Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།

Posted on 2025-06-10 By ཁ་བརྡ་ 1 Comment on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།

བསྟན་འཛིན་གྲགས་པ།  (ཨ་རི།)

བོད་ཟླ་བཞི་པར་ས་ག་ཟླ་བ་འབོད་པ་དང་། བོད་བརྒྱུད་ནང་བསྟན་པ་ཚོས་དུས་རྒྱུན་དང་མི་འདྲ་བར་དགེ་བའི་ལས་ལ་འབད་ཁུལ་ལགས། ཕྲན་ཡང་ལོ་ལྟར་བཞིན་༧རྒྱལ་བའི་གསུང་རབས་ཀུན་གྱི་སྙིང་པོའི་དོན་བྱང་ཆུབ་ལམ་ཆེ་མོ་དང་། ཤེས་ཕྱིན་བརྒྱད་སྟོང་གཉིས་ཞལ་ཕྱེ་ཙམ་ཡིན་སྐབས་སུ། བྱང་ཨ་རིའི་སྐུ་ཚབ་དོན་ཁང་ནས་གནང་བའི་ཕྱག་བྲིས་ཤིག་བོད་རིགས་ཚོགས་པ་བརྒྱུད་ནས་འབྱོར་། གསལ་བསྒྲགས་དེའི་འགོ་བརྗོད་ལ། མཚུངས་མེད་བྱང་ཨ་རིའི་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་གཙོས་དབུས་པའི་རྒྱུན་ལས་དང་།  གཟའ་མཇུག་སློབ་གྲྭའི་འབྲེལ་ཡོད་ལྷན་རྒྱས་ལ། ཞེས་བྲིས་འདུག དེ་ནས་ཡི་གེའི་ནང་དོན་ལ། ད་ལམ་ཤེས་རིག་ལས་ཁུངས་ནས་བསྐྱར་དུ་འཛིན་རིམ་བདུན་པ་དང་བརྒྱད་པའི་སློབ་དེབ་རགས་ཟིན་ ( PDF ནང་ཡོད་པའི་རགས་ཟིན་འདི་མཉམ་སྦྱར་ཡོད།) ལ་བྱང་ཨ་རིའི་གཟའ་མཇུག་སློབ་གྲྭའི་དགེ་རྒན་རྣམས་ཀྱི་དགོངས་ཚུལ་ཇི་ཡོད་བསྡུ་རུབ་ཀྱིས་ཕྱི་ཟླ་ ༦ ཚེས་ ༢༤ འགྱངས་མེད་འབུལ་དགོས་པ་དང་།  ཕྱི་ཟླ་བདུན་པའི་ཟླ་མཇུག་ཏུ་སློབ་དེབ་པར་ཁང་དུ་བསྐྱལ་ཏེ་རོགས་དངུལ་གྱི་དུས་བཅད་ལྟར་པར་སྐྲུན་བྱེད་རྒྱུ་ཡིན། ཞེས་བྲིས་འདུག ཡི་གེའི་ནང་དོན་དང་འབྲི་སྟངས་ལ་གཞིགས་ན། དགོངས་ཚུལ་བསྡུ་བ་ཙམ་ལས་ཧ་ལམ་གཏན་འཁེལ་ཟིན་པ་དང་། དཔར་ཁང་ལ་ཡང་སྐྱེལ་གཏན་འཁེལ་ཚར་པ། ཁ་ཕངས་ལག་འཕྱིས་གནང་ས་ཙམ་ལས་བསམ་ཚུལ་ཕུལ་ཡང་དེ་ཙམ་དགོས་དོན་ཨེ་ཡོད་བསམ་པ་གཅིག་བྱུང་། གཉིས་ནས་གསལ་བསྒྲགས་དེ་སྔ་ནས་གཏོང་ཐུབ་ཡོད་ན། ས་ག་ཟླ་བར་༧རྒྱལ་བ་བཀའ་དང་རྗེས་འཇུག་མཁས་པས་བརྩམས་པའི་བསྟན་བཅོས་སོགས་ལ་བསླབ་པ་སློབ་གཉེར་བྱ་རྒྱུར་བར་ཆད་མི་ཡོང་བར་ཕན་ཡང་། ཏག་ཏག་ས་ག་ཟླ་བའི་དུས་ཚོད་རང་ལ་གནང་བ་དེ་ལ་ཡང་གོང་རིམ་ཤེས་རིག་ལས་ཁུངས་ནས་དགོངས་པ་རླབས་ཆེན་བཞེས་པ་ཡིན་སྲིད། དཔར་བསྐྲུན་གནང་ཁར་འཁྱུག་ཙམ་རིང་གཟའ་མཇུག་བོད་ཡིག་སློབ་གྲྭའི་བསམ་འཆར་བསྡུ་ཁུལ་གནང་བ་དེ་ཡང་། འདས་པའི་གནས་ཚུལ་ལྟར་གྲོས་ཚོགས་ནང་བཀུར་འོས་སྤྱི་འཐུས་རྣམ་པས་དག་ནོར་ཚིག་ནོར་དམིགས་བསལ་བརྗོད་བྱ་འགོད་སྟངས་དང་འདེམས་སྟངས་སོགས་ལ་ནོར་འཁྲུལ་བྱུང་བ་དང་། དམིགས་བསལ་སློབ་ཕྲུག་གི་ཤེས་ཚད་དང་། ལོ་ཚད། སེམས་ཁམས་དང་མི་མཐུན་པའི་གནས་ཚུལ་རིགས་བྱུང་བར་བཀའ་བཀྱོན་ཕོགས་ན་རྩོམ་སྒྲིག་པ་དང་ཤེས་རིག་ལས་ཁུངས་ནས་ཁ་ཕངས་ལག་འཕྱིས་བྱེད་ས་གཟའ་མཇུག་སློབ་གྲྭ་ཁག་ནས་བསམ་ཚུལ་བསྡུ་རུབ་བྱས་པ་ཟིན་ཟེར་རྒྱུར་དམིགས་པ་མིན་ནམ་བསམ། དེ་ལྟར་མིན་པའི་རེ་བ་ཡིད་ཆེས་ཡོད།

དེ་ནས་དགའ་འོས་པ་གཅིག་ནི། མདུན་ཤོག་ནང་མར་། བོད་ཀྱི་སྐད་ཡིག་དང་རིག་གཞུང་སློབ་གྲྭའི་བོད་ཡིག་སློབ་དེབ། ཅེས་བྲིས་པ་ལས། གཟའ་མཇུག་སློབ་གྲྭའམ། གཟའ་མཇུག་བོད་ཡིག་སློབ་གྲྭ་ཅེས་བྲིས་མི་འདུག དེའི་ཐོག་ལ་དེ་སྔའི་ཤེས་རིག་བཀའ་བློན་པདྨ་དབྱངས་ཅན་ལགས་ཀྱིས་ནན་པོ་བྱས་ནས་གསུངས་པ་དེ་སྔ་ཁོང་བཀའ་བློན་ཡིན་སྐབས་ཨ་རིར་ཐེངས་གཅིག་མཇལ་སྐབས་གསུངས་པ་དེ་དྲན། ཁོང་གི་སྐབས་དུས་སུ་ ༢༠༡༩ ལོར་བསླབ་གཞི་རྩ་འཛིན་གཅིག་གཏན་འབེབས་དང་ནིའུ་ཡོག་ལ་དབུ་འབྱེད་ཟབ་སྦྱོང་གནང་བ་གཅིག་ཀྱང་བྱུང་ཡོད། འོ་ན། བསླབ་གཞི་རྩ་འཛིན་དེ་ཕྱག་བསྟར་གནང་ཐུབ་མཁན་ག་ཚོད་ཡོད་དམ། ད་བར་ཤེས་རིག་ལས་ཁུངས་ནས་བསླབ་གཞི་རྩ་འཛིན་དེ་ལག་བསྟར་ཐུབ་མིན་དང་། འོས་མིན། བསྐྱར་བཅོས་སོགས་གནང་བ་བྱུང་ཡོད་དམ།

ད་ལྟ་གཟའ་མཇུག་སློབ་གྲྭར་དགོངས་འཆར་བསྡུ་རྒྱུ་ཞེས་པའི་སློབ་དེབ་གི་ཐོག་ལ། བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ཀྱིས་བསྐྱར་ཞིབ་དང་གཏན་འབེབས་བྱས། ཞེས་བྲིས་འདུག ཤེས་རིག་ལས་ཁུངས་ནས། ཞེས་བྲིས་ན་ལེགས་པ་དང་། གང་ཟག་ལ། ཀྱིས་སོགས་བྱེད་སྒྲའི་ཕྲད་སྦྱོར་ན་ལེགས་པའི་བསམ་ཚུལ་གཅིག་དེ་སྔ་ནས་ཡོད་ལ། དེའི་ཐོག་འབུམ་རམས་པ་དགེ་བཤེས་རོང་པོ་བློ་བཟང་སྙན་གྲགས་ལགས་ཀྱིས་ཀྱང་ནན་གྱིས་གསུངས་མྱོང་པ་དྲན་ལམ་ན་གསལ། དེ་ནས་བསྐྱར་ཞིབ་དང་གཏན་འབེབས་བྱས། ཞེས་བྲིས་པས་འདས་ཚིག་ལ་གཞི་བྱས་ན་ཆ་ཚང་བ་ཚར་ཟིན་པ་དང་། དགེ་རྒན་ཚོའི་བསམ་ཚུལ་བསྡུ་རྒྱུ་ཞེས་པ་དེ་ཡང་རྣམ་འགྱུར་དང་ཁག་དཀྲི་བྱེད་ས་ཙམ་མིན་ནམ་བསམ་པའི་ཚོར་སྣང་སྔར་ལས་ཆེ་བ་བྱུང་།

དེ་ནས་དཀར་ཆག་ནང་ལ་བལྟས་པ་ཡིན། འཛིན་གྲྭ་བདུན་པའི་སློབ་དེབ་ཀྱི་དཀར་ཆག་ནང་ལ་བལྟས་པ་ཙམ་གྱིས་གསལ་པོ་མཐོང་ཐུབ་པ་ནི། སྐད་ཡིག་སློབ་དེབ་ཀྱི་ནང་ལ་སྐད་ཡིག་གི་རྩལ་བཞི་ཡར་རྒྱས་འགྲོ་བའི་ཐབས་ལམ་གཙོ་བོར་མ་དམིགས་པར་བརྗོད་དོན་གཙོ་བོར་དམིགས་ནས་སློབ་དེབ་སྒྲིག་པ་གསལ་པོ་མཐོང་ཐུབ་ཀྱི་འདུག བྱང་ཨ་རིའི་ནང་ལ་སྐྱེས་འཚར་བྱུང་བའི་བོད་ཕྲུག་ཚོའི་སེམས་ཁམས་དང་། ལོ་ཚད་མཐུན་པའི་སྒྲུང་གཏམ་གོ་བདེ་ལ། བརྗོད་དོན་གཟབ་པ་དེ་འདྲ་ཧ་ལམ་མེད་པ་ལྟ་བུ་རེད་འདུག ད་དུང་། ནུབ་ཕྱོགས་སུ་ཡོད་པའི་བུ་ཕྲུག་ཚོས་རྒྱུན་དུ་བེད་སྤྱོད་བྱ་ཐུབ་པའི་ཚིག་བརྗོད་དེ་འདྲ་ཧ་ལམ་མཐོང་རྒྱུ་མེད་པ་མ་ཟད། ཆོས་ཚིག་དང་། དེ་སྔའི་སྲོལ་རྒྱུན་སྒྲུང་གཏམ་བསྐྱར་དུ་སྒྲིག་སྦྱོར་བྱས་པ་ལས་ནུབ་ཕྱོགས་ཡུལ་ལ་སྐྱེས་འཚར་བྱུང་བའི་བོད་ཕྲུག་ཚོས་བེད་སྤྱོད་ཐུབ་པ་དང་། བེད་སྤྱོད་ཆེ་བའི་ཚིག་གསར་རིགས་འཁོད་པའི་སྒྲུང་གཏམ་གོ་བདེ་ལ་བེད་སྤྱོད་ཆེ་བ་དེ་འདྲ་གསར་རྩོམ་བྱས་པ་མ་མཐོང་། དཔེར་ན། ཨ་རིར་གནས་བཞུགས་རྒན་ནུབ་པ་འཆི་མེད་ལགས་ཀྱིས་ཁོ་རང་ཨ་རིའི་སློབ་གྲྭར་ཨིན་ཇིའི་རྩོམ་རིགས་སློབ་ཁྲིད་གནང་སྐབས། སློབ་དེབ་ནང་ལ་ཡོད་པའི་ཤེག་སི་པིར་གྱི་རྩོམ་ཡིག་སློབ་ཁྲིད་བྱེད་སྐབས་དེ་དུས་ཀྱི་ཁོར་ཡུག་གི་རྣམ་པ་བྲིས་པ་དེ་དག་ད་ལྟའི་ཕྲུ་གུའི་སེམས་ནང་ལ་འཆར་དཀའ་བས་སློབ་ཚན་ལ་སྤྲོ་སྣང་མེད་པ་མ་ཟད་ཁོ་ཚོས་སྦྱངས་ཟིན་པ་རྣསས་བེད་སྤྱོད་གཏོང་ས་མེད་པས་ཕན་ཐོགས་ཆུང་བས། རྒན་ལགས་ཁོ་རང་གིས། ལག་ཐོག་ཁ་པར་མེད་པའི་ཉིན་གཅིག ཞེས་པའི་རྩོམ་ཡིག་གཅིག་བྲིས་ནས་སློབ་ཁྲིད་གནང་བར་སློབ་ཕྲུག་ཚོས་དོ་སྣང་དང་སྤྲོ་སྣང་བྱས་པ་མ་ཟད། སློབ་ཚན་ནང་གི་ཚིག་སྦྱོར་དང་ཐ་སྙད་དེ་དག་ཁོ་ཚོས་བེད་སྤྱོད་གཏོང་ཐུབ་པ་མ་ཟད། སེམས་ཁམས་དང་ལོ་ཚད་ཚང་མ་དང་མཐུན་པས་སྐད་ཡིག་ཡར་རྒྱས་འགྲོ་རྒྱུར་ཕན་ཐོགས་ཆེན་པོ་བྱུང་སྐོར་གསུངས་པ་དྲན། སློབ་ཚན་སོ་སོ་དང་འབྲེལ་བའི་རང་གི་བསམ་ཚུལ་གཤམ་ལ་རིམ་པས་འབྲི་ཡི་ཡིན།

ཤོག་གྲངས་ ༥ པའི་ནང་། སློབ་ཚན། ༢ ཞེས་བྲིས་འདུག དངོས་གནས་བྱས་ན། སློབ་ཚན་གཉིས་པ། ཡང་ན། སློབ་ཚན་ ༢ པ། ཞེས་འབྲི་དགོས། བོད་སྐད་ནང་ལ། གཉིས། དང་། གཉིས་པ། བེད་སྤྱོད་གཏོང་སྟངས་མི་འདྲ་བ་རེད། སློབ་ཚན་ ༢ ཟེར་ན་སློབ་ཚན་མི་འདྲ་བ་ ༢ དང་། ཡང་ན། སློབ་ཚན་ཁག་ ༢ ཡོད་པར་གོ་ཡི་རེད། སློབ་ཚན་གཉིས་པ། ཞེས་ནི་སློབ་ཚན་གཅིག་དང་། སློབ་ཚན་དང་པོ་གཉིས་པ་བང་རིམ་སྒྲིག་པ་ལས་ཨང་གཉིས་པ་ལ་གོ་ཡི་རེད། ཨིན་སྐད་ནང་ལ་ཡང་ One དང་ First ཞེས་པ་གཉིས་བེད་སྤྱོད་གཏོང་ཕྱོགས་དང་གོ་བ་མི་འདྲ་བ་སྟེར་པ་དངོས་ཡོད་མ་ཡིན་ནམ། དེ་ནས་སློབ་ཚན་གཉིས་པའི་ནང་། ནང་པའི་བོད་བརྒྱུད་ནང་བསྟན་ཀྱི་དགེ་འདུན་པའི་ན་བཟའ་བཞེས་པ་ལ་རྒན་རིན་པོ་ཆེ་ཞེས་དང་། གནས་བརྟན་སྡེ་པའི་ན་བཟའ་བཞེས་པ་དགེ་ཕྲུག་གི་ཚུལ་དུ་བྲིས་གནང་པའི་རི་མོ་དེ་མི་བདེ་བ་བྱུང་། གཅིག་བྱས་ན་རི་མོ་འབྲི་མཁན་དང་རྩོམ་སྒྲིག་ཚོགས་ཆུང་ནས། ཐེག་པ་ཆེ་ཆུང་ཞེས་པའི་བསམ་བློ་གཏོང་སྟངས་གཞི་ལ་བཞག་ནས་བྲིས་ཡིན་ངེས་ཀྱང་། ༧རྒྱལ་བ་རིན་པོ་ཆེས། ཐེག་ཆེན་ཐེག་དམན་དང་། ཐེག་པ་ཆེ་ཆུང་ཞེས་པའི་ཚབ་ལ་ལེགས་སྦྱར་ཆོས་བརྒྱུད་འཛིན་པ་དང་པཱ་ལིའི་ཆོས་བརྒྱུད་འཛིན་པ་ཞེས་པའི་མཚན་འབོད་གནང་པའི་དགེ་མཚན་གསུངས་པ་ལས། བོད་བརྒྱུད་ནང་བསྟན་གི་དགེ་འདུན་པ་དགེ་རྒན་ཡིན་མདོག་དང་། གནས་བརྟན་སྡེ་པའི་ཆོས་བརྒྱུད་འཛིན་པའི་དགེ་འདུན་པ་དགེ་ཕྲུག་ཡིན་མདོག་གི་རི་མོ་དེ་འདྲ་མ་འབྲི་ན་ལེགས་པར་མཐོང་། ད་དུང་། སློབ་དེབ་ནང་ལ་ཆོས་ལུགས་དང་འབྲེལ་བའི་རི་མོ་དེ་རིགས་མི་དགོས་པ་ཧ་ཅང་གལ་ཆེན་ལ་མཐོང་གི་ཡོད། དེ་ཡང་དཔེ་མཚོན་གཅིག་དང་སྦྱར་ནས་ཁ་གསལ་ཙམ་འབྲི་འདོད་བྱུང་། དེ་སྔ་ཀྲོ་རོན་ཀྲོར་ after school program ཐོག་ནས་བོད་ཡིག་སློབ་ཁྲིད་གནང་མཁན་དགེ་རྒན་གཅིག་དང་ལྷན་དུ་བཀའ་མོལ་ཞུ་རྒྱུ་བྱུང་། ཁོང་གིས་གྲོང་ཁྱེར་འབྲེལ་ཡོད་ལས་ཁུངས་སུ་ཞུས་ནས་ཤེས་རིག་ནས་འདོན་སྤེལ་གནང་པའི་བོད་ཀྱི་སྐད་ཡིག་དང་རིག་གཞུང་སློབ་གྲྭའི་སློབ་དེབ་བསྐྱར་དུ་པར་བསྐྲུན་གནང་རྒྱུའི་དངུལ་འབོར་བཀའ་འཁྲོལ་ཞུས་པར་། བཀའ་འཁྲོལ་ཐོབ་ལ་ཉེ་སྐབས་སུ་སློབ་དེབ་ནང་ལ་སྟོན་པ་སངས་རྒྱས་ཀྱི་སྐུ་པར་དང་། སློབ་ཚན་ནང་ལ་སྐྱབས་འགྲོ་སོགས་ཆོས་ལུགས་དང་འབྲེལ་བའི་སློབ་ཚན་ཡོད་པ་འབྲེལ་ཡོད་ལས་ཁུངས་དེ་ནས་དོ་སྣང་བྱུང་བས་དཔར་བསྐྲུན་བྱ་རྒྱུར་རོགས་དངུལ་གནང་མི་འདུག ཁེ་ན་ཌ་ཙམ་མིན་པར་ནུབ་ཕྱོགས་ཡུལ་ཁག་གི་གཞུང་གི་སློབ་གྲྭའི་ནང་ལ་ཆོས་ལུགས་བྱེ་བྲག་པ་སློབ་ཁྲིད་མི་ཆོག་པའི་དམ་བསྒྲགས་ཆེན་པོ་ཡོད་སྟབས་སླད་ཕྱིན་དགོངས་པ་གཟབ་བཞེས་ཀྱིས་བོད་ཀྱི་སྐད་ཡིག་སློབ་དེབ་ནང་ལ་འཁྲིད་གཞི་གཙོ་བོ་སྐད་ཡིག་ཡར་རྒྱས་འགྲོ་བའི་སློབ་ཚན་རིགས་གང་མང་འགོད་སྤེལ་དང་། སློབ་ཚན་གྱི་ནང་དོན་ལས་ཚིག་སྦྱོར་དང་ཚིག་སྒྲུབ་སོགས་སློབ་ཁྲིད་ཀྱིས་འབྲེི་བཤད་ཉན་བཤད་ཀྱི་རྩལ་བཞི་ཡར་རྒྱས་ཡོང་རྒྱུར་སློབ་ཕྲུག་གི་སེམས་ཁམས་དང་མཐུན་ལ། བེད་སྤྱོད་ཆེ་བའི་ཐ་སྙད་ཡོད་པའི་སློབ་ཚན་གོ་སྒྲིག་གནང་གལ་ཆེ་བ་མཐོང་པས། སློབ་ཚན་གཉིས་པ། ས་ག་ཟླ་བ། ཞེས་པའི་ནང་ལ་ནང་པའི་དགེ་འདུན་པའི་རི་མོ་དེ་དག་ཡོང་མི་དགོས་པར། ཆོས་ལུགས་ཚབ་མཚོན་མི་སྣ་མིན་པར་བོད་པའི་སྐྱེས་པ་དང་བུད་མེད་བོད་ཆས་གྱོན་པ་དེ་འདྲ་འབྲི་ན་དགེ་མཚན་ཆེ་བ་དང་། སྐད་ཡིག་སྦྱོང་བར་རི་མོ་དེ་རིགས་ཀྱིས་སྐྱོན་དུ་མི་འགྲོ་པ་མ་ཟད། ༧རྒྱལ་བ་རིན་པོ་ཆེས་ནང་ཆོས་ལ་སློབ་སྦྱོང་མི་སྐྱ་ཕོ་མོ་ཚོས་ཀྱང་བྱེད་དགོས་པའི་བཀའ་སློབ་གནང་བ་སོགས་ཡོད་སྟབས། ནང་ཆོས་དང་ས་ག་ཟླ་བའི་སྐོར་བཤད་པར་ངེས་པར་དུ་དགེ་འདུན་པའི་རྣམ་པ་འབྲི་བ་བསམ་ཚུལ་གུ་དོགས་པ་དང་། གལ་སྲིད་མི་སྐྱ་ཕོ་མོའི་རི་མོ་བྲིས་ན་མ་འོངས་པར་སློབ་དེབ་ནང་ལ་ཆོས་ལུགས་ཀྱི་རྣམ་པ་མི་མངོན་པ་མ་ཟད། ནུབ་ཕྱོགས་སུ་སློབ་གྲྭ་ཚོགས་ཡུལ་མང་ཆེ་བ་ནི་གཞན་གྱི་སློབ་གྲྭ་དང་ཁང་པ་གཞན་སོགས་གཡར་ནས་ཚོགས་ཀྱི་ཡོད་སྐབས་ཚོགས་ཡུལ་ཨིན་ཇིའི་སློབ་གྲྭ་ཁག་གཅིག་གི་ནང་ལ་ཆོས་ལུགས་སློབ་རྒྱུར་དམ་བསྒྲགས་ཆེ་སྟབས་དགོངས་པ་ཆེ་བཞེས་གནང་གལ།

དེ་ནས་སློབ་ཚན་གཉིས་པ། དེ་རང་ནང་ལ། རྒན་རིན་པོ་ཆེ། ཞེས་བྲིས་འདུག རྒན་རིན་པོ་ཆེ། ཞེས་པའི་ཚིག་དེ་བྱང་ཨ་རིའི་ནང་ལ་ཡོད་པའི་བོད་ཕྲུག་ཚོས་སྦྱངས་ནས་ཤེས་ནའང་། བེད་སྤྱོད་གཏོང་ས་ཡོད་དམ། བོད་ཡིག་སློབ་གྲྭའི་དགེ་རྒན་ལ། རྒན་རིན་པོ་ཆེ་ཞེས་ཞུས་ན་འགྲིག་གམ། དངོས་གནས་བསམ་བློ་བཏང་ན། རྒན་རིན་པོ་ཆེ། ཞེས་པའི་ཚིག་དེ་རིགས་ནི་གདན་ས་གྲྭ་ཚང་ཁག་གི་ནང་ལ་བེད་སྤྱོད་གཏོང་ས་ཡོད་ན་མ་གཏོགས་མི་སྐྱའི་སྤྱི་ཚོགས་ནང་ལ་ཚིག་དེ་ཤེས་ནའང་བེད་སྤྱོད་གཏོང་ས་ཧ་ལམ་ཁག་པོ་རེད། མ་འོངས་པར། སློབ་དེབ་ནང་ལ་ཚིག་གསར་ནམ་རྒྱུན་བེད་སྤྱོད་ཆེ་བའི་རིགས་བེད་སྤྱོད་གནང་གལ་ཆེ་བ་མཐོང་། དེ་ནས་སློབ་ཚན་དེ་རང་གི་ནང་ལ། ས་ག་ཞེས་པ་ནི་སྐར་མ་ཞིག་གི་མིང་སྟེ། ཞེས་བྲིས་འདུག ལྷག་བཅས་ཀྱི་ཕྲད་དེ་རིགས་སྦྱོང་གལ་ཆེ་ཡང་། ས་ག་ཟླ་བ་ཞེས་པ་ནི་སྐར་མ་ཞིག་གིང་མིང་རེད། ཅེས་སྟེ་སྒྲའི་ཚབ་ལ་རེད་ཅེས་བྲིས་ན་ཚིག་སྒྲུབ་བམ། བརྗོད་པ་ཆ་ཚང་བ། མདོར་བསྡུས་པ། གོ་བདེ་བ་ཡོང་རྒྱུར་ཕན་ཐོགས་ཆེ་སྙམ། བརྗོད་པ་ཐུང་ལ་གསལ་པ་དང་། ཀློག་བདེ་ལ། གོ་ཡང་གོ་བདེ་པའི་བརྗོད་ཚིག་འབྲི་གལ་ཆེ་བར་མཐོང་།

དེ་ནས་ཤོག་གྲངས་ ༧ པ། སློབ་ཚན་དེ་རང་ནང་ལ། ལགས་སོ། རྒན་རིན་པོ་ཆེ། བཀའ་དྲིན་ཆེ་ལགས། ཞེས་བྲིས་འདུག བརྗོད་ཚིག་དེ་བྱང་ཨ་རིའི་ནང་ལ་ཡོད་པའི་བོད་ཕྲུག་ཚོས་སྦྱངས་ནས་བེད་སྤྱོད་བཏང་པ་ཡིན་ན་གང་འདྲ་ཆགས་པ་འདུག་གམ། དཔེར་ན། ཕྲུ་གུ་གཅིག་གིས་ཁྱིམ་ཚང་ནང་ལ་ཨ་མ་ལགས་དང་། རྨོ་མོ་ལགས་ཀྱི་མདུན་ལ། ལགས་སོ། ཨ་མ་ལགས། བཀའ་དྲིན་ཆེ་ལགས། ཞེས་བརྗོད་ན་གང་འདྲ་གོ་བ་འདུག་གམ། ང་ཚོས་ནམ་རྒྱུན་དེ་འདྲ་ལབ་ཀྱི་རེད་པས། ཁྱེད་རང་གི་ཕྲུ་གུས་ཁྱེད་རང་ལ་དེ་འདྲ་ལབ་ན་ཁྱེད་རང་དགའ་ས་རེད་པས། དམིགས་བསལ། ཐུགས་རྗེ་ཆེ། ཞེས་པ་དང་། བཀའ་དྲིན་ཆེ། ཞེས་པ་ལས། བཀའ་དྲིན་ཆེ་ལགས། ཞེས་བཀའ་དྲིན་ཆེ་ཡི་རྗེས་སུ་ལགས་སྦྱར་ནས་ཀྱི་རེད་དམ། བརྗོད་ཀྱི་ཨེ་རེད། ཕལ་ཆེར་མ་རེད། སློབ་དེབ་རྩོམ་སྒྲིག་གནང་མཁན་ཚོས་དགོངས་པ་ཆེ་བཞེས་གནང་གལ་མཐོང་།

རྩ་བའི་སློབ་ཚན་ ༢ པ། ས་ག་ཟླ་བ། ཞེས་པ་དེ་ནི་གླེང་མོལ་ཚུལ་དུ་ས་ག་ཟླ་བའི་སྐོར་འགྲེལ་བརྗོད་གནང་པའི་ཁུལ་རེད་འདུག ཡིན་ནའང་། ཕན་ཚུན་གླེང་མོལ་ལམ། སྐད་ཆ་བཤད་པའི་རྣམ་པ་ཙམ་ལས། ཚིག་བརྗོད་ཁག་ནི། ཡིག་སྐད་ཁོ་ན་ལས་ཁ་སྐད་ཧ་ལམ་ཉུང་ཉུང་དང་། བརྒྱ་ཆ་༩༠ ལྷག་ཡིག་སྐད་དང་། དེའི་ནང་ནས་ཆོས་སྐད་དམ་དཔེ་ཆའི་ཚིག་ཁོ་ན་རེད་འདུག དཔེར་ན། དགེ་བའི་ལས། ཕན་ཡོན། གང་ཡིན་ནམ། ཚེ་ཐར་། སྡིག་སྤོང་དགེ་སྒྲུབ། སྲུང་བརྩི་ཞུ་སྲོལ། སྐུ་བལྟམས་པ། རབ་ཏུ་བྱུང་བ། མྱ་ངན་ལས་འདས་པ། སོགས་ཁ་སྐད་མ་རེད་ལ། ཡིག་སྐད་ཙམ་མིན་པར་འགྲེལ་བརྗོད་མང་པོ་བྱེད་དགོས་པའི་ཚིག་རེད། དཔེ་མཚོན་གཅིག་བརྗོད་ན། ཕྲན་གྱི་སློབ་ཕྲུག་གཅིག་གིས་སྤུན་མཆེད་མང་པོ་འཛོམས་སར། རྨོ་མོ་ལགས་ཞལ་ལག་མཆོད་ཀྱི་ཡིན་ནམ། ད་ལྟ་མཆོད་ཀྱི་མ་ཡིན་ནམ། ཞེས་དྲིས་པར། ཉེ་འཁོར་ལ་ཡོད་པའི་སྤུན་མཆེད་རྒན་པ་ཚོས་དྲི་བ་འདྲི་སྟངས་དེར་དགད་མོ་ཤོར་སོང་ཞེས་བརྗོད་ཀྱི་འདུག སློབ་ཕྲུག་ཁོང་གིས་གང་བཤད་པ་རྣམས་ཡིག་སྐད་ལ་འགྲིག་ཀྱང་། ནམ་རྒྱུན་གླེང་མོལ་སྐབས་སུ་ཁ་སྐད་ཐོག་ནས་དྲི་བ་འདྲི་སྐབས། གམ་ངམ་དམ་སོགས་འདྲི་སྲོལ་མེད་པར། ཡིན་པས། ཡོད་པས། ཟེར་པ་སོགས་བེད་སྤྱོད་ཡོད་པས། མ་འོངས་པར་ཁ་སྐད་གླེང་མོལ་རིགས་སློབ་དེབ་ནང་ལ་འཇུག་སྐབས་གང་ཐུབ་ཀྱིས་ཁ་སྐད་ཐོག་ནས་བྲིས་ཚེ་སློབ་ཕྲུག་ཚོས་རྒྱུན་དུ་ཕ་མ་སྤུན་མཆེད་ལ་བོད་སྐད་ཤོད་སྐབས་ཕན་ཐོགས་ཆེ་བ་དང་། ལེགས་པ་ཡོད་པ་གདོན་མི་བཟའ། གོང་དུ་བརྗོད་པ་ལྟར། སློབ་ཚན། ༣ ཞེས་པའི་ཚབ་ལ། སློབ་ཚན་ ༣ པ། ཞེས་འབྲི་རོགས། དེ་ནས་སློབ་ཚན་ ༣ པ། དེ་ཡང་ཕན་ཚུན་གླེང་མོལ་ཚུལ་དུ་བྲིས་ཡོད་སྟབས། ཁྱོད་སུ་ཡིན་ནམ། ཞེས་པའི་འདྲི་ཚིག ཁ་སྐད་ཐོག་ནས། ཡིན་པས། ཟེར་འབྲི་བ་ཡིན་ན་སློབ་ཕྲུག་གིས་བོད་སྐད་ཤོད་དུས་ཕན་ཐོགས་ཆེ་བ་ཡོང་རྒྱུ་དང་། དེ་ནས། ཁྱོད། ཟེར་པའི་སྐབས་སུ། ཁྱེད། ཞེས་གང་ཐུབ་ཀྱིས་བེད་སྤྱོད་བཏང་པ་ཡིན་ན། སློབ་ཕྲུག་གིས། རང་ལས་རྒན་པ་དང་། རིན་པོ་ཆེ་སོགས་ལ། ཁྱོད། ཞེས་མི་ལབ་པར་གཞན་ལ་གུས་བརྩི་མཚོན་པའི་ཚིག ཁྱེད། ཞེས་འབོད་རྒྱུར་གོམས་གཤིས་འཇགས་ངེས། །

ཤོག་གྲངས་ ༡༢ ནང་། ང་དེར་མ་སོང་ན་ཡག་གི་རེད། ཅེས་བྲིས་འདུག དངོས་གནས་བྱས་ན། དེར་མ་འགྲོ་ན་ཡག་གི་རེད། ཅེས་བྲིས་ན་ལེགས་པར་མཐོང་། གཅིག་བྱས་ན་ངས་ལབ་པ་དེ་ནོར་ཡོད་སྲིད་པས་དགོངས་སེལ་གནང་རོགས། བྱེ་ཐང་གི་གྲུ་གཟེངས། ཞེས་པའི་སྒྲུང་དེའི་ནང་ལ། ཡོང་གྲགས་སེམས་ཅན་དེ་ལ། རྔ་མོང་ཟེར་པ་རྩ་བ་ནས་བྲིས་མི་འདུག ཡིན་ནའང་། དྲི་བའི་ནང་ལ། རྔ་མོང་གི་མིང་གཞན་ལ་གང་རེད་དམ། ཞེས་བྲིས་འདུག

དེ་ནས་ཤོག་གྲངས་ ༡༦ ནང་། ཁོ་ཡང་ཡ་མཚན་སྐྱེས་ཏེ། “འོ་ཛི། ད་དཔེ་བསགས་སོང་། ནམ་མཁའི་ཟླ་བ་ཆུའི་ནང་ལ་ཟགས་འདུག” ཅེས་སྐད་བརྒྱབ། ཅེས་བྲིས་འདུག ཐོག་མར་ང་ཚོས་ཤེས་དགོས་པ་ནི། “” རྟགས་དེ་ནི་བོད་ཡིག་དེབ་ནང་ལ་མ་འབྲི་ན་ལེགས། རྟགས་དེ་རིགས་མེད་པའི་ཐོག་ནས་སྐད་ཆ་བཤད་པ། དྲི་བ་དྲིས་པ། སོགས་ཤེས་ཐུབ་པ་སློབ་ཁྲིད་བྱེད་དགོས་པ་ལས། བོད་ཡིག་དེབ་ནང་ལ་སྔར་མེད་ཀྱི་རྟགས་དེ་རིགས་བྲིས་ན་དགེ་ལས་སྐྱོན་ཆེ། དེབ་གསར་པ་འབྲི་བ་ཡིན་ན་རྟགས་དེ་རིགས་འབྲི་ཐུབ་ནའང་། སྔར་གྱི་བཀའ་བསྟན་ཁག་ལ་རྟགས་དེ་རིགས་གསར་འཇུག་དཀའ་བས། མ་འོངས་པར་རྟགས་དེ་རིགས་མེད་པའི་དཔེ་ཆ་ཀློག་སྐབས་གོ་དཀའ་བ་དང་། དོགས་པ་སྣ་ཚོགས་ཡོང་གཞི་ལས་མ་འདས། ད་དུང་། གོང་གི་བརྗོད་ཚིག་ལས། ད་དཔེ་བསགས་སོང་། ཞེས་མ་བྲིས་པར། ད་དཔེ་བསགས་འདུག ཅེས་སོང་གི་ཚབ་ལ་འདུག་ཅེས་འབྲི་དགོས། བོད་སྐད་ཡག་པོ་ཤེས་མིན་ནི། སོང། འདུག ཡོད། ཅེས་སོགས་ཉེ་འགྱུར་གྱི་ཚིག་རྣམས་བེད་སྤྱོད་མ་ནོར་གཏོང་ཤེས་མིན་གལ་ཆེན་ཆགས་ཡོད་པ་ཀུན་ཤེས་ལགས་སོ། །

མུ་མཐུད་འགོད་རྒྱུ།

གསུང་བཤད།, བསམ་ཚུལ།, རྩོམ་རིག

Post navigation

Previous Post: ཨ་མའི་དཀའ་ལས་དང་བྱམས་བརྩེ།

Comments (1) on “ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།”

  1. གཞུང་པ་ཚེ་དབང་བསོད་ནམས། says:
    2025-06-10 at 7:06 pm

    ཆ་ཚང་ཀློག་པ་ཡིན། མུ་མཐུད་ནས་འགོད་རྒྱུའི་ནང་ཤེས་རིག་གི་ཡི་གེ་དེ་འདིར་འགོད་ཐུབ་ན་རྗེས་མ་མཆན་བཀོད་རྒྱུར་ཕན་པ་ཆེ། ཕྱོགས་གཉིས་ཀ་མ་མཐོང་ན་ཕྱོགས་གཅིག་ལ་གཞི་བཞག་ནས་མཆན་བཀོད་ན་ཁྲིམས་མཐུན་ཆགས་མི་ཐུབ། མུ་མཐུད་འགོད་རྒྱུའི་ནང་དོན་ཀློག་རྗེས་མཆན་འདེབས་ཆོག

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།
  • འབྲོང་བུ་སོག་ཚ། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (86)
  • ཨེ་ལི་སི། (53)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (41)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (30)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (21)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme