Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཤ་ཚ་བའི་གཏམ་ལ་སྙན་མོ་མེད།

Posted on 2012-06-222012-06-22 By ཁ་བརྡ་ 64 Comments on ཤ་ཚ་བའི་གཏམ་ལ་སྙན་མོ་མེད།

སྤྲུལ་དབང་ཆེན།

དགའ་ན་དབུ་ལ་ལྷ་སྐུ་བཞེངས་པ་དང་།
མ་དགའ་མགོ་ལ་གླང་རྭ་བཙུགས་པ་སོགས།
བོད་མིར་གདོད་ནས་འབྱར་བའི་གཤིས་ངན་དེས།
རྒྱལ་རབས་ལོ་རྒྱུས་ཀློག་ལ་ཡིད་མ་ཆེས།།

ཆོས་བཞིན་མི་སྤྱོད་ཆོས་སྲིད་ཟུང་འབྲེལ་དང་།
ཆབ་སྲིད་མི་ཤེས་ཆོས་ཀྱིས་ལྷན་པོ་ཅན།
བོད་མིས་བཟོས་པའི་ཆོས་སྲིད་ཆོ་མེད་དེས།
མིག་གཉིས་ཟུམ་ནས་ཐལ་སྦྱར་བློ་མ་བདེ།།

ངེས་འབྱུང་མེད་ཀྱང་ཐེག་དམན་གྲལ་ན་འཚང་།
བྱང་སེམས་བྲལ་ཡང་ཐེག་ཆེན་སྒོམ་ལ་གཞོལ།
ཐེག་པ་གང་རུང་གཉིས་ལས་ཡོལ་བ་དེས།
བོད་མིའི་ཆོས་པར་རློམ་ལ་ཞེ་མ་བདེ།།

སེམས་ཅན་ཐམས་ཅད་ཁ་ནས་འདོན་སྒྲ་ཙམ།
ཆོས་གོས་དམར་སེར་མཛེས་པའི་རྒྱན་གོས་ཙམ།
ཤ་ཁྲག་དམར་ཟས་སྤྱང་བཞིན་སྤྱོད་པ་དེས།
སྤྱན་རས་གཟིགས་ལས་མཆེད་ལ་དོགས་མ་བདེ །།

དགོན་པ་ཁེ་སྤོགས་ཡོང་སྒོ་གསོག་སྒར་ཞིག །
བཙུན་པས་ཆོས་བརྒྱད་འཁོར་བ་སྐྱོང་ཐབས་ཙམ།
ཕལ་ཆེར་ཚུལ་འཆོས་མགོ་སྐོར་བསླུ་བྲིད་དེས།
དགོན་པ་གྲྭ་ཚང་མཇལ་ལ་སེམས་མ་སྐྱིད།།

དགོན་ཁྲིམས་སྒེར་གཅོད་བཙོན་དོང་ཐར་མེད་ཞིག །
ཆོས་ཁྲིམས་རང་བཟོས་རང་སྡུག་ཁུར་ཆེན་ཞིག །
ཆོས་ལ་བརྟེན་ནས་ཆོས་མིན་རྣམ་རྟོག་དེས།
ཆོས་དཔོན་ཕལ་ཆེར་བརྟེན་ལ་སྙིང་མ་དགའ།།

གྲྭ་བའི་མི་དམངས་བློ་ངོར་བསྟུན་དགོས་གཅིག །
དམངས་ཚོགས་ཐག་གཅོད་གྲྭ་བཙུན་བཟང་ངན་གཉིས།
སྟོན་པས་འདུལ་ཁྲིམས་ཡུལ་མིས་བཅོས་བསྒྱུར་དེས།
གྲྭ་བཙུན་ངུར་སྨིག་བགོས་ལ་དོན་མ་མཆིས།།

རྨོངས་དད་ཆེ་ནས་མཐོང་ཚད་ལྷར་བཀུར་དང་།
དག་སྣང་སྦྱང་ནས་ཐམས་ཅད་མཉམ་པ་གཉིས།
དབྱེ་འབྱེད་མི་ཤེས་མང་ཕྱོགས་རྗེས་རྒྱུག་དེས།
བླ་ཆེན་ཐོབ་ཆེན་ཅན་ལ་དད་མ་གུས།།

ཡིག་རྨོངས་མང་ནས་རྣར་ཐོས་གོ་ལོག་དང་།
གླེན་པ་མང་ནས་ཨུ་ཚིགས་དད་ཞེན་གཉིས།
བོད་པའི་ནང་ཆོས་རུལ་བའི་གཞིར་འགྱུར་ཕྱིར།
ཡ་མཚན་ངོ་མཚར་འཛིན་ལ་སྐྱུག་རེ་བྲོ།།

མཁས་བཙུན་བཟང་གསུམ་ཡལ་བའི་མཁན་སློབ་དང་།
ལུང་རྟོགས་དམ་ཆོས་བྲལ་བའི་དགེ་སྤྲུལ་སོགས།
ལྟར་སྣང་བཅོས་མས་བཅིངས་བའི་སྤྱི་ཚོགས་དེས།
ཞི་བདེའི་བྱ་དཀར་ཞོན་ལ་དགོད་རེ་ཤོར།།

འབྱོར་ལྡན་འགྲན་བརྡུར་བྱེད་པའི་ཚོགས་བསགས་དང་།
ཚོང་རྟེན་དམ་ཆོས་འཆད་པས་ཆོས་སྤེལ་གཟུགས།
སྐུ་བསོད་རྒྱུ་ནོར་འཛོམས་ན་གོང་བཀུར་དེས།
ནོར་གྱིས་ཆོས་ལ་དབང་བསྒྱུར་ཡིད་རེ་མུག །།

རྒྱ་ཆེན་ཐོས་མང་ཐོས་དོན་གདམས་པར་རྟོགས།
དེ་དོན་ཉམས་ལེན་དཔྱོད་ལྡན་སྐྱེས་བུ་རྣམས།
སྤྱི་བོར་ནོར་བུ་བཞིན་དུ་རབ་མཆོད་དེས།
མ་ནོར་ལམ་མཆོག་ཡང་དག་དོན་རྟོགས་ཤོག །།

སྙན་ངག

Post navigation

Previous Post: བྱས་ཞེན་ཟད་པའི་མི་རིགས།
Next Post: འདི་དག་བོད་ཀྱི་མཛངས་མ་རེད།

Comments (64) on “ཤ་ཚ་བའི་གཏམ་ལ་སྙན་མོ་མེད།”

  1. LAMA says:
    2012-06-22 at 2:12 am

    ࿌ངོ་མ་ཡག་པོ་བྲིས་འདུག་ལོ་།

  2. LAMA says:
    2012-06-22 at 2:15 am

    སེམས་ཅན་ཐམས་ཅད་ཁ་ནས་འདོན་སྒྲ་ཙམ།
    ཆོས་གོས་དམར་སེར་མཛེས་པའི་རྒྱན་གོས་ཙམ།
    ཤ་ཁྲག་དམར་ཟས་སྤྱང་བཞིན་སྤྱོད་པ་དེས།
    སྤྱན་རས་གཟིགས་ལས་མཆེད་ལ་དོགས་མ་བདེ །།

    ཚིག་འདི་ལ་ངོ་མ་སྔགས་བརྗོད་ཡོད་ལགས་།།

  3. ཇོ་ཇོ། says:
    2012-06-22 at 2:30 am

    དབུས་པའི་ལྷག་བསམ་ཆེ་མདོག་རྣམ་འགྱུར་དང་།།
    ཁམས་པའི་ཐོ་ཅོ་ཆེ་བའི་དཔའ་རྒོད་མདོག
    ཨ་མདོའི་ཁ་པོ་ཆེ་བའི་རྩོམ་པ་པོ།།
    བོད་པའི་སྤྱི་ཚོགས་རུལ་བའི་སྐྱུར་རྩི་ཡིན།།

  4. ཇོ་ཇོ། says:
    2012-06-22 at 2:44 am

    སྤྲུལ་སྐུའི་གོ་ས་ཕལ་པའི་བདེ་སྐྱིད་གཟིགས།།
    དབང་ཆེན་མཚན་ཅན་དབང་གི་རེ་དོགས་བྲལ།།
    རྩོམ་གྱི་ངལ་བ་དོན་ལྡན་ལེགས་བཤད་ཉིད།།
    ཕྱོགས་བྲལ་སྐྱེ་བོ་རྣམས་ཀྱི་རྣ་བ་གཏོད།།

  5. ཀརྡོ་གཉེར་ཕྱག་པ་ says:
    2012-06-22 at 2:46 am

    གཉའ་ཁྲི་ཡས་མས་བོད་མེས་མ་བྱེད་ཅིག །
    མེས་དབོན་རྣམ་གསུམ་གསར་གཏོད་གཟི་བརྗིད་སོམས། །
    ས་ཕག་རིན་སྤུང་རྒྱལ་རབས་གསར་འཛུགས་དང་། །
    དགའ་ལྡན་ཕོ་བྲང་བཀའ་དྲིན་མ་བརྗེད་ཨང་། །

  6. གངས་སྤྲེལ་ཚ། says:
    2012-06-22 at 2:59 am

    དབང་ཆེན་དབང་ཆུང་སོ་སོར་དབྱེ་འབྱེད་ཀྱིས།།
    སྤང་བླང་རབ་དབྱེ་རྣམ་བཞག་ཅིག་མེད་པས།།
    དེང་གི་བླ་སྤྲལ་ཁྲི་ལ་དགའ་ཆེས་ནས།
    རང་བསྟན་རྩ་ནས་བརླགས་པ་མ་མཐོང་ངམ།།

  7. མེ་ཏོག་དཀར་པོ། says:
    2012-06-22 at 3:00 am

    གཞན་བྱས་ལས་ལ་དག་པ་མི་ལྟེར་ཞིང་། །
    རང་གི་འཇོན་ཐང་སྤུ་ཙམ་སྟོན་རྒྱུ་མེད། །
    སྤྲུལ་སྐུའི་མིང་གིས་འཚོ་བའི་ཡི་དྭགས་ཏེ། །
    དབང་ཆེན་ཟེར་བའི་མི་འདི་སྙིང་རྗེའི་ཡུལ། །

  8. མིག་བརྒྱད་པ། says:
    2012-06-22 at 3:08 am

    སྐྱོན་བྲལ་སྤྱི་ཚོགས་ཚད་མས་གཞལ་བ་མིན།།
    ལེགས་ཉེས་བླང་དོར་ཤེས་རབ་མིག་གིས་འབྱེད།།
    སྐྱོན་དང་ཡོན་ཏན་ཤེས་པའི་མཁས་པ་རྣམས།།
    འཇིག་རྟེན་འདི་ན་ཉིན་སྐར་བཞིན་དུ་དཀོན།།

  9. གླིང་གེ་སར་ says:
    2012-06-22 at 3:16 am

    དངོས་གནས་བདེན་པ་རེད་། ཡིནའང་ཁ་བཙུམ་ན་མ་གཏོགས་གཅིག་སྡུད་རིང་ལུགས་ནས་མཐར་སྤྲོད་གཏང་ཡོང་།

  10. རིག་བཟང་། says:
    2012-06-22 at 3:55 am

    གཞན་སྐྱོན་འཚོལ་བ་སྤྲུལ་སྐུའི་ཕྱག་ལས་མིན།།
    རང་སྐྱོན་འགེབ་པ་སྤྲུལ་སྐུའི་རང་བཞིན་མིན།།
    དམ་པ་གོང་མའི་ཡང་སྤྲུལ་དངོས་ཡིན་ན།།
    བསྟན་འགྲོའི་དོན་ཆེན་སྒྲུབ་ལ་བྲེལ་བ་དགོས།།

  11. རེབ་ཐོག་མདའ says:
    2012-06-22 at 4:04 am

    ནང་ལ་བསྐོར་ན་སྨྱུག་རྩེ་གློག་ལྟར་མགྱོགས།།
    ཕྱི་ལ་གཏད་ན་ཀླད་པ་སྟོང་བ་ཉིད།།
    རང་ཚང་རང་གི་བཏོན་པའི་གངས་རིའི་བུ།།
    དུས་རབས་ཉི་ཤུ་ནང་གི་སྙན་ངག་པ།།

  12. བཀྲ་ཤིས says:
    2012-06-22 at 4:25 am

    སྐུ་ངོ་བཀུར་བའི་བྲན་གཡོག་སྤྱི་ཚོགས་ན།།
    རུལ་བ་ཟོག་པོ་རྣམས་ནི་མགོ་འཕངས་མཐོ།།
    ངན་པ་དར་ཞིང་བཟང་བོར་ལམ་ཁ་མེད།།
    དགྲ་དགའ་གཉེན་སྡུག་ངང་ཚུལ་ཨ་ཙ་མ།།

  13. རིག་བློ says:
    2012-06-22 at 5:17 am

    ཀུན་ལ་སྨོད་པའི་ཚིག་མཚོན་འཕྱར་བ་ཡི།།
    སྤྲུལ་མིང་དབང་བོའི་ཞབས་ཆུང་ཁྱེད་འདྲ་ནི།།
    བསྟན་པའི་གཤེད་དུ་ལངས་པའི་གདུག་ཅན་ཏེ།།
    གདོན་འདྲེ་ཁོག་ཞུགས་དམྱལ་སྒོ་དྲག་ཏུ་རྡུངས།།

  14. བོད་ལ་ཞེན། says:
    2012-06-22 at 5:26 am

    ཡིག་ནོར་ལུང་པ་གང་བའི་ཡིག་རྙོགས་ཤིག། རང་སྐྱོན་རང་གིས་མ་ཤེས་སྤྲུལ་རྫུན་ཞིག། མེས་པོའི་རྐང་ནས་འདྲེན་པའི་ཀླད་མེད་ཅིག། ཀུན་ལ་སྐུར་བའི་སྡོམ་ཉམས་ཆོས་འདྲེད་ཅིག།

  15. གནམ says:
    2012-06-22 at 5:33 am

    ནད་མཁྲིས་པ་ཅན་གྱི་མྱིག་ལམ་ན།།
    དུང་དཀར་པོའི་ཁ་དོག་སེར་པོ་རེད།།
    དུག་ཉོན་མོངས་ཅན་གྱི་སྤྲུལ་རྫུན་འདིས།།
    ལས་རིག་རིག་གཉིས་ཀ་ལོག་པ་རེད།།

  16. ཇོ་ཇོ། says:
    2012-06-22 at 6:04 am

    ཆོས་སྲིད་ཟུང་འབྲེལ་འབངས་ཀྱི་མིར་གྱུར་ཡང་།།
    ཆོས་དང་སྲིད་ནས་གཅིག་ཀྱང་དོན་མི་གོ།
    ཆོས་པས་སྲིད་ལ་ཞུགས་པའི་བྱ་ངན་འདི།།
    བོད་འབངས་རླུང་ལ་བསྐུར་བའི་སྟ་གོན་ཡིན།།

  17. མཐར་ཕྱིན་ says:
    2012-06-22 at 6:10 am

    དགའ་དུས་ཁ་ནས་སྙན་ཚིག་ཤ་ར་ར།།
    མི་དགའ་ཁ་ནས་སྨེྲ་ངག་ན་ར་ར།།
    སྐྱིད་སྡུག་སྤེལ་མ་ཞིག་གི་འཚོ་བ་འདི།།
    གངས་ཅན་བོད་པ་ཚང་གི་ལས་ཤིག་རེད།།

  18. རྒྱ་གར་རྨ་བྱ། says:
    2012-06-22 at 7:25 am

    ཚིགས་སུ་བཏབས་པའི་མཆན་དཀྱིལ་ནས།།
    གོ་རྒྱུའི་དོན་ཞིག་མ་རྙེད་ཀྱང་།།
    སྨྱུ་གུ་འགུལ་བའི་ཡིག་གཤིས་འདིས།།
    མི་འདོད་མཇུག་ཏུ་ཤོར་ནས་སོང་།།

  19. གདོང་དམར་བ་ says:
    2012-06-22 at 8:25 am

    བཙན་བྱོལ་བོད་པས་སྤྲོ་སྐྱིད་གཏོང་བ་དང་།། གཞིས་ལུས་བོད་མིས་གཞོབས་སྲེག་བྱེད་པའི་དུས།། དབང་ཆེན་སྤྲུལ་སྐུའི་ཚིག་ལོག་སྨྲས་པ་འདིས།། ཆོལ་གསུམ་རང་དབང་ཐོབ་ལ་སྣེ་མི་འདྲེན།།

  20. དགེ་ལེགས། says:
    2012-06-22 at 9:21 am

    ༄།།ཤ་ཚ་བའི་གཏམ་ལ་སྙན་མོ་མེད།།ནད་མཁྲིས་པའི་སྨན་ལ་ཞིམ་པོ་མེད།།སྤྲུལ་དབང་ཆེན་གསུང་འདི་བདེན་པར་མཐོང་།།བོད་ཆེ་ཆུང་ཚང་མས་བསླབ་བྱར་དགོངས།།

  21. སྤྱང་ཤོག་བཀྲ་ཤིས་ says:
    2012-06-22 at 9:36 am

    བོན་བོད་ལྷ་འདྲེ་མང་བས་རྫོགས་མཐའ་མེད།
    རྨོངས་དད་བཤེས་ངན་འདི་ལ་རྫོགས་མཐའ་མེད།
    མང་མང་ཁ་བཤད་འདི་ལ་རྫོགས་མཐའ་མེད།
    སྟོང་སེམས་རེ་བ་འདི་ལ་རྫོགས་མཐའ་མེད།།

  22. སྣྲོན་ངག་ཁྲི། says:
    2012-06-22 at 9:52 am

    ཤ་ཚ་མདོག་གཏམ་འགའ་མི་སྙན་ཡང་།།
    ཤ་ཚ་བའི་གཏམ་ཀུན་མི་སྙན་མིན།།
    གཏམ་མི་སྙན་མཐའ་དག་ཤ་ཚས་མིན།།
    གཏམ་སྙན་འཇེབས་ཀུན་ཀྱང་སྤང་བྱ་མིན།།

  23. སྐྱུ་རྩི་ནས། says:
    2012-06-22 at 10:36 am

    གཞན་སྐྱོན་བརྗོད་ལ་ངག་བརྒྱའི་མདུད་པ་གྲོལ། །
    རང་སྐྱོན་འཚོལ་བའི་རྣམ་དཔྱོད་རྩ་ནས་ལྡོང་།
    སྤྲུལ་པའི་སྐུ་དང་དཀྲུག་པའི་སྐུ་ཡིན་མིན། །
    དད་ལྡན་མི་མང་རྣམས་ནས་དཔྱད་པར་འཚལ། །

  24. དྭངས་བླངས་པ says:
    2012-06-22 at 10:49 am

    མཉམ་པ་གཉིས། བཅོས་མཉམ་པ་ཉིད། འགྲན་བརྡུར། བཅོས་འགྲན་བསྡུར། སྤྱིར་གཏང་ཡིག་ནོར་མང་པོ་འདུག། དེང་སོང་སྤྲུལ་སྐུའི་ཡིག་གསར་ཡིན་པ་འདྲ། མཁས་པ་ཡིན་པ་ལ་སྡོམ་གཙང་ཞིག་ཡིན་པ་མ་ཚད། རྒྱ་མོའི་དད་པ་དྭངས་དུ་ལེན་མཁན་ཞིག་ཡིན་པ་འདྲ

  25. ཁྱུང་སེང་བུ་ནས། says:
    2012-06-22 at 11:07 am

    མི་སྐྱོན་མེད་ཡིན་ན་ཤི་རོ་ཡིན།། ཤིང་འཛེར་མེད་ཡིན་ན་རུལ་བ་ཡིན།། གང་ན་ཟིང་ཆ་ཡོད་པའི་སར།། དེ་ན་ཡར་རྒྱས་མཛེས་རིས་བཞད།། རང་དབང་སྨྱུག་ཁའི་འདེག་འཇོག་དེ།། ཆེན་པོའི་གནད་ལ་རླབས་བཞིན་སྐོར།། རིག་སད་སྤྲུལ་སྐུ་མི་འཁྱོངས་ན།། རྟོག་སད་ཀླད་པས་དོན་ཆེན་སྒྲུབ།། རེ་དོག་ཨ་ཐང་མི་ཆད་པར།། རེ་བ་ཅན་རྣམས་བྱམས་པས་སྐྱོངས།།

  26. འབྲི་བརྒྱ་མ་གཡང་ཁོ། says:
    2012-06-22 at 11:09 am

    སྤྲུལ་སྐུ་དབང་ཆེན་ལགས་ནས་རང་རྣམ་གསལ་བོར་གསུངས་པ་ཐུགས་རྗེ་ཆེ་ཞུ།

  27. ཐོར་རྒོད་པ་སྤྱན་ཆབ། says:
    2012-06-22 at 11:37 am

    བོད་སྤྱི་ཚོགས་དང་ངེས་པ་དོན་གྱིས་འབྱར་བའི་རྩོམ་ཡིག་རི་འདྲ་བ་ཞིག་བཞེངས་འདུག་པས་བཀའ་དྲིན་ཡོད་ལ་ད་དུང་རེ་ལྟོས་ཡོད།

  28. སྤྲུལ་སྐུ་དབང་ཆེན says:
    2012-06-22 at 11:53 am

    རྣམས་པ་ཚང་མས་བསམ་འཆར་ལྷུག་པོར་གནང་འདུག་པ་ཐུགས་རྗེ་ཆེ།

  29. མེ་ཏོག་དཀར་པོ། says:
    2012-06-22 at 12:05 pm

    དབང་ཆེན་ལགས། ཁྱེད་ཀྱི་༢༨ མཆན་བུ་ལེགས་པོ་སྐྱོན་འདུག ཡག་པོ་རེད། རྣམས་དེ་རྣམ་ལ་བཅོས།

  30. དགྲ་ལྷ། says:
    2012-06-22 at 12:35 pm

    མི་ལུས་རིན་ཆེན་གསེར་རེད། །
    གཞན་དོན་སྒྲུབ་པ་ཆོས་རེད། །
    ཆོས་སྲིད་ཟུང་འབྲེལ་རྒྱན་རེད། །
    རང་སྐྱོན་མཐོང་ན་མི་རེད། །

  31. སྤྲུལ་སྐུ་དབང་ཆེན says:
    2012-06-22 at 1:31 pm

    སྐུ་ཞབས་དྭངས་བླངས་པས་ནོར་བཅོས་གནང་བ་ཐུགས་ཆེ་ཞུ། ངས་ཡང་རང་ལ་ནོར་བཅོས་ཞིག་བྱེད་ཆོག་པ་ཞུ། དེང་སོང་་་ དེང་སང་ལ་བཅོས། སྤྱིར་གཏང་་་་་སྤྱིར་བཏང་ལ་བཅོས།

  32. དར་རྒྱས། says:
    2012-06-22 at 1:38 pm

    སྔོན་ནས་མི་ཞིག་གིས་འདི་ལྟར་བཤད་འདུག་ཅིང་། སྐྱར་བཤད་འདིས་སྔོན་གྱི་རྩོམ་དེའི་རྗེས་ཟིན་མི་འདུག་གོ ཁྱོད་རང་ཁྱོད་རང་མགོ་མ་བསྐོར་ན་བཟང་།

  33. ཀཱི་ལུང་ཐུབ་བཟང་ says:
    2012-06-22 at 1:41 pm

    བྱང་སེམས་བྲལ་ཡང་ཐེག་ཆེན་སྒོམ་ལ་གཞོལ།།

  34. སྐལ་བཟང་། says:
    2012-06-22 at 2:23 pm

    བུ་ཕོ་གླེན་པ་ཀློང་ཆེན་མེ་ཡིས་འཚིགས།།
    ཨ་ཇོ་མགོ་བདེ་དག་ཐེར་མཁན་པོ་བྱས།།
    ཤི་བོའོ་གཤིན་ཆོས་དོན་ལ་ཨོ་རྒྱལ་བ།།
    གསོན་པོས་སྔས་རྟར་ཕུལ་བ་བུན་འདེད་བྱས།། 
    ཕ་མའི་རྔུལ་ཆུས་མཆོད་པ་ཚོགས་སུ་སོང་།།
    ཁྲེལ་མེད་བུ་སྡུག་མུག་འདོན་ཆད་རྒྱུ་མེད།།
    རང་གིས་ཞིང་སར་ཕུལ་བ་ཏིལ་ཙམ་མེད།།
    གཞན་བྱས་མིག་ལ་གཟེར་ཞིང་རང་རྒྱུད་བསྲེགས།།
    དགོས་པའི་ཚན་རྩལ་རྩིས་ལ་གཟའ་རོ་འདྲ། 
    མ་བབས་བླ་མའི་ཆོས་སྐད་ལྕེ་ལ་འཇར།།
    མ་སད་སྣབས་ལུག་བུ་ལ་ཁ་བཏགས་བསྐོན།།
    མ་འཁྱོངས་མཇེ་བུ་ལངས་པར་རུབ་རྡུང་འདོད།།
    རིག་གཞུང་རྟེན་དང་བརྟེན་པ་མ་ཤེས་ཕྱིན།།
    མ་འཚོས་མགོ་བོ་དེ་ན་ཧད་དགོས་ཆགས།།
    བཤད་ཡིན་བྱས་འདོགས་རློམ་པའི་བྱིས་པ་ཚོ།།
    ཡོངས་འཇོམས་ཞིང་པོར་དགོས་པའི་དྭང་བླངས་བ།།

  35. རྒད་པོ། says:
    2012-06-22 at 4:18 pm

    གཤམ་གྱི་ཚིག་འདི་རྒྱལ་བ་རིན་པོ་ཆེ་སྐུ་འཕྲེང་བཅུ་བཞི་པར་ཟེར་གྱི་ཡོད་དམ། ངས་དེ་འདྲ་གོ་བཞིན་འདུག

    སེམས་ཅན་ཐམས་ཅད་ཁ་ནས་འདོན་སྒྲ་ཙམ།
    ཆོས་གོས་དམར་སེར་མཛེས་པའི་རྒྱན་གོས་ཙམ།
    ཤ་ཁྲག་དམར་ཟས་སྤྱང་བཞིན་སྤྱོད་པ་དེས།
    སྤྱན་རས་གཟིགས་ལས་མཆེད་ལ་དོགས་མ་བདེ །།

  36. སྤྲུལ་སྐུ་དབང་ཆེན says:
    2012-06-22 at 4:27 pm

    བོད་མི་རྣམས་སྤྱན་རས་གཟིགས་ཀྱིས་སྤྲུལ་པ་སྤྲེའུ་དགེ་བསྙེན་རྐུབ་དམར་ཤིག་ལས་མཆེད་ཚུལ་བཤད་ཡོད་པ་དེ་ལ་ཡིན། ་

  37. སྤྲུལ་སྐུ་དབང་ཆེན says:
    2012-06-22 at 4:56 pm

    ཡག་ཉེས་དགེ་སྐྱོན་འབྱེད་བྱེད་གཟི་མིག་ཟུང་།
    གླེན་རྨོངས་ཤ་སྤགས་སྒྲོམ་དུ་བཙན་བཅུག་ནས།
    ཨུ་ཚུགས་སྤུ་ཡི་མདུད་པས་དམ་བསྡམ་པ།
    ཤ་ཚས་དྲང་བདེན་ལྷ་རྗེ་འབོད་ལ་བྲེལ།།

  38. ཐབས་ཇུས་ཅན says:
    2012-06-22 at 8:34 pm

    ཡག་པོ་འདུག རྗེས་སུ་ཡི་རང་ཡོད། དྲང་བོ་བཤད་ན་ང་ཚོ་བོད་པའི་གནས་སྟངས་དེ་འདྲ་རང་རེད། ལྷག་པར་ཏུ་སྤྲུལ་སྐུའི་ལམ་ལུགས་འདི་དུས་རབས་ཉི་ཤུ་རྩ་གཅིག་པ་དང་མཐུན་པ་ཞིག་མ་རེད། སྤྲུལ་སྐུ་ཚོར་ཡིག་ཚད་རེད་བཏང་བྱས་ཡིག་ཚད་མ་ལོང་མཁན་ཚོ་སྤྲུལ་སྐུ་ནས་དགོང་པ་ཞུས་ན་ཡག་ས་རེད།

  39. མིག་བརྒྱད་པ། says:
    2012-06-22 at 10:06 pm

    སྤྲུལ་སྐུ་ལོ་ན་ཆུང་ཡང་།།
    འབྲི་རྩོམ་ཆར་བ་འབེབ་འབེབ།།
    ཨུ་ཚུགས་མདུད་པ་གྲོལ་ནས།།
    ཉེར་གཅིག་རྗེས་སུ་བསྙེགས་སོང་།།

  40. མེ་ཏོག་དཀར་པོ། says:
    2012-06-22 at 10:22 pm

    དགོས་པའི་ཀ་ཁ་ག་ང་ངོས་མི་བཟུང་། །
    མི་དགོས་རྡོར་དྲིལ་ཅ་དངོས་ངོས་འཛིན་འདི། །
    བཤད་སྒྲུབ་མ་ལགས་ཁྱིམ་ཚང་གསོ་སྐྱོང་གིས། །
    དད་ལྡན་པགས་པ་ཤུས་རྒྱུའི་རྟ་གོན་ལགས། །

  41. ལ་དྭགས་བློ་བཟང་འཇམ་དཔལ་ says:
    2012-06-22 at 11:48 pm

    མ་དགའ་མགོ་ལ་གླང་རྭ་བཙུགས་པ་སོགས།

    རྭ་ཞེས་ཇི་ལྟར་འགྱུར་བ་གླེང་།
    རུ་ཞེས་རྩ་བའི་སྒྲ་ཡིན་པར།
    དུས་དབང་བཙན་པོ་ཨུ་ཡིག་དེ།
    ཝ་རུ་བསྒྱུར་པས་རྭ་ལ་གྱུར།།

  42. གངས་སྤྲེལ་ཚ། says:
    2012-06-23 at 3:00 am

    སྐུ་དང་ར་ཅོའི་དབུ་བརྒྱན་སོགས།།
    དག་པའི་སྣང་ངོར་གཞན་མེད་ཀྱང་་།
    མ་དག་སྐྱེས་བུའི་སྣང་ངོ་ལ།།
    སངས་རྒྱས་བྱོན་ཀྱང་སྐྱོན་ལས་ཅི།།

  43. ཀརྡོ་གཉེར་ཕྱག་པ་ says:
    2012-06-23 at 4:39 am

    ཤ་ཚའི་གཏམ་སྙན་མེད་པ་དང་། །
    ཤ་འཁོན་ཚིག་ངན་གང་གིས་འབྱེད། །
    ཤ་ཚའི་གཏམ་ངན་རང་སྡེར་སྨྲོས། །
    གཞན་སྡེར་སྨྲས་ན་བདེར་མི་འགྱུར། །

  44. ངག་དབང་བསྟན་པ། says:
    2012-06-23 at 6:08 am

    དཔེ་ཡག་པོ་བྲིས་འདུག

  45. རང་དབང་ཨ་རྡུ་མན། says:
    2012-06-23 at 7:15 am

    རེད་ཡ། རྒྱལ་བརྒྱུད་ཀྱིས་མི་དམངས་སྐྱོང་ཚུལ་དེ་ནི་ཀླད་རྙིང་གི་དུས་ཡིན། རབ་བྱུང་གིས་ཆབ་སྲིད་གྲལ་དུ་འཚང་པ་ནི་ནང་ཆོས་ཀྱི་ཞབས་འདྲེན་ངོ་མ་དེ་ཡིན། བླ་མ་ཡིས་བཞུགས་ཁྲི་མཐོན་པོའི་སྒང་ནས་ཕ་རོལ་པོ་དགྲ་བོར་བརྩིས་པ་ནི་བསྟན་པ་དཀྲུགས་པའི་བདུད་ཀྱི་རྣམ་སྤྲུལ་རང་ཡིན།།།

  46. སྤྲུལ་སྐུ་དབང་ཆེན says:
    2012-06-23 at 8:03 am

    མེ་ཏོག་དཀར་པོ་དེ་རིང་ཁོང་ཁྲོ་ལངས་ནས་མེ་ཏོག་དམར་པོ་ཆགས་འདུག །ཧཧཧཧཧཧ

  47. མེ་ཏོག་དཀར་པོ། says:
    2012-06-23 at 8:19 am

    དབང་ཆེན་ལགས། སྤྱིར་བཏང་ཙམ་ཡིན། ཧ་ཧ་

  48. སྤྲུལ་སྐུ་དབང་ཆེན says:
    2012-06-23 at 9:43 am

    ལགས་སོ། བློ་གུ་ཡངས་པོ་གནང་ན་སྐྱིད་པོ་ཡོད་རེད། གལ་ཏེ་རང་གཞན་སུ་ལ་ཡིན་ནའང་སྐྱོན་རེ་ཡོད་ན་ནི་སྐྱོན་ནི་སྐྱོན་རང་ཡིན་ཕྱིར་བཤད་དགོས་ཡ་གལ་ཆེན་པོ་རེད། དེ་མིན་འཚམས་འཚམས་ཀུ་རེ་དང་རྩེ་མོས་དགོད་སྒྲ་ཡང་བསླང་ན་ཡང་མ་འགྲིག་པ་ཅི་ཡོད་མ་རེད་དྲན། ཧཧཧ

  49. མེ་ཏོག་དཀར་པོ། says:
    2012-06-23 at 10:07 am

    རེད་ཡ། དེ་རང་རེད།

  50. སྣྲོན་ངག་ཁྲི། says:
    2012-06-23 at 10:42 am

    རང་དབང་ཨ་རྡུ་མན་ལགས།།
    སྔོན་ལ་ཁྱེད་ཀྱིས་ཆོས་དང་སྲིད་ཀྱི་ས་མཚམས་ཤིག་ངོས་བཟུང་དང་།།
    དེ་ནས་རབ་བྱུང་ཕོ་མོས་ཉམས་སུ་ལེན་རུང་མིན་ཞིག་བལྟ་ཆོག
    གཞན་མ་གཏོགས་འགྲོ་བའི་སྡུག་བསྔལ་༼མཐའ་དག་༽སེལ་ཆེད་དུ།
    ཇི་སྲིད་ནམ་མཁའ་གནས་པ་དང་།།
    འགྲོ་བ་ཇི་སྲིད་གནས་གྱུར་པ།།
    དེ་སྲིད་ཁྱེད་ནི་གནས་གྱུར་ནས།།
    འགྲོ་བའི་སྡུག་བསྔལ་སེལ་ཐབས་མེད།།

  51. ཀླུ་ཚང་། says:
    2012-06-23 at 1:36 pm

    ཡག་པོ་འདུག དམིགས་བསལ་དབང་ཆེན་དང་མེ་ཏོག་དཀར་པོ་གཉིས་ལ་འཚམ་འདྲི་ཡོད།

  52. སྤྲུལ་སྐུ་དབང་ཆེན says:
    2012-06-23 at 2:19 pm

    ཇི་སྲིད་ཆོས་སྲིད་ཟུང་འབྲེལ་ནས།
    འགྲོ་ཀུན་ཇི་སྲིད་མགོ་སྐོར་བར།
    དེ་སྲིད་བདག་ནི་གནས་གྱུར་ཏེ།
    མ་འདྲེས་སོ་སོར་འབྱེད་གྱུར་ཅིག །།

  53. སྣྲོན་ངག་ཁྲི། says:
    2012-06-23 at 4:05 pm

    སྤྲུལ་སྐུའི་མཚན་སྙན་ཙམ་འཛིན་པ་དབང་ཆེན་ལགས།
    ༸གོང་ས་མཆོག་གིས་སྔར་ནས་ད་བར་གདམས་ངག་ཏུ་གསུངས་བཞིན་པའི་བདེན་གསོལ་སྨོན་ཚིག་༼ཚད་མེད་ཡྟོན་༽ཞེས་ཡོངས་སུ་གྲགས་པ་དེ་གོ་མྱོང་ཡོད་དམ།
    དེའི་ནང་གི་༼རིང་ནས་སྙིང་དུ་བརྣག་པའི་འདོད་པའི་དོན།།།༽
    ཡོངས་རྫོགས་བོད་ལྗོངས་རང་དབང་གཙང་མའི་དཔལ།།
    ལྷུན་གྲུབ་ཆོས་སྲིད་ཟུང་འབྲེལ་དགའ་སྟོན་ལ།།
    སྤྱོད་པའི་སྐལ་བཟང་མྱུར་བ་ཉིད་དུ་སྩོལ།།ཅེས་པའི་ཤློོཀ་དེ་ལ་ཚིག་དོན་གཉིས་ཐད་ནས་འགྲེལ་བཤད་རྒྱས་པ་ཞིག་གནང་དང། ད་གཟོད་གཞི་ནས་མགོ་འཁོར་མིན་མཁྱེན་ཡོང།།

  54. སྤྲུལ་སྐུ་དབང་ཆེན says:
    2012-06-23 at 5:34 pm

    སྣྲོན་ངག་ཁྲི་ལ་སྤྲིངས་པ།

    ཆོས་སྲིད་ཟུང་འབྲེལ།
    དང་པོ་ནང་ཆོས་ནི།
    དེ་ལ་ཐོག་མར་ཆོས་ཞེས་བཤད་དུས་དམ་པའི་ལྷ་ཆོས་དང་འཇིག་རྟེན་མི་ཆོས་སོགས་མང་པོ་ལ་གོ་ཡང་སྐབས་འདིར་ང་ཚོ་བོད་པའི་ངོར་དམ་པའི་ལྷ་ཆོས་སམ་ནང་ཆོས་ལ་གོ་དགོས། ནང་པ་སངས་རྒྱས་པས་ཆོས་ནི་ཐོག་མར་བྱམས་པ་དང་སྙིང་རྗེས་ཀུན་ནས་བསླངས་ཏེ་སེམས་སྐྱེད་དང༌། བར་དུ་ཚོགས་གསོག་དང་སྒྲིབ་པ་སྦྱངས་ཏེ་ལུས་ཀྱི་རྣམ་པར་སྨིན་པ་དག་ནས། །ཐ་མར་འབྲས་བུ་ཆོས་ཀྱི་སྐུ་མངོན་དུ་གྱུར་ནས་སངས་རྒྱས་ཏེ་ཆོས་ཀྱི་འཁོར་ལོ་སྐོར་བ་བཅས་ཚན་པ་གསུམ་གྱི་ཐོག་ནས་གྲུབ་པ་འདི་སྤྱིར་ཐེག་ཆེན་དང་ཐེག་དམན་སོགས་གྲུབ་མཐའ་སྨྲ་བ་ཀུན་གཅིག་མཚུངས་ཡིན། དམིགས་བསལ་གསང་སྔགས་བའི་ཐབས་ཤེས་ཟུང་འཇུག་གི་སྒོ་ནས་བགྲོད་ཚུལ་རྣམས་ཚུར་དུ་བཞག །ཐུན་མོངས་ངོར་ནང་པའི་ཆོས་ཀྱིས་ཐོག་མ་མེད་པ་ནས་གྲུབ་པའི་སྟོན་པ་ཞིག་མི་བཞེད་པར། གང་ཟག་གང་ཞིག་སྤྱོད་པ་ལ་བསླབས་ཏེ་གཞི་ནས་སངས་རྒྱས་དགོས་པའི་གྲུབ་མཐའ་འདི་འཇོག །དེ་ལ་ཐུན་མིན་གསང་སྔགས་རྙིང་མས་ལུགས་ལ་ཐོག་མའི་སངས་རྒྱས་ཀུན་ཏུ་བཟང་པོ་གཞི་ཐོག་དང་པོ་ནས་གྲོལ་སོང་བ་ཞིག་འདོད་ལ། དེ་ནི་དང་པོའི་སངས་རྒྱས་ཀྱིས་ཆོས་མ་བསྟན་ན་སེམས་ཅན་བློ་རྨོངས་པ་རྣམས་སངས་རྒྱས་ཀྱི་དགོངས་སྤྱོད་ཟབ་མོ་མི་རྟོགས་ཅིང་སྤྱོད་པ་ལ་བསླབ་མི་ཤེས་དེ། སེམས་ཅན་ཀྱིས་སེམས་ཅན་ལ་ཡང་དག་པའི་ལམ་སྟོན་མི་ནུས་པའི་ཕྱིར་ཞེས་པའི་རིག་པ་དེ་འཕེན་ནོ། ཡིན་ནའང་ནང་པའི་ཆོས་ལ་གྲུབ་མཐའ་མི་འདྲ་བ་བཞི་ཡོད་པའི་དབང་གིས་ཐོག་མར་སེམས་སྐྱེད་ཚུལ་དང༌། བར་དུ་ཚོགས་གསོག་ཚུལ། དེ་ནས་འཚང་རྒྱ་ཚུལ་ཐོག་འགྲེལ་བཤད་རྒྱག་སྟངས་མི་འདྲ་བ་རེ་ཡོང་གི་ཡོད། དེ་ལྟ་ནའང་སྤྱིར་བཏང་བྱས་ན། གང་ཟག་སུ་ཡིན་རུང་ཐོག་མར་ཆེད་དུ་བྱ་བ་སེམས་ཅན་གྱི་དོན་དུ་སངས་རྒྱས་ཀྱི་གོ་འཕང་དོན་དུ་གཉེར་ནས་སེམས་བསྐྱེད་པ་དང༌། བར་དུ་བསྐལ་ཆེན་གྲངས་མེད་གསུམ་དུ་རང་དོན་དུ་ལུས་ངག་ཡིད་གསུམ་གྱིས་སྒོ་ནས་ཚོགས་བསགས་སྒྲིབ་སྦྱངས་བྱས། མཐར་གཉིས་དོན་དུ་མངོན་པར་རྫོགས་པར་སངས་རྒྱས་པར་བཤད་ཡོད། དེ་ནས་ལམ་འདི་ལ་གོང་དུ་ཞེས་པ་བཞིན་བློ་རྩེ་གཅིག་ཏུ་གཞོལ་མཁན་རྣམས་ལ་སྟོན་པའི་རྗེས་འཇུག་པའམ་ནང་ཆོས་ཉམས་ལེན་པས་ཆོས་པ་ཞེས་པའི་ཐ་སྙད་ཅིག་ཐོབ། གྲུབ་མཐའ་བཞི་པོའི་ལྟ་སྒོམ་སྤྱོད་གསུམ་ལ་ཐེག་པ་གོང་འོག་གི་ཁྱད་པར་དང་ཐབས་དང་ཤེས་རབ་གྱིས་སྒོ་ནས་གྲང་མང་ཉུང་གི་ཁྱད་པར་སོགས་ཡོད་པ་ཞུ་མ་དགོས་པ་བཅས། དེ་ནི་ཆབ་སྲིད་དང་རྩ་བ་ནས་མ་འདྲིས་པའི་ཆོས་པ་ཡང་དག་པ་ཞིག་གི་མཚན་ཉིད་ཡིན། 
    གཉིས་པ་ཆབ་སྲིད་དང་ཟུང་འབྲེལ།
    ཆབ་ཅེས་པ་ནི་འོག་གམ་ཆབ་འབངས་དང་།  སྲིད་ཅེས་པ་དེ་ཐབས་ལམ་མམ་སྐྱོང་བ་ལ་གོ་བས།    ཆབ་སྲིད་ཅེས་པ་རྒྱལ་པོ་འམ་དཔོན་པོ་གང་རུང་གིས་འཁོར་འབངས་སྐྱོང་བྱེད་ཀྱི་ཐབས་ལ་གོ།    ཐབས་ལམ་སྣ་མང་བཀོལ་ནས་ཆབ་སྲིད་བརྟན་པོ་བསྐྱང་ན་བློན་འབངས་བརྟན་ཅིང་མངའ་ཐང་རྒྱས།  ཆབ་འབངས་དང་སྲིད་ནི་རྒྱལ་ཁབ་ཅིག་གྲུབ་བྱེད་ཀྱི་རྒྱུ་ཆ་གཙོ་བོ་དེ་ཡིན། ཆབ་སྲིད་སྐྱོང་མཁན་དེ་ལ་གཙོ་བོའི་ཆ་ནས་སྲིད་འཛིན་དང་འབངས་ཀྱི་བཀུར་བར་འོས་པའི་ཆ་ནས་རྒྱལ་པོ་སོགས་མང་གི་ཐ་སྙད་ཆབ་སྲིད་ཀྱི་བྱ་བ་དང་འབྲེལ་ནས་ཡོད། སྔོན་རྒྱ་གར་དང་བོད་ཡུལ་སོགས་ཀྱི་ཆོས་རྒྱལ་ཚོས་ཆོས་དང་བླ་མ་ལ་བཀུར་བསྟི་དང་ཆབ་སྲིད་མངའ་འབངས་ལ་བྱམས་བརྩེ་གནང་བ་སོགས་ཡོད་ནའང་། དེ་ནི་ཆོས་སྲིད་ཟུང་འབྲེལ་མིན་ལ་ཆོས་པས་ཆབ་སྲིད་བསྐྱང་བ་ཡང་མིན་པ་ཤེས་དགོས་གལ་ཆེན་པོར་མཐོང་། རྒྱལ་བློན་གྱིས་ཆབ་སྲིད་སྐྱོང་བ་ལ་ཆོས་ཀྱི་སློབ་གསོ་དང་བསླབ་བྱ་ཡ་རབས་ཚུལ་མཐུན་གྱི་གདམས་པ་སོགས་བེད་སྤྱོད་བྱེད་ཤེས་ན་མ་འགྲིག་པ་མེད་ན་ཡང་། ཆབ་སྲིད་སྐྱོང་བ་ལ་ནི་ཡིན་གཅིག་མིན་གཅིག་ཆོས་ཀྱིས་བསླབ་བྱ་ཤིག་ཡོད་ན་དེས་ཆོག་དང་མེད་ན་ཐབས་ཆོག་པ་ཞིག་ཡིན་ཟེར་བ་ནི་མི་བདེན་དེ། རྒྱལ་འབངས་གང་དང་རྒྱལ་ཁབ་སུ་ཡིན་ཡང་རྒྱལ་ཁྲིམས་དང་འབངས་ཁྲིམས་ཞིག་འབངས་མི་དམངས་ཀྱི་བསམ་བློ་དང་མཐུན་པའི་ཆབ་སྲིད་ཐབས་ལམ་ཞིག་མེད་པས་རྒྱལ་ཁབ་གཅིག་ཀྱང་མེད། ལུས་དང་པོ་བའི་ཆོས་པ་ཞིག་གིས་ཆབ་སྲིད་སྤྱད་ནས་ཆོས་དང་ཆབ་སྲིད་གཉིས་མཉམ་གནས་ཀྱི་གཉིས་ཕན་ཞིག་སྒྲུབ་ཐབས་ནི་སྣོད་གཅིག་གི་ནང་ལ་མེ་ཞིག་སྦར་ནས་སྒང་ལ་ཆུ་བླུག་པ་དང་ཁྱད་པར་མེད་དོ། བླ་མ་འགའ་ཞིག་གིས་ཡང་ཆོས་སྲིད་མཉམ་འབྲེལ་ནི་བྱིས་པས་བྱེ་མཁར་བརྩེགས་པ་དང་མཚུངས་སོ་ཞེས་གསུངས། སྔོན་གྱི་བཀའ་གདམས་གོང་མ་དག་གིས་ཀྱང་། ཚེ་འདི་ལ་ཞེན་ན་ཆོས་པ་མིན། འཁོར་བ་ལ་ཞེན་ན་ངེས་འབྱུང་མིན། བདག་དོན་ལ་ཞེན་ན་བྱང་སེམས་མིན། འཛིན་པ་བྱུང་ན་ལྟ་བ་མིན་ཅེས་གསུང་པ་འདི་ཆོས་སྲིད་ཟུང་འབྲེལ་བྱེད་མཁན་ཚོའི་ཉེས་སྐྱོན་དམར་རྗེན་དུ་བཏོན་ཡོད་པ་མ་མཐོང་བ་དང་མ་ཐོས་པ་མེད་ནའང་། ཆོས་དྲེད་ཆོས་ཀྱིས་མ་ཐུལ། ཀོ་གྱོང་མཆིལ་མས་མ་རློན་ཟེར་བ་དང་དཔེ་དོན་མཚུངས་པ་རེད། དེ་མིན་ཆོས་དང་ཆབ་སྲིད་འདབས་འབྲེལ་དང་ཟུང་འཇུག་ཏུ་སྤྱོད་མཁན་ཚོས། ཆོས་ལ་བརྟེན་ནས་ལྷ་འདྲེ་གདོན་བགེགས་སོགས་བསམ་ཡུལ་ལས་འདས་པས་དངོས་མེད་བསམ་བློའི་རྫུ་འཕྲུལ་གྱིས་གློག་བརྙན་འཇིགས་སུ་རུང་བ་དག་བཤད་ནས་བླུན་རྨོངས་གླེན་དད་ཅན་རྣམས་ལ་སྐྲག་དངངས་འཇིགས་བསྐུལ་དང་། ཆབ་སྲིད་ཀྱིས་ཐོབ་དང་གོ་ས་སྙན་དང་གྲགས་པ་དང་། རྒྱབ་དཔུང་བྲག་རི་ལྟར་བཙན་པས་དམག་དཔུང་དང་རྒྱུ་ནོར་ལོངས་སྤྱོད་སོགས་བེད་སྤྱོད་བྱས་ནས་སྒེར་གཅོད་རིང་ལུགས་པས་ལྟ་སྤྱོད་དག་ལ་བརྟེན་ནས། མི་དམངས་མགོ་བསྐོར་བཏང་བ་དང་ཐོབ་ཐང་དང་དབང་ཡོད་ཀྱིས་བཙན་བཀའ་བཏང་བ་སོགས་ལས་གཞན་མེད་དེ། རྣམ་དཔྱོད་ལྡན་པའི་གང་ཟག་ཞིག་མིན་ན་ཡང་སྨྲ་ཤེས་དོན་གོ་བས་མི་བུ་ཁ་ནང་ལ་ཟ་མ་ཟ་ཤེས་མཁན་རེ་ཡིན་ན་ཧ་མི་གོ་བ་མི་སྲིད་ཀྱང་། ཡུལ་དུས་དང་སྤྱི་ཚོགས་གནོད་ཤུགས་ཀྱི་དབང་གིས་རེ་ཞིག་ཅི་ཡང་སྨྲ་མི་ཕོད་པ་འམ་བསམ་མི་ཕོད་པ་ནི་གནས་སྐབས་རེ་ལ་ཐུགས་ཁག་མེད་པ་ཡང་ཤེས་ཀྱི་ཡོད། 
    ད་མང་དྲགས་སོང་། དེ་ཙམ་བྱེད་ལོ། ཕན་རེ་ཐོག་པར་ཤོག །།

  55. སྐྱུ་རྩི་ནས། says:
    2012-06-23 at 6:39 pm

    ཆོས་སྲིད་ཟུང་འབྲེལ་ཟེར་བ། །
    སྤྲུལ་སྐུས་བརྩམས་པའི་ལས་རེད། །
    ད་ཆ་བཟོ་ལྟ་ཤོར་དུས། །
    དམངས་ཀྱི་མགོ་ལ་གཡོག་གི །
    སྤྲུལ་སྐུར་ངོ་ཚ་ཡོད་ན། །
    ལས་འབྲས་དཔང་དུ་བཞག་ནས། །
    བོད་མིར་དཀའ་ངལ་ཕྲད་དུས། །
    སྤྲུལ་སྐུས་འགོ་འདོན་གནང་དགོས། །
    དཀོར་ལ་རྔམ་པའི་སྤྲུལ་སྐུ། །
    གཤིན་རྗེ་གཉེས་པའི་གྲོགས་ལས། །
    ཆོས་སྲིད་གཉིས་ཀྱིས་ཀྱི་ཐོག་ལ། །
    མཛད་འཕྲིན་ངོམ་རྒྱུ་ཨེ་ཡོད། །
    དགྲ་བོ་འགྲམ་ལ་སླེབས་དུས། །
    སྤྲུལ་སྐུ་བྲོས་ནས་ཕེབས་སོང་། །
    དགྲ་བོ་ཁྲིད་ལ་མེད་དུས། །
    སྤྲུལ་སྐུས་དཔའ་སྐད་སྒྲོག་གི །
    དཔའ་དང་བློ་ཁོག་ཡོད་ན། །
    དགྲ་བོའི་མདུན་དུ་དོན་དང་། །
    འོད་མཚན་མགོན་པོ་བཞིན་དུ།
    དགྲ་བོར་དཔུང་པ་སྒྲེང་དང་།

  56. སྤྲུལ་སྐུ་དབང་ཆེན says:
    2012-06-23 at 10:42 pm

    ཆབ་སྲིད་སྐྱུར་རྩི་ནར་མོ།
    ཆོས་དཀར་འོ་མར་བསྲེས་པས།
    བཟོ་ལྟར་ལྟ་ལོམ་མེད་འདྲ།
    རུལ་ལུད་ཁྱིའི་ཡང་མི་འཐུང་།།

  57. རང་དབང་ཨ་རྡུ་མན། says:
    2012-06-23 at 11:09 pm

    སྣྲོན་ངག་ཁྲི་ལགས་་་ཆོས་ཞེས་པ་ནི་ལྟོ་གོས་གཏམ་གསུམ་བློས་བཏང་ནས་གྱོང་ཁ་རང་གིས་ལེན་རྒྱལ་ཁ་གཞན་ལ་
    ཕུལ་བ་ཞིག་དགོས།
    སྲིད་ཞེས་པ་ནི་དེ་ལས་ལྡོག་སྟེ་ལྟོ་གོས་གཏམ་གསུམ་གྱི་ཆེད་དུ་རང་རྒྱལ་གཞན་ཕམ་གྱི་བྱ་བར་གོ་དགོས།།

  58. འཁྱམ་པོ says:
    2012-06-24 at 1:38 am

    ༥༥༽ སྐྱུ་རྩི་ལ།

    ཆོས་སྲིད་ཟུང་འབྲེལ་ཟེར་བ་སྤྲུལ་སྐུས་བརྩམས་པའི་ལས་མ་རེད། དེ་ནི་འགྲོ་བ་མིའི་སྤྱི་ཡངས་ལ་ཡོད་པའི་རེ་འདོད་རེད། འཛམ་གླིང་ཐོག་ཆོས་སྲིད་ཟུང་འབྲེལ་གྱི་ལམ་ལུགས་ནི། རྒྱ་ནག་དང་ཆོས་མེད་ཀྱི་ལུང་པ་ཁ་ཤད་མ་གཏོགས་རྒྱལ་ཁབ་མང་ཆེ་བ་ཡོད་པ་ཞིག་རེད། དེའི་འདུན་པ་ནི་ཆོས་ཀྱི་ལྟ་གྲུབ་བཞིན་བྱམས་དང་སྙིང་རྗེ། འདྲ་མཉམ་ཐོག་ཆབ་སྲིད་སྐྱོང་ནས་མི་མང་གི་སྡུག་སྔལ་སེར་ཐུབ་པ་དང་བདེ་སྐྱིད་སྐྲུན་ཐུབ་པའི་རེ་བ་རེད།

    ཆོས་སྲིད་ཟུང་འབྲེལ་དེ་ད་ཆ་བཟོ་ལྟ་ཤོར་པ་ཞིག་མ་རེད། མུ་མཐུད་འགྲོ་བཞིན་པ་རེད། ཆོས་སྲིད་ཟུང་འབྲེལ་གྱི་སྙིང་དོན་ནི་ཆོས་ཀྱི་བྱམས་སྙིང་རྗེ་དང་ལས་རྒྱུ་འབྲས་བརྩི་སྲུང་གི་ལྟ་གྲུབ་བཞིན་ཆབ་སྲིད་སྐྱོང་བ་ལ་གོ་བ་མ་གཏོགས། བླ་མ་དཔོན་པོ་བྱེད་པ་དང་ཆོས་ཁོ་ན་བེད་པ་གོ་མི་རུང་། ཨ་རི་ཡིན་རུང་ཡེ་ཤུལ་ཆོས་ཀྱི་ལྟ་གྲུབ་གཞི་བཟུང་རྩ་ཁྲིནས་གཏན་འབེབས་བྱས་པ་རེད། ད་ལྟའི་སྤྱི་ཚོགས་ཡར་རྒྱས་སམ་དངོས་པོ་འཕེལ་ཞིང་རྙོགས་དྲ་མང་རུ་སོང་པའི་རྐྱེན་གྱིས་ལས་དགོས་ཞིབ་ཕྲ་སོང་ནས་སྔར་སྲོལ་བསྒྱུར་བཅོས་བཏང་དགོས་ངེས་རུང་། ཆབ་སྲིད་ཆོས་བཞིན་སྐྱོང་པའི་གནའ་སྔར་མོའི་རེ་འདུན་དེ་ལ་འགྱུར་བ་བྱུང་མེད། དེ་འདྲའི་གནས་སྟངས་འོག་ཆབ་སྲིད་དེ་ཆབ་སྲིད་པས་སྐྱོང་ན་ལེགས་པའི་ལྟ་བ་བྱུང་རུང་། ཆབ་སྲིད་པས་ཆོས་བ྄ཞིན་ཆབ་སྲིད་སྐྱོང་མི་དགོས་ཟེར་མཁན་མེད། དེ་བཞིན་ཆབ་སྲིད་ཆོས་བཞིན་སྐྱོང་པའི་རྐྱེན་གྱིས་འདས་པའི་ལོ་ཆིག་སྟོང་ལྷག་ལ་བོད་དུ་དམག་འཁྲུག་ཆེན་པོ་དང་མུ་གེ་ཆེན་པོ། མི་མང་འཚོ་གནས་མ་ཐུབ་ནས་ངོ་ལོག་ཆེན་པོ་སོགས་བྱུང་མྱོང་མེད་པ་མ་ཚད། བོད་ནི་མི་རིགས་ཆུང་ཆུང་ཞིག་ཡིན་རུང་འཛམ་གླིང་ཐོག་ངམ་འོས་པའི་བྱ་བཞག་འདི་འདྲ་ཡོད་པ་རེད། དེ་བཞིན་བོད་ཀྱི་བླ་ཆེན་ཁག་གི་བཀའ་དྲིན་ལས་སོག་པོས་འཛམ་གླིང་ག་ས་བཅོམ་དུས་བོད་ལ་དཀའ་ངལ་དེ་བྱུང་་མེད། དེ་ནམ་བཞིན་གྱི་མང་པོ་ཡོད་རུང་གོ་བ་མེད་པའི་མི་ལ་བཤད་ན་དོན་མེད་ཡིན།

    ཡང་ཁྱོད་རང་གིས་བླ་བ་བྲོས་སོང་སོགས་བཤད་པ་ལ་ཡ་མཚན་སྐྱེལ། དགྲ་དམར་པོའི་རེ་བ་ནི་བླ་མ་མ་བྲོས་ན་བསམ་ནས་བཀག་ཐབས་བྱས་པ་དང་། བོད་མི་ཁྲི་ཚོ་མང་པོས་བླ་མ་བྲོས་ཐར་པའི་ཆེད་དུ་རང་སྲོག་བློས་བཏང་ཡོད། དེ་བཞིན་༢༠༠༨ལོ་ནས་བཟུང་བོད་མི་རིགས་ཀྱི་འཐབ་བརྩོད་ནང་བླ་མ་གྲྭ་བ་གཙོ་བོས་རང་སྲོག་བློས་བཏང་པ་མ་གཏོགས། ཆོས་ལ་དམའ་འབེབས་བྱེད་མཁན་སི་འདུག གཅིག་ཀྱང་ཡོད་དམ། དེ་སྔོན་ཁྱོད་འདྲ་བོ་དྲ་རྒྱ་ཐོག་ཚིག་འདྲ་ཆགས་པོ་བཤད་ནས་ཆོས་ལུགས་ལ་བཀོལ་འདེབས་བྱེད་མཁན་ཟི་ལིང་གི་མི་ཁ་ཤད་ཡོད་པ་དེ་ཚོ་༢༠༠༨རྗེས་སུ་གོ་རྒྱུ་ཐོས་རྒྱུ་འདུག་གམ། བོད་མི་རིགས་འཆི་གསོན་ཆགས་འཇིག་སྐབས་སུ་བླ་མ་གྲྭ་བ་དང་ཆོས་དད་མི་མང་མ་གཏོགས་ནམ་རྒྱུན་ཆོས་ལ་བཤད་བཤད་བཏང་མཁན་དེ་ཚོ་ག་བ་འདུག གཅིག་ཀྱང་མ྄ཐོང་རྒཡུ་འདུག་གམ། མི་ཞིག་གིས་ས་གཡོམ་སྐགས་རོགས་སྐྱོར་རྒྱ་གཞུང་ལ་མ་སྤྲད་ཟེར་ནས་བཙོན་ཁང་ནང་ཉིན་ཁ་ཤད་བསྡོད་རུང་། རྗེས་སུ་རྒྱ་གཞུང་གིས་ནོར་བ་ཤེས་ནས་ད་ལྟ་རྒྱ་གཞུང་གི་ཕོག་ཟ་ནས་བསྡོད་ཏེ་དེ་རྗེས་གོ་རྒྱུ་མེ་ད་པ་གང་ཡིན་ནམ། རྒྱ་ནག་ལ་ཐུག་དུས་ནམ་རྒྱུན་བོད་མི་རིགས་ཀྱི་སྙིང་ནོང་ནང་ཆོས་ལ་སྐུལ་འདེད་བྱེད་དེ་མི་རིགས་འ་རྒྱ་ཡོད་འདོག་འདོག་བྱེད་མཁན་དེ་ཚོའི་སྒྲ་སྐད་ཙམ་ཡང་གོ་རྒྱུ་མེད་པར་ཁ་ཞར་བ་རེད་དམ། ལས་ཀ་གཅིག་ཀྱང་མེད་པ་ལག་ཞར་པ་རེད།

  59. འཁྱམ་པོ says:
    2012-06-24 at 6:49 am

    ཡང་སྐྱར་སྐྱག་རྩིས་ལ།
    སྐྱགརྩིས་ནས།
    སྤྲུལ་སྐུར་ངོ་ཚ་ཡོད་ན། །
    ལས་འབྲས་དཔང་དུ་བཞག་ནས། །
    བོད་མིར་དཀའ་ངལ་ཕྲད་དུས། །
    སྤྲུལ་སྐུས་འགོ་འདོན་གནང་དགོས། །

    ལོ་རྒྱུས་དང་དེང་རབས་སོགས་བསམ་བློ་ག་རེ་བཏང་རུང་བོད་མི་དཀའ་ངལ་འཕྲད་དུས་བླ་མ་སྤྲུལ་སྐུ་མ་གཏོགས་བོད་མི་འགོ་འདོན་བྱེད་མཁན་སུ་འདུག བོད་ཀྱི་ལོ་རྒྱུས་ཐོག་དམག་འཁྲུག་དང་མུག་གེ་སོགས་མ་བྱུང་པ་ནང་ཆོས་ཀྱི་སྐུ་དྲིན་ལོས་ཡིན། རྒྱ་གོང་བྲན་ཐུག་དུས་དགེ་འདུན་པ་དང་ཆོས་དད་མི་མང་མ་གཏོགས་གདོང་ལ་ལངས་མཁན་སུ་འདུག ནམ་རྒྱུན་ནང་ཆོས་ལ་དམའ་འབེབ་བྱེད་ནས་རྒྱ་ཕོག་ཟ་མཁན་དང་འགོ་མ་ཚུད་རྗེས་སུ་རྒྱུག་མཁན་གྲས་ནས་བོད་མི་རིགས་འཆི་གས་ོན་ཆགས་འཇིག་གི་སྐབས་སུ་རང་སྲོག་བློས་བཏང་མཁན་དེ་ཕར་བཞག རང་དབང་བློས་བཏང་མཁན་ཡང་སུ་འདུག་གམ། དཀའ་ལས་རྒྱག་མཁན་ཡང་སུ་འདུག བཤད་དུས་མི་རིགས་ཀྱི་མདུན་ལམ་ལ་བསམ་བློ་བཏང་གི་ཡིན་འདོག་འདོག་ཙམ་ལས་བོད་མི་རིགས་ཀྱི་བླ་ནོར་ལ་དམའ་འབེབས་བཏང་དུས་རྒྱ་ནག་གི་མི་ཨེ་ཡིན་ནམ་བཅས་དོགས་དགོས་པ་དང་། བོད་མི་ཁེ་ཕན་ཐུག་དུས་་དོན་དངོས་ཀྱི་ལས་ཀ་བྱེད་མཁན་མི་སི་འདུག མི་དེ་ཚོ་ངོ་ཚ་མེད་པ་མ་ཚད། ད་རུང་ཧམ་པ་ཆེན་པོས་ནང་ཆོས་ཀྱིས་བོད་ལ་ཕན་ག་རེ་བཏག་ཡོད་ཟེར་བ་ནི། ཕ་མས་བུ་ཕྲུག་ལ་ཕན་ག་རེ་བཏག་ཡོད་བཅས་འདྲི་བ་དང་ཁྱད་པ་ག་རེ་ཡོད་དམ།

  60. འཁྱམ་པོ says:
    2012-06-24 at 7:02 am

    ད་རུང་སྐྱག་རྩིས་ལ།
    དཔའ་དང་བློ་ཁོག་ཡོད་ན། །
    དགྲ་བོའི་མདུན་དུ་དོན་དང་། །
    འོད་མཚན་མགོན་པོ་བཞིན་དུ།
    དགྲ་བོར་དཔུང་པ་སྒྲེང་དང་།

    དཔའ་དང་བློ་ཁོག་ཡོད་ནས་དགྲ་བོར་མི་ལོ་༦༠ཐམ་པ་ཁ་ཏད་བཅག་པ་མ་ཚད། བོད་དོན་ཟེད་དུས་འཛམ་གླིང་ཀུན་དུ་འཁྱབ་པ་བྱས་ཡོད། རྒྱ་དམར་གྱིས་བླ་མ་དོེ་ཚོ་དགྲ་བོ་འཛིན་པ་ལས་ཟི་ལིང་གི་ནང་ཆོས་ལ་དམའ་འབེབས་བྱེད་མཁན་དེ་ཚོ་ལ་དགྲ་བོ་འཛིན་གྱི་ཡོད་དམ། བུ་རང་སྟོད་མི་དགོས་དགྲ་སྟོད་ཟེར་བ་དེ་རེད། ཁྱོད་ཚོས་གྲས་དགྲ་བོས་བེད་སྤྱོད་ཙམ་ལས་ཁ་ཏད་ཡིན་པ་ངོས་འཛིན་བྱེད་མི་སྲིད། གང་ལྟར་དགྲ་སྟོད་ནི་མི་ཡོང་ཐག་ཆོད་རེད།

  61. དབང་ཆེན་ says:
    2012-06-24 at 1:58 pm

    སྤྲུལ་སྐུ་དབང་ཆེན་ཟེར་བའི་ཆོས་དང་ཆབས་སྲིད་ཀྱི་གོ་དོན་འབྲེལ་བཤད་རྒྱབ་པ་དེ་དངོས་གནས་ཆོས་སྲིད་གཉིས་ཀ་མི་ཤེས་པའི་ནང་ཆ་ཕྱིར་བསྟོན་པ་ཞིག་རེད་འདུག དགག་ན་དགག་ཚོད་མེད་པའི་ཡིག་ཚོགས་ལས་མང་པའི་དོན་ནོར་འདུག དཔེ་མཚོན་ཙམ་ཞུས་ན། ༡༼ནང་པ་སངས་རྒྱས་པས་ཆོས་ནི་ཐོག་མར་བྱམས་པ་དང་སྙིང་རྗེས་ཀུན་ནས་བསླངས་ཏེ་སེམས་སྐྱེད་དང༌། བར་དུ་ཚོགས་གསོག་དང་སྒྲིབ་པ་སྦྱངས་ཏེ་ལུས་ཀྱི་རྣམ་པར་སྨིན་པ་དག་ནས། །ཐ་མར་འབྲས་བུ་ཆོས་ཀྱི་སྐུ་མངོན་དུ་གྱུར་ནས་སངས་རྒྱས་ཏེ་ཆོས་ཀྱི་འཁོར་ལོ་སྐོར་བ་བཅས་ཚན་པ་གསུམ་གྱི་ཐོག་ནས་གྲུབ་པ་འདི་སྤྱིར་ཐེག་ཆེན་དང་ཐེག་དམན་སོགས་གྲུབ་མཐའ་སྨྲ་བ་ཀུན་གཅིག་མཚུངས་ཡིན།༽སེམས་སྐྱེད་བརྒྱུད་ལྡན་གྱི་ཐེག་དམན་ཞིག་དང་འབྲས་བུ་ཆོས་སྐུ་ཐོབ་པའི་ཉན་ཐོས་ཞིག། ༢༼བར་དུ་བསྐལ་ཆེན་གྲངས་མེད་གསུམ་དུ་རང་དོན་དུ་ལུས་ངག་ཡིད་གསུམ་གྱིས་སྒོ་ནས་ཚོགས་བསགས་སྒྲིབ་སྦྱངས་བྱས། མཐར་གཉིས་དོན་དུ་མངོན་པར་རྫོགས་པར་སངས་རྒྱས་པར་བཤད་ཡོད༽
    བསྐལ་ཆེན་གྲངས་མེད་གསུམ་དུ་རང་དོན་སྒྲུབ་སྟེ་མཐར་སངས་རྒྱས་སོང་བ་ཞིག དེ་དག་གི་ཁྱོད་ཀྱི་ནང་ཆོས་ཀྱི་ཤེས་ཚད་རྟོགས་ཐུབ། གཉིས་པ་ཆབ་སྲིད་ཀྱི་ཐད་ནས། ༣༼སྔོན་རྒྱ་གར་དང་བོད་ཡུལ་སོགས་ཀྱི་ཆོས་རྒྱལ་ཚོས་ཆོས་དང་བླ་མ་ལ་བཀུར་བསྟི་དང་ཆབ་སྲིད་མངའ་འབངས་ལ་བྱམས་བརྩེ་གནང་བ་སོགས་ཡོད་ནའང་། དེ་ནི་ཆོས་སྲིད་ཟུང་འབྲེལ་མིན་ལ་ཆོས་པས་ཆབ་སྲིད་བསྐྱང་བ་ཡང་མིན་པ་ཤེས་དགོས་གལ་ཆེན་པོར་མཐོང་།༽ བོད་ཀྱི་རྒྱལ་རབས་ལོ་རྒྱུས་རྣམས་ལ་དང་རྒྱབ་འགལ་རེད། ༤༼ཆབ་སྲིད་ཀྱིས་ཐོབ་དང་གོ་ས་སྙན་དང་གྲགས་པ་དང་། རྒྱབ་དཔུང་བྲག་རི་ལྟར་བཙན་པས་དམག་དཔུང་དང་རྒྱུ་ནོར་ལོངས་སྤྱོད་སོགས་བེད་སྤྱོད་བྱས་ནས་སྒེར་གཅོད་རིང་ལུགས་པས་ལྟ་སྤྱོད་དག་ལ་བརྟེན་ནས། མི་དམངས་མགོ་བསྐོར་བཏང་བ་དང་ཐོབ་ཐང་དང་དབང་ཡོད་ཀྱིས་བཙན་བཀའ་བཏང་བ་སོགས་ལས་གཞན་མེད་དེ། རྣམ་དཔྱོད་ལྡན་པའི་གང་ཟག་ཞིག་མིན་ན་ཡང་སྨྲ་ཤེས་དོན་གོ་བས་མི་བུ་ཁ་ནང་ལ་ཟ་མ་ཟ་ཤེས་མཁན་རེ་ཡིན་ན་ཧ་མི་གོ་བ་མི་སྲིད་ཀྱང་། ༽ ཆབ་སྲིད་ནི་འབང་སྐྱོངས་བའི་ཐབས་ལམ་རེད། དེ་གཡོ་སྒྱུ་མ་རབས་ཁོ་བཙན་དབང་མགོ་སྐོར་ཁོ་ན་ལས་གཞན་སྐྱོངས་ཚུལ་མེད་པ་རེད་ཟེར། བཅོམ་ལྡན་འདས་ཀྱིས་མདོ་ལས་རྒྱལ་པོ་ལ་གདམས་པ་མང་པོ་ཡོད་པ་དེ་ཚོ་མ་རབས་འཁྲབ་པར་བསྐུལ་བ་རེད་དམ། སྤྲུལ་སྐུའི་མིང་འཛིན་ཞིག་གིས་ངོ་ཚ་མ་ཉོ་རོགས། འདི་ཙམ་བཀོད་ན་གྲོགས་པོ་ཚོས་དེ་ནས་མཁྱེན་སླ།།

  62. སྣྲོན་ངག་ཁྲི། says:
    2012-06-24 at 2:57 pm

    སྤྲུལ་སྐུའི་མཚན་སྙན་ཙམ་འཛིན་པའི་དབང་ཆེན་ལགས།
    འདྲེ་ཤར་སྒོར་གནས་པ་ལ་གླུད་ནུབ་སྒོར་མ་བཏང་བར་ངའི་དྲི་བ་ལ་ལན་གསལ་པོ་ཞིག་གནང་རོགས། ཁྱེད་ཀྱི་བྲིས་པ་དེ་དག་ཚེ་འདིར་དཔེ་ཆ་ལྟ་མྱོང་མེད་མཁན་གྱི་ཟོག་པོ་དག་ལ་ནང་
    ཆོས་ངོ་སྤྲོད་གནང་བ་འདྲ་བོ་འདུག་པས།དེ་དག་ནི། ཡུན་རིང་གདན་ས་རྒྱ་མཚོར་རིགས་པའི་ཆུ་གཏེར་ལོང་སུ་སྤྱོད་མཁན་གྱི་དགེ་བའི་བཤེས་གཉེན་ལ་བྱིས་རྣ་ལུག་ཀྱིས་ཀ་ཁ་སློབ་པ་དང་གཉིས་སུ་མ་མཆིས་ན།
    དེ་ལུགས་དགོངས་འཇགས་ཀྱིས་གཡས་སྐོར་གཡོན་སྐོར་མ་གནང་བའི་ཐོག་ནས་།དྲི་བ་དང་འཚམས་པའི་ལན་ཚ་ཐག་ཆོད་ཞིག་གནང་བའི་རེ་བ་ཡོད།།
    དགག་ལན་ཡིན་ན་ཡིག་ནོར་དང་དོན་ནོར་ཉུང་ཙམ་འབྲི་བའི་རེ་ཡོད།།

  63. སྣྲོན་ངག་ཁྲི། says:
    2012-06-24 at 3:35 pm

    ཉ་ཉུང་མཉམ་བསྲེ་མཁས་པའི་རང་དབང་ཨ་རྡུ་མན་ལགས།
    ཆོས་པ་ཆོས་ཅན་། ཁྱོད་ཡིན་ན་ཐེག་ཆེན་རིགས་ངེས་སམ་ཐེག་ཆེན་པ་གང་རུང་ཡིན་པས་ཁྱབ་པར་ཐལ། ཁྱེད་ཀྱི་དམ་བཅའ་དེའི་ཕྱིར། འདོད་ན། འཁོར་གསུམ།
    ཉན་རང་གཉིས་དང་། སྐྱེ་བུ་ཆུང་འབྲིང་གི་གང་ཟག་རྣམས་ཆོས་ཅན།
    དེར་ཐལ༼ཐེག་ཆེན་པ་ཡིན་པར་ཐལ།༽ དེའི་ཕྱིར་༼ཆོས་པ་ཡིན་པའི་ཕྱིར།༽ མ་གྲུབ་ན་ཤིན་ཏུ་སླ།
    གཞན་ཡང་། སྟོན་པའི་དམ་ཆོས་རྣམ་གཉིས་ཆོས་ཅན། ཆོས་མ་ཡིན་པར་ཐལ། ཁྱོད་ཀྱིས་ལྟོ་གོས་གཏམ་གསུམ་བློས་མ་བཏང་བ་གང་ཞིག ཁེ་དང་རྒྱལ་ཁ་གཞན་ལ་མ་སྟེར་ནས་གྱོང་དང་བུ་ག་རང་གིས་མ་བླངས་པའི་ཕྱིར།། དེར་ཐལ། དེས་དེ་བློས་བཏང་བའི་ཐ་སྙད་མི་འཇུག་པའི་ཕིྱར། རྟགས་མངོན་སུམ་གྱིས་གྲུབ། འདོད་ན། ལུང་རྟོགས་ཟུང་གིས་མ་བསྡུས་པའི་དམ་པའི་ཆོས་ཤིག་ཡོད་པར་ཐལ།
    ཁྱེད་ཀྱི་དམ་བཅའ་དེའི་ཕྱིར། རྩ་བར་འདོད་ན། འཁོར་གསུམ།།
    དམ་ཆོས་རྣམ་གཉིས་ཆོས་ཅན། གང་ཟག་ཡིན་པར་ཐལ། ཁྱོད་ཀྱིས་ལྟོ་གོས་གཏམ་གསུམ་བློས་བཏང་བའི་ཕྱིར། ཁྱབ་པ་འགྲིགས།

  64. ལ་དྭགས་བློ་བཟང་འཇམ་དཔལ་ says:
    2012-06-24 at 8:10 pm

    ༣༡༽ སྤྲུལ་སྐུ་དབང་ཆེན་ནས།
    སྤྱི་ལོ་ ༢༠༡༢ ཟླ་ ༦ ཚེས་ ༢༢ གི་ཆུ་ཚོད་ ༡༣ སྐར་མ་ ༣༡
    སྐུ་ཞབས་དྭངས་བླངས་པས་ནོར་བཅོས་གནང་བ་ཐུགས་ཆེ་ཞུ། ངས་ཡང་རང་ལ་ནོར་བཅོས་ཞིག་བྱེད་ཆོག་པ་ཞུ། དེང་སོང་་་ དེང་སང་ལ་བཅོས། སྤྱིར་གཏང་་་་་སྤྱིར་བཏང་ལ་བཅོས།
    ངས་ཡང་རང་ལ་ནོར་བཅོས་ཞིག་བྱེད་ཆོག་པ་ཞུ། འདིའི་ནང་གི ཡང་ ཞེས་པར་བརྟག་དཔྱད་ལ་གོ་བ་གཉིས་མཐོང་། རྒྱན་སྡུད་ཡིན་ན། རྗེས་འཇུག་ས་ལ་ཀྱང་དགོས། དེ་མ་ཡིན་པར་བྱ་བ་སྐྱར་ལྡབ་ལ་ཡང་སྒྲ་བཀོད་པ་རྨ་མེད་པ་ཡིན། འོན་ཀྱང་། ནོར་བཅོས་ཞིག་ཅེས་པ་ནི་བརྡ་དག་ཉམས་པས་སྤྲུལ་སྐུའི་ནུས་པ་ཉམས་སླ་བ་ལྟ་བུར་མཐོང་ངོ་། །

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme