Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གསུམ་པ།

Posted on 2025-06-232025-06-23 By ཁ་བརྡ་ 1 Comment on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གསུམ་པ།

བསྟན་འཛིན་གྲགས་པ།  (ཨ་རི།)

ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གསུམ་པ། མུ་མཐུད་ནས་འབྲི་ཡི་ཡིན། དང་པོ་དང་། གཉིས་པ། ཁ་བརྡ་དྲྭ་ཚིགས་སུ་སྤེལ་པར་ཀློག་མཁན་གང་མང་བྱུང་འདུག ཕལ་ཆེར་ཚོད་རྩིས་བྱས་ན། འབྲེལ་ཡོད་ཤེས་རིག་སློབ་དེབ་རྩོམ་སྒྲིག་ཚོགས་མི་ཚོས་ཀྱང་ཐུགས་སྣང་བྱུང་ཡོད་ངེས་ལ། མཁས་པ་བཞད་དགད་ཀྱི་གནས་སུ་ཡང་གྱུར་ཡོད་ངེས། ཡིན་ནའང་། ཕྲན་གྱིས་ཆེས་མཆོག་ཏུ་བཀུར་འོས་མཁས་པ་གཅིག་གིས། རང་ཉིད་ཀྱིས་ལྷག་བསམ་རྣམ་དག་ཐོག་ནས་གཞན་ཕན་གཙོ་བོར་འཛིན་པའི་ལས་ཀར་གཞན་གྱིས་འཕྱ་སྨོད་དང་། སྨད་ར། མགོ་ལྕགས་ཕོགས་ཀྱང་ངོ་ཚ་དང་། འགྱོད་སེམས་མི་དགོས། ཅེས་གསུངས་མྱོང་པས། ཕྲན་བློ་ཆུང་ཤེས་རྨོངས་གཅིག་གིས་ནུབ་ཕྱོགས་ས་མཐའ་ནས་ཕན་སེམས་ཁོ་ནས་ཕུལ་པའི་ཞུ་འཕྲིན་ལ་འབྲེལ་ཡོད་ཤེས་རིག་རྩོམ་སྒྲིག་ཚོགས་མི་ཚོས་ཐུགས་སྣང་བྱུང་ཡོད་པའི་རེ་བ་ཡོད། དེ་ནས་ཕྲན་གྱི་འཕྲིན་སྔ་མ་གཉིས་ཀའི་མཇུག་ལ་མཆན་སྐྱོན་མཁན། བོད་དང་བོད་མི་རིགས་ཀྱི་སྐད་ཡིག་ལ་དུང་བ་གཟབ་པའི་གཞུང་པ་ཚེ་དབང་བསོད་ནམས་ཞུ་བ་གཅིག་གིས་མཆན་སྐྱོན་པ་མ་ཟད། ཁོང་གིས་ཐེངས་གཉིས་བཀླགས་པ་ཡིན་ཞེས་བྲིས་འདུག ཐུགས་རྗེ་ཆེ། ཐེངས་གཉིས་ཀློག་རིན་མེད་ཀྱང་སྐུ་ཉིད་ཀྱིས་སེམས་ཤུགས་སྤོར་ཆེད་དེ་ལྟར་གསུངས་པས་ཐུགས་སྣང་རྒྱབ་སྐྱོར་གནང་པ་མཚོན་གྱི་འདུག གཞུང་པ་ཚེ་དབང་བསོད་ནམས་ལགས་ཀྱིས། སྔ་རྗེས་གཉིས་ཀ་འགོ་ནས་འཇུག་བར་ཐེངས་གཉིས་ཀློག་ཡིན་ཡག་པོ་བྲིས་འདུག་འོན་ཀྱང་སྐྱོན་འཛུགས་མིན་གསུང་འདུག་ལམ་སྟོན་ཡིན་ན་ཐད་ཀར་ཤེས་རིག་ལྷན་ཁང་ལ་མ་ཕུལ་བར་ཌ་རྒྱའི་ནང་བཀོད་རྒྱུ་གང་ཡིན་ཤེས་མ་སོང་། ཅེས་བྲིས་གནང་འདུག དྲྭ་རྒྱའི་ཐོག་ལ་སྤེལ་པར་བརྟེན་ནས་སྐུ་ཉིད་དང་ཀློག་མཁན་གཞན་མང་པོས་གཟིགས་ཡོད་ལ། འབྲེལ་ཡོད་ཚོས་ཀྱང་གཟིགས་ཡོད། ཕྲན་ལ་མཚོན་ན་བོད་ཡིག་རྩོམ་ཡིག་ཟེར་པ་འབྲི་མི་ཤེས་ཀྱང་། རང་བློར་གང་ཤར་ནུབ་ཕྱོགས་སུ་བོད་ཡིག་སྦྱོང་བརྡར་ཙམ་གྱི་ཆེད་དུ་གཟའ་མཇུག་ལ་དུས་ཚོད་ཆུ་ཚོད་གཅིག་ཙམ་རིང་བེད་སྤྱོད་ནས་འབྲི་རྒྱུ་བྱུང་བ་དེ་ཡང་བསྐལ་བ་བཟང་པོ་དང་། སྦྱོང་བརྡར་ལ་བསམ་ནས་བྲིས་པ་དང་སྤེལ་པ་ཙམ་ཡིན།

བོད་ཀྱི་སྐད་ཡིག་དང་རིག་གཞུང་སློབ་གྲྭའི་འཛིན་གྲྭ་བདུན་པའི་སློབ་དེབ། ཤོག་གྲངས་ ༣༢ ནང་། ག བོད་སིལ་བུར་འཐོར་བའི་སྐོར་ལོ་རྒྱུས་ཡིག་ཕྲེང་བརྒྱད་ལས་མི་ཉུང་བ་བྲིས། ཅེས་བྲིས་འདུག ལོ་རྒྱུས་ཟེར་བ་འབྲི་རྒྱུ་ལས་སླ་པོ་མ་རེད། མི་ཚང་མས་འབྲི་ཐུབ་པ་གཅིག་མ་རེད། གལ་སྲིད་བོད་སིལ་བུར་འཐོར་པའི་ལོ་རྒྱུས་བཀླགས་རྗེས་བསམ་ཚུལ་བྲིས་ཟེར་ན་སློབ་ཕྲུག་ཚོར་རན་པ་ཡོད། རང་དབང་ཆེ་བ་ཡོད་ལ། སློབ་ཕྲུག་གིས་འབྲེི་རྒྱུར་འདོད་མོས་ཆེ་བ་བྱེད་ཀྱི་རེད། ང་ཚོས་དྲན་དགོས་པ་ནི་སློབ་དེབ་དེ་ནི་སྐད་ཡིག་སློབ་དེབ་ཡིན་པ་ལས། ལོ་རྒྱུས་སློབ་དེབ་མ་རེད། ད་ལྟ་ཕན་ལ་བོད་པའི་སློབ་གྲྭ་ཁག་གི་བོད་ཡིག་སློབ་དེབ་དང་། བོད་ཡིག་དགེ་རྒན་ཚོས་སློབ་ཁྲིད་བྱེད་སྐབས་ནང་དོན་གཙོ་བོར་འཛིན་ནས་སྒྲུང་བཤད་ནས་ནང་དོན་ཤེས་མིན་བལྟ་བ་ལས། སྐད་ཡིག་འབྲི་བཤད་ཉན་ཀློག་གི་རྩལ་བཞི་སློབ་ཚན་འདི་བརྒྱུད་ནས་སློབ་ཕྲུག་ཚོས་ཤེས་མིན་ལ་དོ་སྣང་མ་བྱས་སྟབས། སློབ་ཕྲུག་གིས་ནང་དོན་ངག་སྐྱོར་བཏང་ནས་ཡིག་ཚད་བརྒྱ་ཆ་ལོན་པ་ཙམ་བྱེད་ཀྱི་ཡོད། དཔེ་མཚོན་གསལ་པོ་གཅིག་ནི། ཕྲན་འཛིན་གྲྭ་བཅུ་གཉིས་མ་ཐོན་བར་དུ་བོད་ཁྱིམ་སློབ་གྲྭར་བོད་ཀྱི་སྐད་ཡིག་སློབ་སྦྱོང་བྱེད་རྒྱུའི་གོ་སྐབས་ཐོབ་བྱུང་། ཡིན་ནའང་། རྗེས་སུ་ནུབ་ཕྱོགས་སུ་སླེབས་ནས་སྐད་ཡིག་གཉིས་པའི་ཐོག་ལ་སློབ་ཁྲིད་ཆེད་ལས་སློབ་སྦྱོང་བྱེད་སྐབས་གཞི་ནས་ངེས་ཤེས་རྙེད་པ་ནི། བོད་ཁྱིམ་ནང་ལ་བོད་ཀྱི་སྐད་ཡིག་ཡར་རྒྱས་མ་བྱུང་པའི་རྐྱེན་རྩ་གཅིག་ནི་སློབ་དེབ་ནང་ལ་ཡོད་པ་རྣམས་ཀྱི་ནང་དོན་གཙོ་བོར་འཛིན་པ་ལས། སློབ་ཚན་ནང་གི་སྒྲུང་འབྲི་སྟངས་དང་། ཚིག་སྒྲུབ་བམ་བརྗོད་པ་འབྲི་སྟངས་དང་ཀློག་སྟངས། སློབ་ཚན་བརྒྱུད་ནས་གཏམ་བཤད་དང་། གླེང་མོལ་བྱེད་སྟངས། གསར་འགྱུར་དང་བཀའ་སློབ། གླེང་མོལ། སྒྲུང་གཏམ་བཤད་ཉན་སོགས་བྱེད་སྒོའི་རིགས་མེད་སྟབས་སློབ་ཕྲུག་ཚོས་བོད་ཀྱི་བོད་ཀྱི་སྐད་ཡིག་སློབ་ཚན་ལབ་ནའང་། དགེ་རྒན་གྱིས་ནག་པང་ཐོག་ལ་དྲི་བ་དང་ལན་བྲིས་པ་རྣམས་བཤུས་ནས་ངག་སྐྱོར་བཏང་པ་རེད། དཔེར་ན། འཛིན་གྲྭ་བཅུ་པའི་རྒྱལ་ཡོངས་ཡིག་ཚད་དང་། བཅུ་གཉིས་སོགས་ལ། ལེགས་བཤད་བློ་གསར་མིག་འབྱེད་ཀྱི་འཕགས་ལམ་ཡན་ལག་བརྒྱད་སོགས་དགེ་རྒན་གྱིས་གྲངས་འདྲེན་བྲིས་པ་ངག་སྐྱོར་བཏང་ཐུབ་ཙམ་དང་། བཤེས་སྤྲིངས་དང་། མཛད་རྣམ་སོགས་ཀྱི་ནང་དོན་ངག་སྐྱོར་བཏང་པ་ཙམ་ལས། བོད་ཀྱི་སྐད་ཡིག་འཛིན་གྲྭ་ལབ་ནའང་བོད་ཀྱི་སྐད་ཡིག་བཤད་རྩལ། ཉན་རྩལ། འབྲི་རྩལ། ཀློག་རྩལ་སོགས་ཡར་རྒྱས་གཏོང་པའི་བྱེད་སྒོ་མང་པོ་མེད་སྟབས། འཛིན་གྲྭ་བཅུ་གཉིས་ཐོན་སྐབས་བོད་ཡིག་ནང་ལ་འཕྲིན་ཡིག་དང་། སྙན་ཞུ་འབྲི་ཤེས་མཁན་ཧ་ཅང་དཀོན་པོ་རེད། ཕྲན་འཛིན་གྲྭ་བཅུ་གཉིས་ལ་ཐོན་སྐབས་སུ་ཡང་སྙན་ཞུ་ངག་སྐྱོར་བཏང་པ་དེ་རང་བྲིས་པ་ལས་དེ་མིན་འཕྲིན་ཡིག་ཡག་པོ་འབྲི་ཤེས་ཀྱི་མེད། ནུབ་ཕྱོགས་སུ་སྐད་ཡིག་སློབ་སྟངས་ནི་ཚན་རིག་སོགས་སློབ་སྟངས་དང་རྩ་བ་ནས་མི་འདྲ་པ་ཤེས་རྟོགས་བྱུང་། དཔེར་ན། ཨིན་སྐད་དང་། བོད་སྐད་སོགས་སློབ་ཚན་སྐབས་སུ་འཁྲིད་གཞིའི་སྐད་བེད་སྤྱོད་ཀྱིས་སྐད་ཅོར་རྒྱབ་པ་དང་། ཕན་ཚུན་རྩེད་མོ་དང་གློག་བརྙན་སྐོར་བལྟས་ནའང་འགྲིག་གི་ཡོད་ལ། འཁྲིད་གཞིའི་སྐད་ཡིག་བེད་སྤྱོད་རྩེད་མོ་རྩེད་ནས་བསྡད་ནའང་འགྲིག་གི་ཡོད། དགེ་རྒན་གྱིས་ཆེད་དུ་མངགས་ནས་རྩེད་རིགས་དང་། གཏམ་བཤད། གླེང་མོལ་སོགས་ཀྱི་བྱེད་སྒོ་མང་པོ་སྤེལ་གྱི་ཡོད། དེ་ལྟར་བྱས་པར་བརྟེན་ནས་སྦྱོང་གཞིའི་སྐད་ཡིག་བེད་སྤྱོད་མང་བ་གཏོང་ཐུབ་ཀྱི་ཡོད། ཡིན་ནའང་། ད་ལྟ་ཡོད་པའི་བོད་ཀྱི་སྐད་ཡིག་དང་རིག་གཞུང་སློབ་གྲྭའི་འཛིན་གྲྭ་བདུན་པ་དང་། བརྒྱད་པའི་སློབ་དེབ་གཉིས་ཀྱི་ནང་ལ་སྔོན་མ་རྒྱ་གར་ནང་གི་སློབ་དེབ་བཟོ་སྟངས་དང་གཅིག་མཚུངས་ལྟ་བུས་བཟོས་པ་ལས་བྱེད་སྒོའི་རིགས་མེད་པ་མ་ཟད། སློབ་དེབ་བཟོ་མཁན་གྱིས་བྱང་ཨ་རིའི་ནང་ལ་ཡོད་པའི་བོད་ཕྲུག་ཚོའི་སྐད་ཡིག་ཤེས་ཚད་དང་། དུས་ཚོད། སེམས་ཁམས་སོགས་ཤེས་རྟོགས་མེད་པར། རྒྱ་གར་ནང་ལ་སྐྱེས་འཚར་བྱུང་བ་དང་། བོད་ཁྱིམ་སོགས་རྒྱ་གར་ནང་གི་བོད་ཕྲུག་ཚོས་བདུན་ཕྲག་གཅིག་གི་ནང་ལ་ཉུང་མཐར་བོད་ཡིག་སློབ་ཚན་ལྔ་ཡོད་པ་མ་ཟད། ཁོར་ཡུག་ཀྱང་བོད་སྐད་བཤད་ཉན་བྱ་ས་ཡོད་པའི་ཁོར་ཡུག་གཅིག་གི་ཡོད་པ་ཚོ་དང་གཅིག་མཚུངས་བསམ་བློའི་ནང་ལ་བཞག་ནས་བཟོས་པ་དེ་ནི་ཧ་ཅང་ཐལ་ཆ་ཆེ་བར་མཐོང་། དེའི་ཐོག་ཨ་རིར་གནས་བཞུགས་ཀླུ་སྨྱོན་ཧེ་རུ་ཀས་མཆན་ཁོངས་སུ་བྲིས་པ་ལས་ཀྱང་ཤེས་ཐུབ།

སློབ་དེབ་རྩོམ་སྒྲིག་པ་ཚོས་ངེས་པར་དུ་ཐུགས་དྲན་དགོས་པའི་དམའ་མཐའི་ཆ་རྐྱེན་ནི། དང་པོ། སློབ་དེབ་ནང་དོན་ནི་སློབ་ཕྲུག་གི་ལོ་ཚད་དང་བསྟུན་ནས་ཚིག་དང་ཐ་སྙད་ཀྱི་མཐོ་དམན་དང་། ཡིག་འབྲུ་མང་ཉུང་། ཉིན་རེའི་འཚོ་བ་དངོས་ཀྱི་ནང་ལ་བེད་སྤྱོད་བྱ་རྒྱུ་ཡོད་པའི་ཚིག་གསར་། སེམས་ཁམས་དང་ལོ་ཚད་དང་མཐུན་པའི་རི་མོ་དང་། མཚོན་ཁྲ། སྲོག་ཆགས་ཀྱི་རི་མོ་སོགས་ངེས་པར་དུ་དགོས། དེ་ཡང་ཐོག་མར་ཡི་གེ་འབྲི་ཀློག་སྦྱོང་པའི་སྔོན་དུ་སྦྱོང་རྒྱུའི་སྐད་ཡིག་དེའི་ཐོག་ནས་སྐད་ཆ་ཤོད་ཐུབ་པ་དགོས་པས་ཡིག་གཟུགས་ཆེ་བ་དང་། ཚིག་འབྲུ་ཉུང་ལ་ཁ་གསལ་པའི་བརྗོད་པའམ། ཚིག་སྒྲུབ་ཁ་སྐད་ནང་ལ་འབྲི་དགོས། གཉིས་པ། ད་ལྟ་ཡོད་པའི་སློབ་དེབ་ནང་ལ་རི་མོ་སོགས་ཡོད་ནའང་། སྒྲུང་གི་ནང་དོན་སྔར་ཡོད་གང་ཡོད་པ་བཤུས་པ་ཙམ་ལས་གསར་རྩོམ་མི་འདུག་ལ། དམིགས་བསལ་སློབ་ཕྲུག་གིས་ཉིན་རེའི་འཚོ་བའི་ནང་ལ་བེད་སྤྱོད་ཐུབ་པའི་གླེང་མོལ་དང་། ཚིག་གསར་རིགས་ཧ་ལམ་མེད་པ་ལྟ་བུ་དང་། སྦྱོང་ཚན་རིགས་བཀོད་སྒྲིག་བྱས་པ་དེ་དག་ཀྱང་། ལོ་ ༣༠ ཙམ་གྱི་སྔོན་ལ་ང་ཚོས་རྒྱ་གར་བོད་པའི་སློབ་གྲྭའི་ནང་ལ་ཡོད་སྐབས་སུ་བོད་ཡིག་སློབ་དེབ་ཀྱི་དྲི་བ་བཟོ་སྟངས་ལ་འགྱུར་བ་ཧ་ལམ་མེད་པར་རང་སོར་བཞག་པ་ཙམ་ལས་མ་འདས།

གཉིས་པ། བོད་ཀྱི་སྐད་ཡིག་དང་རིག་གཞུང་སློབ་གྲྭ། ཞེས་པའི་སློབ་དེབ་ཀྱི་ཁ་བྱང་ཐོག་ལ་གསལ་པ་ལྟར། སྐད་ཡིག་ཙམ་མིན་པར་རིག་གཞུང་སློབ་ཁྲིད་ཀྱི་ལས་འགན་ཡང་ཡོད། ཨིན་ཡིག་ནང་ལ་སྐད་ཡིག་སློབ་ཁྲིད་བྱེད་སྐབས་ཡོངས་གྲགས་བཤད་སྲོལ་གཅིག་ཡོད། Language is Culture, Culture is Language ལབ་སྲོལ་ཡོད། ཡིན་ནའང་། ཨིན་སྐད་ནང་ལ་ Culture ཞེས་པས་བོད་སྐད་ནང་གི་རིག་གཞུང་ཞེས་པའི་གོ་བ་ཆ་ཚང་སྟེར་མི་ཐུབ་པ་དང་། གཅིག་པ་གཅིག་རྐྱང་མིན་ནའང་། ད་ལྟ་ང་ཚོའི་སློབ་གྲྭའི་མཚན་ལ་ཨིན་སྐད་ལ་ Tibetan Langauge and Culture School  ཞེས་བྲིས་ཡོད་པས། བོད་སྐད་ནང་ལ་རིག་གཞུང་ཞེས་པའི་ཚབ་ལ་ཨིན་སྐད་ནང་ལ་ Culture ཞེས་བྲིས་ཡོད། གང་ལྟར་བོད་པའི་རིག་གཞུང་སྤྱི་དང་། ལྷག་པར་དུ་མི་དགེ་བཅུ་སྤོངས་ཀྱི་ཚུལ་ཁྲིམས་མ་མཐར་གཞི་རྩར་བཟུང་པའི་ཡ་རབས་བཟང་པོའི་གཤིས་ལུགས་དང་། མི་ཆོས་གཙང་མ་བཅུ་དྲུག་གི་གཙོས་པའི་རྒན་བཀུར་གཞོན་གཅེས་སོགས་བཟང་སྤྱོད་རིགས་སློབ་དེབ་ནང་ལ་སྒྲུང་གཏམ་དང་། བྱེད་སྒོ་འདྲ་མིན་ཐོག་ནས་སློབ་ཁྲིད་བྱ་རྒྱུ་ཡོད་པ། མདའ་གཅིག་གིས་བྱེའུ་གཉིས་ཟེར་པའི་དཔེ་ལྟར། སློབ་དེབ་གཅིག་གིས་གཙོ་བོ་སྐད་ཡིག་གི་རྩལ་བཞི་ཡར་རྒྱས་གཏོང་ཐུབ་པ་དང་། དེ་ནས་ནང་དོན་སྒྲུང་གཏམ་བཤད་རེས་དང་བྱེད་སྒོ་སོགས་ཀྱིས་བོད་ཀྱི་ཡ་རབས་བཟང་པོའི་སྤྱོད་ཚུལ་སློབ་ཐུབ་པ་གཅིག་དགོས་པར་མཐོང་། གཅིག་བྱས་ན་ངས་དེ་ལྟར་ལྷག་བསམ་བཟང་པོས་ཞུས་ཁུལ་བྱས་ཀྱང་། འབྲེལ་ཡོད་ལྷན་རྒྱས་ཀྱིས། ཅོག་ཙེའི་སྟེང་ལ་ཞིང་རྨོ་བ་ཞེས་ཞལ་དགད་དང་། འཕྱ་སྨོད་གནང་ནས་རང་སོར་བཞག་སྲིད་ཀྱང་། ཕྲན་རང་ཉིད་ལ་མཚོན་ན་བགྲང་བྱ་བཅུ་ཕྲག་ཁ་ཤས་རིང་གཟའ་མཇུག་སློབ་གྲྭའི་ནང་ལ་སློབ་ཁྲིད་བྱེད་མྱོང་མཁན་གཅིག་ཡིན་པས་དགོངས་བཞེས་གནང་རོགས། དེ་དང་ཆབས་གཅིག་ཏུ་ཁ་གསལ་ཙམ་ཅུང་ཟད་ཞུས་ན། བོད་ཀྱི་ལོ་གསར་སོགས་དུས་ཆེན་ཁག་ངོ་སྤྲོད་གསལ་པའི་སྒྲུང་དེབ་གང་མང་སློབ་དེབ་ནང་ལ་འཇུག་པ་དང་། སློབ་དེབ་ཙམ་མིན་པར་ཟུར་བལྟའི་ཀློག་དེབ་གང་མང་བོད་ཨིན་གཉིས་ཀའི་ནང་ལ་འདོན་སྤེལ་དགོས་ཀྱི་འདུག དཔེ་མཚོན་གཅིག་ཞུས་ན། ནུབ་ཕྱོགས་སུ་སྤྱི་ཚོགས་དཔེ་མཛོད་ཁང་། Public Library ནང་ལ་སྐད་ཡིག་དང་མི་རིགས་འདྲ་མིན་ཀྱི་ཀློག་དེབ་ཉར་གྱི་ཡོད། ཕྲན་རང་ཉིད་དཔེ་མཛོད་ཁང་ལ་ཡང་ཡང་བསྐྱོད་སྐབས། Children’s section ཕྲུ་གུའི་སྡེ་ཚན་ནང་ལ་ Theme Books ཞེས་བརྗོད་གཞི་སོ་སོའི་ཐོག་ལ་དེབ་ཁྲི་ Shelf ཡོད། Lunar New Year ཞེས་པའི་བརྗོད་གཞིའི་ཐོག་ལ་དེབ་ཁྲི་མང་པོ་ཡོད་པའི་ནང་ལ། རྒྱ་ནག་གི་ལོ་གསར་སྐོར་གྱི་དེབ་ཨིན་ཡིག་ནང་ལ་ཧ་ལས་པའི་མང་པོ་འདུག ཡིན་ནའང་། བོད་པའི་ལོ་གསར་སྐོར་ལ་དེབ་གཅིག་ཀྱང་མ་མཐོང་། དེ་དག་ནི་དངོས་སུ་མཐོང་ཐོས་བྱུང་པ་ཞིག་དེར་མདོར་བསྡུས་ཙམ་ཞུས་པ་ཡིན། ངས་བོད་ཡིག་གཅིག་པུའི་ཐོག་ལ་འབྲི་དགོས་པ་བརྗོད་ཀྱི་མེད། ཨིན་ཡིག་ནང་ལ་འབྲི་དགོས་པ་བརྗོད་ཀྱི་ཡོད། ཡིན་ནའང་། ཡིད་སྐྱོ་དགོས་པ་གཅིག་ནི། ང་ཚོའི་བོད་ཕྲུག་ཚོས་བོད་ཡིག་ནང་ལ་འཕྲིན་ཡིག་འབྲི་མི་ཐུབ་པ་དང་། ཨིན་ཡིག་ནང་ལ་རྩོམ་ཡིག་འབྲི་ཐུབ་མཁན་ཧ་ཅང་དཀོན་པའི་གནས་སྟངས་ཡ་ང་པོ་དེ་རིགས་ལ་དཔལ་ལྡན་ཤེས་རིག་ལས་ཁུངས་ནས་དགོངས་པ་ཆེ་བཞེས་ཀྱིས་གང་ལ་གང་དགོས་ཕྱག་བསྟར་གནང་རོགས་ཞེས་གསོལ་འདེབས་ཞུ་གི་ཡོད། ངས་དེ་ལྟར་ཞུས་པར་ཤེས་རིག་ནས་གནང་གི་མེད་པ་དང་གནང་མི་འདུག་ཞུ་གི་མེད། བོད་ཡིག་སློབ་སྦྱོང་ཞེས་པའི་དྲྭ་ཚིགས་ཐོག་ལ་ཤེས་རིག་ནས་འདོན་སྤེལ་གནང་བའི་བྱིས་པའི་སྒྲུང་དེབ་དང་། གཞས་སྣ་སོགས་ཧ་ལས་པའི་མང་པོ་འདོན་སྤེལ་གནང་འདུག ཡིན་ནའང་། ཕྲུ་གུའི་ལོ་ཚད་ལ་གཞིགས་ནས་སྒྲུང་དེབ་ནང་ལ་ཚིག་གསར་མང་ཉུང་དང་། ཚིག་བརྗོད་ཐུང་ཐུང་ཀློག་བདེ་ལ་གོ་སླ་བ་དེ་འདྲ་བྲིས་ཡོད་མེད་ཐད་ཐུགས་ཞིབ་བསྐྱར་བཅོས་རིགས་གནང་གལ་ཆེ་བར་མཐོང་།

མི་མང་པོ་གཅིག་གིས་བོད་ཡིག་དང་མཉམ་དུ་སྒྲ་གདངས་ཨིན་ཡིག་ནང་ལ་འབྲི་དགོས་པ་གསུང་མཁན་འདུག ད་དུང་ཁ་ཤས་ཀྱིས་བོད་ཡིག་ཚིག་གསར་དང་མཉམ་དུ་ཨིན་ཡིག་ནང་ལ་འགྲེལ་བརྗོད་དང་ཚིག་དོན་མཉམ་དུ་འབྲི་དགོས་པ་གསུང་མཁན་ཡང་འདུག ངའི་བསམ་པར་ཤེས་རིག་ལས་ཁུངས་ནས་བསམ་ཚུལ་དེ་རིགས་ལ་ངོས་ལེན་གནང་གི་མ་རེད་བསམ་གྱི་ཡོད། དཔེར་ན། དེ་སྔ་ཤེས་རིག་རྩོམ་སྒྲིག་ཚན་པའི་འགན་འཛིན། ཉེ་དུས་དགོངས་པ་རྫོགས་པ་སྐུ་ཞབས་ཀརྨ་སྨོན་ལམ་ལགས་ཀྱིས་སྒྲ་བསྒྱུར་དེབ་གཅིག་བྲིས་གནང་ཡོད། ངས་ཁོང་ལ། ཨིན་ཡིག་ནས་བོད་བསྒྱུར་བྱས་པའི་དེབ་ནང་ལ་མི་མིང་དང་། ས་མིང་གང་གོ་བདེ་འབྲི་རོགས་ཞུས་པ་ཡིན་ལ། ད་དུང་སྐབས་རེ་སྒུག་རྟགས་ནང་ལ་ཨིན་ཡིག་ནང་ལ་མིང་དེ་འབྲི་ཐུབ་པ་ཡིན་ན་མིང་གི་སྒྲ་གདངས་མ་ནོར་པར་ཀློག་ཐུབ་པ་འདུག དེ་མིན་དེ་སྔ་རྒྱ་གར་མཁས་པའི་མིང་བོད་ཡིག་ནང་ལ་བསྒྱུར་པ་གཅིག་པུ་བཞག་པར་བརྟེན་ནས་ལོ་མང་པོའི་རྗེས་སུ་མི་དེ་སུ་ཡིན་ངོ་མ་འཕྲོད་པའི་གནས་སྟངས་དངོས་སུ་ཡོད་པ་ལྟར་ཞེས་ཞུས་པ་ཡིན། དེ་ནི་ལོ་ ༢༠ ཙམ་གྱི་སྔོན་ལ་བྱུང་བའི་སྐད་ཆ་གླེང་མོལ་གཅིག་རེད། ཁོང་གིས། ང་ཚོའི་བོད་ཡིག་གིས་གོ་བརྡ་མ་འཕྲོད་པར་གཞན་ལ་སྐྱབས་བཅོལ་པ་དགོས་པ་དེ་འདྲ་ཡོད་མ་རེད། ཅེས་གསུངས་བྱུང་། ཀླུ་སྨྱོན་ཧེ་རུ་ཀས། ང་ཚོ་ Nga Tso (We) ཞེས་པ་ལྟ་བུ་འབྲི་རོགས་ཞེས་དགོངས་ཚུལ་ཡང་སྟོན་འདུག དེ་ལྟར་གནང་བ་ཡིན་ན་དགེ་སྐྱོན་གང་ཡོད་པ་དང་། ཕྱག་བསྟར་གནང་མིན་ལྷན་རྒྱས་ཀྱིས་གཟིགས་རོགས།

ཞོར་ཤས་སྐྱུར་ནས་སློབ་དེབ་ནང་དོན་ཐོག་ལ་བསམ་ཚུལ་ཁ་ཤས་ལྷག་བསམ་རྣམ་དག་གིས་འབྲི་ཡི་ཡིན། ཤོག་གྲངས་ ༢༩ ནང་། བཙུན་མོ་ཆེ་བས་བཙུན་མོ་ཆུང་བ་ལ་ཕྲག་དོག་བྱས་ཏེ་བུ་ཆུང་ཞིག་བཙལ་ནས་མོ་རང་ལས་སྐྱེས་པ་ཡིན་ཚུལ་བྱས་པ་དེའི་མིང་ལ་མངའ་བདག་ཡུམ་བརྟན་ཞེས་བཏགས་པ་རེད། ཅེས་བྲིས་འདུག བརྗོད་པ་ག་ཚོད་རིང་པོ་མི་འདུག་གམ། ད་དུང་ཚིག་བརྗོད་ལ་གཟིགས་དང་། མོ་རང་ལས་སྐྱེས་པ་ཡིན་ཚུལ་བྱས་པ་ ་་་་ སྐད་ཆ་དེ་རིགས་བྱང་ཨ་རིའི་ནང་ལ་སྐྱེས་འཚར་བྱུང་པའི་བོད་ཕྲུག་ཚོས་སྦྱངས་ནས་ཤེས་ནའང་ཤོད་ཐུབ་བམ། རྩོམ་སྒྲིག་པ་ལྷན་རྒྱས་ཀྱིས་བཀའ་མོལ་དེ་འདྲ་གསུངས་ཀྱི་ཡོད་དམ། ཚིག་སྒྲུབ་ཐུང་ཐུང་དང་། གང་བྲིས་པ་རྣམས་སློབ་ཕྲུག་ཚོས་བཀླགས་ནས་གོ་ཐུབ་པ་དང་། དེས་སྐད་ཆ་ཤོད་རྒྱུར་ཡང་ཕན་ཐོགས་པ་ཡོད་པ་དེ་འདྲ་འབྲི་རོགས། དཔེར་ན། བཙུན་མོ་ཆེ་བས་ཆུང་བར་ཕྲག་དོག་བྱས། ཆུང་བས་བུ་གཅིག་བཙལ་ནས་མོ་རང་གི་བུ་ཡིན་ལབ། མིང་ལ་ཡུམ་བརྟན་བཏགས། ཅེས་ཚིག་སྒྲུབ་གསུམ་ནང་ལ་བྲིས་པ་ཡིན་ན། ཀློག་བདེ་བ་མི་འདུག་གམ། གཅིག་བྱས་ན་ལྷན་རྒྱས་བཞད་དགད་ཤོར་སྲིད། ཤོག་གྲངས་དེ་རང་ནང་། སྲས་གཉིས་ཀ་ཆེན་པོ་ཆགས་པའི་རྗེས་ལ་ནང་ཆོས་ལ་དགའ་པོ་བྱེད་མཁན་གྱི་བློན་པོ་རྣམས་ནས་(ཀྱིས་)རྒྱུ་མཚན་དང་གསལ་བཤད་གནང་ནས་རིམ་བཞིན་ནང་ཆོས་ཉམས་གསོ་གནང་བ་རེད། ཅེས་བྲིས་འདུག ཚིག་སྒྲུབ་རིང་པོ་ག་ཚོད་མི་འདུག་གམ། ངས་སྔོན་ལ་ཞུས་ཟིན་པ་ལྟར། ལྷན་རྒྱས་ཀྱིས་སློབ་དེབ་གཞན་ནང་ལ་ཡོད་པ་བཤུས་པ་ཙམ་ལས། བྱང་ཨ་རིའི་བོད་ཕྲུག་ཚོའི་ཤེས་ཚད་དང་། སེམས་ཁམས། ལོ་ཚད། ཁོར་ཡུག་སོགས་ལ་གཞིགས་ནས་བྲིས་གནང་མི་འདུག སླད་ཕྱིན། དགོངས་པ་བཞེས་རོགས།  དེ་ནས་རྒྱལ་རབས་ལོ་རྒྱུས་སློབ་གལ་ཆེ་ཡང་། དེའི་སྔོན་ལ་བོད་ཀྱི་སྣོད་བཅུད་ཆགས་ཚུལ་དང་། བོད་ཀྱི་གྱོན་གོས་དང་། ཁང་བཟོ། ཁ་ལག སོགས་མི་རིགས་གཞན་དང་མི་འདྲ་བ་གང་ཡོད་པ་རྣམས་ནུབ་ཕྱོགས་ཡུལ་ཁག་ལ་ཡོད་པའི་བུ་ཕྲུག་ཚོར་སློབ་རྒྱུ་གལ་ཆེན་པོ་འདུག དཔེ་མཚོན་གཅིག་བརྗོད་ན། དེ་སྔ་ཞ་སྒབ་པ་མཆོག་ལ་༧རྒྱལ་བ་རིན་པོ་ཆེས་བོད་ཀྱི་སྣོད་བཅུད་ཆགས་ཚུལ་སྐོར་ལ་ཞིབ་ཙམ་སློབ་ཁྲིད་བྱེད་དགོས་པ་བཀའ་གནང་བྱུང་ཞེས་ཁོང་ཉིད་ཀྱིས་དཔེ་མཛོད་ཁང་ལ་སྲིད་དོན་རྒྱལ་རབས་སློབ་ཁྲིད་གནང་སྐབས་ཐོག་མར་གསུངས་ཡོད། དེ་མིན་དཔེ་མཚོན་གཅིག་བརྗོད་ན། དེང་སྐབས་ནུབ་ཕྱོགས་སུ་བོད་པའི་ཁ་ལག་ལབ་དུས་བོད་ཕྲུག་ཚོས་མོག་མོག ཞེས་ལབ་ནའང་། དེང་སྐབས་བལ་པོ་ཚོས་མོག་མོག་བལ་ཡུལ་གྱི་ཁ་ལག་ཡིན་ཟེར་ནས་བལ་པོའི་ཟ་ཁང་གི་མིང་ལ་མོག་མོག་ཟ་ཁང་ཟེར་པ་སོགས་བཏགས་ཡོད་སྟབས། བོད་ཕྲུག་ཆུང་ཆུང་ཚོས། རྒན་ལགས། མོག་མོག་ང་ཚོ་བོད་པའི་ཁ་ལག་མ་རེད་པས། ཅེས་འདྲི་མཁན་མང་པོ་ཡོང་གི་འདུག བོད་པའི་དམིགས་བསལ་ཁ་ལག་དང་། གྱོན་གོས། ཁང་པ་རྒྱབ་སྟངས། བོད་པའི་གཉེན་སྒྲིག་བྱེད་སྟངས་དང་། ཡོན་ཆབ་འབུལ་སྟངས། ཁ་བཏགས་འབུལ་སྟངས། ནང་ཆས་སྒྲིག་སྟངས་སོགས་སློབ་དེབ་ནང་ལ་འཇུག་རོགས། དེ་ཡང་བྱེད་སྒོ་དང་། གོ་བདེ་པོ། ཚིག་སྒྲུབ་ཐུང་ཐུང་སོགས་ནས་འབྲི་གལ་ཆེན་པོ་མཐོང་། མདོར་ན། སློབ་ཚན་ ༦ པ། ཁྲི་སྲོང་ལྡེའུ་བཙན་ནས་འུ་དུམ་བཙན་བར་། ཞེས་པ་དང་། སློབ་ཚན་ ༧ པ། བོད་སིལ་བུའི་དུས་རབས། ཞེས་པ་གཉིས་ཀ་རྒྱ་གར་ནང་གི་བོད་པའི་སློབ་གྲྭའི་སློབ་དེབ་ནང་གི་ཚིག་བརྗོད་དམ། རྒྱལ་རབས་དེབ་ཀྱི་ཚིག་བརྗོད་ཇི་བཞིན་པ་ལས། བྱང་ཨ་རིའི་ནང་ལ་སྐྱེས་འཚར་བྱུང་པའི་བོད་ཕྲུག་ཚོའི་ཤེས་ཚད་ལ་གཞིགས་ནས་གོ་བདེ་པོ། སྦྱོང་བདེ་པོ་རྩ་བ་ནས་ཉིད་ནས་བྲིས་མི་འདུག བྱུང་བའམ། ལོ་རྒྱུས་སློབ་དེབ་ནང་ལ་འབྲི་ཆོག་ལ། འབྲི་མཁན་མང་ཡང་། སློབ་ཕྲུག་གི་ཤེས་ཚད་ལ་གཞིགས་ནས་ཚིག་མང་ཉུང་དང་། བརྗོད་པ་ཐུང་ལ། གོ་བདེ་པོ་དེ་འདྲ་འབྲི་དགོས་ལ། ཨིན་ཡིག་ཐོག་ཡོད་པའི་ཕྲུ་གུའི་དེབ་དེ་ཚོའི་ནང་ལ་སྙན་གྲགས་ཆེ་བའི་མི་སྣའི་ལོ་རྒྱུས་དང་། ཨ་རི་དང་། སུད་སི་སོགས་ཀྱི་ལོ་རྒྱུས་ཕྲུ་གུའི་བློ་དང་འཚམས་པ་དེ་འདྲ་བྲིས་པ་མང་པོ་དཔེ་མཚོན་ལ་གཟིགས་རྒྱུ་ཡོད་རེད། དེས་མ་ཚད། ཨ་རིའི་ནང་ལ་ཨིན་ཡིག་སྐད་ཡིག་གཉིས་པའི་ངོ་བོར་སྦྱོང་མཁན་ཚོའི་ཆེད་དུ་ཨ་རིའི་ལོ་རྒྱུས་གོ་བདེ་པོ་དང་། བརྗོད་པ་ཐུང་ཐུང་བྲིས་པ་མང་པོ་ཡོད་པ་ལས། སྦྱོང་མཁན་གི་ཤེས་ཚད་ལ་མ་བལྟས་པར་ད་ལྟ་བྱང་ཨ་རིའི་སློབ་དེབ་ནང་ལ་ལེབ་བཤུས་བྱས་པ་ལྟ་བུ་དེ་འདྲ་ཡོད་མ་རེད། ལེགས་བཤད་བྱིས་པའི་ཁ་ལ་ཡང་ཉོན། ཞེས་པ་ལྟར་ང་ཚོས་གཞན་གྱི་ལེགས་ཆ་བསྡུ་ལེན་གྱིས་རང་ཉིད་ལེགས་སུ་འགྲོ་རྒྱུར་འབད་བརྩོན་གནང་གལ་མཐོང་། སྦྱོང་ཚན་ནང་ལ་དྲི་བ་བཟོ་སྟངས་ཡང་། དྲི་བ་གཅིག་དང་། ལན། ཀ ཁ ག ང གདམ་ཀ་བྱ་རྒྱུ་དེ་འདྲ་བྲིས་པ་ཡིན་ན། དྲི་བ་དྲི་ལན་དེ་རིགས་ཨ་རིའི་ནང་ལ་ཡོངས་གྲགས་ཆགས་ཡོད་སྟབས། ཕྲུ་གུ་ཚོས་གོམས་གཤིས་ཆགས་ཡོད་པས་སྟབས་བདེ་བ་དང་། དཀའ་ལས་ཁག་སྣང་མི་ཡོང་པར་ཁྱད་པར་ཆེན་པོ་མེད་དམ་སྙམ།

ཤོག་གྲངས་ ༣༤ སློབ་ཚན་ ༨ པ། ཕྲུ་གུའི་མཉམ་དུ་སྒྲུང་བཟོ་སྟངས། ཞེས་བྲིས་འདུག སྒྲུང་བཟོ་བ། ཞེས་པ་བོད་སྐད་ཐོག་བཤད་སྲོལ་ཧ་ལམ་ཡོད་ཀྱི་མ་རེད། དེ་ནི་ཨིན་སྐད་ནང་ལ་བསམ་བློ་བཏང་ནས་ཐད་བསྒྱུར་བྱས་པའི་རྣམ་པ་མངོན། བོད་སྐད་དང་བོད་ཡིག་ནང་ལ། སྒྲུང་འབྲི་སྟངས། སྒྲུང་ཤོད་སྟངས། ཟེར་པ་དེ་རིགས་ལེགས་པ་མེད་དམ། ཨིན་སྐད་ཐད་བསྒྱུར་བྱས་ན་སྐད་ཡིག་སོ་སོའི་འགྲོ་སྟངས་ཆ་ནས་སྐབས་རེ་མི་བདེ་བ་ཡོད། དཔེ་མཚོན་གཅིག་ནི། ཨ་ཅག་རྙིང་པ་གཅིག་གིས་དེབ་རྒྱགས་པ་འཁྱེར་ནས་འགྲོ་ཡི་འདུག ཅེས་ཨིན་སྐད་ཐད་བསྒྱུར་བྱས་པར་བརྟེན་ནས་བྱུང་པའི་དགོད་གཏམ་དེ་ཡིད་ལ་འཁོར། དེ་ནས་སློབ་ཚན་དེ་ནི་གླེང་མོལ་གྱི་རྣམ་པའི་ཐོག་ནས་བྲིས་འདུག གླེང་མོལ་ཡིན་ན། ཁ་སྐད་གང་ཐུབ་ཀྱིས་འབྲི་གལ་ཆེན་པོ་མཐོང་། དཔེར་ན། ཡིན་ནམ། ཞེས་དྲི་བ་འདྲི་སྐབས། ཡིན་པས། ཞེས་ནམ་རྒྱུན་བཀའ་མོལ་གནང་སྐབས་ཀྱི་ཚིག་བེད་སྤྱོད་གནང་ཐུབ་པ་ཡིན་ན་ཡག་པོ་མཐོང་། དེ་སྔ་ཨ་རིའི་ནང་ལ་སྐྱེས་འཚར་བྱུང་པའི་ཕྲུ་གུ་གཅིག་གིས། རྨོ་ལགས། ཕེབས་ཀྱི་ཡིན་ནམ། ཞེས་དྲིས་པར་འཁྲིས་ལ་ཡོད་པའི་མི་ཚོས་དགད་མོ་ཤོར་པ་དང་། ཕྲུ་གུ་དེས། བོད་སྐད་གཙང་མ་རྒྱབ་པ་ཡིན། ག་རེ་བྱས་ནས་དགད་མོ་ཤོར་ཡོད་དམ། ཞེས་ཅེས་བསྐྱར་དུ་དྲི་བ་དྲིས་པའི་གནས་སྟངས་དངོས་སུ་བྱུང་ཡོད། སྐད་ཆ་ཤོད་དུས་དྲི་བའི་རྟགས་མཚོན་པ། གམ་ངམ་དམ་ སོགས་ང་ཚོ་མི་རྒན་པ་ཚོས་ཀྱང་བེད་སྤྱོད་བྱེད་ཀྱི་མེད་པས། གླེང་མོལ་གྱི་རྣམ་པའི་ཐོག་ནས་སློབ་ཚན་འབྲི་སྐབས་གང་འདྲ་འབྲི་དགོས་མིན་ཐུགས་བསམ་བཞེས་རོགས།

ཤོག་གྲངས་ ༣༥ ནང་། ག་བ་ལ་ཕྱིན་པ་རེད། ཅེས་བྲིས་འདུག ག་པར་ཕྱིན་པ་རེད། ཅེས་འབྲི་རྒྱུ་ལས། ག་བ་ལ། ཞེས་པའི་ཚིག་ཡོད་དམ། ག་བ། རེད་དམ། ཡང་ན། ག་པར། རེད། དེ་ནས་ཤོག་གྲངས་དེ་རང་ནང་ལ། ཤིང་ནགས་ལ་ཕྱིན་པ་རེད། ཅེས་བྲིས་འདུག བཀའ་མོལ་དེ་འདྲ་གནང་སྲོལ་ཡོད་དམ། ཤིང་ནགས་དཀྱིལ་ལ་ཕྱིན་པ་རེད། ཡང་ན། ནགས་ཚལ་ནང་ལ་ཕྱིན་པ་རེད། ཅེས་འབྲི་མི་དགོས་སམ། ཤིང་ནགས་ལ་ཕྱིན་པ་རེད། ཟེར་དུས་བོད་སྐད་བཤད་གྲོས་ལ་མི་བདེ་བ་མཐོང་། གང་ཡིན་མཁྱེན་ལྡན་རྣམ་པས་གཟིགས་རོགས། དེ་ནས་ཤོག་གྲངས་ ༣༦ ནང་། དེ་ནས་གང་བྱས་པ་རེད། ཅེས་པའི་ཚབ་ལ། དེ་ནས་ག་རེ་བྱས་པ་རེད་པས། ཅེས། གང་། གི་ཚབ་ལ། ག་རེ་། ཞེས་བྲིས་པ་ཡིན་ན་ཕྲུ་གུ་ཚོས་གོ་བདེ་བ་དང་བེད་སྤྱོད་མང་པོ་བྱེད་ཀྱི་རེད། ཤོག་གྲངས་དེ་རང་ནང་ལ། ནེ་ཙོས་གང་བྱས་སམ། ཞེས་པའི་ཚབ་ལ། ནེ་ཙོས་ག་རེ་བྱས་པ་རེད་པས། ཞེས་བྲིས་ན་ཕྲུ་གུའི་ཀློག་བདེ་བ་དང་། ཕྲུ་གུའི་སེམས་ཁམས་དང་མཐུན་པ་ཡོད། དེ་ནས་ཤོག་གྲངས་ ༣༧ ནང་། མགར་བ་ལ་གང་སྨྲས་སམ། ཞེས་བྲིས་འདུག སློབ་ཚན་དེ་གླེང་མོལ་ལམ། ཁ་བརྡའི་ཐོག་ནས་བྲིས་ཡོད་པས། ནམ་རྒྱུན་དེ་རིགས་ཡིག་སྐད་ནང་ལ་མ་གཏོགས་ཁ་སྐད་ཐོག་འབྲི་ཡི་མ་རེད། དེ་ལས། མགར་བ་ལ་ག་རེ་བཤད་པ་རེད་པས། ཞེས་བྲིས་པ་ཡིན་ན་ཕྲུ་གུའི་ཤེས་ཚད་དང་མཐུན་པ་ཡོད། སྨྲས། ཞེས་པའི་ཚིག་དེ་ནི་ནམ་རྒྱུན་ཁ་སྐད་ལ་ཧ་ལམ་བེད་སྤྱོད་བྱ་ཡི་མ་རེད། དེ་ནས་ཤོག་གྲངས་ ༣༨ ནང་། སེང་གེས་ཉན་འཇོག་མ་བྱས་པར། ཞེས་བྲིས་འདུག དེ་ལས། སེང་གེས་མ་ཉན་པར། ཞེས་བྲིས་ན་ཀློག་མཁན་ནམ་སྦྱོང་མཁན་ཕྲུ་གུས་ཀློག་བདེ་བ་དང་། གོ་བདེ་བ་ཡོད། ཤོག་གྲངས་ ༤༠ ནང་། རི་མོ་བལྟས་ནས་སྒྲུང་ཞིག་བྲིས། ཅེས་བྲིས་འདུག རི་མོ་ལ་བལྟས་(གཟིགས་)ནས་སྒྲུང་འབྲི་རོགས། ཞེས་འབྲི་ན་ལེགས་པར་མཐོང་། ལ་དོན་གྱི་ཕྲད་ཡོད་ན་གོ་བདེ་བ་ཡོད་ལ། བྲིས་ཞེས་པའི་ཚིག་གིས་བཀའ་བཏང་པ་ལྟ་བུ་གོ་བས། དེ་ལས་འབྲི་རོགས་ཞེས་བརྗོད་ན་སློབ་ཕྲུག་ལ་གུས་བརྩི་ཆེ་བ་མངོན། ནུབ་ཕྱོགས་སུ་སློབ་ཕྲུག་ཚོར་ཧ་ཅང་བསྟུན་མཁས་བྱ་དགོས་པ་མཁྱེན་པར་མཚལ། རི་མོ་ལ་བལྟས་ནས་སྒྲུང་འབྲི་རོགས་ཞེས་པའི་སྦྱོར་བརྡར་དེ་རིགས་ཧ་ལས་པའི་ཡག་པོ་འདུག ཐུགས་རྗེ་ཆེ། ཡིན་ནའང་། སྣུམ་འཁོར་གྱིས་བརྡབ་སྐྱོན་དང་སྨན་ཁང་ནང་ལ་ལུས་པ་སོགས་ཀྱི་རི་མོ་ཕྲུ་གུའི་སེམས་ཁམས་དང་ཞེ་དྲག་མ་མཐུན་པས། དེ་ལས་དྲག་སྤྱོད་རིགས་མེད་པའི་རི་མོ་སྤྲོ་སྣང་ལྡན་པ་དེ་འདྲ་སློབ་དེབ་ནང་ལ་འཇུག་གལ་མཐོང་།

ཤོག་གྲངས་ ༤༡ ནང་། གྲོགས་པོ་ནེ་ཙོ་དང་སྤྲེའུ། ཞེས་བྲིས་འདུག སློབ་དེབ་ནང་ལ་ནེ་ཙོ་དང་སྤྲེའུ་མི་སྣར་བཀོད་ནས་སྒྲུང་དང་གླེང་མོལ་མང་པོ་བྲིས་འདུག གཅིག་བྱས་ན་སློབ་དེབ་རྩོམ་སྒྲིག་གནང་མཁན་ཚོ་ཤེས་རིག་ལས་ཁུངས་སམ། བཞུགས་སྒར་དྷ་སར་བཞུགས་ཡོད་སྟབས་སྤྲེའུ་མང་པོ་གཟིགས་རྒྱུ་ཡོད་པས་མིན་ནམ། ཡིན་ནའང་། ཨ་རིའི་ནང་ལ་ཕྲུ་གུ་ཚོས་སྤྲེའུ་མང་པོ་མཐོང་རྒྱུ་ཡོད་མ་རེད། དེ་ནས་མ་འོངས་པར་སྒྲུང་གི་ནང་ལ། ཁྱི་དང་། ཞི་མི། སོགས་མི་སྣར་བྲིས་པ་ཡིན་ན། ཨ་རིའི་ནངལ་ཕྲུ་གུ་མང་ཆེ་བས་ཁྱི་དང་ཞི་མི་གཅེས་ཉར་སྲོག་ཆགས་ལ་ཉར་ནས་དགའ་པོ་བྱེད་ཀྱི་ཡོད་པས། སེམས་ཐག་ཉེ་བ་དང་། འཆར་སྣང་སྐྱེ་སླ་བ་ཡོད་ངེས། བསམ་ཚུལ་ཡིན། དགོངས་དཔྱད་གནང་རོགས། ཤོག་གྲངས་དེ་རང་ནང་ལ། སྤྲེའུ་གཉིས་དགའ་ཐག་ཆོད་ནས། ཁོ་གཉིས་ཀྱི་ཁ་ནས་རང་དབང་མེད་པར། ཨ་ཧ་ཧ་ ་་་ ཞེས་བྲིས་འདུག དགའ་ཐག་ཆོད་པའམ། གནས་ཚུལ་གཅིག་གི་ཐོག་ལ་བསམ་ཤེས་ཀྱིས་ངེས་ཤེས་རྙེད་སྐབས། ཁ་ནས། Aha ཨ་ཧ། ཞེས་རྣམ་འགྱུར་སྟོན་སྟངས་དེ་རིགས་ཕྱི་ལུགས་ཨིན་སྐད་སོགས་ནང་ལ་ཡོད་པ་ལས། བོད་སྐད་ཐོག་ཡོད་པའི་རྣམ་འགྱུར་སྟོན་སྟངས་གཅིག་མ་རེད། བོད་སྐད་ནང་ལ་ཧང་སངས་པ་དང་། ངེས་ཤེས་རྙེད་པའི་སྐབས་སུ། ཨ་ལས། ཨ་མ། ཨ་མ་མ། འོ་ཛི་ལ། དཔེ་ལ། དཔེ་སྲིད་མདོག་མེད། ཡིན་གྱི་མ་རེད། ཨ་ལ་ལ། སོགས་ཡོད་པ་རེད། གལ་སྲིད་ནོར་ཡོད་ན་དགོངས་གལ་མེད་པ་ཞུ། ཤོག་གྲངས་ ༤༣ ནང་། ཕ་མ་དང་མཉམ་དུ་གླེང་མོལ་བྱས་ནས་སྒྲུང་ཐུང་ཞིག་འབྲི་ཐུབ་པ་གྱིས། ཞེས་སྦྱོང་ཚན་ནང་ལ་བྱེད་སྒོའི་རྣམ་པ་གཅིག་བྲིས་འདུག དེ་རིགས་མང་ཙམ་བཟོ་རོགས། ཨ་རིའི་ནང་ལ་དགེ་རྒན་གྱིས་སློབ་ཁྲིད་བྱས་པ་ལས་མང་བ་ཕྲུ་གུ་སོ་སོར་བྱེད་སྒོ་དང་། ལས་གཞི་སྤྲད་ནས་སྦྱོང་དུ་བཅུག་པའི་ལུགས་སྲོལ་བཟང་པོ་གཅིག་ཡོད་སྟབས་བོད་ཀྱི་སྐད་ཡིག་ཀྱང་བྱེད་སྒོའི་ལམ་ནས་སྦྱོང་དུ་བཅུག་པ་ཡིན་ན། སློབ་མ་དབུས་བཞག་གི་སློབ་ཁྲིད་ཐབས་ལམ་ཚད་ལྡན་ཡོང་རྒྱུར་ཕན་ཐོགས་ཆེ། དེ་མིན་བོད་ཡིག་དགེ་རྒན་མང་ཆེ་བས་དཔེ་ཁྲིད་གནང་བ་ལྟར། སློབ་ཕྲུག་ལ་དུས་ཚོད་དེ་ཙམ་མ་སྤྲད་པར་དགེ་རྒན་གྱིས་འཛིན་གྲྭའི་དུས་ཚོད་ཆ་ཚང་ངམ་མང་ཆེ་བ་བེད་སྤྱོད་གཏོང་གི་ཡོད། ཕྲན་ཨ་རིར་དགེ་རྒན་འོས་སྦྱོང་བྱེད་སྐབས། ཐོག་མའི་རྩ་འཛིན་ནི་སྐད་ཡིག་དགེ་རྒན་གྱིས་འཛིན་གྲྭ་དུས་ཚོད་བརྒྱ་ཆ་ ༡༠ ལས་མང་བ་བེད་སྤྱོད་མི་བྱེད་པར་སློབ་ཕྲུག་ཚོར་དུས་ཚོད་མང་བ་སྤྲོད་དགོས་པ་དང་། དེ་ཡང་བྱེད་སྒོ་དང་ལས་གཞི་འདྲ་མིན་བརྒྱུད་ནས་སློབ་ཕྲུག་གི་སྐད་ཡིག་རྩལ་བཞི་ཡར་རྒྱས་ཡོང་ཐབས་བྱེད་དགོས་པའི་ལམ་སྟོན་ཐོབ་བྱུང་། དེ་རིང་འབྲི་མཚམས་འདིར་འཇོག་གི་ཡིན། མཚོ་འགྲམ་ལ་ཡོད་པས་ཆུའི་ནང་ལ་འཛུལ་དགོས་ཡོད། རྗེས་སུ་མཇལ་ཡོང་། ཐུགས་རྗེ་ཆེ།

མུ་མཐུད་འགོད་རྒྱུ།

ངོ་སྤྲོད།, བསམ་ཚུལ།

Post navigation

Previous Post: ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ།
Next Post: Next Post

Comment (1) on “ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གསུམ་པ།”

  1. གཞུང་པ་ཚེ་དབང་བསོད་ནམས། says:
    2025-06-24 at 8:06 am

    གསུམ་པ་ཆ་ཚང་ཀློག་པ་ཡིན། ཁྱེད་ཀྱིས་གསུང་པ་བཞིན་ཕྲུ་གུའི་བརྒྱུད་ལ་ཤེས་ཡོན་འཇགས་ཐུབ་པའི་རྨངས་གཞི་བཞི། ༼ Four Basic Foundation of Education ༽ 1 Listening Power. ཉན་རྩལ། 2 Speaking Powder. བཤད་རྩལ། 3. Reading Power. ཀློག་རྩལ། 4 Writing Powder. འབྲི་རྩལ། བཅས་ཕྲུ་གུ་འཛིན་གྲ་དང་པོ་ནས་ཉན་རྩལ་དང་། བཤད་རྩལ། ཀློག་རྩལ། འབྲི་རྩལ་ཚད་ལྡན་དགོས་པ་ཤིན་ཏུ་གལ་ཆེའོ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme