Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཞི་པ།

Posted on 2025-07-082025-07-08 By ཁ་བརྡ་ 1 Comment on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཞི་པ།
བསྟན་འཛིན་གྲགས་པ།  (ཨ་རི།)

ཐོག་མར་། བོད་མིའི་བླ་ན་མེད་པའི་དབུ་ཁྲིད། བོད་དང་བོད་མིའི་མགྲིན་ཚབ་པ། འདི་ཕྱི་གཉིས་ཀྱི་༧སྐྱབས་མགོན་སྤྱི་ནོར་༧གོང་ས་༧རྒྱལ་བ་རིན་པོ་ཆེ་མཆོག་གི་གོ་སྟོན་ལ་དགའ་དད་སྤྲོ་གསུམ་གྱི་སྒོ་ནས་སྐུ་ཁམས་བཟང་བའི་འཚམས་འདྲི་ཞུ་རྒྱུ་དང་། ༧སྐུ་ཚེ་མི་གཤེགས་རྡོ་རྗེའི་ཁམས་སུ་བརྟན་པའི་གསོལ་འདེབས། བསྟན་དང་འགྲོ་བའི་དོན་དུ་༧སྐུ་ཕྲེང་རིམ་པར་ཕེབས་རྒྱུའི་ཞལ་བཞེས་བཀའ་དྲིན་བསྐྱངས་པར་ཐུགས་རྗེ་བླ་མེད་དུ་ཆཻ་ཆཻ་ཆཻ་ཆེ་ཞུ་རྒྱུ་དང་། བདག་སོགས་བོད་མི་རིགས་དང་། ཧི་མ་ལ་ཡའི་མི་རིགས་གཙོས་དད་ལྡན་སློབ་ཚོགས་རྣམས་ཚེ་རབས་ནས་ཚེ་རབས་བར་དུ་ཐུགས་རྗེའི་སྐྱབས་འོག་ནས་ནམ་ཡང་དོར་བ་མེད་པ་མཁྱཻན་མཁྱཻན་མཁྱཻན་མཁྱེན་ཞེས་གསོལ་བ་འདེབས་པ་ལགས།

ད་བར་ཕྲན་གྱིས་ལྷག་བསམ་རྣམ་དག་ཀྱིས་བསམ་ཚུལ་ཐེངས་གསུམ་སྤེལ་པ་ཡིན། ད་ནས་བཟུང་མང་པོ་མི་སྤེལ་པར་མགྱོགས་པོ་མཚམས་འཇོག་གམ། མཇུག་སྒྲིལ་རྒྱུ་ཡིན། འོན་ཀྱང་། ཤེས་རིག་ལས་ཁུངས་ནས་རྩོམ་སྒྲིག་གནང་པའི་བྱང་ཨ་རིའི་བོད་ཀྱི་སྐད་ཡིག་དང་རིག་གཞུང་སློབ་གྲྭ་ (གཟའ་མཇུག་སློབ་གྲྭ་) ཡི་སློབ་དེབ་ཁག་སྤྱི་དང་། དམིགས་བསལ་ད་ལན་བསམ་ཚུལ་བསྡུ་ལེན་གནང་བཞིན་པའི་འཛིན་གྲྭ་བདུན་པ་དང་། བརྒྱད་པའི་སློབ་དེབ་གཉིས་ཀློག་སྐབས། འདས་པའི་ལོ་ངོ་བཅུ་ཕྲག་ཁ་ཤས་རིང་རང་ཉིད་ཀྱི་མིག་མདུན་ལ་འཚར་ལོངས་བྱུང་པའི་བོད་ཕྲུག་དེ་དག་གི་ཤེས་ཚད་དང་། དོ་དབྱིངས། དུས་ཚོད། སེམས་ཁམས་བཅས་སེམས་ངོས་ལ་འཆར་ནས་བསམ་ཚུལ་ཁ་ཤས་མི་ཞུ་ཐབས་མེད་ཀྱི་གནས་སུ་གྱུར་པས་ལྷན་རྒྱས་ཀྱིས་བཟོད་གསོལ་གནང་རོགས།

འཛིན་གྲྭ་བདུན་པའི་སློབ་དེབ་ཀྱི་ཤོག་གྲངས་ ༤༤ ནང་། སློབ་ཚན་ ༡༡ པ། བྱ་ཚིག་སྦྱོང་བརྡར། ཞེས་བྲིས་འདུག སྦྱོང་བརྡར་ཟེར་ན་སྔར་སྦྱངས་ཟིན་པ་གཅིག་དགོས་ཀྱང་སློབ་ཚན་སྔོན་མ་ལ་བྱ་ཚིག་སྐོར་གང་ཡང་མ་གསལ། གཅིག་བྱས་ན་འཛིན་གྲྭ་སྔོན་མ་ཁག་གི་སློབ་དེབ་ནང་ལ་གསལ་བར་གསུང་གི་མེད་དམ། དེ་ནས་ཤོག་གྲངས་དེ་རང་ནང་ལ། བྱ་བྱེད་ཐ་དད་པ། བྱ་བ་གང་ཞིག་སྒྲུབ་པའི་སྐབས་བྱེད་པ་པོའམ་བྱེད་པ་གཞན་དངོས་སུ་སྣང་བ་ཞིག་ལ་བྱ་བྱེད་ཐ་དད་པ་ཞེས་བརྗོད། ཅེས་བྲིས་འདུག ལྷན་རྒྱས་ཀྱིས་བློ་གཟུར་པོར་གནས་པའི་ཐོག་ནས་དགོངས་པ་བཞེས་དང་། ད་ལྟ་ཡིན་ནའང་བྱ་བ་དང་། བྱེད་པ་པོ། བྱེད་ལས། བྱ་ལས། སོགས་ཀྱི་ཚིག་དང་ཐ་སྙད་བེད་སྤྱོད་བྱས་ནས་སློབ་ཁྲིད་གནང་སྟངས་དེ་རིགས་ཀྱིས་བྱང་ཨ་རིའི་བོད་ཡིག་སློབ་གྲྭའི་སློབ་ཕྲུག་རྣམས་ལ་རན་པོ་ཡོད་དམ། དེ་ལྟར་སློབ་དེབ་ནང་ལ་བཅུག་པས་ཕན་ཐོགས་ཆེན་པོ་ཡོང་བ་འདུག་གམ། འགྲེལ་བརྗོད་དེ་རིགས་བྱ་ཚིག་སློབ་སྐབས་ངེས་པར་དུ་དགོས་ཀྱི་ཡོད་དམ། གལ་སྲིད་དགོས་པ་ཡིན་ནའང་། དཔེར་བརྗོད་ཀྱི་ཐོག་ནས་གོ་སླ་བའི་འགྲེལ་བརྗོད་བྱ་རྒྱུ་ཧ་ལས་པའི་གལ་ཆེན་པོ་རེད་འདུག ངས་ད་བར་སློབ་ཁྲིད་ཀྱི་ཉམས་མྱོང་དང་། ཉིན་རེའི་མི་ཚེའི་ནང་ལ་ངེས་པར་དུ་བེད་སྤྱོད་ཆེ་བའི་བྱ་ཚིག་རྣམས་གང་ཐུབ་སློབ་པ་དང་། བེད་སྤྱོད་གཏོང་དུ་འཇུག་གི་ཡོད། དཔེར་ན། ང་ཉིན་གཉིས་ཀྱི་སྔོན་ལ་ཁྲོམ་ལ་ཕྱིན་པ་ཡིན། ཞེས་ཕྱིན་ཞེས་སློབ་པ་ལྟ་བུ། དེང་སྐབས་བོད་པ་རྒན་པ་མང་པོས་ཕྱིན་ཞེས་མ་ལབ་པ། ང་ཁ་སང་ཁྲོམ་ལ་འགྲོ་བ་ཡིན། ཞེས་འགྲོ་ཞེས་པའི་འདས་ཚིག་ཕྱིན་ཞེས་པའི་ཚབ་ལ་བེད་སྤྱོད་གནང་གི་འདུག དེ་མིན་ངས་བསམ་ན། བྱ་བྱེད་ཐ་དད་པ་དང་། བྱ་ཐ་མི་དད་པ། བྱ་བ། བྱེད་པ། བྱེད་པ་པོ་ཡོད་ཀྱང་གཞན་ལོགས་སུ་མི་གནང་བ། འགྲོ་བྱ། འགྲོ་བྱེད། ཟེར་པ་སོགས་གཟའ་མཇུག་སློབ་གྲྭའི་སློབ་ཕྲུག་ལ་སློབ་ཁྲིད་བྱས་པ་ཡིན་ན། ཁོ་ཚོས་བྱ་ཚིག་སྦྱོང་འདུན་སླེབས་རྒྱུའི་ཚབ་ལ་གོ་རྙོག་དང་། སྔར་ཡོད་བོད་ཡིག་སྦྱོང་བའི་སྤྲོ་བ་བརླག་རྒྱུ་ཡིན་པ་གཏན་འཁེལ་པ་རེད་ལ། དྲང་པོ་བཤད་ན། ཁོ་ཚོས་ངག་སྐྱོར་གྱིས་སྦྱོང་ཁུལ་བྱ་སྲིད་ཀྱང་དངོས་སུ་ཁོ་ཚོས་བོད་སྐད་རྒྱབ་རྒྱུ་དང་། བོད་ཡིག་འབྲི་རྒྱུར་སློབ་ཚན་དེ་རིགས་འཁྲིད་པས་ཕན་ཐོགས་ཡོང་མི་ཐུབ་པ་བརྒྱ་ཆ་ ༨༠ ཡིས་ཚོད་དཔག་བྱ་ཐུབ། དེ་ནས་ངས་སློབ་དེབ་རྩོམ་སྒྲིག་པ་ལྷན་རྒྱས་ལ་ཞུ་འདོད་པ་ནི། ལྷན་རྒྱས་ཀྱིས་སློབ་དེབ་དང་། སློབ་ཚན་དེའི་ནང་ལ་བཅུག་པའི་བྱ་ཚིག་སྦྱོང་བརྡར་སློབ་ཚན་དེ་སྔོན་འགྲོ་ནས་འཛིན་གྲྭ་བཅུ་གཉིས་དབར་ལ་བོད་ཁྱིམ་སློབ་གྲྭར་བོད་ཡིག་སྦྱོང་ཟིན་པའི་སློབ་ཕྲུག་གཅིག་ལ་བསྟན་ནས་ཀློག་དུ་འཇུག་ན་གོ་བ་ཡག་པོ་ལོན་གྱི་རེད་དགོངས་ཀྱི་འདུག་གམ། ད་དུང་། མཐོ་སློབ་ཐོན་ནས་ད་ལྟ་བོད་མིའི་སྒྲིག་འཛུགས་ཀྱི་ནང་ལ་ཕྱག་ལས་གནང་མཁན་ཚོས་ནམ་རྒྱུན་བོད་ཡིག་འབྲི་ཀློག་སྐབས་སུ་དེ་རིགས་བེད་སྤྱོད་གནང་གི་ཡོད་མེད་བཀའ་འདྲི་ཞུས་ན་ལན་ག་རེ་སྐྱོན་གྱི་རེད་དམ། དེ་བས་ནུབ་ཕྱོགས་སུ་བརྡ་སྤྲོད་རིགས་སློབ་ཀྱི་ཡོད་ཀྱང་། དེ་བས་མང་བ་སྒྲུང་དེབ་སོགས་བརྒྱུད་ནས་དེབ་ཀློག་རྒྱུ་དང་ཡི་གེ་འབྲི་རྒྱུའི་གོམས་གཤིས་འཇགས་སུ་འཇུག་གི་འདུག འབྲི་ཀློག་གཉིས་ཀྱི་གོམས་གཤིས་ལ་བརྟེན་ནས་སྐད་ཡིག་འབྲི་ཀློག་གི་རྩལ་ཡར་རྒྱས་གཏོང་གི་འདུག དེ་རིགས་ལ་ཐུགས་སྣང་གནང་རོགས། རང་ཅག་ཁ་བ་གངས་ཅན་པའི་ལྷ་བསྐལ་འཕགས་མཆོག་སྤྱན་རས་གཟིགས་ཀྱིས་གང་ལ་གང་འདོད་དེ་ལ་འདི་སྟོན་པ་བཞིན་སྦྱོང་མཁན་སློབ་ཕྲུག་ལ་གང་ཕན་པ་དང་། གང་བེད་སྤྱོད་ཆེ་བ་དེ་དགེ་རྒན་གྱིས་སློབ་ཁྲིད་གནང་དགོས་ལ། སློབ་དེབ་ནང་ལ་འཇུག་དགོས་པ་ལས། རྩོམ་སྒྲིག་པ་དང་དགེ་རྒན་གྱིས་སློབ་ཕྲུག་གི་དགོས་མཁོར་བསམ་གཞིགས་མ་གནང་པར་རང་ཉིད་ཀྱིས་གལ་ཆེ་བ་མཐོང་བ་ཙམ་དང་། དེ་སྔ་རང་ཉིད་ཀྱིས་གང་སྦྱངས་པ་རྒྱུ་མཚན་དུ་བྱས་ནས་སློབ་དེབ་ནང་ལ་མ་འཇུག་རོགས།

དེ་ནས་སློབ་ཚན་ ༡༢ པ། ས་སྐྱ་པའི་ལོ་རྒྱུས་སྙིང་བསྡུས། ཅེས་བྲིས་འདུག གལ་སྲིད་ཤེས་རིག་ལས་ཁུངས་ནས་ཤེས་ལྷན་ཚོགས་གཙོ་ཟུར་པས་ནམ་རྒྱུན་གནང་བའི་དགོངས་ཚུལ་གཅིག་ལ་ཐུགས་བཞེས་གནང་བ་ཡིན་ན། ལོ་རྒྱུས་ཞེས་པ་ལས་བྱུང་བ་ཞེས་པ་ history ཞེས་པ་ལ་རན་འཚམས་དང་མཐུན་ཤས་ཆེ་བ་ཡོད། ལོ་རྒྱུས་ཞེས་པ་ནི་ Chronology ཞེས་པ་ལ་གོ་ཡི་ཡོད། སྟག་ལྷ་ཕུན་ཚོགས་བཀྲ་ཤིས་ལགས་ཀྱི་དེབ་ཀྱི་མཚན་བྱང་ལ། མི་ཚེའི་བྱུང་བ་བརྗོད་པ། ཞེས་བྲིས་ཡོད་པ་ལས་དེ་མིན་ཕལ་ཆེ་བས་ངག་རྒྱུན་ལོ་རྒྱུས་ཞེས་པ་སོགས་འབྲི་རྐྱང་གནང་གི་འདུག ཤོག་གྲངས་ ༤༧ ནང་། ཕྱི་ལོ་ ༨༤༢ ལོར་ལྷ་ལུང་དཔལ་རྡོར་གྱིས་བོད་རྒྱལ་ཞེ་གཉིས་པ་འུ་དུམ་བཙན་པོ་བཀྲོངས་པ་ནས་ལོ་ངོ་ ༤༡༡ རིང་བོད་ལ་གཅིག་གྱུར་གྱིས་མངའ་ཐང་སྐྱོང་མཁན་མེད་པར་ལུས་པས། བོད་སིལ་བུའི་དུས་སྐབས་ཟེར་། ཅེས་བྲིས་འདུག ཡིག་ཕྲེང་གསུམ་ལས། ཡིག་ཕྲེང་གཉིས་དང་ཕྱེད་ཀ་ཚིག་སྒྲུབ་གཅིག་གིས་ཟིན་པས་ཚིག་སྒྲུབ་ཧ་ལས་པའི་རིང་པོ་བྲིས་འདུག དེ་ནས། བོད་རྒྱལ། ཞེ་གཉིས་པ། ཞེས་བསྡུས་ཚིག་མི་དགོས་སར་བསྡུས་ཚིག་བྲིས་འདུག བོད་ཀྱི་རྒྱལ་པོ། ཞེས་བྲིས་ན་ཁ་གསལ་པ་དང་། དམིགས་བསལ་བོད་ཡིག་སྦྱོང་མཁན་ཚོར་ཕན་ཐོགས་ཆེ་བ་ཡོད། རྩ་བའི་བོད་མིའི་སྒྲིག་འཛུགས་ཀྱི་ཡིག་འབྲེལ་ལམ། གསལ་བསྒྲགས་མང་པོའི་ནང་ལ་བསྡུས་ཡིག་མང་པོ་བྲིས་པར་བརྟེན་ནས་གོ་ནོར་བྱུང་བའི་གནས་ཚུལ་མང་པོ་ཐོན་ཡོད། དཔེར་ན། དུས་འཁོར་དབང་ཆེན། ལ། དུས་དབང། ཞེས་བྲིས་པས། དུས་ཀྱི་དབང་གིས། ཞེས་པར་གོ་ནོར་བྱུང་པའི་གནས་ཚུལ་དང་། དེ་སྔ། ཆོས་རིག་དང་། ཤེས་རིག་བཀའ་བློན་གཅིག་ལྕོགས་ཐུབ་བསྟན་ལུང་རིགས་ལགས་སུ། ཆོས་ཤེས་བཀའ་བློན། བྲིས་པས། ཆོས་ཤེས་མཁན་གྱི་བཀའ་བློན་ཞེས་པར་གོ་བ་ལེན་མཁན་བྱུང་བ་དངོས་ཡོད་རེད། ནང་ཤེས་འཕྲོད་གསུམ། ཁྲི་ཟུར། ཟེར་པ་སོགས་གཞུང་འབྲེལ་ཡིག་ཆའི་ནང་ལ་འབྲི་རྐྱང་བྱས་པས། མང་ཚོགས་ཀྱིས་གསལ་བསྒྲགས་ཀློག་སྐབས་གོ་ནོར་ཐེབས་ནས་གོ་བརྡ་མ་འཕྲོད་པའམ་གསལ་པོ་མ་ཆགས་པའི་གནས་སྟངས་དངོས་སུ་ཡོང་གི་ཡོད། བརྡ་འཕྲིན་རིག་པའི་སློབ་ཚན་ནང་ལ། Wrong information is worse than no information ཞེས་ལབ་སྲོལ་ཡོད། གཙོ་བོ་ངས་ཞུ་འདོད་པ་ནི། གཟའ་མཇུག་བོད་ཡིག་སློབ་གྲྭའི་སློབ་དེབ་ནང་ལ་བསྡུས་ཡིག བོད་རྒྱལ། ཟེར་པ་སོགས་མ་འབྲི་རོགས། དེ་ནས་གོང་གི་ཚིག་བརྗོད་ནང་ལ། བོད་ལ་གཅིག་གྱུར་གྱིས་མངའ་ཐང་སྐྱོང་མཁན་མེད་པར་ལུས་པས། བོད་སིལ་བུའི་དུས་སྐབས་ཟེར་། ཅེས་བྲིས་འདུག ་་་་ པས། ཞེས་རྒྱུ་མཚན་སྟོན་པའི་སྒྲ་ཡིན་ནའང་། དེའི་རྗེས་སུ་བོད་སིལ་བུའི་དུས་སྐབས་ཟེར། ཞེས་བྲིས་པས་གང་འདྲ་གོ་ཡི་འདུག་གམ། གཅིག་གྱུར་གྱིས། ཞེས་བྱེད་སྒྲའི་ཕྲད་གང་འདྲ་ཡིན་ནམ།

དེ་ནས་ཤོག་གྲངས་ ༤༧ ནང་། དེ་ནས་བཟུང་ས་སྐྱ་དགོན་གྱི་གདན་ས་འཛིན་མཁན་རིམ་པར་བྱུང་བ་རྣམས་ས་སྐྱ་པ་ཞེས་པའི་མིང་ཐོགས་པ་ཡིན། ཞེས་བྲིས་འདུག ས་སྐྱ་ནི་དགོན་པ་གཅིག་མ་ཡིན་པར་བོད་ཀྱི་ཆོས་བརྒྱུད་ཆེན་པོ་བཞི་ལས་གཅིག་རེད། དཔལ་ལྡན་ས་སྐྱ་པའི་ཆོས་བརྒྱུད་ལ་དགོན་པ་མང་པོ་ཡོད། གལ་སྲིད་དགོན་པ་ཞེས་ངེས་པར་སྦྱོར་དགོས་ཀྱི་ཡོད་ནའང་། ས་སྐྱ་མ་དགོན། ཞེས་འབྲི་དགོས་པར་སེམས། དེ་ནས། ས་སྐྱ་པ་ཞེས་པའི་མིང་ཐོགས་པ་ཡིན། ཞེས་པའི་ཚབ་ལ། ས་སྐྱ་པ་ཞེས་པའི་མཚན་ཐོག་པ་རེད། ཅེས་འབྲི་ན་ལེགས་པར་མཐོང་། ངས་ཞིབ་ཚགས་པོས་རེ་རེ་བཞིན་བརྗོད་ཀྱི་མིན། ས་སྐྱ་པའི་ལོ་རྒྱུས་སྙིང་བསྡུས། ཞེས་པའི་སློབ་ཚན་ཡོངས་རྫོགས་ཀྱི་ཚིག་བརྗོད་ལ་གཟིགས་དང་། ཐ་སྙད་དང་། ཚིག་སྦྱོར་། ཚིག་སྒྲུབ་བམ་བརྗོད་པ་སྒྲུབ་སྟངས་སོགས་ཕྱོགས་ཚང་མ་བྱང་ཨ་རིའི་བོད་ཕྲུག་ཚོའི་ཆེད་དུ་བྲིས་པའི་སློབ་དེབ་གཅིག་ཆགས་འདུག་གམ། དགོངས་པ་ཡག་པོ་བཞེས་རོགས། ངས་འཕྲིན་ཡིག་སྔ་མ་གསུམ་གྱི་ནང་ལ་ཡང་ནས་བསྐྱར་དུ་ཞུས་པ་ལྟར། རྒྱ་གར་ནང་ལ་བོད་པའི་སློབ་གྲྭའི་ནང་ལ་བེད་སྤྱོད་གཏོང་རྒྱུའི་སློབ་དེབ་དང་། བྱང་ཨ་རིའི་བོད་ཕྲུག་ཚོས་གཟའ་མཇུག་གཅིག་པུར་སྦྱོང་རྒྱུའི་སློབ་དེབ་ཀྱི་ནང་དོན་དང་། ཚིག་སྦྱོར་། ཐ་སྙད་བེད་སྤྱོད་གཏོང་སྟངས་བཅས་ལ་ཁྱད་པར་འདུག་གམ། སློབ་དེབ་ཡིན་དང་ཡིན། སྒྲུང་དེབ་གཅིག་བྲིས་པ་ཡིན་ནའང་། སུའི་ཆེད་དུ་བྲིས་པ་དང་། ལོ་ཚད། ཡིག་འབྲུ་མང་ཉུང་དང་། ཐ་སྙད་གོ་དཀའ་སླ་སོགས་ཆ་ཚང་ལ་དགོངས་པ་བཞེས་དགོས་པ་རེད།

ད་ལྟ་བྱང་ཨ་རིའི་ནང་ལ་བོད་ཕྲུག་ཚོས་བོད་ཀྱི་སྐད་ཡིག་ནི་སྐད་ཡིག་གཉིས་པའི་ཐོག་ནས་སྦྱོང་གི་ཡོད་པ་གསུང་མཁན་མང་པོ་ཡོད། ཕྲན་གྱིས་དེ་ལ་ངོས་ལེན་བྱེད་ཀྱི་མེད། ཡིན་ནའང་། ཁོ་ཚོས་བོད་ཀྱི་སྐད་ཡིག་ནི་ཕྱི་རྒྱལ་སྐད་ཡིག་གི་ངོ་བོའི་ཐོག་ནས་སློབ་སྦྱོང་བྱེད་བཞིན་ཡོད་པ་ལས་རང་སྐད་དམ། སྐད་ཡིག་དང་པོའི་ཐོག་ནས་སློབ་སྦྱོང་བྱེད་ཐུབ་ཀྱི་མེད། འོ་ན། སྐད་ཡིག་གཉིས་པ་དང་། ཕྱི་རྒྱལ་སྐད་ཡིག་གི་ཁྱད་པར་ག་རེ་ཡོད་དམ་ཟེར་ན། དཔེར་ན། ཅེག་སྤྱི་མཐུན་རྒྱལ་ཁབ་ནང་ལ་ཅེག་མི་རིགས་ཤིག་གིས་ཨིན་ཇིའི་སྐད་ཡིག་སློབ་སྦྱོང་བྱེད་པ་ཡིན་ན་ཕྱི་རྒྱལ་སྐད་ཡིག་ཆགས་པ་དང་། ཅེག་མི་རིགས་ཤིག་གིས་ཨིན་ཇིའི་སྐད་ཡིག་ཨ་རིར་སློབ་སྦྱོང་བྱས་པ་ཡིན་ན་ཨིན་ཡིག་སྐད་ཡིག་གཉིས་པའི་ངོ་བོའི་ཐོག་ནས་སློབ་སྦྱོང་བྱས་པ་རེད། ཅེག་མི་རིགས་དེས་ཅེག་སྤྱི་མཐུན་རྒྱལ་ཁབ་ནང་ལ་ཨིན་ཇིའི་སྐད་ཡིག་སློབ་སྦྱོང་བྱས་པ་ཡིན་ན་འཛིན་ཁང་ནང་ལ་ཨིན་ཡིག་སྦྱོང་རྒྱུ་ལས་སློབ་གྲྭའི་ཕྱི་ལ་ཨིན་སྐད་བེད་སྤྱོད་གཏོང་ས་མེད། དེ་ལ་སྐད་ཆ་བཤད་སྟངས་གཞན་གཅིག་ནི་སྐད་ཡིག་བེད་སྤྱོད་གཏོང་སའི་ཁོར་ཡུག་མེད་ཟེར་པ་དེ་རེད། དེ་ལ་ཕྱི་རྒྱལ་གྱི་སྐད་ཡིག་ངོ་བོའི་ཐོག་ནས་སྦྱོང་པ་རེད་ཟེར་གྱི་ཡོད་རེད། དེ་ནས་གལ་སྲིད་ཅེག་མི་རིགས་དེས་ཨིན་ཇིའི་སྐད་ཡིག་ཨ་རིར་སློབ་སྦྱོང་བྱས་པ་ཡིན་ན། སྐད་ཡིག་གཉིས་པའི་ངོ་བོའི་ཐོག་ནས་སློབ་སྦྱོང་བྱས་པ་རེད། འཛིན་གྲྭ་ཙམ་མིན་པར་ཕྱི་ལ་ཨིན་སྐད་བེད་སྤྱོད་གཏོང་སའི་ཁོར་ཡུག་ཡོད། དེ་བས། བྱང་ཨ་རིའི་ནང་ལ་ཡོད་པའི་བོད་ཕྲུག་ཚོས་འཛིན་ཁང་དང་ཁྱིམ་ཚང་ནང་ལ་བོད་ཡིག་སྦྱོང་ནའང་། སྤྱི་ཚོགས་སམ་ཕྱི་ལ་ཨ་རིའི་ནང་ལ་བོད་ཀྱི་སྐད་ཡིག་བེད་སྤྱོད་གཏོང་སའི་ཁོར་ཡུག་ཧ་ལམ་མེད་པའམ་དཀོན་པོ་རེད། བྱས་ཙང་བོད་ཕྲུག་ཚོས་ཨ་རིའི་ནང་ལ་བོད་ཀྱི་སྐད་ཡིག་ནི་ཕྱི་རྒྱལ་སྐད་ཡིག་གི་ངོ་བོའི་ཐོག་ནས་སློབ་སྦྱོང་བྱེད་ཀྱི་ཡོད་པས་སློབ་དེབ་རྩོམ་སྒྲིག་པ་ཚོས་དེ་དོན་དགོངས་བཞེས་ཀྱིས་ཕྱག་བསྟར་གནང་རོགས།

ནུབ་ཕྱོགས་སྤྱི་དང་། དམིགས་བསལ་ཨ་རིའི་ནང་ལ་མི་རིགས་སྣ་མང་མཉམ་དུ་བསྡུས་སྡོད་བྱེད་པའི་ལུང་པ་གཅིག་རེད། བོད་ཀྱི་སྐད་ཡིག་དང་རིག་གཞུང་སློབ་ཁྲིེད་བྱེད་པ་དེ་ནི་ཕྱོགས་གཅིག་ནས་རང་གི་ངོ་བོ་ངོས་འཛིན་དང་། སྲུང་སྐྱོབ། རིགས་ཞེན་སླེབས་རྒྱུའི་ཆེད་དུ་རེད། དེ་ལས་རྒྱ་ཆེ་བ་ནི་དཔལ་ན་ལེནྜའི་རིག་གཞུང་སེམས་ཁམས་རིག་པར་སློབ་སྦྱོང་ཆ་ཚང་བ་བྱེད་རྒྱུར་ད་ལྟའི་ཆར་བོད་ཀྱི་སྐད་ཡིག་ཕྱུག་ཤོས་ཆགས་ཡོད་པ་སོགས་རྒྱུ་མཚན་སྣ་མང་ཡོད། སློབ་དེབ་དེའི་ཤོག་གྲངས་ ༤༧ དང་ ༤༨ ནང་ལ།

ཕྱི་ལོ་ ༡༢༠༠ ཙམ་ནས་བོད་ཀྱི་ས་མཚམས་སུ་སོག་པོའི་དྲག་ཤུགས་སླེབས་འགོ་ཚུགས། སྐབས་དེར་སྡེ་དཔོན་དང་ས་བདག་སོ་སོས་ཡུལ་གྱི་བདག་དབང་ལོངས་སྤྱོད་ལ་བརྡབ་གསིག་མིཡོང་ཆེད། ངོ་སྲུང་ལྟ་བུར་འདབ་ནོར་ཞེས་རྟེན་ཆས་ཆུང་ཙག་རེ་སྤྲད་པ་དེས་རེ་ཞིག་གོ་ཆོད་པ་ལྟར་དབང་བསྒྱུར་གྱི་དྲག་ཤུགས་ཆེན་པོ་མ་བྱུང་། ཕྱིས་སུ་སོག་པོའི་རྒྱལ་པོ་ཆིང་གེ་སེ་ཁཱང་གྲོངས་པས་བོད་མི་ཚོས་ལོ་འགའ་ཤས་རིང་འདབ་ནོར་སྤྲོད་མཚམས་བཞག་པར་བརྟེན། རྒྱལ་སྲས་གོ་ཏན་ཁཱང་ཁྲོས་ཏེ། ཕྱི་ལོ་ ༡༢༤༠ ལོར་དོར་རྟ་ནག་པོས་སོག་དམག་ཁྲི་ཚོ་གསུམ་དྲངས་ཏེ། ར་སྒྲེང་སོགས་དགོན་པ་མང་པོ་མེར་བསྲེགས་པ་དང་། བོད་མི་མང་པོ་དམར་གསོད་དང་འཕྲོག་བཅོམ་གྱིས་གནས་བབ་མི་བདེ་བ་བརྡབ་གསིག་ཆེན་པོ་བཟོས། ཅེས་བྲིས་འདུག བོད་ཀྱི་སྐད་ཡིག་དང་རིག་གཞུང་གི་སྐད་ཡིག་སློབ་དེབ་ནང་ལ་དེ་ལྟ་བུ་བཞག་ནས་སྐད་ཡིག་ཡར་རྒྱས་སམ། རིགས་ཞེན། རྒྱལ་ཞེན་སླེབས་རྒྱུར་ཕན་ཐོགས་ཡོང་བ་འདུག་གམ། དེ་ལས་ལྡོག་ནས། གོང་གི་དུམ་མཚམས་འདིའི་ནང་། ངོ་སྲུང་། ཞེས་པ་དང་། ཆིང་གེ་སེ་ཁཱང་གྲོངས་པས་བོད་མི་ཚོས་འདབ་ནོར་སྤྲོད་མཚམས་བཞག་པ། རྒྱལ་གོ་ཏན་ཁཱང་གིས་བོད་ཀྱི་དགོན་པ་མང་པོ་མེར་བསྲེགས། ཞེས་པ་སོགས་ལས་བོད་པ་ཚོ་ནི་ངོ་སྲུང་བ་དང་། ནུས་པ་མེད་པ། རང་སྲུང་མི་ཐུབ་མཁན་ཡིན་པ་སོགས་བྱང་ཨ་རིའི་ནང་ལ་སྐྱེས་འཚར་བྱུང་པའི་བོད་ཕྲུག་ཚོའི་སེམས་ནང་ལ་བག་ཆགས་བྱང་ནས། བོད་མི་རིགས་ཀྱི་སྤོབས་སེམས་སླེབས་རྒྱུའི་ཚབ་ལ་ཞུམ་པའི་ཉེན་ཁ་མཐོང་ལ། ནམ་རྒྱུན་༧རྒྱལ་བ་རིན་པོ་ཆེས་བོད་ཀྱི་རྒྱལ་པོ་སྲོང་བཙན་སྒམ་པོ་ནི་གྱོང་པོ་ཡིན་པ་དང་། བོད་ཀྱི་ཡིག་གཟུགས་གསར་གཏོད་མཛད་པ་དང་། ཁྲི་སྲོང་ལྡེའུ་བཙན་གྱིས་མཁན་སློབ་གདན་ཞུས་ཀྱིས་བཀའ་བསྟན་མང་པོ་བོད་ཡིག་ནང་ལ་བསྒྱུར་པ་སོགས་སྤོབས་པ་སྐྱེ་འོས་པ་ཡང་ཡང་གསུངས་པ་སློབ་ཕྲུག་ཚོས་ཐོས་མྱོང་ཡོད་ནའང་། སློབ་དེབ་ནང་ལ་བོད་པ་ནི་ངོ་སྲུང་བ་དང་། ནུས་མེད། རང་སྲུང་མི་ཐུབ་མཁན་ཡིན་པ་མཐོང་བ་གཉིས་གོ་ལྡོག་པའི་གནས་སྟངས་ཡོང་ཉེན་མཐོང་།

དེ་ནས་ཤོག་གྲངས་ ༤༩ པའི་ནང་། རྒྱལ་པོས་དབང་དང་པོའི་ཡོན་དུ་བོད་ཁྲི་སྐོར་བཅུ་གསུམ་ཕུལ། གཉིས་པའི་ཡོན་དུ་ཆོལ་ཁ་གསུམ་ཕུལ། གསུམ་པའི་ཡོན་དུ་རྒྱའི་མི་ཡུར་ཆེན་པོ་ཕུལ། ཞེས་པ་སོགས་བྲིས་འདུག བྱུང་བ་དེ་རིགས་སློབ་ཁྲིད་བྱས་རྗེས་བྱང་ཨ་རིའི་ནང་ལ་སྐྱེས་འཚར་བྱུང་པའི་བོད་ཕྲུག་ཚོའི་སེམས་ནང་ལ་བག་ཆགས་ག་རེ་ཡོང་བ་འདུག་གམ། བོད་ཆོལ་ཁ་གསུམ་ནི་དེ་སྔའི་སོག་པོའི་ཡིན་པ་དང་། བོད་ཀྱི་བླ་མར་དབང་ཡོན་ལ་ཕུལ་པ་རེད་འདུག་དྲན་སྲིད། ཤེས་རིག་རྩོམ་སྒྲིག་པ་ལྷན་རྒྱས་ལ་ལག་གཉིས་ཐལ་མོ་སྦྱར་ནས་ཞུ་རྒྱུར། སློབ་དེབ་ནང་ལ་འཇུག་རྒྱུའི་ནང་དོན་ནི་སློབ་ཕྲུག་གི་ཤེས་ཚད་དང་། སེམས་ཁམས། ལོ་ཚད། ཁོར་ཡུག དགོས་མཁོ་སོགས་ལ་ཐུགས་བསམ་ཡག་པོ་བཞེས་ནས་འཇུག་རོགས་གནང་ཞུ་གི་ཡོད། སློབ་ཕྲུག་ལ་ཕན་པ་གཅིག་བྱུང་ན། བོད་ཀྱི་མ་འོངས་པའི་བདག་པོར་ཕན་པ་རེད། དེ་ནི་གོ་སྟོན་གྱི་མཆོད་པ་མཆོག་ཏུ་གྱུར་པ་ཆགས་ངེས་རེད། ངས་མང་པོ་འབྲི་ཡི་མིན། སློབ་དེབ་དེའི་ནང་གི་ཚིག་བརྗོད་དང་། ཐ་སྙད་བེད་སྤྱོད་སོགས་ནི་བྱང་ཨ་རིའི་ནང་ལ་སྐྱེས་འཚར་བྱུང་པའི་བོད་ཕྲུག་ཚོར་དམིགས་ནས་རྩོམ་སྒྲིག་གནང་པ་གཅིག་ལ་རྩ་བ་ཉིད་ནས་མ་མཐོང་། དེ་སྔ་རྒྱལ་རབས་ལོ་རྒྱུས་ནང་ལ་གང་ཡོད་ལེབ་བཤུས་བྱས་པ་ཙམ་ལས་བྱང་ཨ་རིར་སྐྱེས་འཚར་བྱུང་པའི་བོད་ཕྲུག་གི་ཤེས་ཚད་ལ་གཞིགས་ནས་བྲིས་མི་འདུག་ཅེས་གསལ་པོ་བྱས་ཏེ་ཞུ་འདོད་བྱུང་། དཔེ་མཚོན་གཅིག་ཞུ་འདོད་བྱུང་། དངོས་གནས་བྱས་ན། སློབ་དེབ་ནང་ལ། དབང་བསྐུར་པ་ཞེས་བྲིས་ཡོད་པས། དབང་བསྐུར་པ་དང་། དབང་བསྒྱུར་པ། ཞེས་པའི་དབང་ཞེས་པའི་ཚིག་གི་དག་ཆ་གཅིག་པ་ཡིན་ནའང་། གོ་དོན་མི་འདྲ་བ་ཡིན་པ་སོགས་འགྲེལ་བརྗོད་བྱ་གལ་མཐོང་། དེ་ནི་དཔེ་མཚོན་ཙམ་ཡིན། དེ་དང་དེ་འདྲ་བ་མང་པོ་ཞིག་ལ་རྩོམ་སྒྲིག་པ་ལྷན་རྒྱས་ཀྱིས་ཐུགས་སྣང་གནང་དགོས་པ་མཐོང་།

དེ་ནས་ཤོག་གྲངས་ ༥༠ ནང་། ག འདེམས་སྐོང་གྱིས། བོད་ཆོལ་ཁ་གསུམ། ཁྲི་སྐོར་བཅུ་གསུམ། རྒྱ་ཡི་མི་ཡུར་ཆེན་པོ། ཞེས་བྲིས་ནས་སྟོང་ཆ་ཁ་སྐོང་ཞེས་བྱེད་དུ་བཅུག་པ་ལས། བོད་ཆོལ་གསུམ་དང་། ཁྲི་སྐོར་བཅུ་གསུམ་ངོས་འཛིན་དང་འགྲེལ་བཤད་ཕྲུ་གུའི་བློ་དང་འཚམས་པ་འབྲི་དགོས་ཀྱང་། གང་ཡང་བྲིས་མི་འདུག དེ་ནས་ཤོག་གྲངས་ ༥༡ ནང་། ང་། དུས་ཡུན་སྐར་མ་ ༣ ནང་གོང་གི་སློབ་ཚན་ཀློག་ཐུབ་པ་གྱིས། ཅེས་བྲིས་འདུག ཀློག་ཞེས་པ་གང་ལ་གོ་དགོས་སམ། དེ་སྔ་བོད་ཁྱིམ་ཨིན་ཡིག་དགེ་རྒན་དཔལ་མོ་ལགས་ཀྱིས། ཀློག་ read ཞེས་པ་ནི་ཀློག་ནས་ཡི་གེའི་ནང་དོན་གོ་བ་ལེན་ཐུབ་པ་གཅིག་ལ་ཟེར་པ་ལས། ཡི་གེ་ངོས་འཛིན་ identify the letters བྱེད་ཐུབ་ཙམ་གཅིག་ལ་ཟེར་གྱི་ཡོད་མ་རེད། ཅེས་གསུངས་པ་ཐོས་མྱོང་ཡོད། གལ་སྲིད་ཁོང་གིས་གསུངས་པ་དེ་བདེན་པ་ཡིན་ན། གོང་གི་སློབ་ཚན་དེ་སློབ་ཕྲུག་གིས་ཀློག་ནས་གོ་བ་ལེན་ཐུབ་པ་འདུག་གམ། གོ་བ་ལེན་ཐུབ་པའི་དབང་དུ་བཏང་ན། སྐར་མ་གསུམ་ནང་ལ་ཀློག་ཞེས་སྦྱོང་ཚན་ནང་ལ་བྲིས་པ་དེས། དུས་ཚོད་སྐར་མ་ ༣ དེ་གཞི་གང་ལ་བཞག་ནས་བྲིས་ཡོད་ཡོད་དམ། རྩོམ་སྒྲིག་པ་ལྷན་རྒྱས་ཀྱིས་ཀློག་ན་སྐར་མ་ག་ཚོད་འགོར་གྱི་འདུག་གམ། སློབ་ཕྲུག་ལ་སྐར་མ་ ༣ བཞག་ན། རྩོམ་སྒྲིག་པ་ལྷན་རྒྱས་ཀྱིས་ཀློག་སྐབས་མང་མཐར་སྐར་མ་ ༡ ཡང་ན། ༡ དང་ཕྱེད་ཀ་ནང་ལ་ཀློག་ཐུབ་པ་དགོས་པ་རེད། དེ་ནས་ཤོག་གྲངས་དེ་རང་ནང་ལ། ཤེས་ཀྱི་ཡོད་པ། ཤེས་རྟོགས་བྱུང་བ། ཤེས་འདོད་པ། ཅེས་སྡེ་ཚན་གསུམ་བྲིས་ནས་སྦྱོང་ཚན་གཅིག་བཀོད་སྒྲིག་གནང་འདུག རྩོམ་སྒྲིག་པ་ལྷན་རྒྱས་ལ་ཞུ་རྒྱུར་། ཤེས་ཀྱི་ཡོད། ཤེས་རྟོགས་ཡོད། ཅེས་བྲིས་ན་དེ་གཉིས་ལ་ཁྱད་པར་ཡོད་པ་གཟིགས་ཀྱི་ཡོད་པས། བྱང་ཨ་རིའི་སློབ་ཕྲུག་ཚོའི་ཤེས་ཚད་ལ་གཞིགས་ན། སློབ་ཚན་དེ་མ་སྦྱངས་སྔོན་ནས་ཤེས་ཀྱི་ཡོད། སློབ་ཚན་དེ་སྦྱངས་པའི་རྗེས་སུ་ཤེས་སོང་། ཞེས་གོ་བདེ་བར་འབྲི་ཐུབ་ཚེ་དགེ་མཚན་ཆེ་བ་ལས། ཤེས་ཀྱི་ཚབ་ལ། ཤེས་རྟོགས་ཟེར་པ་དེ་རིགས་བྲིས་ཚེ། ཤེས་པ་དང་། རྟོགས་པ་འགྲེལ་བཤད་ཅིས་ཕྱིན་བོད་ཡིག་དགེ་རྒན་ཚོས་ཀྱང་རྒྱབ་དཀའ་ལ། སློབ་ཕྲུག་ཚོར་ཡང་གོ་རྙོག་གི་རྒྱུ་ལས་དགེ་མཚན་ཆེ་བ་རང་ཨེ་ཡོད། ནམ་རྒྱུན་བོད་སྐད་ཤོད་སྐབས། ཤེས་ཀྱི་ཡོད། མཁྱེན་གྱི་ཡོད་ན། ཟེར་པ་སོགས་ལས། ཤེས་རྟོགས་ཟེར་པ་སོགས་བེད་སྤྱོད་གཏོང་མཁན་ཧ་ཅང་དཀོན།
ཀློག་གིན་ཀློག་གིན་སློབ་དེབ་དེ་ནི་སྐད་ཡིག་གི་སློབ་དེབ་མ་ཡིན་པར། རྒྱལ་རབས་ལོ་རྒྱུས་དང་། ཆོས་འབྱུང་གི་སློབ་དེབ་གཅིག་ཡིན་པའི་ཚོར་སྣང་སླེབས་ཀྱི་འདུག ཤོག་གྲངས་ ༥༦ སློབ་ཚན་ ༡༤ པའི་ནང། མི་དགེ་བཅུ་ནི། ལུས་ཀྱི་སྒོ་ནས་སྲོག་གཅོད། མ་བྱིན་ལེན། ལོག་གཡེམ་དང་གསུམ། ངག་གི་སྒོ་ནས་རྫུན། ཕྲ་མ། ཚིག་རྩུབ། ངག་ཀྱལ་དང་བཞི། ཡིད་ཀྱི་སྒོ་ནས་བརྣབ་སེམས། གནོད་སེམས། ལོག་ལྟ་དང་གསུམ་སྟེ། སྒོ་གསུམ་གྱི་ལམ་ནས་བྱས་ཤིང་བསགས་པའི་ལས་ལམ་བཅུ་ཡོད། ཅེས་སོགས་བྲིས་འདུག ངས་མི་དགེ་བཅུ་སོགས་སློབ་ཁྲིད་བྱེད་མི་དགོས་པ་ཞུ་གི་མེད། ཡིན་ནའང་། ཚིག་བརྗོད་དེ་དག་ནི་གཞན་ནས་ལེབ་བཤུས་གནང་པ་ཙམ་ལས། བྱང་ཨ་རིའི་བོད་ཕྲུག་ཚོར་དམིགས་ནས་ཚིག་དང་ཐ་སྙད་གོ་བདེ་བའི་ལམ་ནས་བྲིས་མི་འདུག ཕྲན་གྱིས་ནང་དོན་བསྒྱུར་དགོས་པ་ལབ་ཀྱི་མེད། མི་དགེ་བཅུ་སྤོངས་ཀྱི་ཚུལ་ཁྲིམས་སློབ་ཁྲིད་བྱ་དགོས་ནའང་། རི་མོ་དང་། སྒྲུང་གཏམ། ཚིག་བརྗོད་གོ་བདེ་བ་དང་། གཙོ་བོ་བོད་ཡིག་སྦྱོང་མཁན་བྱང་ཨ་རིའི་ནང་ལ་སྐྱེས་འཚར་བྱུང་བའི་བོད་ཕྲུག་ཚོའི་ཤེས་ཚད་དང་། སེམས་ཁམས་དང་བསྟུན་ནས་འབྲི་དགོས། གང་ལ་གང་འདོད་དེ་ལ་དང་དེ་སྟོན་པ་ཞེས་པ་ལྟར་རོ།

ཤོག་གྲངས་ ༥༩ ནང་ལ། སྟག་མོ་ལུས་སྦྱིན། སློབ་ཚན་ ༡༥ ལ་བཀོད་འདུག སྒྲུང་དེ་ཅིའི་ཕྱིར་བཀོད་སྒྲིག་གནང་བ་ཡིན་ནམ། སྐད་ཡིག་གི་རྩལ་ཡར་རྒྱས་འགྲོ་ཆེད་དུ་བཅུག་པ་ཡིན་ནམ། ཡང་ན། ནང་ཆོས་ལ་དོ་སྣང་སླེབས་ཆེད་དུ་བཀོད་པ་ཡིན་ནམ། ཕྲན་རང་ཉིད་ཡི་ཤུའི་ཆོས་ཚོགས་ཆེན་པོ་གཅིག་གི་དཔེ་མཛོད་ཁང་ལ་ལས་ཀ་ཡུན་རིང་བྱས་པའི་ཉམས་མྱོང་ཡོད། ཡི་ཤུའི་ཆོས་ལུགས་ཀྱི་བསླབ་བྱ་སྟོན་པའི་ཕྲུ་གུའི་སྒྲུང་དེབ་རི་མོ་ཅན་ཧ་ལས་པའི་མང་པོ་ཡོད། དེ་དག་གི་འབྲི་སྟངས་དང་། རི་མོ། ནང་དོན་བསླབ་བྱ་གོ་བདེ་པོ་ཧ་ལས་པའི་ཡག་པོ་བྲིས་འདུག དེ་དག་མཐོང་སྐབས་ངའི་སེམས་ནང་ལ་བོད་བརྒྱུད་ནང་ཆོས་ཀྱི་བསླབ་བྱ་སྟོན་པའི་གཞུང་དེ་དག་གོ་བདེ་པོ་དེ་འདྲ་འབྲི་མཁན་བྱུང་ན་བསམ་པ་ཡང་ཡང་འཁོར་གྱི་འདུག སྐབས་དེ་དུས་ངའི་ལས་རོགས་ཚོས། ནང་ཆོས་ནང་ལ་དེབ་དེ་འདྲ་མང་པོ་ཡོད་ཀྱི་རེད། ཅེས་བརྗོད་མྱོང་ཡོད། ངས། བཀའ་བསྟན་དགོངས་འགྲེལ་གསུང་རབ་པོད་ཧ་ཅང་མང་པོ་ཡོད་ནའང་། བྱིས་པའི་དེབ་དེ་འདྲ་ཡོད་མ་རེད། ཅེས་དྲང་གཏམ་བརྗོད་པ་ཡིན། སྟག་མོ་ལུས་སྦྱིན། སློབ་ཚན་དེ་བྱང་ཨ་རིའི་བོད་ཕྲུག་ལ་སློབ་ཁྲིད་བྱས་པ་ཡིན་ན། ད་ལྟ་འབྲི་སྟངས་ལྟར་ན་ཁོ་ཚོའི་བློ་ལ་འཇུག་ཁག་ཙམ་ཡོང་ས་རེད། དཔེར་ན། སྲས་གསུམ་གྱི་མཚན་འདོགས་སྟངས་དང་། ཆུང་བས་རང་གི་ལུས་སྟག་གིས་མ་བཟའ་ནའང་རང་གི་རང་ལ་འཚེ་བས་ཁྲག་བཏོན་ནས་བཟའ་རུ་བཅུག་པ། བཙུན་མོར་རྨི་ལམ་བཏང་པ། བྱམས་སེམས་ཚད་མེད་པའི་མི་གཅིག་གིས་སྟག་མོར་ལུས་སྦྱིན་ནས་ལྷ་ལ་སྐྱེས་ཟེར་པ་དེས། དལ་བའི་རྟེན་ནི་ཡིད་བཞིན་ནོར་ལས་ལྷག ཞེས་དལ་འབྱོར་ཚང་བའི་མི་ལུས་ནི་རིགས་དྲུག་ནང་ནས་མཆོག་ཡིན་ཟེར་ཡང་། ཁོང་མི་ལས་ལྷ་རུ་སྐྱེས་པ་ངོ་མཚར་འཛིན་པ་དེས་ལྷ་ཡི་རྟེན་ནི་དལ་འབྱོར་ཚང་བའི་མི་ལུས་ལས་རྩ་ཆེ་བ་ཡོད་པ་སྟོན་པའི་གནས་སྟངས། སོགས་གོ་ཁག་ཙམ་ཡོང་བ་འདུག་དྲན། དེ་རིང་དུས་ཚོད་ཀྱིས་རྐྱེན་པས་འབྲི་མཚམས་འདིར་འཇོག་གི་ཡིན། རྗེས་སུ་མཇལ་ཡོང་། ཐུགས་རྗེ་ཆེ། །

མུ་མཐུད་འགོད་རྒྱུ།

བསམ་ཚུལ།, རྩོམ་རིག

Post navigation

Previous Post: Previous Post
Next Post: ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། ལྔ་པ།

Comment (1) on “ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཞི་པ།”

  1. གཞུང་པ་ཚེ་དབང་བསོད་ནམས། says:
    2025-07-08 at 10:26 pm

    བཞི་པ་ཆ་ཚང་ཀློག་པ་ཡིན། ད་དུང་ཡོད་ས་རེད། ཤེས་རིག་གི་བཀའ་ལན་མཇལ་འདོད་ཡོད། སློབ་དེབ་ལག་གསོན་མ་བྱུང་། ཕྲུ་གུའི་སློབ་དེབ་ག་འདྲ་ཞིག་ཡིན་ཀྱང་ཐ་སྙད་ཚད་སྒྲུབ་དགོས་པ་ཤིན་ཏུ་གལ་ཆེ། ཨ་མདོ་དགེ་འདུན་ཆོས་འཕེལ་གྱིས་གསུང་པ་བཞིན། ཐ་སྙད་ཚད་སྒྲུབ་མེད་ན་བློ་མ་བདེ། ཁྱེད་ཀྱིས་དཔྱད་རྩོམ་ཆ་ཚང་དང་། ཤེས་རིག་གིས་བཀའ་ལན། ཕྲུ་གུའི་སློབ་དེབ་སོགས་དགོས་ངེས་ཀྱི་ཡིག་ཆ་ཁག་ལག་གསོན་བྱུང་མཚམས་རང་གི་བསམ་ཚུལ་འགོད་ཆོག

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme