིང་།།
    འཛམ་གླིང་སྐྱེ་འགྲོ་ཀུན་གྱི་བདེ་དོན་དུ།།
    ཞི་བདེ་མཛའ་མཐུན་གོང་ནང་གོང་སྤེལ་བའི།།
    ཐབས་ལ་འབད་པའི་རེ་བ་སྙིང་ནས་ཞུ།།

    །

  6. ཐུབ་བསྟན says:
    2012-06-02 at 6:13 am

    སྟོན་པས་སངས་རྒྱས་འཁྲུངས་སྐར་དེ་བོད་བརྒྱུད་ནང་པའི་ས་ག་ཟླ་བའི་ཚེས་པ་བདུན་ལ་བརྩི་་གི་ཡོད་རེད།

  7. གནམ says:
    2012-06-02 at 6:16 am

    སྟོན་པ་བཀའ་དྲིན་ཅན་ལ་གུས་བས་དུད།
    ཉིན་གཅིག་ལ་གུས་བ་བྱེད་པ་ཙམ་ལས་ཉིན་མཚན་ཀུན་དུ་གུས་ན་མི་བཟང་ངམ།
    ལམ་དང་ལུགས་སྲོལ་མེད་པ་ཞིག་ལ་གཞན་གྱི་ལད་བཟླས་བྱེད་པ་ནི་རི་བོང་ཅལ་འདྲོགས་མི་འགྲོ། བླ་མ་སུ་དང་གང་ལ་འདས་མཆོད་ཡོད་པ་རེད་མ་གཏོགས་གཞན་དགོས་པ་འདྲ་འདུག་གམ།
    རྗེས་མ་འདི་ཚོང་རྫས་ཞིག་གི་ལོག་འགྲོ་བའི་ཉེས་བ་འདྲ་མེད་དམ།
    དུ་བ་ཡོང་ཡོང་ས་ལ་རྒྱུག་ན་རོ་སྲེག་ས་ལ་ཁེལ་ཡོང་ཞུ་བ་དེ་འདྲ་གོ་ཨེ་མྱོང་།

  8. ཀརྡོ་གཉེར་ཕྱག་པ་ says:
    2012-06-02 at 6:23 am

    ༸སྟོན་པའི་བསྟན་པ་རྟག་ཏུ་རྒྱས་འགྱུར་ཅིག །

  9. འབྲོང་ངུར་བསྟན་འཛིན་ལམ་བཟང་། says:
    2012-06-02 at 6:23 am

    དང་པོ་ཁ་རྡ་ཚང་ཟེར་བ་དེ་དོན་ངོ་མ་སུ་རེད་དྲྭ་ཐོག་འདིར་ངོ་སྤྲོད་ཅིག་གནང་རོགས། གཉིས་པ་རྩོམ་ཡིག་འདི་ནི་༢༠༡༡ལོར་བྲིས་ཏེ་དྲ་ཐོག་ཏུ་སྤེལ་མྱོང་ཞིང་རེ་སྐུལ་འདིིའི་ཤུགས་རྐྱེན་ནམ་གང་ལྟར་གཞུང་དང་གཞུང་འབྲེལ་མིན་པ་འགའ་ཞིག་གིས་ད་ལོ་ཡོངས་གྲགས་ཐོག་སྟོན་པའི་འཁྲུངས་སྐར་སྲུང་བརྩི་ཐོག་མ་དེ་གནང་སོང་་་་ཞེས་བཀོད་འདུག་པས་གཞུང་འབྲེལ་སྟོན་པའི་འཁྲུངས་སྐར་ག་དུས་སྲུང་བརྩི་བགྱིས་སོང་གསུང་རོགས། གསུམ་པ་དྲྭ་བ་འདི་ནས་གོང་ས་མཆོག་གིས་གཙོས་བོད་ཀྱི་བླ་ཆེན་དང་རང་གཞུང་ལ་མཚན་སྨད་ཞུ་བྱེད་རྩོམ་ཉོག་འགོད་རྐྱང་དང་དེ་མིན་མང་པོ་ཞིག་འགོག་འགྲོ་ཡི་འདུག་པར་རྒྱུ་མཚན་གང་ཡིན་ནམ། བཞི་པ་འབྲེལ་བ་བྱ་བདེ་བའི་ཕྱིར་ཁྱེད་རྩོམ་སྒྲིག་པའི་ཁ་པར་ཨང་གྲངས་འདིར་འགོད་རོགས་ཞུ

  10. གཙངས་རིགས says:
    2012-06-02 at 11:11 am

    ཤར་ཕྱོགས་ཀྱི་ནང་པ་སངས་རྒྱས་པའི་རྒྱལ་ཁབ་ཚང་མས་རང་རང་གི་རྩིས་ལྟར་སྟོན་པའི་འཁྲུངས་སྐར་ཕྱི་ཟླ་བཞི་པ་ལྔ་པའི་ནང་ནས་སྲུང་བརྩི་གནང་ཟིན་པ་རེད། ཆོས་སྲིད་ཟུང་འབྲེལ་གྱི་བོད་རྒྱལ་ཁབ་ལ་གཅིག་གྱུར་གྱི་སྟོན་པའི་འཁྲུངས་སྐར་སྲུང་བརྩི་གནང་སྲོལ་ཡོད་པ་གོ་མ་སོང་། ང་ཚོ་སྒེར་ངོས་ནས་ས་ག་ཟླ་བའི་ཚེས་བདུན་ལ་བདག་ཅག་གི་སྟོན་པ་བཀའ་དྲིན་མཉམ་མེད་ཤཀྱྰའི་རྒྱལ་པོའི་སྐུའི་འཁྲུངས་སྐར་སྲུང་བརྩི་བྱས་ཟིན་ཡིན།

  11. བསྟན་འོད་ says:
    2012-06-02 at 11:53 am

    གང་ཚེ་རྐང་གཉིསགཙོ་བོ་ཁྱོད་བསྟམ་ཚེ་།
    ས་ཆེན་འདི་ལ་གོམ་པ་བདུན་བོར་ནས་།
    ང་ནི་འཇིག་རྟེན་འདི་ན་མཆོག་ཅེས་གསུངས་།
    དེ་ཚེ་མཁས་པ་ཁྱོད་ལ་ཕྱག་འཚལ་ལོ་།

  12. མགོན་པོ་ཕྱག་གཉིས་པ། says:
    2012-06-02 at 12:01 pm

    རྟེན་འབྲེལ་ལྟོས་གྲུབ་ཉི་མའི་ཟེར་ཐག་འདྲ་བྱུང་།།
    བྱམས་དང་སྙིང་རྗེ་སྦྲང་ཆར་ཟིལ་མ་འདྲ་བྱུང་།།
    ཐབས་མཁས་ཐུགས་རྗེ་ཆེ་ལྡན་ཤྰཀྱ་ཐུབ་པ།།
    འཛམ་གླིང་མི་བུའི་ནང་གི་ཧེ་རོ་གཅིག་ཡིན།།

    ཕར་ལ་ཕྱག་གཅིག་འཚལ་ཡང་བྱིན་རླབས་མ་ཐོབ།།
    གསུང་གི་དྲོད་ཅིག་མྱང་བས་སྣང་བ་སྐྱིད་སོང་།།
    གཟུང་འཛིན་ཐག་པ་སྦོམ་པོ་ཕྲ་རུ་ཕྱིན་སོང་།།
    ཁྱེད་དང་མཇལ་བའི་འཐོབ་བྱ་དེ་ག་ཡིན་འདུག

    ལུས་ཀྱི་རྡུལ་ཕུང་འདི་ཉིད་སིལ་བར་འཐོར་དུས།།
    རླུང་ཁྲག་ཤེས་པའི་རྒྱུ་བ་ཁད་ཀྱིས་འགག་དུས།།
    དབྱིངས་དང་རིག་པ་རོ་གཅིག་འདྲེས་པ་ལོས་ཡིན།།
    རིག་པའི་བུ་ཡིས་གནས་ཚང་གཞན་ཞིག་མ་མཐོང་།།

    སྐྱེས་ནས་འཚོ་དང་ཐ་མ་ཤི་སྟངས་ཚུན་ཆད།།
    རང་གི་མེ་ལོང་ནང་ན་ཁྲིགས་ཁྲིགས་རེད་འདུག།
    ཕྱི་མ་ཕྱི་མའི་གཏམ་རྒྱུད་རིང་པོ་དེ་ཚོ།།
    རྣམ་རྟོག་འདྲེ་མོར་ཤར་བའི་འཁྲུལ་སྣང་ཡིན་སྐད།།

  13. དྲ་གཉིད་ says:
    2012-06-02 at 2:28 pm

    ལུམ་བིའི་ཚལ་དུ་བླག་ཤའི་སྡོང་པོ་ལ།། སྤྲིན་དཀར་དཀྱིལ་ནས་གློག་འཕྲེང་འཁྱུག་འདྲ་བའི།།ལག་པ་གཡས་པས་ཡལ་ག་བཟུང་བའི་ཚེ།།རྩིབ་ལོགས་གཡས་ནས་གཞོན་ནུ་བདེ་བར་འཁྲུངས།།སངས་རྒྱས་ཀྱི་བསྟན་པ་དར་ཞིས་རྒྱས་ལ་ཡུན་རིང་དུ་གནས་པར་འགྱུར་ཅིག།

  14. མིག་བརྒྱད་པ། says:
    2012-06-02 at 3:12 pm

    དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱིས་སྟོན་པ་ལ་རྟེན་འབྱུང་གསུངས་བའི་སྒོ་ནས་བསྟོད་ཕྱག་མཛད་པ།
    རྩ་བ་ཤེས་རབ་ལས།
    གང་གིས་རྟེན་ཅིང་འབྲེལ་བར་འབྱུང་།།འགག་པ་མེད་པ་སྐྱེ་མེད་པ།།ཆད་པ་མེད་པ་རྟག་མེད་པ།།འོང་བ་མེད་པ་འགྲོ་མེད་པ།།ཐ་དད་དོན་མིན་དོན་གཅིག་མིན།།སྤྲོས་བ་ཉེར་ཞི་ཞི་བསྟན་པ།།རྫོགས་པའི་སངས་རྒྱས་སྨྲ་རྣམས་ཀྱི།།དམ་པ་དེ་ལ་ཕྱག་འཚལ་ལོ།།
    རིགས་པ་དྲུག་ཅུ་བ་ལས།
    གང་གིས་སྐྱེ་དང་འཇིག་པ་དག།ཚུལ་འདི་ཡིས་ནི་སྤངས་གྱུར་བ།།རྟེན་ཅིང་འབྱུང་བ་གསུངས་པ་ཡི།།ཐུབ་དབང་དེ་ལ་ཕྱག་འཚལ་ལོ།།
    རྩོད་ཟློག་ལས།
    གང་གིས་སྟོང་དང་རྟེན་འབྱུང་དང་།།དབུ་མའི་ལམ་དུ་དོན་གཅིག་པར།།གསུང་མཆོག་མཚུངས་བ་མེད་པ་ཡི།།སངས་རྒྱས་དེ་ལ་ཕྱག་འཚལ་ལོ།།
    བསམ་གྱིས་མི་ཁྱབ་པར་བསྟོད་པ་ལས།
    གང་གིས་དངོས་པོ་རྟེན་འབྱུང་རྣམས།།ངོ་བོ་མེད་པ་ཉིད་དུ་གསུངས།།ཡེ་ཤེས་མཉམ་མེད་བསམ་མི་ཁྱབ།།དཔེ་མེད་དེ་ལ་ཕྱག་འཚལ་ལོ།།
    རྗེ་བློ་བཟང་གྲགས་པས།
    གང་ཞིག་གཟིགས་ཤིང་གསུངས་པ་ཡི།།མཁྱེན་དང་སྟོན་པ་བླ་ན་མེད།།རྒྱལ་བ་རྟེན་ཅིང་འབྲེལ་བར་འབྱུང་།།གཟིགས་ཤིང་འདོམས་པ་དེ་ལ་འདུད།།

  15. ཀླུ་སྨྱོན། says:
    2012-06-02 at 3:17 pm

    ཁྱེད་ཀྱིས་རང་གི་སྙིང་ཉེ་བ་དག་ལ་སྟོན་པའི་འཁྲུངས་སྐར་ཤོག་བྱང་བསྐུར་ཡོད་དམ།

  16. མིག་བརྒྱད་པ། says:
    2012-06-02 at 3:27 pm

    མཁས་དབང་དགེ་འདུན་ཆོས་འཕེལ་གྱིས།
    བདུད་ཀྱི་མཚོན་ཆ་རྩུབ་མོ་དག་ལ་འཇམ་མཉེན་མེ་ཏོག་ལན་དུ་སྦྱིན།།
    ལྷས་བྱིན་ཁྲོས་བའི་སྒྱོགས་རྡོ་འཕངས་ཚེ་མི་སྨྲའི་བརྟུལ་ཞུགས་དང་དུ་བླངས།།
    རང་གི་དགྲ་ལ་སྡང་མིག་ཙམ་ཡང་བལྟ་བར་མི་ནུསཤཱཀྱའི་སྲས།།
    འཇིགས་རུང་འཁོར་བའི་དགྲ་ཆེན་སྐྱོབས་པའི་གྲོགས་སུ་ཤེས་ལྡན་སུ་ཡིས་བཀུར།།

  17. ཨ་རུ་ར། says:
    2012-06-02 at 3:35 pm

    སྟོན་པའི་བཀའ་དྲིན་བསམ་ན། ཉེ་རིང་ཆགས་སྡེང་གཉིས་དང་བྲལ་བའི་བཏང་སྙོམས་ལ་འབད་རྒྱུ་གལ་ཆེའོ།།

  18. ཡར་ཁམས་ཁྲི་རྒྱལ། says:
    2012-06-02 at 4:21 pm

    སྟོན་པའི་འཁྲུངས་ལོ་འཁྲུངས་སྐར་བརྩི་ལུགས་འདིར།། ལ་རེའི་རྒྱབ་ལ་མི་མཐུན་བརྩི་སྲོལ་རེ། དེ་ཡི་རྗེས་འབྲངས་མཁས་རློན་སྟོང་ཕྲག་རེ། འདི་ཡིན་འདི་མིན་སུས་ཀྱང་མ་ངེས་པས། ད་ལྟ་ང་ཚོ་རྩོད་ནས་ཅི་ཞིག་བྱ།།

  19. སེར་ཤུལ་རིན་ཆེན་དོན་གྲུབ། says:
    2012-06-02 at 4:22 pm

    སྟོན་པའི་འཁྲུངས་སྐར་ཤོག་བྱང་བཟོས་ནས་སྒུག་བསྡད་ཡོད། སུ་ངའི་གྲོགས་པོ་ཡིན་ན་དེར་བསྐུར་ངེས་ཡིན།

  20. བཀྲ་རྣམ། says:
    2012-06-02 at 8:43 pm

    བོད་རྒྱུད་ནང་པའི་གོམས་སྲོལ་ལ་སྟོན་པའི་འཁྲུང་སྐར་དང་འབྲེལ་བའི་ས་ག་ཟླ་བའི་རིང་ལ་དམར་ཟས་སྤོང་བ་སོགས་དགེ་སྒྲུབ་སྡིག་སྤོང་བྱེད་པ་དེ་རེད། དེའི་རིང་ལ་དེ་ལྟར་བྱས་ན་འགྱུར་སྐྱེད་ཆེན་པོ་ཡོད་སྐད།
    ད་ང་ཚོས་དེ་ལྟར་བྱེད་པར་སྙིང་པོ་མེད་གཟིགས་ནས་གྲོགས་ཕན་ཚུན་ཤིས་ཚིག་ཤོག་བྱང་གཏོང་རེས་བྱེད་པར་འགོ་འཛུགས་ན་གང་འདྲ་འདུག་གམ། སྲུང་བརྩི་བྱེད་སྟོང་དོན་སྙིང་ལྡན་པ་དེ་མ་མཐོང་བ་ནུབ་ཕྱོགས་པའི་བྱིས་པའི་བྱ་བ་དང་འདྲ་བ་དེ་ལ་ཡིད་སྨོན་བྱེད་མཁན་དག་ནི་ཡ་རེ་མཚན།

  21. རྒྱ་མཚོ་ཆེན་པོ་ says:
    2012-06-03 at 2:49 am

    དང་པོ་སྟོན་པའི་འཁྲུངས་སྐར་ཚེས་གྲངས་གཅིག་མཚུངས་དགོས། ལ་ལས་བཞི་པའི་༧ལ་ལས་༨ལ་ལས་༡༥བོད་བརྒྱུད་ནང་བསྟན་མིན་པའི་གཞན་ཚོས་གསུམ་པའི་༡༥སོགས་འདུག འཛམ་གླིང་ནང་པ་ཡོངས་གཅིག་འགྱུར་བྱུང་མཚམས་གདོད་ལས་གཞི་བརྕམས་ན་ལེགས་པར་མཐོང་།

  22. བོད། བཙན་པོའི་བུ་རྒྱུད། says:
    2012-06-03 at 7:22 am

    ལེགས་ཚོགས་བྱེ་བའི་ཕུང་པོ་དངས་མའི་གཞིར།
    རིན་ཆེན་ཐེམ་སྐས་བསྐྲུན་པའི་རྒྱལ་སྲས་མཆོག
    ཤཀྱའི་སྲས་པོ་བཅོམས་ལྡན་དཔལ་གྱི་ཏོག
    འཁྲུངས་པའི་ཉིན་མོར་རྟེན་འབྲེལ་ཤིས་ཚིག་བརྗོད།

  23. ཀརྡོ་གཉེར་ཕྱག་པ་ says:
    2012-06-03 at 9:32 am

    ༣༽ ཀརྡོ་གཉེར་ཕྱག་པ་ནས།
    སྤྱི་ལོ་ ༢༠༡༢ ཟླ་ ༦ ཚེས་ ༣ གི་ཆུ་ཚོད་ ༤ སྐར་མ་ ༢༠

    དང་པོ་བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད་ཅིང་། །
    བར་དུ་གྲངས་མེད་གསུམ་དུ་ཚོགས་བསགས་ནས། །
    ཐ་མ་མངོན་པར་རྫོགས་པ་སངས་རྒྱས་མཐར། །
    དམ་ཆོས་བདུ་རྩི་སྟོན་ལ་ཕྱག་འཚལ་ལོ། །

    སངས་རྒྱས་གྲངས་མེད་བྱོན་གྱུརད་ཀྱང་། །
    སྙིགས་དུས་རྩོད་ལྡན་སྐྱོབ་མཛད་ཅིང་། །
    རྒྱལ་སྲས་གཞོན་ནུ་དོན་གྲུབ་པ། །
    ཐུབ་པའི་མཚན་ཅན་ཁྱོད་ཕྱག་འཚལ། །

    སྙིགས་མའི་རྒུད་ཚོགས་ཇེ་རྒྱས་དུས། །
    དམ་ཆོས་གཞན་ཕན་ནུས་ལྡན་ཆོས། །
    ཚན་རིག་རྒྱང་འཕེན་དར་རྒྱས་ཀྱང་། །
    མགྲན་བཟོད་སྨྲ་མཁས་ཁྱོད་ཕྱག་འཚལ། །

    འབྱུང་འགྱུར་མ་འོངས་སྐྱེ་ལྡན་ཚོའི། །
    སྣོད་དང་བཅོད་ལུས་ནུས་ལྡན་དང་། །
    ནང་སེམས་བདེ་སྐྱིད་སྐྲུན་མཛད་ཆོས། །
    སྟོན་མཁན་སྟོན་མཆོག་ཁྱོད་ཕྱག་འཚལ། །

    ཨོམ མུནི་ མུནི་ མཧཱ མུནི་ཡེ སྭཧྰ

  24. ཀརྡོ་གཉེར་ཕྱག་པ་ says:
    2012-06-03 at 9:34 am

    སྣོད་དང་བཅོད་ལུས་ནུས་ལྡན་དང་། །
    འདི།
    སྣོད་དང་བཅུད་ལུས་ནུས་ལྡན་དང་། །
    ལ་བཅོས།

  25. རང་འཚོལ། says:
    2012-06-03 at 10:49 am

    གང་ཁྱེད་མཁའ་ཁྱབ་འགྲོ་བའི་སྡུག་བསྔལ་དག།
    ག་ལེར་རེ་བཞིན་སྤྱན་གྱིས་གཟིགས་མཛད་པས།།
    གང་ཡང་སྙིང་པོ་མེད་པའི་འཁོར་བ་འདིར།།
    གཏན་ནས་སུས་ཀྱང་ཡིད་རྟོན་མི་རུང་བའི།།
    གནས་ལུགས་མཐའ་དག་ཚུལ་བཞིན་མ་ནོར་བར།།
    གདུལ་བྱ་རྟག་འཛིན་ཅན་ཚོར་སྟོན་པའི་ཕྱིར།།
    གང་ཉིད་གདོད་ནས་སྲིད་ཞི་ལས་གྲོལ་ཡང་།།
    གང་ཁྱེད་སླར་ཡང་ཐ་མའི་ཚུལ་བཟུང་ནས།།
    གནས་མཆོག་རྡོ་རྗེ་གདན་ཞེས་འབོད་པ་རུ།།
    གནས་ལུཊ་རྟོཊ་པའི་ཏིང་འཛིན་སྒོམ་མཛད་ནས།།
    གནས་དེར་རྫོཊ་སངས་རྒྱས་པའི་ཚུལ་གྱིས་ནི།།
    གདུལ་བྱ་གྲངས་མེད་ཆོས་ལ་བཀོད་མཛད་པོ།།
    གཏན་དུ་འགྲན་མེད་སླུ་མེད་སྐྱབས་མཆོག་སྟེ།།
    གནས་ལུཊ་ཀུན་མཁྱེན་ཤཱ་ཀྱའི་གཙོ་བོ་དེར།།
    གདུལ་བྱའི་མིང་ཅན་བདག་གིས་གུས་ཕྱག་འཚལ།།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (97)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (67)
  • ཨེ་ལི་སི། (53)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (36)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme