Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ལྷ་སྡེ་ཨ་ཁུ་ཚང་ལ་དགེ་འདུན་ཆོས་འཕེལ་གྱི་སྐོར་ལ་བཅར་འདྲི།

Posted on 2012-02-232012-02-23 By དགེ་རབ་ 12 Comments on ལྷ་སྡེ་ཨ་ཁུ་ཚང་ལ་དགེ་འདུན་ཆོས་འཕེལ་གྱི་སྐོར་ལ་བཅར་འདྲི།

༼བཅར་འདྲི་འདི་ནི་་ དགེ་འདུན་ཆོས་འཕེལ་གྱི་སྐོར་ལ་གློག་བརྙན་བཟོ་མཁན་སྐུ་ཞབས་ལཱུག་(Luc Schaedler)ལགས་ཀྱིས་བཅར་འདྲི་ཞུས་པ་ཞིག་རེད། ཁོང་གི་གློག་བརྙན་གྱི་སྐོར་འདི་ན་གསལ།༽

པར། ཉི་ཁོལ།
དྲི་བ། དགེ་བཤེས་ཀྱི་མཚན་ལ་ཅི་ཟེར།
ལན། དགེ་འདུན་བསྟན་འཛིན།
དྲི་བ། དགུང་ལོ་དུ་ཡིན།
ལན། བརྒྱད་ཅུ་ཐམ་པ།
དྲི་བ། དགེ་འདུན་ཆོས་འཕེལ་ཞེས་པའི་མིང་འདི་ཐོག་མར་ས་ཆ་གང་དུ་ཇི་ལྟར་གོ་སོང་།
ལན། ལྡིས་ཚ་ནས་འདིའི་བླ་མ་ཨ་ལགས་མཁན་ཆེན་ཞེས་པ་ཞིག་ཡོད་པ་དེས་རབ་བྱུང་དགེ་ཚུལ་སྒྲུབ་པ་རེད་ཅེས་རཀ་ར་སྤྲུལ་སྐུས་བྲིས་པའི་ལོ་རྒྱུས་དེབ་ནང་དུ་བྲིས་འདུག
དྲི་བ། དགེ་འདུན་ཆོས་འཕེལ་ཞེས་པའི་མིང་འདི་ཐོག་མར་ས་ཆ་གང་དུ་གོ་སོང་།
ལན། ཐོག་མར་ལྡིས་ཚ་ནས་གོ་བྱུང་།
དྲི་བ། དེ་དུས་དགེ་བཤེས་ཚང་ལྡིས་ཚར་བཞུགས་ཡོད་པ་རེད་དམ།
ལན། ཨང་ཨང་།
དྲི་བ། དེ་དུས་དགེ་འདུན་ཆོས་འཕེལ་གྱི་སྐོར་ལ་ཅི་ཞིག་གོ་སོང་།
ལན། མི་ཚོས་འདི་རུ་ཁོའི་སྐོར་བཤད་ཀྱི་འདུག ཐོག་མར་ཡ་མ་བཀྲ་ཤིས་འཁྱིལ་ཟེར་བའི་དགོན་པ་དེའི་གྲྭ་བ་རེད། དེ་ནས་ལྡིས་ཚར་ཕེབས་པ་རེད། ལྡིས་ཚ་ནས་མཚན་ཉིད་གཟིགས་པ་རེད། དགེ་འདུན་ཆོས་འཕེལ་ཞེས་པའི་མིང་དེ་དུས་ཐོགས་པ་རེད་ཟེར།
དྲི་བ། སྐབས་དེར་དགེ་འདུན་ཆོས་འཕེལ་ཁོང་མི་ཅི་འདྲ་ཞིག་ཡིན་པའི་བཤད་ཚུལ་འདུག
ལན། ཁོང་གི་སྐོར་ལ་ངྱ་ཡིས་ཉུང་ཙམ་གོ་བ་མ་གཏོགས། གསལ་ཆ་ཆེན་པོ་ཡོད་པ་མ་རེད།
དྲི་བ། ངྱ་ཡིས་ཅི་ཞིག་གོ་སོང་། དེ་ཅིག་གསུངས་རོགས་གནང་།
ལན། ༠།༠༣།༡༤ དེ་ངས་ཁོང་ལྡིས་ཚར་ཕེབས། དེ་ནས་དཔེ་ཆར་གཟིགས། དེ་ནས་བླ་བྲང་བཀྲ་ཤིས་འཁྱིལ་དུ་ཕེབས། བླ་བྲང་ནས་ལོ་ག་ཚད་དུ་བསྡད་པ་གསལ་བོ་བཤད་རྒྱུ་མི་འདུག དེ་ནས་ལྷ་སར་ཕེབས། འབྲས་སྤུངས་ནས་ལོ་བདུན་ལ་བསྡད་པ་རེད་ཟེར། དེ་མ་གཏོགས་ང་ལ་གསལ་བོ་བཤད་རྒྱུ་མེད། ༠།༠༣།༤༤
དྲི་བ། དགེ་འདུན་ཆོས་འཕེལ་ལ་ཐུག་མྱོང་ངམ།
ལན། ཐེངས་མ་གཅིག་ཐུག་མྱོང་། ལྷ་ས་ནས།
དྲི་བ། ཇི་ལྟར་ཐུག་པའི་ལོ་རྒྱུས་དེ་ཅིག་གསུང་རོགས་གནང་།
ལན། ཐེངས་མ་གཅིག་ཐུག་པ་རེད། སྐབས་དེར་ཁོང་གིས་སྐད་ཆ་བཤད་པའང་ངས་མ་གོ དེ་དུས་རེབ་གོང་སྐྱབས་མགོན་ལྷ་སར་ཕེབས་དུས། ཁོང་སྐུ་མདུན་དུ་བཅར་འདུག དེ་དུང་ཐེངས་གཅིག་ལ་མཐོང་བ་མ་གཏོགས་མཐོང་མ་མྱོང་། དེ་དུས་ཁོང་བཙོན་ནས་གློད་ཚར་བའི་རྗེས་རེད། དེ་དུས་ཁོང་ཐང་ལ་བཙོག་ནས་བསྡད་ན་ཕུང་པོ་ཧྲིལ་བོ་འདར་གྱིན་འདུག
སྐབས་དེར་ཁོང་གིས་ངས་བོད་ཀྱི་རྒྱལ་རབས་ཤིག་རྩོམ་གྱི་ཡོད་ཅེས་སྐྱབས་མགོན་ཚང་ལ་ཞུས་ནས། ད་ངའི་ཁང་པ་གཞན་ཞིག་ཏུ་སྤོར་གྱི་ཡོད། ཁང་པ་སྤོར་ཚར་ན། སྐྱབས་མགོན་ཚང་དེར་ཞུས་ནས་རྒྱལ་རབས་དཔེ་ཆ་དེ་སྟོན་རྒྱུ་ཞེས་ཁ་བརྡ་བྱས་སོང་ཞེས་ཞབས་ཞུ་ཚོས་ཟེར་གྱི་འདུག སྐད་ཆ་འདི་ངས་གོ་བ་མིན།
དྲི་བ། རྒྱལ་རབས་དེར་ཐེར་དེའི་ནང་དུ་ཅི་ཞིག་བྲིས་ཡོད་པ་གསུངས་རོགས།
ལན། དེ་དེབ་ཐེར་དཀར་བོ་ཞེས་པ་དེ་རེད། ཁྱེད་ཀྱིས་མཐོང་ཡོད་རྒྱུ་རེད།
དྲི་བ། དགེ་བཤེས་ཁྱེད་ལྷ་སར་དགོན་པ་གང་དུ་བཞུགས་པ་རེད།
ལན། ང་དགའ་ལྡན་པ་རེད།
དྲི་བ། སྐབས་དེར་དགའ་ལྡན་མ་ཡིན་པར་ལྷ་ས་གྲོང་ཁྱེར་དུ་ཕེབས་ཀྱི་ཡོད་དམ།
ལན། མཚམས་མཚམས་ལ་ལྷ་སར་ཡོང་གི་རེད། སྨོན་ལམ་དང་ཚོགས་མཆོད་ཀྱི་སྐབས་སུ་ཡོང་དགོས་ཀྱི་རེད།
དྲི་བ། དགའ་ལྡན་དུ་ལོ་དུར་བཞུགས་སམ།
ལན། མང་པོ་བསྡད་ཡོད་པ་མ་རེད། ལོ་ལྔ་དང་ཟླ་བ་གཉིས་བསྡད་པ་རེད།
དྲི་བ། དགའ་ལྡན་ནས་ལྷ་སར་ཕེབས་དུས་གྲྭ་བ་ནང་ཁུལ་དུ་དགེ་འདུན་ཆོས་འཕེལ་གྱི་སྐོར་ལ་གླེང་མོལ་བྱེད་ཀྱི་འདུག་གམ།
ལན། ཏོག་ཙམ་ཏོག་ཙམ་གོ་གི་འདུག ང་ཚོ་ལྷ་སར་མ་སླེབས་ཙམ་ལ་ཁོང་ཁྲིམས་ཁང་ནང་དུ་ཟིན་པ་རེད། ཁྲིམས་ཁང་ནང་དུ་ལོ་གསུམ་བསྡད་པ་རེད། ང་ཚོ་ལྷ་སར་ཡོད་ཐོག་ཏུ་ཁྲིམས་ཁང་ནས་གློད་པ་རེད། དགེ་འདུན་ཆོས་འཕེལ་ལྷ་སའི་གླིང་ནས་བསྡད་ཆོག་པ། དེ་མ་ཡིན་པའི་ས་ཆ་གཞན་དུ་འགྲོ་མི་ཆོག་པའི་ཁག་ཐེག་འབྲས་སྤུངས་ཀླུ་འབུམ་ཁང་ཚན་གྱིས་བྱས་ནས་ཁོང་གློད་པ་རེད་ཟེར་གྱི་འདུག
དྲི་བ། དགེ་འདུན་ཆོས་འཕེལ་བཙོན་དུ་བཅུག་པའི་རྒྱུ་རྐྱེན་སྐོར་ལ་གླེང་མོལ་ཅི་ཞིག་བྱེད་ཀྱི་འདུག
ལན། རཀ་ར་སྤྲུལ་སྐུས་བྲིས་པའི་རྣམ་ཐར་ནང་དུ་ཅི་ཞིག་བྲིས་ཡོད་པ་ཁྱེད་ཀྱིས་ཤེས་ཡོད་རྒྱུ་རེད། དེང་སང་དེའི་སྐོར་ལ་གཞན་ཞིག་བཤད་ཀྱི་འདུག དགེ་འདུན་ཆོས་འཕེལ་རྒྱ་གར་དུ་ཡོད་དུས། རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པའི་སྐུ་བཅར་བ་སྤྱན་གསལ་ཀུན་འཕེལ་དང་། གཞན་སྤོམ་མདའ་རབ་དགའ་བཅས་ཁོང་ཚོ་མི་ཁ་ཤས་ཡོད་པ་རེད་ཟེར། དེ་དུས་རྒྱ་གར་དབྱིན་ཇིའི་བཙན་དབང་འོག་ཏུ་ཡོད་པ་རེད། དབྱིན་གོས་ལྷོ་ཁ་མོན་ཕྱོགས་ནས་བོད་དང་རྒྱ་གར་གྱི་ས་མཚམས་ཞིག་ཕྱེས་པ་རེད་ཟེར། ཁོང་ཚོས་དེ་དྲང་པོ་ཡོང་མི་འདུག་ཟེར་ནས་དགེ་འདུན་ཆོས་འཕེལ་ཞིབ་དཔྱོད་བྱེད་དུ་བཏང་བ་རེད་ཟེར། དགེ་འདུན་ཆོས་འཕེལ་གྱིས་ཞིབ་དཔྱོད་བྱས་པ་རྣམས་ཡིག་ཐོག་ཏུ་བྲིས་ནས་སྡེ་བ་གཞུང་ལ་སྤྲད་པ་རེད་ཟེར། སྡེ་བ་གཞུང་ལ་སྤྲད་པ་དེ་དབྱིན་གོས་ཤེས་ནས། དབྱིན་གོས་དེའི་བར་ནས་ཁ་བརྒྱབ་ནས་དགེ་འདུན་ཆོས་འཕེལ་བཟུང་དུ་བཅུག་པ་རེད་ཅེས་དེ་འདྲའི་ཟེར་ཚུལ་ཞིག་འདུག
དྲི་བ། དགེ་བཤེས་ཁྱེད་སྐབས་དེ་དུས་དགའ་ལྡན་ནས་ལྷ་སར་ཡོང་དུས་གྲྭ་བ་ནང་ཁུལ་གྱི་ཁ་བརྡ་གཙོ་བོ་ཅི་ཞིག་རེད།
ལན། གྲྭ་བ་ཚོར་རྒྱལ་ཁབ་ཀྱི་གནས་ཚུལ་བཤད་རྒྱུ་མི་འདུག རྩ་ནས་ལབ་རྒྱུ་མི་འདུག
དྲི་བ། སྐབས་དེར་ལྷ་སར་སྤོམ་མདའ་རབ་དགའ་ཚང་དང་སྤྱན་གསལ་ཀུན་འཕེལ་ལགས་བཅས་ཀྱི་སྐོར་ལ་གླེང་མོལ་ཅི་ཞིག་བྱེད་ཀྱི་འདུག
ལན། རྒྱལ་དབང་སྐུ་འཕྲེང་བཅུ་གསུམ་པ་སྐུ་མྱ་ངན་ལས་འདས་པའི་རྗེས་ནས་ཁོང་ཚོ་ཁྲིམས་ཁང་དུ་བཅུག་པ་དེ་འདྲ་བྱས་པ་རེད། ང་ཚོ་ལྷ་སར་སླེབས་དུས་ཁོང་ཚོ་རྒྱ་གར་དུ་སོང་ཚར་འདུག ཁོང་ཚོའི་སྐོར་ཧོ་གོ་གི་མི་འདུག དེང་སང་ཡིག་ཆར་བལྟས་ནས་ཤེས་ཀྱི་ཡོད་པ་མ་གཏོགས་སྐབས་དེར་ཅི་ཡང་ལབ་རྒྱུ་མི་འདུག
དྲི་བ། སྐབས་དེར་ཁོང་ཚོའི་གསུམ་གྱི་སྐོར་ལ་སྐད་ཆ་བཤད་ཀི་མི་འདུག་གམ།
ལན། ཡོད་པ་མ་རེད། ང་ཚོ་གྲྭ་བ་ཚོས་ཧ་གོ་གི་ཡོད་པ་མ་རེད།
དྲི་བ། གྲྭ་བ་ནང་ཁུལ་དུ་དགེ་འདུན་ཆོས་འཕེལ་གྱི་རྩོམ་ཡིག་གི་སྐོར་ལ་སྐད་ཆ་ཅི་ཞིག་བཤད་ཀྱི་ཡོད་པ་རེད།
ལན། ང་ལྷ་ས་ན་ཡོད་དུས་ཅི་ཡང་གོ་མ་སོང་། རྗེས་ནས་འདི་ལ་ ་་རེབ་གོང་་ ལ་ཡོང་ནས་གོ་བ་མ་གཏོགས་ཅི་ཡང་གོ་མ་སོང་།
དྲི་བ། འདི་ཡོང་ནས་ག་རེ་གོ་སོང་།
ལན། འདི་ནས་ལྔ་བཅུ་ང་བརྒྱད་ཡན་ཆད་ལ་སྐད་ཆ་ཞིག་གོ་བ་མ་གཏོགས་ཡི་གེ་ཅི་ཡང་མཐོང་མ་སོང་།
དྲི་བ། སྐད་ཆ་ག་རེ་གོ་སོང་།
ལན། དགེ་འདུན་ཆོས་འཕེལ་གྱིས་འཇམ་དབྱངས་བཞད་པའི་ཡིག་ཆ་ཁས་མ་བླངས་པ་རེད་ཟེར། ཡིག་ཆ་དེ་གཙོ་བོ་རེད། སེ་འབྲས་དགའ་གསུམ་གང་ཡིན་ནའང་རང་རང་གི་ཡིག་ཆ་དེ་གཙོ་བོ་རེད། ཁོས་ཡིག་ཆ་ཁས་མ་བླངས་པས། དགེ་བཤེས་གོང་མ་ཚོས་ཁོང་ལ་གཤེ་གཤེ་བཏང་བ་རེད་ཟེར་གྱི་འདུག
དྲི་བ། འཇམ་དབྱངས་བཞད་པའི་ཡིག་ཆ་དེ་ག་རེའི་ཡིག་ཆ་རེད།
ལན། འབྲས་སྤུངས་སྒོ་མང་ཡིག་ཆ་རེད།
དྲི་བ། དགེ་འདུན་ཆོས་འཕེལ་འཆད་རྩོམ་རྩོམ་གསུམ་ལ་མཁས་པའི་སྐོར་གོ་མྱོང་ངམ།
ལན། དེ་གོ་མྱོང་། ལྡིས་ཚ་ནས་དཔེ་ཆ་ཡག་པོ་བྱུང་བ་རེད། དེ་ནས་བླ་བྲང་ནས་དཔེ་ཆ་ཡག་པོ་བྱུང་བ་རེད། འབྲས་སྤུངས་ནས་ཀྱང་དཔེ་ཆ་ཡག་པོ་བྱུང་བ་རེད་ཟེར་གྱི་འདུག
དྲི་བ། ཅི་ཞིག་གི་སྐོར་ལ་ཡག་པོ་ཡོད་པ་གསུངས་རྒྱུ་ཡོད་དམ།
ལན། དེ་འདྲ་གསལ་པོ་གོ་རྒྱུ་མི་འདུག
དྲི་བ། དགེ་འདུན་ཆོས་འཕེལ་གྱི་རྩོམ་བཀླགས་མྱོང་ངམ།
ལན། རེ་ཟུང་བཀླགས་མྱོང་། ཁོས་བླ་བྲང་ལ་བསྐུར་བའི་ཀ་རྩོམ་ཞིག་ཡོད་པ་རེད། དེ་ནས་ཁ་ཤས་ཞིག་མ་གཏོགས་ཚང་མ་འདོན་རྒྱུ་མི་འདུག
དྲི་བ། ཀླུ་སྒྲུབ་དགོངས་རྒྱན་ལ་བལྟས་མྱོང་ངམ།
ལན། བལྟས་མྱོང་།
དྲི་བ། དེ་ལ་བསམ་ཚུལ་ཅི་ཞིག་འདུག
ལན། ཀླུ་སྒྲུབ་དགོངས་རྒྱན་ཟེར་གྱི་ཡོད་དམ། ཀླུ་སྒྲུབ་དགོངས་རྒྱན་དགེ་ལྡན་པའི་ཁས་ལེན་རྒྱུ་མ་རེད། དགེ་ལྡན་པའི་ཁས་ལེན་རྒྱུ་མ་རེད། རྗེ་རིན་པོ་ཆེའི་ཡིག་ཆ་དང་མཐུན་རྒྱུ་མ་རེད། དེ་ལ་མ་མཐུན་ན་དགེ་ལྡན་པའི་ཁས་ལེན་རྒྱུ་མ་རེད། དེ་མ་གཏོགས། གཞན་དང་གཞན་ཚོའི་ནང་དུ་ཁས་ལེན་རྒྱུ་མང་པོ་ཡོད་པ་རེད། ལོ་རྒྱུས་ལྟ་བུ་དེ་འདྲ་མང་པོ་ཡོད་པ་རེད། ཡིན་ནའང་ཀླུ་སྒྲུབ་དགོངས་རྒྱན་ཁས་ལེན་རྒྱུ་མ་རེད། དེ། དེ་མོ་རེད།
དྲི་བ། ཀླུ་སྒྲུབ་དགོངས་རྒྱན་ཐོག་མར་ཐོན་ནས་གྲྭ་བ་ཚོས་ཀློག་དུས་སེམས་ནང་དུ་ཅི་ཞིག་བསམ་གྱི་ཡོད་པ་རེད།
ལན། གཙོ་བོ་ལྟ་བ་བཤད་ཀྱི་ཡོད་པ་རེད། ལྟ་བ་བཤད་ཀྱི་ཡོད་པ་རེད། དེ་མ་གཏོགས་གཞན་མི་མཐུན་པ་མང་པོ་ཡོད་པ་མ་རེད། གཙོ་བོ་ལྟ་བ་བཤད་ཀྱི་ཡོད་པ་རེད།
དྲི་བ། དགེ་བཤེས་ལགས་སུ་ཀླུ་སྒྲུབ་དགོངས་རྒྱན་གྱི་དཔེ་ཆ་རེག་ནས་ཐོག་མར་ཀློག་དུས་ཁྱེད་ཀྱི་སེམས་ལ་ཚོར་སྣང་ཅི་ཞིག་བྱུང་སོང་།
ལན། སུ་ལ། ང་ལ། ཨོ་དེ་ཀློག་དུས་རྗེ་རིན་པོ་ཆེའི་ལམ་རིམ་ཆེན་མོ། ལམ་རིམ་ཆུང་བ། དེ་ལ་མཐུན་གྱི་ཡོད་པ་མ་རེད། མ་མཐུན་ན་ཁས་ལེན་གྱི་མ་རེད། དེ་ཡག་པོ་མི་འདུག་བསམ་གྱི་རེད་མ་གཏོགས་ཡག་པོ་འདུག་བསམ་གྱི་མ་རེད།
དྲི་བ། ཀླུ་སྒྲུབ་དགོངས་རྒྱན་ཀློག་དུས་ཀྱི་ཁྱེད་ཀྱི་ཚོར་སྣང་ཅི་འདྲ་ཞིག་རེད། དཔེར་ན། ཁོང་ཁྲོ་སྐྱེས་སོང་ངམ།
ལན། ཁོང་ཁྲོ་སྐྱེས་སྲིད་ཀྱི་མ་རེད། ཁོང་ཁྲོ་སྐྱེས་ཀྱི་མ་རེད། ཀླུ་སྒྲུབ་དགོངས་རྒྱན་ཟེར་བ་དེ་ཁས་ལེན་གྱི་མ་རེད། གཞན་པའི་ནང་ན་ཁས་ལེན་རྒྱུ་ཡོད་ཀྱི་རེད། སྤྱིར་བཏང་ང་དགེ་འདུན་ཆོས་འཕེལ་ལ་དགའ་བོ་ཡོད་པ་རེད། ཀླུ་སྒྲུབ་དགོངས་རྒྱན་ཡག་པོ་མི་འདུག་ཟེར་ནས་ཁོའི་སྒང་ལ་ཁོང་ཁྲོ་སྐྱེས་ཀྱི་མ་རེད། ཁོ་རང་མཁས་པ་ཆེན་པོ་རེད། ཁོ་རང་མཁས་པ་ཆེན་པོ་ཡིན་པ་དེ་ང་ཚོའི་འདི་ནས་ཡོངས་འཛིན་ཚང་ ་་སྒེའུ་སྟེང་བློ་བཟང་དཔལ་ལྡན་་ དང་མར་ནང་རྡོ་རྗེ་འཆང་ཚང་བཅས་ཀྱིས་སྨོད་ཀྱི་མ་རེད། མར་ནང་རྡོ་རྗེ་འཆང་ཚང་གིས་དེང་སང་སྙན་ངག་མཁན་ནི་འཛམ་བུའི་གླིང་ན་དགེ་འདུན་ཆོས་འཕེལ་ལྟ་བུ་ཡོད་ཀྱི་མ་རེད་ཅེས་གསུངས་མྱོང་ཡོད་པ་རེད་ཟེར། དགེ་འདུན་ཆོས་འཕེལ་རྒྱ་གར་དུ་ཡོད་དུས་ཁོང་ཚོའི་བར་ལ་ཡིག་འབྲེལ་ཡོད་པ་རེད་ཟེར། ཁོ་རང་ཚོ་གཅིག་གཅིག་ལ་དགའ་བོ་ཡོད་པ་རེད་ཟེར། ཡིན་ནའང་ཀླུ་སྒྲུབ་དགོངས་རྒྱན་བཤད་ན་དགའ་གི་མ་རེད་ཟེར།
དྲི་བ། དགེ་བཤེས་ཚང་གིས་ཀླུ་སྒྲུབ་དགོངས་རྒྱན་ཁས་ལེན་གྱི་མེད་ནའང་དགེ་འདུན་ཆོས་འཕེལ་ཁོང་མི་ཡག་པོ་རེད་ཟེར་བ་དེ་ལ་འགྲེལ་བཤད་ཅིག་གནང་རོགས།
ལན། ཁོང་ཉིད་རང་གི་མི་རིགས་ལ་ཞེན་ཁ་ཆེན་པོ་འདུག དེ་ཡག་པོ་ཅིག་རེད། དེ་ནས་ཁོང་གིས་ལོ་རྒྱུས་བཤད་པ་དེ་གསལ་བོ་བཤད་ཡོད་པ་རེད། ཁུངས་ལྡན་རེད། རྒྱ་གར་གྱི་ལོ་རྒྱུས་ཡིན་ནའང་དེ་ལྟར་རེད། བོད་ཀྱི་ལོ་རྒྱུས་ཀྱང་ཁོ་རང་གིས་སྔོན་གྱི་ཡིག་རྙིང་དང་རྡོ་རིང་གི་ཡི་གེ་བརྩད་བཅད་ནས་བྲིས་ཡོད་པ་རེད།
དྲི་བ། དགེ་འདུན་ཆོས་འཕེལ་མི་ཡག་པོ་ཡིན་པའི་རྒྱུ་མཚན་རྒྱས་བཤད་ཅིག་གནང་རོགས།
ལན། ཁོ་རང་གིས་ལོ་རྒྱུས་དེབ་ཐེར་དཀར་བོ་བརྩམས་པ་དེ་སྔོན་གྱི་ལོ་རྒྱུས་ཁག་རྙིང་པ་དང་མཐུན་གྱི་ཡོད་པ་མ་རེད། དེ་དང་མ་མཐུན་ནའང་ཁོང་གིས་སྔོན་གྱི་རྡོ་རིང་དང་ལོ་རྒྱུས་གཞན། རྒྱ་ནག་གི་ཡི་གེའི་ནང་གི་ལོ་རྒྱུས་བཅས་ལ་ཞིབ་དཔྱོད་བྱས་ཏེ་བརྩམས་པ་རེད། གཞན་ད་དུང་ཏུན་ཧོང་གི་ཡིག་རྙིང་དང་བསྡུར་ནས་བརྩམས་པ་རེད། དེ་ཡག་པོ་རེད་བསམ་གྱི་འདུག ཡང་འགའ་ཤས་ཀྱིས་ཡག་པོ་མ་རེད་བསམ་མཁན་ཡང་ཡོད་པ་རེད། སྔོན་གྱི་ལོ་རྒྱུས་དེ་དག་དང་མི་མཐུན་པའི་རྐྱེན་གྱིས།
དྲི་བ། དེབ་ཐེར་དཀར་བོ་དེ་སྔོན་གྱི་ལོ་རྒྱུས་དང་མི་མཐུན་པའི་གསལ་བཤད་ཅིག་གནང་རོགས།
ལན། རྒྱལ་བོ་སྲོང་བཙན་སྒམ་པོ་དགུང་ལོ་ག་ཚད་བཞུགས་པ་དེ་ཡང་མཐུན་གྱི་ཡོད་པ་མ་རེད། སྔོན་གྱི་ལོ་རྒྱུས་རྙིང་བའི་ནང་དུ་དགུང་ལོ་བརྒྱད་ཅུ་བཞུགས་པ་ཡིན་ཟེར་གྱི་ཡོད་པ་རེད། ཁོང་གིས་ཏུན་ཧོང་གི་ཡི་གེ་དང་རྒྱ་ནག་གི་ལོ་རྒྱུས་བཅས་བསྡུར་ནས་དགུང་ལོ་སུམ་ཅུ་སོ་བཞི་མ་གཏོགས་མ་བཞུགས་པ་རེད་ཟེར་གྱི་ཡོད་པ་རེད། དེ་ལ་དགའ་གི་ཡོད་པ་མ་རེད། ལོ་རྒྱུས་རྙིང་བ་དང་མི་མཐུན་ཀི་ཞེས།

དྲི་བ། སྔོན་མ་དགེ་བཤེས་ཁྱེད་ལྷ་སར་བཞུགས་དུས་དགེ་འདུན་ཆོས་འཕེལ་ཟེར་བ་དེ་གལ་ཆེན་པོ་ཞིག་ཏུ་བརྩི་གི་ཡོད་པ་རེད་དམ།
ལན། གཞན་མང་པོ་ཤེས་ཀྱི་མེད། ང་ཚོ་གྲྭ་བ་ཚོས་གལ་ཆེན་པོ་རེད་ཅེས་བཤད་ཀྱི་མི་འདུག ཡང་གལ་ཆེན་པོ་མ་རེད་ཅེས་ཀྱང་བཤད་ཀྱི་མི་འདུག
དྲི་བ། ལྷ་སར་མཚམས་མཚམས་ལ་ཕེབས་དུས་དགེ་འདུན་ཆོས་འཕེལ་གྱི་སྐོར་ལ་མི་ཚོས་ཅི་ཞིག་གླེང་གི་འདུག
ལན། བཤད་ཀྱི་མི་འདུག
དྲི་བ། དགེ་འདུན་ཆོས་འཕེལ་གྱི་སྐོར་ལ་དོ་སྣང་བྱེད་ཀྱི་འདུག་གམ།
ལན། དོ་སྣང་བྱེད་ཀྱི་མི་འདུག
དྲི་བ། དགེ་འདུན་ཆོས་འཕེལ་ལ་དོ་སྣང་ཡོང་བ་དེ་ཀླུ་སྒྲུབ་དགོངས་རྒྱན་བྲིས་ནས་རེད་དམ།
ལན། དེ་མ་རེད། དེ་དུས་ཀླུ་སྒྲུབ་དགོངས་རྒྱན་ཡོད་པ་མ་རེད། ཁོ་རང་གྲོངས་རྗེས་གཞི་ནས་ཀླུ་སྒྲུབ་དགོངས་རྒྱན་མིག་གིས་མཐོང་རྒྱུ་བྱུང་བ་རེད་མ་གཏོགས། དེ་དུས་ཡོད་པ་མ་རེད་ཟེར་གྱི་འདུག གོ་རྒྱུ་མི་འདུག ང་ཚོ་ཕ་ཡུལ་འདི་ལ་ཡོང་ནས་ཀླུ་སྒྲུབ་དགོངས་རྒྱན་ཟེར་བ་ཞིག་གོ་བ་རེད་མ་གཏོགས། ཡར་ནས་ ་་ལྷ་ས་ནས་་ གོ་རྒྱུ་བྱུང་མ་སོང་།
དྲི་བ། དགེ་བཤེས་རེབ་གོང་ལ་ཚུར་ག་དུས་ཕེབས་པ་ཡིན།
ལན། ༡༩༥༡ ལོར་འདིར་ཡོང་བ་ཡིན།
དྲི་བ། དགེ་འདུན་ཆོས་འཕེལ་གྲོངས་པའི་གནས་ཚུལ་དེ་ཇི་ལྟར་གོ་སོང་།
ལན། ང་ཚོ་མར་ཡོང་བའི་ལམ་ཁར་ཁོ་གྲོངས་པ་རེད་ཟེར་གྱི་འདུག ང་ཚོ་འདིར་སླེབས་ཚར་བའི་རྗེས་ནས་ལྷ་ས་ནས་ཡོང་མཁན་དེ་ཚོས་ཟེར་གྱི་འདུག
དྲི་བ། གནས་ཚུལ་དེ་གོ་ནས་སེམས་ལ་ཅི་ཞིག་དྲན་སོང་། སེམས་ཕམ་པོ་བྱུང་སོང་ངམ།
ལན། སེམས་ཕམ་པོ་ཡང་བྱུང་མ་སོང་། ཅང་བསམ་རྒྱུ་མི་འདུག ཡིན་ནའང་དེ་འདྲ་ཞིག་བསམ་ཡ་བསམ་སོང་། འགྲིག་མ་སོང་བསམ་པ་དེ་འདྲ་བྱུང་སོང་། ད་དུང་ཅུང་འདུག་རྒྱུ་ན་བསམ་སོང་། ངེད་གཉིས་ས་ཆ་གཅིག་གི་མི་རེད། ཁོང་ཡང་རེབ་གོང་རེད། ང་ཡང་རེབ་གོང་རེད། ས་ཆ་གཅིག་གི་ཡིན་ཙང་ཏོག་ཙམ་ཞེན་ཁ་ཡོད་པ་རེད་པྰ།
དྲི་བ། ད་ལྟའི་དུས་ཚོད་ལ་དགེ་འདུན་ཆོས་འཕེལ་གལ་ཆེན་པོ་རེད་བསམ་གྱི་འདུག་གམ།
ལན། དེ་གལ་ཆེན་པོ་རེད་བསམ་གྱི་འདུག
དྲི་བ། ག་རེའི་ཕྱོགས་ནས་གལ་ཆེན་པོ་རེད་བསམ་གྱི་འདུག
ལན། མཁས་པ་ཆེན་པོ་རེད། ཁོང་གིས་རྒྱལ་ཁབ་མང་པོའི་ལོ་རྒྱུས་ཤེས་རྒྱུ་འདུག ང་ཚོ་བོད་ཀྱི་ལོ་རྒྱུས་ཀྱང་ཤེས་ཀྱི་འདུག ཞེན་ཁ་འདུག ཁོང་ཡོད་པ་ཡིན་ན་གལ་ཆེན་པོ་རེད་བསམ་གྱི་འདུག
དྲི་བ། དགེ་འདུན་ཆོས་འཕེལ་གྲོངས་ནས་ལོ་བཞི་བཅུ་ལྔ་བཅུ་ཞིག་ཕྱིན་ཚར་བའི་རྗེས་ནས་དེང་སང་གཞི་ནས་ཁོང་གི་སྐོར་ལ་དོ་སྣང་ཆེན་པོ་བྱེད་ཀྱི་ཡོད་པ་དེ་ཅིའི་ཕྱིར་རེད་བསམ་གྱི་འདུག
ལན། གཅིག་ནས་ཁོང་མཁས་པ་ཆེན་པོ་རེད། གཉིས་ནས་རྒྱལ་ཁབ་སོ་སོའི་ལོ་མང་པོའི་རིང་གི་ལོ་རྒྱུས་དེ་འདྲ་ཁོང་གིས་ཤེས་ཀྱི་འདུག དེའི་རྐྱེན་གྱིས་མིན་ནམ་བསམ།
དྲི་བ། དགེ་འདུན་ཆོས་འཕེལ་གྱི་སྐོར་ལ་ཧོར་ཁང་དང་རཀ་ར། རྡོ་རྗེ་རྒྱལ་སོགས་མི་མང་པོ་ཞིག་གིས་བྲིས་ཡོད་པ་དེ་དག་དགེ་བཤེས་ཀྱིས་ཀློག་མྱོང་ཡོད་དམ།
ལན། ཁོང་གཉིས་སྡེ་བ་གཅིག་རེད། གཉིས་ཀ་ཞོ་འཕོང་ནས་རེད། རྡོ་རྗེ་རྒྱལ་ཁོང་གྲུབ་མཐའ་རྙིང་མ་རེད། དགེ་འདུན་ཆོས་འཕེལ་ཁོང་རྙིང་མའི་ཞེན་ཁ་ཆེན་པོ་འདུག དེའི་སྟབས་ཀྱིས་རེད།
དྲི་བ། རྡོ་རྗེ་རྒྱལ་གྱི་དཔེ་ཆ་དེ་ཀློག་མྱོང་ངམ།
དྲིས་ལན། བཀླགས་མྱོང་།
དྲི་བ། ང་ཚོས་ཐོས་གསལ་ལ་ཁྱེད་ཀྱིས་དགེ་འདུན་ཆོས་འཕེལ་གྱི་ཀླུ་སྒྲུབ་དགོངས་རྒྱན་གྱི་སྐོར་ལ་ཞིག་རྩོམ་བྲིས་ཡོད་པ་རེད་ཟེར། དེའི་ནང་གི་བྀརྗོད་བྱ་གཙོ་བོའི་སྐོར་ལ་འགྲེལ་བཤད་ཅིག་གནང་རོགས།
ལན། དགེ་འདུན་ཆོས་འཕེལ་གྱི་ཀླུ་སྒྲུབ་དགོངས་རྒྱན་ནང་དུ་ང་ཚོས་ཅི་གང་ཐག་གཅོད་བྱེད་ཐུབ་ཀྱི་མ་རེད་ཟེར་གྱི་ཡོད་པ་རེད། དེ་ལ་ཁྱེད་ཀྱིས་ག་རེ་བསམ་གྱི་འདུག ཅི་གང་ཐག་གཅོད་བྱེད་ཐུབ་ཀྱི་མ་རེད་ཟེར་གྱི་ཡོད་པ་རེད། གསལ་པོར་བཤད་ན་རང་ཉིད་མི་ཡིན་པའང་ཐག་གཅོད་བྱེད་ཐུབ་ཀྱི་མ་རེད་ཟེར་གྱི་ཡོད་པ་རེད། དེ་ཟེར་ཉན་གྱི་མ་རེད་པྰ། ཁོ་རང་སུད་སི་རྒྱལ་ཁབ་ཀྱི་མི་རེད། ཁོ་སུད་སི་རྒྱལ་ཁབ་ཀྱི་མི་རེད་ཅེས་ཐག་གཅོད་བྱེད་མི་ཐུབ་ཀྱི་མ་རེད་ཟེར་གྱི་ཡོད། ཁྱེད་རང་ཚོས་དེ་ལ་ག་རེ་བསམ་གྱི་འདུག ཁོ་རང་གིས་དེ་ཟེར་གྱི་ཡོད། དོན་གང་ཡང་ཐག་གཅོད་མི་ཐུབ་ཟེར་གྱི་ཡོད་པ་རེད། ག་རེ་ཡིན་ནའང་ཐག་གཅོད་མི་ཐུབ་ཟེར་གྱི་ཡོད་པ་རེད།
དྲི་བ། མི་ཡིན་པའང་ཐག་གཅོད་མི་ཐུབ་ཟེར་གྱི་ཡོད་པ་དེའི་རྒྱུ་མཚན་ཞིག་གསུངས་རོགས།
ལན། ཐག་གཅོད་མི་ཐུབ་ཞེས་པའི་རྒྱུ་མཚན་ཁོང་གིས་ཅི་ཡང་བཀོད་མི་འདུག གང་ཡང་ཐག་གཅོད་བྱེད་མི་ཐུབ་ཅེས་བཤད་པ་མ་གཏོགས། ཐག་གཅོད་བྱེད་མི་ཐུབ་པའི་རྒྱུ་མཚན་གང་ཡང་བཤད་མི་འདུག དགེ་བཤེས་ཀྱིས། ་་ ཀླུ་སྒྲུབ་དགོངས་རྒྱན་ཁྱེད་ཀྱིས་ཀྱང་མཐོང་ཡོད་རྒྱུ་རེད། དེ་དབྱིན་སྐད་ལ་བསྒྱུར་ཡོད་པ་རེད་དམ། ཁྱེད་རང་ཚོས་དགེ་འདུན་ཆོས་འཕེལ་གྱི་ལོ་རྒྱུས་ལ་དོ་སྣང་ཆེན་པོ་བྱས་ཏེ་ལོ་རྒྱུས་འདྲི་མཁན་མང་པོ་འདུག དེའི་རྒྱུ་མཚན་ཅི་ཞིག་རེད།

བོད་རྗེས་ལུས་རེད་ཅེས་དེ་ལྟར་བསམ་མཁན་དགེ་འདུན་ཆོས་འཕེལ་གཅིག་པུ་མ་རེད། རྗེས་ལུས་རེད་ཅེས་རྒྱལ་དབང་སྐུ་འཕྲེང་བཅུ་གསུམ་པ་རང་ཉིད་ཀྱི་ཐུགས་ལའང་ཡོད་པ་རེད་ལ། སྐུ་དྲག་གི་ནང་ནའང་མང་པོ་ཡོད་པ་རེད། མང་པོ་ཡོད་པ་རེད་དེ། ཁོང་ཚོ་ཁ་འཆམ་གྱི་ཡོད་པ་མ་རེད། རྩིས་པ་ལུང་ཤར་དང་། ཚ་རོང་བཅས་ཕྱི་རྒྱལ་ལ་འགྲོ་མྱོང་མཁན་གྲས་ཀྱིས་རྗེས་ལུས་ཡིན་པ་ཤེས་ཀྱི་ཡོད་པ་རེད། འགྲོ་མ་མྱོང་མཁན། སྐད་ཆ་མ་གོ་མཁན་དེ་ཚོས་རྗེས་ལུས་ཡིན་པ་ཤེས་ཀྱི་ཡོད་པ་མ་རེད། དེ་ལྟར་ཁ་མ་འཆམ་ཙང་འགྱུར་བ་གཏོང་མ་ཐུབ་པ་རེད། དགེ་འདུན་ཆོས་འཕེལ་དང་། རྩིས་པ་ལུང་ཤར་དང་ཚ་རོང་བཅས་ཁོང་ཚོ་མང་པོ་ཡོད་པ་རེད། ཁོང་ཚོ་ཏོག་ཙམ་ཁ་འཆམ་གྱི་ཡོད་པ་རེད། ཁོང་ཚོའི་ལག་པར་དབང་ཡོང་གི་མ་རེད། དགེ་འདུན་ཆོས་འཕེལ་སྐབས་དེར་མཁས་པ་ཆེན་པོ་ཡིན་ནའང་། ཆོས་དང་འཇིག་རྟེན་གང་གི་ཐད་ནས་དབང་ཡོད་པ་མ་རེད།
དྲི་བ། རྩིས་པ་ལུང་ཤར་དང་ཚ་རོང་བཅས་ཀྱིས་སྤྱི་ཚོགས་ལ་འགྱུར་བ་ཞིག་གཏོང་ཐབས་བྱས་ཡོད་པ་རེད་མོད། དགེ་འདུན་ཆོས་འཕེལ་ཁོང་ཚོ་དང་མི་འདྲ་བར་ཆོས་དང་ཚན་རིག ཆབ་སྲིད། ལོ་རྒྱུས་བཅས་ཕྱི་ནང་གང་རུང་གི་གནས་ཚུལ་ཤེས་པའི་ཐོག་ནས་བོད་སྤྱི་ཚོགས་ལ་འགྱུར་བ་གཏོང་ཐབས་བྱས་པ་དེར་དགེ་བཤེས་ལགས་ཀྱིས་ག་རེ་བསམ་གྱི་འདུག
ལན། དེ་ཡག་པོ་འདུག་བསམ་གྱི་འདུག
དྲི་བ། དགེ་བཤེས་ཁྱེད་ཀྱིས་དགེ་འདུན་ཆོས་འཕེལ་ལ་དགའ་མོས་ཆེ་ཤོས་དེ་ཅི་ཞིག་རེད།
ལན། ང་ཚོ་བོད་ཀྱི་དོན་དག་དེ་ཁོང་གི་སྐད་ཆ་ལ་ཏོག་ཙམ་ཉན་ཡོད་པ་ཡིན་ན་ཡག་པོ་བྱུང་ཡོད་ཀྱི་རེད་བསམ། ཡིན་ནའང་ཁོ་རང་གི་སྐད་ཆར་ཉན་གྱི་མ་རེད་པྰ། ཁོ་ལ་དབང་ཡོད་པ་མ་རེད་པྰ། ཁོང་སྡེ་པ་གཞུང་གི་ལས་བྱེད་པའང་མ་རེད། ཡིན་ནའང་སྐབས་དེར་སྐུ་དྲག་མཐོ་དམན་སུ་ཡིན་ནའང་ཁོ་རང་གི་སྐད་ཆར་ཉན་རྒྱུ་མ་རེད། སྐུ་དྲག་ཁོ་རང་ཚོ་མཐོ་པོ་བྱས་ནས་བསྡད། མང་ཚོགས་དམའ་བོ་བྱས་ནས་བསྡད་ན་འདོད་ཀྱི་རེད་མ་གཏོགས། དེ་ལ་འགྱུར་བ་གཏོང་ན་འདོད་ཀྱི་མ་རེད།

དྲི་བ། དགེ་འདུན་ཆོས་འཕེལ་མི་ཅི་འདྲ་ཞིག་རེད་བསམ་གྱི་འདུག
ལན། དགེ་འདུན་ཆོས་འཕེལ་ཁོང་མི་འདི་འདྲ་དཔེ་མེད། མི་འདྲ་བ་ཞིག་རེད།
རང་གི་མི་རིགས་ལ་ཞེན་ཁ་ཡོད་པ། སྤྱི་སེམས་ཅན་དེ་འདྲའི་ཡག་པོ་ཞིག་རེད།

་་འདིའི་བར་ན་ནང་དོན་གཅིག་པའི་དྲི་བ་ཞིག་བསྐྱར་འདྲི་བྱས་འདུག་པ་ཡང་བསྐྱར་བྲིས་མེད།་་

ཁོང་རིག་པ་ཧ་ཅང་ཡག་པོ། ཆོས་འཇིག་རྟེན་གང་ལའང་སྦྱངས་པ་ཆེན་པོ། སྙན་ངག་མཁན། རྩོམ་པ་ཕུལ་དུ་བྱུང་བ། དེའི་འཕྲོ་རང་གི་མི་རིགས་ལ་ཞེན་ཁ་ཆེན་པོ་ཅན། རང་གི་མི་རིགས་ལ་ཕན་བཏགས་ན་འདོད་མཁན་དེ་འདྲ་ཞིག་རེད་ཟེར་གྱི་རེད། དེ་མ་གཏོགས་བཤད་ཤེས་ཀྱི་མི་འདུག
དྲི་བ། དགེ་འདུན་ཆོས་འཕེལ་ཁྱེད་ཀྱིས་ཐེངས་ཐོག་མར་མཇལ་དུས་ཀྱི་ཉིན་མ་དེ་ངོ་སྤྲོད་ཅིག་གནང་རོགས།
ལན། དེ་ངས་མི་ཤེས།
དྲི་བ། ཁྱེད་གཉིས་ཐུག་པའི་ཉིན་མ་དེ་ཕྱིར་དྲན་ཞིག་གནང་རོགས།
ལན། དམིགས་བསལ་ཕྱིར་དྲན་བྱེད་རྒྱུ་ཅང་མི་འདུག འཁྱུག་ཙམ་རིང་ལ་རིག་པ་མ་གཏོགས་མཉམ་དུ་བསྡད་ཡོད་པ་མ་རེད། སྐྱབས་མགོན་ཚང་དང་རྣམ་པ་གཉིས་ཀྱིས་ཁ་བརྡ་བྱེད་ཀྱི་འདུག ཁོང་གཉིས་ཀྱིས་ཁ་བརྡ་བྱེད་སར་ང་ཚོ་བསྡད་ན་འགྲིག་གི་མ་རེད། ང་ལ་ཇ་བླུགས་ཟེར། དེ་ནས་ངས་ཁོ་ལ་ཇ་ཅིག་བླུད་རྗེས་ཕྱི་ཚོར་ཡོང་བ་རེད། ཐུག་ནས་རྒྱུན་རིང་པོ་བསྡད་ཡོད་པ་མ་རེད། དེ་མ་གཏོགས་ཐུག་མ་མྱོང་། ཁྱེད་རང་ཚོས་དགེ་འདུན་ཆོས་འཕེལ་གྱིས་ཆོས་དང་འཇིག་རྟེན་ག་རེའི་ཐོག་ལ་བཤད་ནའང་བདེན་པ་རེད་བསམ་གྱི་འདུག་གམ། ་་དྲི་བ་འདི་དགེ་བཤེས་ཀྱིས་བཅར་འདྲི་ཞུ་མཁན་ལ་ཚུར་དྲིས་པ་ཞིག་ཡིན་པས་འདིའི་ལན་ཕབ་མེད།་་
དྲི་བ། དགེ་འདུན་ཆོས་འཕེལ་ལ་འཁྱུག་ཙམ་ཐུག་པའི་རིང་གི་ཁོང་གི་ཕྱིའི་རྣམ་པ་ལ་འགྲེལ་བཤད་ཅིག་གནང་རོགས།
ལན། འདི་ལྟར་འདར་བཞིན་པ་དེ་བཙོན་ཁང་ནང་ནས་སེམས་མ་སྐྱིད་པའི་རྟགས་རེད། དེ་ཆང་ཨ་རག་མང་པོ་འཐུང་ནས་དེ་འདྲ་ཆགས་པ་རེད་ཟེར་གྱི་འདུག གོན་རྒྱུ་གསར་བ་གོན་མི་འདུག གོན་རྒྱུ་རྙིང་པ་འདྲ་ཞིག་འདུག མི་འདྲ་ཆགས་པོ་དེ་འདྲ་མ་རེད། གདོང་ཤ་སྐམ་པོ་རེད། ཤ་རྒྱགས་པ་མ་རེད། དེ་འདྲ་རེད། དེ་གཅིག་པུ་མ་གཏོགས་ང་ཐུག་མ་མྱོང་།

བཅར་འདྲི།, ལོ་རྒྱུས།

Post navigation

Previous Post: བོད་ནང་མི་ཞིག་གི་སྐད་ཆ་དང་ཁོའི་རེ་སྐུལ།
Next Post: རང་ཉིད་ལོ་སར་དང་བྲལ་ཚུལ།

Comments (12) on “ལྷ་སྡེ་ཨ་ཁུ་ཚང་ལ་དགེ་འདུན་ཆོས་འཕེལ་གྱི་སྐོར་ལ་བཅར་འདྲི།”

  1. ཨ་རིག་དགེ་མཐོང་། says:
    2012-02-23 at 1:35 pm

    དྲི་བ་འདྲི་མཁན་གྱིས་ཨུ་ཚུགས་བརྒྱབས་པའི་དྲི་བ་ཁག་ཅིག་འདུག སྤྱིར་བཏང་དྲི་བ་བརྗོད་དོན་གཅིག་ཅན་ཐེངས་གཉིས་གསུམ་ལ་དྲིས་ནས་བསྐྱར་ཟློས་བྱས་པ་ཉོས་སྤྱད་ཅིག་རེད། མ་གཞི་དགེ་བཤེས་ཁོང་གིས་དངོས་གནས་གསུང་ལན་དྲང་མོ་བཀྱོན་འདུག དེ་མིན་དེང་སང་གི་མི་ཞིག་ན་རྫུན་འདྲ་ཆགས་པོ་གང་མང་མང་ཞིག་བཤད་ངེས་རེད་ལ། གོ་ལོ་ཐོས་ལོ་ཚང་མ་བཤད་ངེས་རེད།

  2. མགོན་པོ་ཕྱག་གཉིས་པ། says:
    2012-02-23 at 2:19 pm

    ཨ་ཁུ་ཚང་སྙན་ཅོག་གསལ་པོ་མེད་པ་འདྲ། དྲི་བ་འགའ་རེར་ལན་ཐད་ཀར་མ་ཐེབས་པར་དྲི་བ་གཏོང་མཁན་ནས་སྐྱར་འདྲི་དང་ཡང་ཡང་བྱེད་དགོས་བྱུང་འདུག སྤྱིར་བཏང་གི་ལན་འདེབས་སྟངས་དེ་ཚོ་ངོ་མ་བསྡུས་ཤིང་དྲང་མོ་དྲང་རྐྱང་དང་བཅོས་མ་མིན་པའི་རྣམ་པ་གསོན་པོ་ཞིག་མངོན་པ་དེས་ཀློག་མཁན་ངེད་ལྟ་བུ་མཚོན་ན། ཁོང་གི་སྐུ་གཤིས་ལ་དགའ་སྣང་དང་དད་པ་ཞིག་ཀྱང་རང་བཞིན་གྱིས་སྐྱེ་རུ་འཇུག ཁོང་གིས་དྲི་བ་འདྲི་མཁན་ལ་སླར་དྲིས་པའི་དྲི་བ་དེ་གཉིས་ཀྱང་གནད་འགག་ཅན་གྱི་དྲི་བ་གཉིས་རེད། མཁས་བླུན་ཀུན་གྱི་ཁ་ན་དགེ་འདུན་ཆོས་འཕེལ་ཟེར་ནས་འུ་རུ་རུ་གྲགས་བཞིན་པའི་སྐབས་འདིར། དྲི་བ་དེ་འདྲ་རང་བཞིན་གྱིས་ཡོང་བ་ཞིག་རེད།
    ཨ་ཁུ་ལྷ་སྡེ་ཚང་འདི་མི་ཇི་ལྟ་བུ་ཞིག་ཡོད་པའི་སྐོར་ངོ་སྤྲོད་ཅིག་གནང་ཐུབ་ན་བཀའ་དྲིན་ཆེ།

  3. ཚ་ཕྲུག་རྒྱལ། says:
    2012-02-23 at 2:48 pm

    ཨ་ཁུ་དགེ་འདུན་བསྟན་འཛིན་ལགས་ཀྱིས་དགེ་འདུན་ཆོས་འཕེལ་སྐོར་གྱི་ལན་དེ་ཚོར་གཞིགས་ན་ཁོང་ནི་དངོས་གནས་དྲང་ཚུབ་ལྡན་པའི་མི་བུ་ཞིག་དང་རང་གིས་མཐོང་ཐོས་དངོས་བྱུང་ལས་དེང་སྐབས་འདིར་འབྱུང་བཞིན་པའི་རང་ཉིད་དཀར་འདོན་གྱིས་གཞན་གྱི་མི་གཤིས་ལ་རིན་ཐང་བརྗོད་པ་འདྲ་པོ་རྩ་བ་ནས་མི་འདུག། དྲི་ལན་འདིའི་རྒྱུད་ནས་ཁྱེད་ཀྱི་མི་གཤིས་དེ་མཐོང་སོང་། དགེ་བཤེས་ལགས་བཟང་ངོ།

  4. ཤེས་རབ་བཀྲ་ཤིས་ says:
    2012-02-23 at 3:49 pm

    འདི་ལ་ཅིག་ཡང་བསྐྱར་གཟིགས་དང་།
    ———————
    ང་ཚོ་བོད་ཀྱི་དོན་དག་དེ་ཁོང་གི་སྐད་ཆ་ལ་ཏོག་ཙམ་ཉན་ཡོད་པ་ཡིན་ན་ཡག་པོ་བྱུང་ཡོད་ཀྱི་རེད་བསམ། ཡིན་ནའང་ཁོ་རང་གི་སྐད་ཆར་ཉན་གྱི་མ་རེད་པྰ། ཁོ་ལ་དབང་ཡོད་པ་མ་རེད་པྰ། ཁོང་སྡེ་པ་གཞུང་གི་ལས་བྱེད་པའང་མ་རེད། ཡིན་ནའང་སྐབས་དེར་སྐུ་དྲག་མཐོ་དམན་སུ་ཡིན་ནའང་ཁོ་རང་གི་སྐད་ཆར་ཉན་རྒྱུ་མ་རེད། སྐུ་དྲག་ཁོ་རང་ཚོ་མཐོ་པོ་བྱས་ནས་བསྡད། མང་ཚོགས་དམའ་བོ་བྱས་ནས་བསྡད་ན་འདོད་ཀྱི་རེད་མ་གཏོགས། དེ་ལ་འགྱུར་བ་གཏོང་ན་འདོད་ཀྱི་མ་རེད།
    ——————-

  5. བློ་བཟང་ says:
    2012-02-23 at 7:58 pm

    དངོས་གནས་འཕང་འོས་པ་ནི་ཁོང་གི་རྣམ་དཔྱོད་དང་མི་རིགས་ཀྱི་ལར་ཞན་གཉིས་ཡིན།

  6. རིག་པའི་རལ་གྲི says:
    2012-02-23 at 9:48 pm

    ཡང་དགེ་འདུན་ཆོས་འཕེལ་ལ་འཁྱོག་བརྗོད་སྒྲོ་འདོགས་བྱེད་བརྩིས་འདུག ཁོང་མཁས་པ་རེད། མི་རིགས་ལ་ལར་ཞེན་ཆེན་པོ་རེད། འོན་ཀྱང་རྗེ་རིན་པོ་ཆེ་དང་མ་མཐུན་པའི་རྐྱེན་གྱིས་ཁོང་གིས་མཛད་འཕྲིན་མཐར་ཕྱིན་མ་ཐུབ་པར་མངོན། རྗེ་རིན་པོ་ཆེ་དང་མ་མཐུན་ན་སྐབས་དེ་དུས་དགེ་ལྡན་པ་ཡིན་རུང་ཆོས་དང་འཇིག་རྟེན་གང་ནས་གཞུང་འབྲེལ་གྱིས་ལས་ཀ་བྱེད་ཐུབ་ཀྱི་མེད།

  7. ཟུར་གནས། says:
    2012-02-23 at 11:37 pm

    ལྷ་སྡེ་ཨ་ཁུ་ཚང་གིས་དགེ་འདུན་ཆོས་འཕེལ་གྱི་ཀླུ་གྲུབ་དགོངས་རྒྱན་སྐོར་ལ་རྩོམ་ཞིག་བྲིས་ཡོད་ཟེར།
    འདི་ག་ནས་ལེན་ཐུབ་ཀྱི་ཡོད་དམ། འདྲ་བཤུས་ཤིག་འདི་ལ་སྐོན་ཐུབ་བམ།

  8. ཐུབ་པ། says:
    2012-02-24 at 12:25 am

    རོ་དང་མཚུངས་པའི་ལུས་པོ་འདི།།
    ག་དུས་ཤི་ཡང་མི་འགྱོད་དེ།།
    གསེར་དང་འདྲ་བའི་རྣམ་དཔྱོད་འདི།།
    མཉམ་དུ་ཤི་ན་ཤིན་ཏུ་ཕངས།།
    དགེ་ཆོས་ཀྱིས།

  9. ཀརྡོ་གཉེར་ཕྱག་པ་ says:
    2012-02-24 at 1:11 am

    མཁས་དབང་དགེ་ཆོས་ལགས་ནི།

    དགེ་ཆོས་སྙན་ངག་རྒྱལ་རབས་མཁས། །
    བོད་ཡིག་བོད་ཞེན་ཆེ་བས་བཟང་། །

    འོནད་ཀྱང་།

    ལྟ་བ་སྤྱོད་པ་ཅུང་ཟད་རྩུབ། །
    རང་གཞན་མི་ཚེར་གནོད་པ་འཕེལ། །

  10. ཀརྡོ་གཉེར་ཕྱག་པ་ says:
    2012-02-24 at 1:26 am

    སྐུ་དྲག་རུལ་དྲི་ཆེ།
    དགེ་ཆོས་དྲང་ཚུགས་ཆེ།

    རང་མཉམ་ཕྲག་དོག་ཆེ།
    དགེ་ཆོས་མཁས་གྲགས་དྲག་ཆེ།

    སྐུ་དྲག་དྭོགས་པ་ཆེ།
    དགེ་ཆོས་བོད་ཞེན་ཆེ།

    བོད་པར་རྗེས་ལུས་མང་།
    དགེ་ཆོས་གསར་གཏོད་མང་།

    ངོས་རང་དགེ་ཆོས་དགའ།
    གཞན་རྣམས་དགེ་ཆོས་སྨོད།

  11. ཀརྡོ་གཉེར་ཕྱག་པ་ says:
    2012-02-24 at 1:41 am

    དགེ་ཆོས་མཚན་སྙན་རྟ་ཏུ་རྒྱས་འགྱུར་ཅིག །

  12. བོད་ལ་ཞེན། says:
    2012-02-26 at 7:33 am

    ག་རེའི་མི་དྲང་པོ་ལན་ལ་ཡག་པོ་ལྟོས་དང་དགེ་ལྡན་པའི་ཞེན་ཁོག་གིས་རིལ་རིལ་ཡིན་པ་གསལ་པོ་རེད་འདུག ཀླུ་སྒྲུབ་དགོངས་ཅན་གྱི་ནང་དོན་བཤད་སྟངས་ལ་ལྟོས་དང་རིགས་པ་རྩ་བ་ནས་བཀོད་མི་འདུག་ཟེར་གྱི་འདུག ཆོས་ལུགས་ཞེན་ཁོག་གིས་འཁྱོག་འཁྱོག་རེད་འདུག དེ་འདྲ་ལ་དྲང་པོ་ཟེར་གྱི་མ་རེད།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme