Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཤཱཀྱའི་ཆོས་སྨྲ་བ་ཞིག་གི་མི་ཚེ་བསྐྱལ་ཚུལ་མདོར་བསྡུས།

Posted on 2021-12-05 By འཚོ་བྱེད་བུ No Comments on ཤཱཀྱའི་ཆོས་སྨྲ་བ་ཞིག་གི་མི་ཚེ་བསྐྱལ་ཚུལ་མདོར་བསྡུས།

ངའི་མིང་ལ་འཇིགས་མེད་ཐེག་མཆོག་ཟེར། བོད་ཡུལ་མདོ་སྨད་ལྷོ་རྒྱུད་རེ་སྐོང་གསེར་མོ་ལྗོངས་ཞེས་བྱ་བའི་ཡུལ་གྱི་སྨད་པ་ཧ་ར་བ་དྷི་རུ་གོང་མའི་རྒྱ་ཚང་སང་དུ་སྤྱི་ལོ1954ལོའི་བོད་ཟླ6པའི་ཚེས13ཉིན་སྐྱེས། ངའི་ཕ་མ་གཉིས་ནི་རོང་འབྲོག་ཚོ་ལྔའི་ལེ་ལག་བྱང་ཆུབ་ཀྱི་ཡིན་ལ། ཡབ་རྗེ་སྐལ་ལྡན་རྒྱ་མཚོའི་ཉེ་གནས་བྱང་ཆུབ་མི་ལ་ཞེས་བྱ་བ་དེ་དང་ཤ་རུས་ཀྱི་འབྲེལ་བ་གཅིག་ཅིང་། རུས་ཁུངས་མགོ་ལོག་ཁྲོ་བོ་འབུམ་ཞེས་བྱ་བ་སྔ་འགྱུར་སྔགས་ཀྱི་སྒོ་ནས་གྲུབ་པ་ཐོབ་པ་དེ་ཉིད་ལས་མཆེད་པ་རེད།

དེ་ཡང་ངའི་ཕའི་མིང་ལ་འཕགས་པ་སྐྱབས་དང་། མའི་མིང་ལ་ཀླུ་མོ་བྱམས་ཟེར། ང་རང་སྐྱེས་པའི་ཚེ་ཕྲུ་མ་ཁྲ་བོ་ཞིག་གིས་བཏུམ་ནས་བཙས་པས་ཅུང་ཞིག་མིན་ན་ལྟས་ངན་ལྟ་མི་ཐུབ་པ་ཞིག་རེད་ཟེར་ནས་འཆི་རུ་བཅུག་པ་ཡིན་འདུག ང་སྐྱེས་རྗེས་ཨ་ཕ་ཀ་རིང་ཨེ་ཝཾ་དགའ་ཚལ་དུ་རྗེ་འཇིགས་མེད་རིགས་པའི་བློ་གྲོས་བཞུགས་པའི་དྲུང་སོང་སྟེ་ང་ལ་བུ་ཞིག་བཙས་ཡོད་པས་མིང་ཞིག་འདོགས་རྒྱུ་མཁྱེན་ཞུས་པར། ཁོང་གིས་བྱིས་པའི་མིང་ལ་རྡོ་རྗེ་ཚེ་བརྟན་ཐོགས། རང་མི་རང་ཁྱིམ་དུ་སླར་ཡང་ཕེབས་པ་འདུག་པས་རྣམ་འཇོམས་ཁྲུས་རིལ་འདི་འཐུང་དུ་ཆུག་ལ། ཁོང་རྡོ་རྗེ་འཆང་གི་ཕྱག་མདུད་འདི་སྐེར་ཐོགས་གསུངས་ནས་གནང་སྦྱིན་བཅས་བསྩལ། དེ་ལ་རྟགས་མཚན་ཞིག་ཡོད་པ་ནི་རྗེ་ངག་དབང་ཆོས་ལྡན་གྱི་ཞལ་སྔ་ནས་ཁྱིམ་གཞིས་འདིར་ཕེབས་ཏེ་ཉིད་ཀྱི་ཕ་རྒན་ལོ་དགུ་བཅུར་སོན་པ་ལ། ད་ང་རང་ལོ་གསུམ་རིང་མཚམས་ལ་འདུག་རྒྱུ་ཡིན་པས་ཚེ་འདིར་ངོ་ཐུག་པའི་རྗེས་མ་ཡིན་གསུངས་པ་དང་། རྗེ་ཉིད་མྱ་ངན་ལས་འདས་ཚུལ་གོ་བ་མཆོད་ཁང་དུ་མར་མེ་ཉིན་ཕྱེད་ཐུབ་པ་ཞིག་ཉིན་བདུན་རིང་འབར་མ་ཚར་ཞིང་། ང་བཙས་ཉིན་དེར་མར་མེ་དེ་ཕུལ་བ་ལ་ཉིན་ཞག་བདུན་ཐུབ་སོང་ཟེར། ངའི་འཕྲོ་ནས་ང་ལས་ལོ་གཉིས་ཀྱིས་ཆུང་བ་ནུ་བོ་གཡང་འབུམ་རྒྱ་མཚོ་སྐྱེས། བཟའ་མི་རྣམས་ཀྱིས་ང་ལ་བརྩིས་ཆེན་བྱས་ཀྱང་ངའི་ནུ་བོ་དེའི་རང་གཤིས་དང་སྤྱོད་པ་གང་ཐད་ནས་ང་ཁོ་ལ་མི་དོ། དེ་ལྟ་བུའི་མི་ཧ་ཅང་ཉུང་བ་ཡིན། ང་ལོ་བཞི་དང་ནུ་བོ་ལོ་གཉིས་ཀྱི་ཐོག་ཨ་མ་ཚེ་དུས་སུ་གྱུར། ཨ་ཕ་དམག་གིས་བཟུང་སྐབས་བྲོས་ནས་རི་འགོར་འཁྱམས་ཏེ་བསྡད་ཡོད། ཁྱིམ་ན་བཙུན་མ་དཀོན་མཆོག་སྒྲོལ་མ་དང་། ཨ་ཡེ་རིན་ཆེན་སྒྲོལ་མ། ཨ་ཅེ། ངེད་སྤུན་གཉིས་བཅས་ཡོད། ཁྱིམ་ཚང་ལ་གསར་བརྗེ་ངོ་རྒོལ་བའི་ཁྱིམ་ཞེས་ཡི་གེ་བྲིས་ཡོད་པར་མ་ཟད། ཟ་འཐུང་ལས་ཀ་གང་ཐད་ནས་མི་མང་གི་གྲས་སུ་ཚུད་ཀྱི་མེད། ང་རང་རྗེ་བཙུན་མ་དཀོན་མཆོག་སྒྲོལ་མས་བསྐྱངས་ཏེ་མོའི་བུ་ལྟ་བུར་གྱུར། ང་རང་ལོ་བཞི་ལྔའི་སྐབས་ང་ཀ་རིང་ལ་འགྲོ་རྒྱུ་ཡིན་ཟེར་བ་རྒྱུན་ལྡན་དུ་གྱུར་བས་རྒྱལ་སྲས་ཆེན་པོ་ངག་དབང་ཆོས་ལྡན་གྱི་རྣམ་ཤེས་ཡིན་རྒྱུ་རེད་ཅེས་གྲགས་པ་རེད། རྗེ་བཙུན་མ་ནི་རྗེ་ངག་དབང་ཆོས་ལྡན་གྱི་རིགས་ཀྱི་སྲས་མོ་ཡིན་ལ་སློབ་མའང་ཡིན་པས། ཁོ་མོ་ནས་ལོ་ལྔ་དྲུག་ནས་བཟུང་ང་ལ་ཡི་གེ་འབྲི་ཀློག་དང་། འདོན་ཆོས་སྤྱོད་རིམ་བཞིན་བསླབས་ཏེ། ང་རང་ལོ་བརྒྱད་ཀྱི་དུས་སུ་ཡི་གེ་འབྲི་ཀློག་དང་སྐྱབས་འགྲོ་ནས་བཟུང་བླ་མཆོད་དང་། སྨོན་ལམ་རྣམ་ལྔ། ལམ་རིམ་ཚིགས་བཅད་མ། བདེ་ལམ་ཤར་སྒོམ་སོགས་བློར་བཟུང་ཚར་ཞིང་། བརྐྱངས་ཕྱག་བརྒྱ་རེ་མ་ཆག་པར་འཚལ། ངའི་ཁྱིམ་ན་ཕྱེ་དང་སྣུམ་སོགས་མང་ཙམ་ས་འོག་ཏུ་སྦས་ཡོད་པས་ལྟོགས་སྐོམ་གྱི་སྡུག་མ་མྱང་། ལོ་བདུན་ནས་སློབ་གྲྭར་སོང་། རང་ལོ་དགུའི་སྟེང་རྗེ་འཇིགས་མེད་རིགས་པའི་བློ་གྲོས་སེངྒེ་གཤོང་མ་མགོར་ཕེབས་པ་ལ་ཐོག་མའི་མཇལ་ཁ་ཞུས། ཁོང་གིས་སྒྲ་རིག་པའི་བསྟན་བཅོས་ཀྱི་དཔེ་ཆ་དང་། མི་མང་དང་མཉམ་དུ་འཇམ་དཔལ་མཚན་བརྗོད་ཀྱི་ལུང་གསུངས་པ་ཉན། དེ་ནས་མཚན་བརྗོད་ཁ་ཏོན་དུ་བྱས་པ་ཡིན། ཨ་མ་འདས་རྗེས་ཨ་ཕ་ཡང་ཕྱིར་ཡུལ་དུ་ལོག་ཀྱང་འཛིན་བཟུང་མ་བྱས་པར་སྡེ་བའི་རྩིས་གཉེར་བ་བྱས། སྤྱིར་དྲུག་ཅུ་ཐམ་པའི་ལོ་ནས་མུ་གེ་ཡ་ང་བ་བྱུང་བས། ནངས་མོ་སློབ་གྲྭར་འགྲོ་སྐབས་སྡེ་བའི་མི་འགས་རང་སྐལ་ནང་ནས་བླུད་པ་དེ་ད་དུང་བརྗེད་མི་ཐུབ། ང་རང་ལོ་བཅུ་བཞི་ལ་བུད་སྐབས་རྗེ་བཙུན་མ་ཞིང་ཁམས་གཞན་དུ་གཤེགས། དེ་ཚེ་ཁོ་མོས་ང་ལ་བླ་མཆོད། སྨོན་ལམ་རྣམ་ལྔ། ལམ་རིམ་ཚིགས་བཅད་མ། བདེ་ལམ་ཤར་སྒོམ། རྒྱལ་སྲས་སྤྱོད་འཇུག་རྣམས་བློར་བཟུང་ཚར་བ་དང་། དེ་དག་གི་ལུང་ཡང་གསུངས་པ་རེད། ད་དུང་ངའི་ཁམས་དང་བསྟུན་ཏེ་ཀུན་བཟང་བླ་མའི་ཞལ་ལུང་དང་། ཀློང་ཆེན་སྙིང་ཐིག གུ་རུ་ལེ་བདུན་རྣམས་ཀྱི་ལུང་ཡང་གནང་། ཁོ་མོ་འདས་སྐབས་ང་རང་སྨད་པ་སློབ་གྲྭའི་དགེ་རྒན་བྱས་ཡོད་ལ། ཁོ་མོ་བོད་ལོའི་བཅོ་ལྔར་འདས་པས་ང་གནང་བའི་སྐབས་སུ་ཁེལ།

ཉིན་འགར་སྐུ་ཅུང་ཟད་མི་བདེ་བར་གྱུར་བས་དེ་ཉིན་དགུང་མོ་ངའི་རྨི་ལམ་དུ་བྱ་ངང་བ་དཀར་བོ་ཞིག་གནམ་ནས་ངེད་ཚང་གི་ཁང་ཐོག་ལ་བབས་པར་ངས་དེད་པ་ན་ཕྱིར་ནམ་མཁར་ཇེ་མཐོ་ཇེ་མཐོར་སོང་སྟེ་མི་མངོན་པར་གྱུར། དེ་ནས་ང་རང་རྗེ་བཙུན་མའི་གམ་དུ་སོང་བ་ན་ཁོ་མོ་ཡང་མི་འདུག་པ་ཞིག་རྨིས་མཚམས་ནས་སད་པ་ན། ཨ་རོ་ང་ལ་སྐྱེ་བདུན་རིལ་བུ་བླུད། ཁྱོད་ཀྱིས་ལམ་རིམ་ཐོན། ཨ་ཡེ་བོས། ཞེས་གསུངས་པ་ལྟར་བྱས་པ་ཡིན་ལ། དེ་ནས་སད་རྒྱུ་མ་བྱུང་། སྤྱིར་ཁོ་མོ་མཉམ་བཞག་ལ་བསྡད་ཚེ་ཉིན་ཞག་བཞི་ལྔ་རེ་མི་སད་པ་སོགས་རྒྱུན་ལྡན་ཡིན་ལ། དེ་ཡང་དམིགས་པ་གཏད་ཙམ་ནས་དབུགས་ཀྱང་ཆད་དེ་སྔར་ཇི་ལྟར་ཡོད་པ་དེ་ལྟར་དུ་གནས་པས། ངའི་བླ་མ་དགེ་བའི་བཤེས་གཉེན་ཚོས་ཀྱང་ཞི་གནས་ཐོབ་པ་རང་རེད་གསུངས། དེ་ཚེ་ང་ལ་ཟླ་བ་རེར་ཕོགས་སྒོར་མོ་བརྒྱད་ལས་མེད་མོད་ཀྱང་། རྗེ་བཙུན་མའི་དགེ་ཕྱོགས་སུ་བཏང་བའི་སྒོར200ཙམ་གྱི་དོམ་ཡོད་པ་དེ་ལོ་གཉིས་ཀྱི་རིང་ལ་ཕོགས་གསོག་སྟེ་བྱིན་པ་ལ་ད་ལྟའང་བཟང་སོང་སྙམ་པ་འདུག རྗེ་བཙུན་མའི་རྗེས་ནས་བླ་མ་ལ་བློ་བཟང་རྒྱ་མཚོ་རྣམ་གཉིས་བསྟེན་ཏེ་རྒྱལ་བའི་གསུང་རབ་ལ་ཐོས་བསམ་བྱེད་རྒྱུའི་མགོ་ཚུགས། ཁོང་རྣམ་པའི་བཀའ་དྲིན་ལ་བརྟེན་ནས་ཡུལ་མི་རྣམས་ཀྱིས་རྩིས་ཆེན་བྱས་པ་མ་གཏོགས། ང་རང་གི་སྒོ་གསུམ་གྱི་སྤྱོད་པ་མཐའ་དག་རང་གི་གཅུང་དེ་ལ་གཏན་ནས་མི་དོ། གཅུང་བོ་ནི་ཆེས་ཁེངས་བསྐྱུངས་དང་སེམས་རྒྱུད་འཇམ་ཞིང་སྤྱོད་པ་ཀུན་མཐུན་ཞིག་ལྷན་སྐྱེས་སུ་ཡོད་ལ། ང་ནི་བཅོས་མའི་མེ་ཏོག་གི་བཟོ་ལྟ་ལས་མེད། ཆོས་ཀྱི་བག་ཆགས་ཅུང་ཟད་ཡོད་པ་ནི་ད་ལྟ་བསམ་ན་གོམས་པའི་སྟོབས་ཀྱིས་བྱུང་བ་འདྲ་སྟེ། ངའི་ཁྱིམ་གྱི་གོམས་སྲོལ་ལ། ནངས་མོར་བསང་གཏོང་བ། གཙང་སྦྲ་བྱེད་པ། ཚ་བསུར་གཏོང་བ། མཆོད་ཁང་དུ་མཆོད་པ་བཤམས་པ་བཅས་ཚར་ནས་ཇ་ཕུད་མཆོད་དེ་ནངས་ཇ་འཐུང་། དགུང་མོ་དགུང་ཟས་ཟོས་ཚར་མ་ཐག་ནས་སྒྲོལ་འདོན་ལ། སྐྱབས་འགྲོ་བརྒྱ། རིགས་གསུམ་མགོན་པོའི་སྔགས་སྟོང་རེ། སྒྲོལ་མ་ཚར་ཉེར་གཅིག སྒྲོལ་དཀར་བསྟོད་པ། ག་ཏི་དང་ཏཱ་རེ་སྟོང་རེ་བཏོན་རྗེས་བྱ་མགྲིན་སྔོན་ཟླ་བའི་རྟོགས་བརྗོད་དང་། དྲི་མེད་ཀུན་ལྡན། རྗེ་མི་ལའི་རྣམ་ཐར་སོགས་བཤད་ཀྱི་ཡོད་པས་དགུང་མོ་ངེད་ཚང་ལ་མི་མང་བོ་འདུ་བ་ཡིན། ཉལ་ཁར་མཆོད་ཁང་དུ་མཆོད་མེ་ཕུལ་ཏེ་ཕྱག་འཚལ་ནས་དགེ་བསྔོ་འདོན་རྒྱུ་སོགས་འཆར་ཅན་ཡིན་པ་དེས་གོམས་སུ་བཅུག་པ་འདྲ། ང་ལོ་བཞིའི་དུས་སུ་སྐུ་ཕྱོགས་ཨ་རོལ་རྡོ་རྗེ་འཆང་གི་མདུན་ནས་ཐུགས་རྗེ་ཆེན་པོ་བཅུ་གཅིག་ཞལ་གྱི་དབང་ཐོབ་པ་དང་། དཔྱི་སའི་ཨ་ཁུ་བློ་གྲོས་ཚང་གི་མདུན་ནས་ཨ་རོལ་རྡོ་རྗེ་འཆང་གི་ལམ་ཁྲིད་ཀྱི་ཁྲིད་ཉན་པ་ནི་ཚེ་འདིའི་དབང་དང་ཁྲིད་ཀྱི་མགོ་མ་ཡིན། ཁྱད་པར་སྐྱབས་མགོན་བདུན་པའི་དྲུང་ནས་ཁོང་གི་ཚེ་རབས་རྗེས་འཛིན་གྱི་ལུང་ཉན་ཞིང་ཀ་ར་ཐུམ་ཆེ་བ་ཞིག་གནང་བ་ང་རང་ལོ་བཅུ་གསུམ་གྱི་དུས་སུ་ད་དུང་ཅུང་ཟད་ལྷག་ཡོད། ང་ལོ་བཅུ་གསུམ་གྱི་དུས་ནས་རིག་གནས་གསར་བརྗེ་ཞེས་པ་དེ་ལངས་པས་སྐུ་གསུང་ཐུགས་རྟེན་མང་བོ་མེད་བརླག་ཏུ་གཏོང་བ་ལ། ང་ལ་སྐད་ཆ་བཤད་མཁས་པོ་ཡོད་པས། མི་མང་དབུས་སུ་གཏམ་བཤད་དང་། ཡིག་ཆེན་གསར་འགྱུར་འབྲིར་བཅུག་པར་བརྟེན། རང་ཁྱིམ་གྱི་སྐུ་གསུང་ཐུགས་རྟེན་གཅིག་ཀྱང་མ་གྲོན་པའི་ཁར། ཡིག་ཆེན་གསར་འགྱུར་འབྲི་ས་དེ་དག་ཏུ་རྟེན་གསུམ་མང་བོ་ཡོད་པ་ལས་མང་ཞིག་བརྐུས་ཏེ་འཁྱེར་འོངས་པ་ཡིན། ད་ལྟ་ཞིབ་འདང་བརྒྱབ་ན་སྐབས་དེར་རང་ཉིད་ན་ཆུང་ཞིང་གནས་ཚུལ་དེ་འདྲ་ཡིན་མོད། དཀོན་མཆོག་ལ་བློ་གཏོད་དང་དད་པ་དེ་འདྲ་ད་ལྟ་འབྱུང་དཀའ་བ་རེད། ང་རང་སློབ་གྲྭའི་དགེ་རྒན་ཡིན་སྐབས་དུ་བ་འཐེན་པར་མ་ཟད་ཆང་ཡང་འཐུང་གི་ཡོད། འོན་ཀྱང་སློབ་སྦྱོང་ལ་འབད་པ་བྱས་ཏེ་རང་སྦྱོང་གིས་དགེ་རྒན་གྱི་འགན་ཁུར་ཐུབ་པ་བྱུང་ཡོད་ཅིང་། ལོ་ངོ་གཅིག་ལྷག་རིང་རང་གཅིག་པུས་སློབ་མ་བརྒྱ་ལྷག་ལ་མགོ་འདོན་དང་། དགོང་མོ་སློབ་གྲྭ་ནས་འདུག་མཁན་ཡང་རང་གཅིག་པུ་ལས་མེད། སློབ་གྲྭ་ཨ་རོལ་རྡོ་རྗེ་འཆང་གི་བླ་བྲང་དེ་ཡིན་པས། རིག་རྒྱུ་དང་གོ་རྒྱུ་མང་བོ་ཡོད་ཀྱང་ང་ལ་ལོབས་སོང་བ་རེད། ད་ལྟ་ཡིན་ན་ང་རང་གཅིག་པུ་ཞག་གཅིག་འདུག་ནའང་སྐྲག་ཁོ་ཐག་ཡིན། སྡུག་ཐུག་དུས་མི་ལ་སྙིང་ཆེ་ཟེར་བ་བདེན་པར་སྣང་ལ། ང་ལོ་བཅུ་བདུན་ཐོག་ངའི་ཁྱིམ་གྱི་ས་བདག་རྒན་མོ་དྲིན་ཅན་མ་དེ་ཚེ་ལས་འདས། དེ་ལྟར་ཚེ་འདིར་ཕ་མ་ལས་ལྷག་པའི་དྲིན་ཅན་མ་དེ་གཉིས་ཀྱི་འཕྲོར་སྙིང་ནད་ཅན་དུ་གྱུར་བས། མི་རྣམས་ཀྱིས་ང་ལ་སྙིང་རོ། ཞེས་ཟེར་གྱི་འདུག ང་ལོ་བཅུ་དྲུག་སྟེང་སྡེ་བས་རེ་བ་བཏོན་པ་ལྟར་རྩིས་གཉེར་གྱི་བྱ་བ་ཁུར་དགོས་བྱུང་། སྐབས་དེར་རྩིས་གཉེར་བས་ངལ་ལས་བྱེད་མི་དགོས་ལ། གཡང་སྡེ་དེའི་མགོ་ནས་རྒྱུ་ནོར་བརྐུས་པ་མེད་ཀྱང་ཟ་རྒྱུ་འཐུང་རྒྱུ་མང་བོ་ཡོད། ང་རྩིས་གཉེར་བར་བསྡད་པའི་ལོ་དེ་ནས་ང་ཚོའི་སྡེ་བར་ཟ་རྒྱུའི་འདང་བ་བྱུང་བས་ཁ་དྲོ་ཟེར། འདིའི་ཡན་ཆད་ཀྱིས་མི་ཚེ་འདིའི་འཚོ་བ་བསྐྱལ་ཚུལ་གྱི་ཚིག་གཅིག་མདོར་བསྡུས་པ་ལགས།

ང་རང་སྤྱིར་བཏང་གྲྭ་བ་བྱེད་རྒྱུ་དེ་བཟའ་མི་ཡོངས་ཀྱི་འདུན་པ་མིན། འོན་ཀྱང་ཨ་ཕས་ད་ལྟ་ཁྱེད་རང་ནར་སོན་འདུག ད་སྐབས་ལས་ཀ་ལས་མཁན་མེད་ན་དཀའ་ཁག་ཀྱང་ཆེ་ལ། ཁྱིམ་གྱི་ལས་ཀ་ལས་མཁན་མེད་ན་ཤིན་ཏུ་དཀའ། དེ་ཕྱིར་ཁྱིམ་ཐབ་ཅིག་བཟུང་ན་རྗེས་སོར་གལ་ཏེ་དགོན་པ་ཞིག་དང་། གྲྭ་བ་བྱེད་ས་རེ་ཡོད་ཚེ་ངས་ཁྱོད་ཀྱི་རེ་འདོད་ལྟར་གཏོང་ངེས་ཡིན་ཞེས་བཤད་པ་ལྟར་ཁྱིམ་ཐབ་ཅིག་ལེན་དགོས་བྱུང་།
དེ་ཚེ་ངས་བླ་མ་བློ་བཟང་རྒྱ་མཚོ་རྣམ་གཉིས་ཀྱི་དྲུང་དཔེ་ཁྲིད་བྱེད་བཞིན་ཡོད་ལ། རང་ཐོག་ནས་ཤི་བའི་རྗེས་སུ་ངུ་འབོད་བྱེད་རྒྱུ་བཅད་དེ་མ་ཎི་འུར་དབྱངས་རེ་བཙུགས་པ་ལ་ངའི་བླ་མས་ཁྱོད་ཀྱིས་སྲོལ་བཟང་ཞིག་བཙུགས་པས་ངོ་སོ་བསྟོད་གསུངས། ངས་རང་གི་མི་ཚེ་འདིའི་རྟེན་བཞེངས་ཀྱི་ཐོག་མར་འཇིགས་མེད་རྡོ་རྗེ་འཆང་གི་སྐུ་ཕྲེང་ཐང་ཀ་ཞིག་དང་། བསྟན་པའི་བདག་པོའི་སྐུ་གཟུགས་ཁྲུ་ཚད་མ། རྗེ་ཐམས་ཅད་མཁྱེན་པའི་སྐུ་གཟུགས་ཁྲུ་ཚད་མ་བཅས་བཞེངས་པ་ལ་བྱོན་ལེགས་རྩེར་སོན་ཤ་སྟག་བྱུང་། བྱ་བཏང་ཆེན་པོའི་དྲུང་ལམ་རིམ་དམར་ཁྲིད་མྱུར་ལམ་གྱི་ཁྲིད་དང་། ལམ་རིམ་ཚིགས་བཅད་མའི་ཁྲིད་སོགས་ཉན་ཞིང་། མཁས་གྲུབ་ཆེན་པོ་བློ་བཟང་རྒྱ་མཚོའི་དྲུང་རིགས་ལམ། ས་ལམ། ལམ་རིམ་གྱི་ཕྱོགས་འགའ་ཁྲིད། དུས་རྒྱུན་དུ་སྐྱབས་མགོན་བདུན་པའི་ཞབས་བརྟན་དུ་མདོ་གདུགས་སྒྲོལ་གསུམ་སོགས་གྲོགས་པོ་རྣམས་བསྐུལ་ཏེ་ལོ་རེར་ཁྲི་རེ་སྒྲུབ། རང་ཁྱིམ་དུ་དགེ་འདུན་ལ་ལོ་གསར་དུས་མར་མེ། གསུམ་པའི་ནང་བླ་མཆོད། བཞི་བའི་སྨྱུང་གནས། ལྔ་བའི་དུས་དྲན། དྲུག་པའི་དུས་བཟང་། བདུན་པའི་དུས་མཆོད། བརྒྱད་པའི་སྨན་བླ། དགུ་བའི་རྡོ་རྗེ་འཆང་གི་དུས་མཆོད། བཅུ་བའི་ལྔ་མཆོད། བོད་ལོའི་དུས་དྲན་སོགས་ལ་འབྱོར་འཁོས་དང་བསྟུན་ནས་དགེ་སྒྲུབ་བྱས། བཀྲ་ཤིས་འཁྱིལ་བའི་དགེ་བཤེས་བློ་བཟང་རྒྱ་མཚོའི་(དཔལ་ལྡན)དྲུང་། སྒྲ་དབྱངས་ཅན་མའི་མཚམས་སྦྱོར་ལྔ་བ་ཡན་ཆད། བླ་མཆོད་ཀྱི་ཁྲིད། གྲུབ་མཐའི་སྐོར། ཀུན་མཁྱེན་ཕར་ཕྱིན་མཐའ་དཔྱོད། གདུགས་དཀར་མཆོག་གྲུབ་མའི་འགྲེལ་བ། དོན་བདུན་ཅུ། ས་ལམ་སོགས་ཀྱི་དཔེ་ཁྲིད་ཉན་ཏེ་ལོ་འགར་དགུང་ཟས་གོ་རེས་ཆོག་པར་བྱས། འཇམ་དཔལ་མཚན་བརྗོད་ཁྲི་གསུམ་བཏོན། དེ་དུས་ད་སྐབས་འདྲ་བ་ཞིག་མིན་པར་གློ་སྙིང་བྲང་གསུམ་བླ་མ་དཀོན་མཆོག་ལ་གཏད་པ་ཧ་ཅང་བཟང་། ང་རང་ལོ་བཅོ་བརྒྱད་སྟེང་མཁས་གྲུབ་ཆེན་པོའི་དྲུང་ཡོངས་རྫོགས་དགེ་བསྙེན་གྱི་སྡོམ་པ་བླངས། དེ་ནས་བཟུང་སྟེ་ཇ་འཐུང་ཆང་འཐུང་སྟོན་གྲལ་སོགས་ལ་མ་སོང་ཞིང་། གལ་ཏེ་སོང་ན་ཟུར་ལོགས་ཤིག་ཏུ་བསྡད་པ་ཡིན།
ང་རང་ཆུང་དུས་ནས་རྗེ་བཙུན་མའི་བཀའ་དྲིན་གྱིས་ཁོང་རྡོ་རྗེ་འཆང་སྐྱབས་གནས་ཀུན་འདུས་སུ་མོས་པ་གོམས་པའི་ཤུགས་ཀྱིས་ལམ་རིམ་བསྟན་འཛིན་བྱེ་བའི་འབྱུང་གནས་པར་བསྐྲུན་གྱི་སྟག་པ་གཅོད་ལེན། པར་ཤིང་བཟོ་བ་ལ་སོགས་པ་རང་གིས་འབད་བརྩོན་དང་། མཚན་མོ་མི་རྣམས་གཉིད་ཡུར་བའི་དུས་དང་བསྟུན་གསང་ཐབས་ཁོ་ནས་མཐར་ཕྱིན་པ་དང་། པར་རྐོན་གྱི་སར་ཡང་པར་ཤིང་གཉིས་རེ་གཉིས་རེ་བྱས་ཏེ་ཡར་སྐྱེལ་མར་ལེན་བྱས་ནས་བསྒྲུབས་པ་ཡིན། པར་ཤིང་བརྐོས་ཚར་རྗེས་དཔེ་ཆ་མཁོ་བ་རྣམས་ལ་པར་བསྡོམས་པའི་ཚར་སྟོང་ལྔ་ཙམ་ལོངས། དེ་ནས་བསྟན་འཛིན་སྤྱིའི་ཞབས་བརྟན་གསོལ་འདེབས་དང་། རྡོ་རྗེ་འཆང་གི་ཚེ་རབས་རྗེས་འཛིན་སོགས་ཀྱང་དཔར་ནས་བཀྲམ། དེ་ནས་ལོ་འགའི་རྗེས་སུ་སྔགས་རིམ་རིག་འཛིན་བྱེ་བའི་འབྱུང་གནས་ཀྱི་ཤིང་པར་ཡང་སྔར་ལྟར་པར་བསྐྲུན་བྱས། སྐབས་དེར་བདག་ཁྱིམ་གྱི་འཚོ་བ་ནི་ཟ་འཐུང་འདང་ཙམ་ཞིག་རེད། དེ་ལྟར་རང་ལོ་ཉི་ཤུའི་སྟེང་སླར་ཡང་སློབ་གྲྭར་དགེ་རྒན་བྱེད་དགོས་བྱུང་ལ། དེ་ཚེ་བོད་ཡིག་གི་སློབ་ཁྲིད་བྱེད་པའི་མགོ་ཡང་བསྐྱར་ཚུགས། སློབ་འབྲིང་གི་བོད་ཡིག་དཔེ་ཁྲིད་འཁུར་བའི་དུས་ན་ལས་བྱེད་པ་བྱེད་ཐུབ་ཀྱང་མ་བྱས་ལ། དགེ་རྒན་ཡང་ཇེ་མང་ལ་སོང་སྟེ་བཅུ་གཉིས་ཡོད་པས་ཟ་ཁང་བསྒྲུབས། མགོ་ཁྲིད་པས་ཟ་ཁང་དུ་ཟ་བ་དང་། ཤ་མར་དགོས་ན་ཟོག་ལུག་བཤའ་རྒྱུ་གཞན་ལ་བཅོལ་མི་ཆོག་ཟེར་བས། ང་རང་གཅིག་པུས་སློབ་མ་ཚོ་དང་མཉམ་དུ་བྲོ་ཟས་ཟོས་ཏེ་ལོ་བཞིའི་རིང་ལ་ཟ་ཁང་དུ་མ་ཟོས། ད་ལྟ་འདང་བརྒྱབ་ན་སྡིག་སྤྱོད་ལ་སྐབས་དེར་འཛེམ་པ་བཟང་སྙམ།

རང་ལོ་ཉེར་ལྔའི་སྟེང་བླ་མ་རིན་པོ་ཆེ་རྗེ་འཇིགས་མེད་རིགས་པའི་བློ་གྲོས་བཙོན་གྲོལ་བཏང་ནས་ཟི་ལིང་སློབ་གྲྭར་ཕེབས་རྒྱུ་གོ་ནས་སྐད་བཏང་སྟེ་རྒྱུ་མཚན་ཕུལ་བ་ན། རྒྱུགས་སྤྲད་དེ་སློབ་གྲྭར་ཤོག ཅེས་གསུངས་པ་ལྟར་སློབ་གྲྭ་ཆེན་མོར་རྒྱུགས་སྤྲད་པ་ཡིན། སྐབས་དེར་དགེ་རྒན་བཀའ་དྲིན་ཅན་མཁས་གྲུབ་ཆེན་པོ་དེ་ཉིད་དགོངས་པ་གཞན་དུ་གཏད་པས་སེམས་མི་སྐྱིད་པ་དང་། སློབ་གཉེར་བྱེད་འདུན་ཆེ་ཐོག་རྒྱུགས་སྤྲད་དེ་འཕྲོད་ཡོད་མེད་ཀྱི་ལན་མ་བྱུང་སྐབས་སུ། རྨི་ལམ་ན་བུད་མེད་བཀྲ་ཤིས་འཚོ་ཟེར་བས། རྡོ་རྗེ་ཚེ་བརྟན་ཁྱོད་ཀྱིས་ལྟོས་དང་། ཞེས་མཛུབ་མོས་བསྟན་པ་ན། དོན་དག་རིམ་པ་ཅན་མང་པོ་གསལ་བར་རྨིས་པ་ཚན་པ་དེའི་རྗེས་ནས་སད་པ་ན་ཡི་གེར་བྲིས་པ་དེ་ལ་མི་ཚེ་གང་བོའི་བྱ་བཞག་གལ་ཆེན་གང་འབྱུང་ལྷག་ཆད་མེད་པར་གྱུར་བས། རྨོངས་བློར་འདོད་ཁམས་དབང་མོས་ལུང་བསྟན་ཡིན་སྙམ། ཟི་ལིང་མི་རིགས་སློབ་ཆེན་ལ་ཞུགས་པར་བླ་མ་རིན་པོ་ཆེ་ནུབ་བྱང་མི་རིགས་སློབ་གྲྭར་གདན་དྲངས་ཀྱང་། རྗེ་ཉིད་ནས་གསུངས་པར་མཚོ་སྔོན་ནས་སྡོད་དང་། ཤར་གདོང་ཚང་དེ་གར་ཕེབས་རྒྱུ་རེད། ངས་ཁྱོད་རང་བཅོལ་དན་བྱས་ཡོད་གསུངས། དེ་ལྟར་མི་རིང་བར་རྗེ་ཤར་གདོང་བློ་བཟང་བཤད་སྒྲུབ་རྒྱ་མཚོ་ཕེབས་ཏེ། མཇལ་ཕྱག་ཞུས་པ་ན་ཁོང་གིས་ཀྱང་དེ་ལྟར་རྗེས་འཛིན་ཞལ་གྱིས་བཞེས་པར་མ་ཟད། ནང་ཐུགས་ཀྱིས་གཟིགས་སྐྱོང་ཚད་མེད་པས་བསྐྱངས། འདིའི་ཡར་སྔོན་དུ་སུམ་རྟགས་དག་གསུམ་དང་སྙན་ངག་མངོན་བརྗོད་སོགས་རང་སྦྱོང་མ་གཏོགས་དགེ་རྒན་བསྟེན་མ་མྱོང་བས། རྗེ་འདིའི་དྲུང་ནས། སྒྲ་རིག་པའི་བསྟན་བཅོས། སི་ཏུའི་འགྲེལ་ཆེན། པྲ་སྟིའི་སུམ་རྟགས། ལེགས་བཤད་ལྗོན་དབང་། ཐོན་མིའི་ཞལ་ལུང་པར་སྔ་མ། སྙན་ངག་རྩ་འགྲེལ། བོད་མཁས་པའི་དཔེར་བརྗོད། ལྔ་བ་ཆེན་པོའི་དབྱངས་ཅན་དགྱེས་གླུ། སྤྱི་དོན་འཆར་སྒོ་པར་སྔ་མ་རྣམས་ཀྱི་ཁྲིད་རྒྱུན་གནང་བ་ལ་རང་ཉིད་ཀྱིས་སྙན་ངག་དཔེར་བརྗོད་ཁ་ཚང་གི་རྒྱུགས་ཕུལ། གཞན་ཡང་ཡོངས་འཛིན་འཇམ་པའི་དབྱངས་ཀྱི་རྟོགས་བརྗོད་གསེར་མེ་སོགས་སྙན་ངག་དང་། ཁོང་རྡོ་རྗེ་འཆང་གི་རིགས་ལྡན་རྟོགས་བརྗོད། རྗེའི་རྟག་ངུའི་རྟོགས་བརྗོད། སྤྱོད་འཇུག་ཆེན་མོ་རྒྱལ་ཚབ་དར་ཊཱིཀྐ་དང་། དངུལ་ཆུའི་ས་གཅོད་ཆེན་མོ་དང་སྦྱར་བའི་ཁྲིད། བློ་སྦྱོང་དོན་བདུན་མ། བླ་མཆོད་འགྲེལ་ཆེན། ཆོས་སྤྱོད་མང་ཞིག་གི་ལུང་བཅས་གནང་། སྐབས་དེ་དག་ཏུ་སྐྱབས་མགོན་བདུན་པའི་སྐུ་དབོན་ཨ་ཁུ་ལྷུན་གྲུབ་དང་ཁ་འདྲིས་ཞེ་འདྲིས་སུ་སོང་སྟེ་བཟང་སར་གྱུར་ཅིང་། རྗེ་སྐུ་འབུམ་ཨ་ཀྱཱ་ཚང་གིས་རྗེ་ཤར་གདོང་རིན་པོ་ཆེར་ལམ་ཆེན་གྱི་དཔེ་ཁྲིད་ཞུས་ཏེ་སློབ་གྲྭར་བཞུགས་རིང་སྡོད་ཁང་གཅིག་དང་ཆོས་གྲོགས་སུ་གྱུར་ཅིང་། བོད་སྐོར་ཀླུ་རྒྱལ་འབུམ་ཡང་ཆོས་གྲོགས་སུ་གྱུར་བས་བློས་ཐུབ་ཀྱི་གྲོགས་ཇེ་མང་ལ་སོང་། རྗེ་ཉིད་ཀྱི་བཀའ་ལྟར་བྱ་ཁྱུང་ཨ་ར་པ་ཙའི་སྒྲུབ་ཁང་གི་སྐུ་བརྙན་རྣམས་ཀྱི་སྲོག་ཤིང་དང་གཟུངས་གཞུག་རྣམས་ཀྱང་ཨ་ཀྱཱ་ཚང་དང་ང་རང་གཉིས་ཁོ་ནས་བསྒྲུབ་ཅིང་། ང་རང་གཅན་ཚའི་མ་ཎི་ཞེས་པའི་མཚན་སྙན་ཅན་ཆོས་རྗེ་དོན་རིན་པའི་ཕྱག་འཁོར་ནང་རྟེན་ཅན་ལ་སོགས་པས་མཚོན་དཔུང་ཁ་བ་ཕན་ཆད་ཀྱི་སྡེ་བ་སོ་སོའི་མ་ཎི་འཁོར་ཆེན་རྣམས་བསྐོར་ཞིང་ཁ་ཅིག་གི་རྟེན་ཡིག་ཀྱང་བྲིས་ཡོད། པཎ་ཆེན་ཐམས་ཅད་མཁྱེན་པ་སྐུ་འབུམ་དུ་ཐོག་མར་ཕེབས་སྐབས་ཨ་ཀྱཱ་རིན་པོ་ཆེའི་བླ་བྲང་དུ་ནང་མི་བྱས་ཏེ་ཞབས་ཞུའི་སྐལ་བ་དང་། རྒྱལ་ཚབ་མཁས་བཙུན་ལུང་རིགས་རྒྱ་མཚོ་སོགས་ཕེབས་ཏེ་སྐྱབས་མགོན་བདུན་པ་དཀར་འདོན་གྱི་དོན་ཞུ་བའི་ཚེའང་གོང་རིམ་ལ་ཡི་གེ་ཞུ་གཏུག་དང་། བླ་བྲང་རྩེ་ནས་ཡང་ཀྱཱ་ཚང་བར་གྱི་ཕོ་ཉའི་བྱ་བ་བསྒྲུབས། ཐམས་ཅད་མཁྱེན་པ་རེ་སྐོང་དུ་ཕེབས་པའི་ཚེ་ཕ་བོང་སྟག་གཡག་ཏུ་ཇ་ཐབ་དང་པོ་བྱས་པའི་ཚེ་བཞུགས་གུར་ནང་གི་འགན་འཁུར་བ་བྱས་པ་ཡིན། (འདིའི་མན་རྩོམ་འཕྲོར་ལུས)

(དམ་པ་འདི་ཉིད་དགུང་ལོ་ཞེ་བརྒྱད་བཞེས་པ་རབ་བྱུང་བཅུ་བདུན་པའི་ལྕགས་སྦྲུལ་སྤྱི་ལོ་2001ལོའི་ཧོར་ཟླ་10པའི་ཚེས་29ཉིན་རོང་བོ་དགོན་ཆེན་བདེ་ཆེན་ཆོས་འཁོར་གླིང་དུ་དགོངས་པ་རྫོགས། །)

ངོ་སྤྲོད།

Post navigation

Previous Post: དགེ་བཤེས་ཤིག་གི་བཀའ་མོལ་ལས་འཕྲོས་པ།
Next Post: སྒྱུར་རྩོམ་༼སྡོམ་ཆར་ལོའི་དྲ་བ།༽

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (95)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (67)
  • ཨེ་ལི་སི། (53)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (36)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme