Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ལྷ་དབང་ལམ་ལུགས་ཀྱི་སྲིད་གཞུང་དང་བསྡུར་ན་ཡག་ཚུལ་བརྗོད་འདུག

Posted on 2014-11-132014-11-13 By ཁ་བརྡ་ 11 Comments on ལྷ་དབང་ལམ་ལུགས་ཀྱི་སྲིད་གཞུང་དང་བསྡུར་ན་ཡག་ཚུལ་བརྗོད་འདུག

ཨ་ནུ་ཐང་བསོད་ནམས།

 

ད་ལྟའི་བོད་ནི་མིག་འབྲས་འདྲུ་བའི་ལྷ་དབང་ལམ་ལུགས་ཀྱི་སྲིད་གཞུང་དང་བསྡུར་ན་ཡག་ཚུལ་བརྗོད་འདུག
དང་པོ།

ཁ་སང་གཟའ་མིག་དམར་ཉིན་ཆེ་ཁི་སྲིད་འཛིན་ལ་རྒྱ་དང་མཉམ་དུ་འབྲེལ་བ་བྱེད་སྐབས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གླེང་ཡོད་དམ་ཞེས་དྲིས་པའི་ལན་དུ། དེང་སྐབས་ཀྱི་བོད་ཀྱི་གནས་སྟངས་ནི་སྔོན་གྱི་ལྷ་དབང་ལམ་ལུགས་ཀྱི་མི་གསོན་པོའི་མིག་རྡོག་འདྲུ་བའི་དུས་སྐབས་དང་བསྡུར་ན་ཡག་ཚུལ་གླེང་འདུག སྟབས་མ་ལེགས་པ་ཞིག་ཏུ་གནས་ཚུལ་འདི་ནི་བདེན་པ་རེད་ལ། གནའ་བོའི་སྐྱི་གཡའ་བའི་ལོ་རྒྱུས་ཀྱི་བྱུང་བ་ཡིན་པ་མ་ཟད། བདེན་དཔང་དུ་རྩིས་དཔོན་ལུང་ཤར་བ་སོགས་ཡོད་པས། དངོས་ཡོད་ལ་ཁས་ལེན་མི་བྱེད་རང་བྱེད་རེད། དེ་ནི་བོད་མི་རྣམས་ལྟ་བ་མཁྲེགས་རྒྱུ་མང་དྲགས་པས་རེད།

དེང་རབས་དང་། ལྷག་པར་དུ་དུས་དང་མཐུན་པར་མི་སྐྱོད་རྒྱུའི་ཆོད་སེམས་བརྟན་པོ་ཡོད་པའི་མཚོན་དོན་གལ་ཆེན་ཞིག་རེད་ལ། སྐུ་དྲག་དང་གདན་ས་ཁག་གི་ཁེ་ཕན་སྲུང་ཆེད་དུ། མི་རིགས་ཀྱི་མདུན་ལམ་སྣང་མེད་དུ་བཏང་བའི་མཚོན་དོན་གལ་ཆེན་ཞིག་དང་། ལྷ་དབང་བེད་སྤྱོད་བཏང་ནས་སྲིད་དབང་བཟུང་བའི་ལས་དོན་གལ་ཆེན་ཞིག་རེད། དེ་ནི་བོད་གཅིག་བུ་མིན་པར་ལྷ་དང་ལྷ་དང་མཚུངས་པའི་མི་དབང་བེད་སྤྱོད་བཏང་ནས་སྲིད་དབང་འཛིན་མཁན་གྱི་གནའ་བོའི་སྲིད་གཞུང་ཀུན་རེད། དེའི་མིང་ལ་དབྱིན་སྐད་དུ་ Theocracy ཟེར། ཐ་ན་དེང་སྐབས་ཀྱི་བྱང་ཀོ་རི་ཡ་ཡིན་ཡང་ཡུལ་དེའི་མི་མང་པོ་ཞིག་གིས་ཁེམ་ཁྱིམ་རྒྱུད་ལྷ་རིགས་སུ་འདོད་ཀྱིན་ཡོད།

དྲང་མོར་བཤད་ན། བོད་ལ་མཚོན་ན་ཡང་ལྷ་དབང་ལམ་ལུགས་ཀྱི་གནས་ཚུལ་འདི་ནི་སྔོན་ཆད་ཀྱི་བྱུང་བ་ཁོ་ན་མིན་པར་དེང་གི་སྐབས་ཀྱང་། ལྷ་དབང་ལམ་ལུགས་ཀྱི་བོད་མི་མང་པོ་ཞིག་གིས་དེང་རབས་ཀྱི་དུས་དང་མཐུན་པར་མི་སྐྱོད་ཟེར་ནས་རྒོལ་མཁན་མང་བ་མ་ཟད། རང་གི་དགོས་འདོད་འགྲུབ་སླད་དུ་སྐུ་དབང་ལམ་ལུགས་ཀྱི་ཁེ་ཕན་བེད་སྤྱོད་ཀྱིས་རྒྱལ་སྤྱིའི་དེང་རྒོལ་རིང་ལུགས་པའི་ཁྲོད་དུ་ཞུགས་ཤིང་། འཛམ་གླིང་གི་ཁ་ཕྱོགས་ནོར་ཞིང་། རང་ཉིད་བདེན་པ་ཡིན་ཚུལ་དང་། རང་ཉིད་དང་རང་ཉིད་ཀྱི་ལངས་ཕྱོགས་ཀྱིས་འཛམ་གླིང་ལ་མིག་དཔེ་བཟང་པོ་དང་། ཁ་ཕྱོགས་གསར་བ་ཞིག་ཏུ་ཁྲིད་རྒྱུར་བསྙད་དེ། གང་ཐུབ་ཀྱིས་སྐུ་དབང་ལམ་ལུགས་རྒྱུད་འཛིན་བྱེད་རྒྱུ་ལ་འབད་མཁན་མང་ཁར། དུས་དང་མཐུན་པར་སྐྱོད་དགོས་ཟེར་མཁན་ལའང་ཁ་འདོགས་སྣ་ཚོགས་དང་། སྐྱོན་བརྗོད་སྣ་ཚོགས་བྱེད་པར་མ་ཟད། ཐ་ན་བླ་མར་རྒོལ་མཁན་གྱི་ཞྭ་མོ་གཡོགས་ནས་སྤྱི་ཚོགས་ཁྲོད་ལངས་ཐབས་མེད་པར་བརྩོན་མཁན་མང་།

བཙན་བྱོལ་བོད་ཀྱི་སྤྱི་ཚོགས་ལྟ་བུ་མཚོན་ནའང་བོད་མི་མང་པོ་ཞིག་གིས་གོང་ས་མཆོག་ནི་དྲང་པོ་དང་གནས་ལུགས་ལས་ཀྱང་གལ་འགངས་ཆེ་ཤོས་སུ་བརྩི་བ་མ་ཟད། གོང་ས་མཆོག་ལས་ལྷག་གི་དྲང་པོ་དང་གནས་ལུགས་ཡོད་པ་ཞིག་ངོས་འཛིན་མི་བྱེད་ཅིང་། ཁོང་ཚོ་ལ་མཚོན་ན་གོང་ས་མཆོག་ནི་དྲང་བདེན་དང་གནས་ལུགས་ཀྱི་མཐར་ཐུག་པ་དེ་རེད། དྲང་པོ་དང་གནས་ལུགས་ཀྱི་མཐར་ཐུག་པའི་མི་ཞིག་ཡོད་ཕྱིན། དབྱིན་སྐད་དུ་ Dogma ཟེར་བ་དེ་ཡོང་གི་ཡོད་ཅིང་། Dogma ཡོད་མཁན་གྱི་མི་ནི་ཚན་རིག་གི་ལྡོག་ཕྱོགས་རེད། དེ་ཡོད་པ་ཡིན་ན་སངས་ཆོས་ཚན་རིག་དང་མཐུན་ཞེེས་པའི་རྩ་བ་བརླགས་པ་ཡིན་པས། གལ་སྲིད་སངས་ཆོས་ཚན་རིག་དང་མཐུན་འདོད་མཁན་ཞིག་ཡིན་ན། སྒྲ་རྒི་མཱ་ཡོད་མི་ཆོག

དྲང་པོ་དང་གནས་ལུགས་ཞེས་པའི་སྐད་ཆ་འདི་གོང་ས་མཆོག་ལ་ཐུག་ཚེ། བོད་མི་མང་ཤོས་ལ་འགྲོ་ས་མེད་པ་བཞིན་ལུང་པ་སོ་སོ་དང་། ཆོས་བརྒྱུད་སོ་སོའི་དད་པ་བྱེད་ཡུལ་ལའང་དེ་ལྟར་རེད། གལ་སྲིད་རྒྱུ་མཚན་དང་གནས་ལུགས་ཟེར་བ་འདི་བཤད་ས་ཡོད་པར་བཏང་ཡང་། དེ་ནི་ཚད་གཞི་ཅན་ཞིག་རེད། ཡིན་ཏེ། གལ་སྲིད་མི་ཞིག་ལ་རྒྱུ་མཚན་དང་བདེན་པ་ག་ཆོད་ཡོད་ཀྱང་། དད་ཡུལ་གྱི་མི་ཞིག་དང་འཕྲད་ཚེ། དྲང་བདེན་དང་གནས་ལུགས་བཤད་ས་མེད་ཁར། དེར་གནས་ཀྱི་སྤྱི་ཚོགས་ཀྱིས་ཀྱང་ངོས་ལེན་བྱེད་ཡ་ཧ་ཅང་གི་ཁག་པོ་རེད། དེར་བརྟེན། གནས་ཚུལ་གང་ཞིག་ཡིན་ཡང་བདེན་པ་དང་། དྲང་པོ་ལ་གཞི་བཅོལ་ནས་བཙན་བྱོལ་སྤྱི་ཚོགས་ནང་དུ་ད་དུང་འགྲོ་འགྲོ་ཆོག་ཆོག་ཅིག་མིན་པ་མ་ཟད། ལྷག་པར་དུ་རྡ་ས་དང་གནས་དེའི་ཉེ་འཁོར་གྱི་མི་རབས་རྒན་པ་དང་། ཤེས་ཡོན་མེད་མཁན། དཔལ་འབྱོར་གྱི་གནས་ཚད་དམའ་བའི་མི་ཚོ་ལ་སྐད་ཆ་འདི་འགྲོ་ས་གཏན་ནས་མེད།

བདེན་པ་དང་དད་པ་བྱེད་ཡུལ་གཉིས་ཐུག་ཚེ་ཁོང་ཚོ་ལ་གནས་ལུགས་བཤད་པ་ལྟ་ཅི། ཕྱོགས་ཙམ་ཞིག་གླེང་ཡང་། གང་བྱུང་གིས་སྡུག་དམོད་དང་དམའ་འབེབ་མྱོང་བ་མ་ཟད། དེ་ལྟར་བྱེད་ཨེ་ཉན་སྙམ་པའི་གྲོས་མགོ་ཙམ་ཞིག་གླེང་ཡང་རྣམ་རྟོག་ལངས་ནས་བྲོས་འགྲོ་མཁན་མང་པོ་ཡོད་པས་ཡིན། གནད་དོན་དེ་ལ་དཔགས་ན་བོད་ཀྱི་སྤྱི་ཚོགས་ནང་ད་དུང་ཡང་བདེན་པ་འགྲོ་ས་ཁག་པ་མ་ཟད། བདེན་པ་དེ་སོ་སོའི་དད་པ་བྱེད་ཡུལ་དང་ཐུག་ཚེ། བདེན་པ་ཟེར་བ་འདི་བཙན་བྱོལ་གྱི་བོད་པ་མང་ཤོས་དང་སྐད་ཆ་བཤད་ས་མེད།
དེ་ནི་གོང་ས་མཆོག་གམ་དད་པ་བྱེད་ཡུལ་དག་གི་ནོར་འཁྲུལ་གཏན་ནས་མིན་ཡང་། གོང་ས་མཆོག་དང་། རང་གི་དད་པ་བྱེད་ཡུལ་གྱི་མཚན་སྙན་བེད་སྤྱོད་བཏང་ནས་རང་དོན་སྒྲུབ་མཁན་ཚོས་དེ་འདྲའི་སྤྱི་ཚོགས་ཤིག་དང་། ལམ་སྲོལ་ཞིག་བོད་ཀྱི་སྤྱི་ཚོགས་ནང་སྐྲུན་བཞིན་ཡོད་པས། དེ་དག་བོད་ཀྱི་སྤྱི་ཚོགས་ནང་རྒྱུན་གནས་དང་། ལྷག་པར་དུ་ཡར་རྒྱས་སུ་ཕྱིན་པ་ཡིན་ཚེ་ཚོད་མེད་ཀྱི་ནོར་འཁྲུལ་བྱེེད་པ་མ་ཟད། མ་འོངས་པའི་བོད་ལ་མཚོན་ན་ཧ་ཅང་གི་གནོད་སྐྱོན་ཞིག་ཏུ་མཐོང་།

རྒྱུ་མཚན་ནི། དེ་ནི་ལྷ་སྲུང་བསྟེན་པ་དང་གཅིག་པ་རེད། ལྷ་སྲུང་ལ་ལྷ་སྲུང་གི་གནས་བབ་གང་ཡོད་པ་དེ་ལྟར་ཚུལ་མཐུན་གྱིས་བཀུར་ན་ལེགས་ཀྱང་། ཚོད་མེད་ཀྱིས་གུས་བཀུར་བྱས་ཤིང་། ལྷ་སྲུང་བེད་སྤྱོད་བཏང་ནས། ལྷ་དགོངས་ལྟར་མ་སྒྲུབ་ན་ལྷ་སྲུང་གིས་བཀའ་ཆད་ཕོག་ཚུལ་གྱི་ཞེད་སྣང་སྐུལ་ཞིང་། དེ་ལྟར་ཕོག་ཚུལ་གྱི་སྒྲུང་གཏམ་སྣ་ཚོགས་བསྒྲིགས་ནས། མི་མང་རྣམས་རང་འདོད་ལྟར་དབང་སྒྱུར་བྱས་ཏེ་གནོད་སྐྱོན་འབྱུང་བ་བཞིན། དད་པ་བྱེད་སྟངས་གང་ཞིག་ཡིན་ཡང་དེ་དང་གཅིག་མཚུངས་རེད། ཚད་ལས་བརྒལ་ན་སྤྱི་ཚོགས་ལ་ཉེན་ཁ་ཡོད། དཔེར་ན། ཤུགས་ལྡན་ལ་ཚད་མཐོའི་གུས་བཀུར་བྱས་ཤིང་། ཤུགས་ལྡན་བེད་སྤྱོད་ཀྱིས་དགེ་ལུགས་པ་ཡིན་ཕྱིན་དགེ་ལུགས་པ་རྣམ་དག་མ་བྱས་ཤིང་། ཆོས་བརྒྱུད་གཞན་གྱི་ལྷད་ཞུགས་པ་ཡིན་ན། རྒྱལ་ཆེན་ཤུགས་ལྡན་གྱིས་བཀའ་ཆད་ཕོག་ཚུལ་བསྒྲགས་པ་བཞིན་རེད། དེར་བརྟེན། མཐའ་མར་གོང་ས་མཆོག་གིས་ཤུགས་ལྡན་བསྟེན་མཚམས་བཞག་དགོས་ཐུག་པ་རེད།

 

གཉིས་པ།

བོད་པ་རྣམས་ཀྱིས་གསལ་བོ་ཤེས་དགོས་པ་ཞིག་ལ་བོད་ཀྱིས་མང་གཙོ་རྩོད་ཀྱིན་མེད་ལབ་ཕྱིན་བོད་དུ་འགྲོ་བ་མིའི་ཐོབ་ཐང་རྩོད་སའི་གཞི་རྩ་མེད་པ་ཆགས་པ་དང་། འགྲོ་བ་མིའི་ཐོབ་ཐང་རྩོད་སའི་གཞི་རྩ་མེད་པ་ཡིན་ན་ནུབ་ཕྱོགས་དང་། མང་གཙོ་ལུང་པ་ཚོའི་རང་གི་ཁྲིམས་ལུགས་ཀྱིས་མི་རིགས་གཞན་ལ་ཆབ་སྲིད་ཀྱི་ཐོག་ནས་ཐེ་གཏོགས་དང་། རྒྱབ་སྐྱོར་བྱེད་པའི་རྩ་བ་བརླགས་པར་མ་ཟད། རྒྱལ་ཁབ་གཞན་གྱི་ནང་སྲིད་ལ་དེ་བས་ཐེ་གཏོགས་བྱེད་སའི་སྒྲོམ་གཞི་བརླགས་པ་ཤེས་དགོས། རྒྱུ་མཚན་ནི། ཨ་རི་གཙོ་བོར་གྱུར་པའི་ནུབ་ཕྱོགས་མང་གཅོའི་རྒྱལ་ཁབ་མང་ཆེ་བའི་རྩ་ཁྲིམས་སུ་འཛམ་གླིང་ཐོག་མང་གཙོ་དར་སྤེལ་དང་། འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་བྱེད་དགོས་ཚུལ་ཡོད་པས། ནུབ་ཕྱོགས་པའི་དཔོན་རིགས་སུ་ཞིག་གིས་དེ་དོན་ལེགས་པར་མ་སྒྲུབ་པ་ཡིན་ན། མང་གཙོ་དང་འགྲོ་བ་མིའི་ཐོབ་ཐང་ལ་མོས་མཁན་ཚོས་སྐྱོན་བརྗོད་བྱེད་ས་དང་། ཁྲིམས་ལ་གཏུག་ས་ཡོད་ལ། མང་གཙོའི་དཔོན་རིགས་ཚོས་ཀྱང་གཅིག་བསྡུ་རིང་ལུགས་པའི་སྲིད་གཞུང་ལ་ཐེ་གཏོགས་བྱེད་བྱེད་ཀྱི་ལག་ཆ་གལ་ཆེན་ཞིག་ཀྱང་ཡིན་པས་ཡིན།

དེ་སྔོན་སྲིད་སྐྱོང་གིས་ཨ་རི་རུ་མང་གཙོ་རྩོད་ཀྱིན་མེད་གསུངས་པས་ཁོང་གི་མཛད་འཕྲིན་ཨ་རིའི་ནང་དུ་རྒྱས་པ་ལ་འགོག་རྐྱེན་ཚབས་ཆེན་བཟོས་པ་མ་ཟད། རྒྱ་གར་གྱི་མང་གཙོ་དོན་གཉེར་བ་དང་གསར་འགོད་པ། བོད་དོན་ཉམས་ཞིབ་པ་མང་པོས་སྐྱོན་བརྗོད་ཤུགས་ཆེ་གནང་ཡོད།

མང་གཙོ་མ་རྩོད་པ་ཡིན་ན་སྲིད་སྐྱོང་དང་སྐུ་མདུན་སོགས་བོད་མིའི་སྒྲིག་འཛུགས་ཀྱི་སྐུ་ཚབ་ཚོ་ Forum 2000 སོགས་ཀྱི་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་དང་། མང་གཙོའི་ཚོགས་ཆེན་ཁག་ལ་ཞུགས་ཐབས་མེད་པ་ཆགས་ཀྱིན་ཡོད། མ་ཞུགས་པ་ཡིན་ན་རྒྱལ་སྤྱིའི་ཐོག་བོད་དོན་རྒྱབ་སྐྱོར་འཚོལ་བྱེད་ཀྱི་གལ་ཆེའི་གྲུབ་ཆ་བརླགས་པ་ཡིན། དེར་བརྟེན། ད་ལོ་སྲིད་སྐྱོང་གིས་ཀྱང་ཕ་རལ་རྒིའི་རྒྱལ་སྤྱིའི་མང་གཙོའི་ཚོགས་ཆེན་ཐོག་མང་གཙོ་ལ་རྒྱབ་སྐྱོར་ཤུགས་ཆེན་ཡོད་ཚུལ་དང་། དེ་ལྟར་རྩོད་དགོས་ཚུལ་གྱི་གསུང་བཤད་གནང་ཡོད།
མ་ཟད་ངོ་སྤྲོད་བྱེད་མཁན་གྱིས་ཀྱང་སྲིད་སྐྱོང་ནི་བོད་ཀྱི་ཆེད་དུ་མང་གཙོ་དང་འགྲོ་བ་མིའི་ཐོབ་ཐང་རྩོད་མཁན་གྱི་རླབས་ཆེན་གྱི་སྐྱེས་བུ་ཞིག་ཡིན་ཚུལ་གྱི་ངོ་སྤྲོད་གནང་སོང་ལ། རྒྱ་གར་དང་ནུབ་ཕྱོགས་ཤེས་ཡོན་ཅན་དང་གསར་འགོད་པ། ཆབ་སྲིད་ཉམས་ཞིབ་པ་མང་པོ་ཞིག་གིས་སྐུ་མདུན་གྱིས་མང་གཙོ་དང་འགྲོ་བ་མིའི་ཐོབ་ཐང་རྩོད་ཀྱིན་ཡོད་ཤག་བྱེད་མཁན་ལས། ཐ་ན་དོགས་གཞི་ཙམ་ཡང་འཛིན་མཁན་མེད་པས། ཡོངས་གྲགས་ཀྱིས་སྐུ་མདུན་གྱིས་མང་གཙོ་རྩོད་ཀྱིན་མེད་པ་ཤེས་པ་ཡིན་ན། ཆབ་སྲིད་ཐོག་བོད་དོན་ལ་རྒྱབ་སྐྱོར་བྱེད་མཁན་དེ་བས་ཉུང་དུ་འགྲོ་ངེས་རེད། བྱེད་བསམ་མཁན་ཞིིག་ཡོད་ཀྱང་མང་གཙོའི་རྒྱལ་ཁབ་ཚོའི་ནང་དུ་རྒྱབ་སྐྱོར་བྱེད་ཡུལ་གྱི་རྩ་བ་བརླགས་པས། བཙལ་སྟངས་མི་ཤེས་པ་ཞིག་ཏུ་ཆགས་ངེས་རེད།

སྐུ་མདུན་ཡིན་ཡང་ནུབ་ཕྱོགས་སུ་མང་གཙོ་གལ་ཆེ་ཡིན་ཚུལ་མང་དུ་གསུངས་པ་ལས། ཁོང་གིས་རྩོད་ཀྱིན་མེད་པ་ད་དུང་ཁ་གསལ་གྱིས་ཅི་ཡང་གསུངས་མི་འདུག རྒྱུ་མཚན་དེས་རྒྱ་གར་གྱི་བོད་དོན་ཞིབ་འཇུག་ཚོགས་པ་ཞིག་གིས་སྐུ་མདུན་ནི་མང་གཙོ་རྩོད་མཁན་ཞིག་ཡིན་ཚུལ་དང་། སྲིད་སྐྱོང་བློ་སེང་དེ་ལྟར་མིན་ཚུལ་གྱི་སྐྱོན་བརྗོད་ཤུགས་ཆེ་གནང་ཡོད་ལ། གནད་དོན་དེ་དག་བོད་མི་རྣམས་ཀྱིས་རྟོགས་དགོས་པ་ཞིག་ཏུ་མཐོང་ངོ་།

གནའ་བོ་དང་དེང་དུས་བསྡུར་བ་ནི་དྲང་པོ་མིན་ཞིང་། གལ་སྲིད་ཡིན་ན་ཉི་ཧོང་གིས་རྒྱ་ནག་ལ་བཙན་འཛུལ་བྱེད་པ་ཡང་ཚད་ལྡན་ཡིན་ཏེ། ཉི་ཧོང་གི་ལམ་ལུགས་ནི་སྐབས་དེའི་རྒྱ་ནག་གི་ལམ་ལུགས་ལས་ཡག་པོ་ཡོད་པས་ཡིན་ལ། ཆེ་ཁི་ལ་ར་ཤི་ཡའི་བཙན་འཛུལ་བྱེད་པའང་ལུགས་མཐུན་ཡིན་ཏེ། ར་ཤི་ཡའི་དམར་པོའི་ལམ་ལུགས་ནི་འཇར་མིན་གྱི་ན་ཚིའི་སྲིད་གཞུང་དང་བསྡུར་ན་ཡག་པོ་ཡོད་ཁར། ར་ཤི་ཡས་ཆེ་ཁི་འཇར་མན་གྱི་བཙན་འཛུལ་འོག་ལས་སྐྱོབ་པ་ཡིན་པས་ཡིན། ལྷག་པར་དུ་འཇར་མན་གྱིས་ཆེ་ཁི་ལ་བཙན་འཛུལ་གནང་བ་ལ་ཆེ་ཁི་མི་མང་གིས་ངོ་རྒོལ་བྱས་པ་དེ། སྲིད་འཛིན་ཉིད་ཀྱི་ཞེ་འདོད་ལྟར་ན་ནོར་འཁྲུལ་ཡིན་ཏེ། འཇར་མན་ནི་ཆེ་ཁི་ལས་དཔལ་འབྱོར་དང་། ཚན་རིག་སོགས་་ལེགས་པ་ཡོད་པས་ཡིན། དེ་བཞིན་འཛམ་གླིང་རྒྱལ་ཁབ་ཀུན་གྱིས་ཀྱང་ཨ་རིའི་ཕྱོགས་སུ་ལག་རྡང་སྦྲེལ་དགོས་ཤིང་། མ་སྦྲེལ་བ་ནི་ནོར་འཁྲུལ་ཡིན་ཏེ། ཨ་རི་ནི་དཔལ་འབྱོར་དང་དམག་དོན། ལག་རྩལ་སོགས་ཀྱི་ཐད་ནས་འཛམ་གླིང་གི་རྩེ་ཏོག་ཡིན་ཁར། མང་གཙོ་དང་རང་དབང་གི་རྒྱལ་ཁབ་ཅིག་ཡིན་པས་ཡིན།

གང་ལྟར་གནད་དོན་འདི་དག་སྣང་མེེད་དུ་འཇོག་མི་རུང་བ་བོད་མིའི་ཕྱོགས་ནས་དོན་མཐུན་དང་། རྒྱུ་མཚན་ལྡན་པའི་སྒྲུབ་བྱེད་མང་དུ་གནང་དགོས་པའི་དུས་ལ་བབ་ཀྱིན་ཡོད་པ་མཐོང་ལ། ཕྱོགས་གཅིག་ནས་བོད་ཀྱི་མི་རབས་གསར་བ་ཚོའི་མིག་མདུན་དུ་ཡོང་བའི་དྲིལ་བསྒྲགས་ཀྱི་ཁ་གཏད་ཅིག་ཏུ་མཐོང་།།

http://www.novinky.cz/domaci/353209-lepsi-soucasny-stav-nez-teokracie-s-vylupovanim-oci-rekl-zeman-o-tibetu.html

བསམ་ཚུལ།

Post navigation

Previous Post: རྒྱལ་སྤྱིའི་གཞོན་ནུའི་ཚོགས་འདུ་དང་ཤེས་ལྡན་པ་ཚོའི་བར་ཐག
Next Post: བུད་མེད་དང་སྐྱེས་དམན་གྱི་ཚིག་ལ་དཔྱད་སྟངས་ཤིག

Comments (11) on “ལྷ་དབང་ལམ་ལུགས་ཀྱི་སྲིད་གཞུང་དང་བསྡུར་ན་ཡག་ཚུལ་བརྗོད་འདུག”

  1. ཅོ་རི་ཉི་མ། says:
    2014-11-13 at 10:01 am

    ཡག་པོ་གསུངས་འདུག དགའ་པོ་བྱུང་།

  2. ཀླུ་སྨྱོན། says:
    2014-11-13 at 11:51 am

    སྐད་ཆ་འདི་འདྲ་མ་བཤད་སྔོན་ལ་སྲོག་མགོ་ཐོན་ས་ཞིག་བྲོས། དེ་ནས་བཤད་ན་ལེགས།

  3. རིག་ཡག། says:
    2014-11-13 at 12:50 pm

    བོད་མི་ཚོས།
    རྒྱལ་ཁབ་ཁབ་གང་ཞིག་ཡིན་ཡང་དད་པ་ལས་ཀྱང་ལྷག་པ་ཞིག་ཡོད་པ་ནི་དམངས་གཙོ་ཡིན་ཡིན་པ་དེ་ཤེས་དགོས།

  4. བཙན་བྱོལ་བ་ says:
    2014-11-13 at 1:07 pm

    དབུས་གཙང་བ་གྲགས་ཅན་དང་། མཚན་སྙན་ཅན། མཁས་དབང་ཞིག་ཐོན་ཚེ་ལམ་སེང་དམའ་འབེབ་དང་སྙད་འདོགས་ཆས་ཡག་ཤོས་དེ་སྐུ་དྲག་གི་མིང་སྤྱོད་ནས་ནག་པོ་བཟོ་ཐབས་བྱེད་པ་དེ་རེད། འདི་ནི་ ༡༩༥༩ ནས་ ད་བར་ཐ་སྙད་རྒྱུགས་ཆེ་ཤོས་དེ་རེད། དབུས་གཙང་བ་ཞིག་ལ་སྨ་འབེབ་བྱེད་དགོས་ན། དང་པོ་སྐུ་དྲག་གི་མི་རྒྱུད་རེད་ཟེར་དང་། འདི་ནི་ཐབས་ལམ་ཡག་ཤོས་དེ་རེད། འདིས་ཁྱོད་ཚོར་རྒྱབ་སྐྱོར་རེག་ངེས།

  5. ཀླུ་མཁར་བྱམས says:
    2014-11-13 at 1:58 pm

    ཐབས་སྐྱོ་བ་ཞིག་ལ། ངས་ཁ་བརྡའི་ནང་ནས་རྩོམ་ཡིག་ཅིག་མ་མཐོང་བར་ཡུན་རིང་ཕྱིན་སོང་། དེ་རིང་འདི་ན་གཞི་ནས་རྩོམ་ཡིག་ཅིག་ཡོད་བཟོ་འདུག་་

  6. གནམ says:
    2014-11-13 at 3:39 pm

    ཨ་རི་ཚང་གི་མི་ཆེན་དཔོན་ཆེན་སུ་ཞིག་ཡིན་ན་ཡང་། གཏམ་བཤད་ཀྱི་སྔ་མར། (God bless America དཀོན་མཆོག་གིས་ཨ་རི་སྐྱོབས་ཤོག།) ཟེར་བ་རེད། དེ་བཞིན་དུ་མང་གཙོའི་ལུང་པ་གང་ཡོད་ནས་སོ་སོའི་ཁ་ཕྱོགས་གང་ལ་འཁོར་ནས་སྤྱི་ཚོགས་ལ་ཞབས་ཞུ་སྒྲུབ་པ་ལས། དེའི་ཁ་གཏད་དུ་ལངས་ནས། ཆོས་བ་ཚོ་མི་འགྲིག་པ། སྨན་པ་ཚོ་མི་འགྲིག་པ། ཚོང་བ་ཚོ་མི་འགྲིག་པ་སོགས་ཟེར་ནས། གཏམ་འཆལ་བཟོས་ན། ཁ་ཐུག་གིས་ཁྲིམ་ས་ལ་སྦྱོར། དེ་ནི་མང་གཙོ་དང་མིའི་ཁེ་དབང་ཡག་པོ་སྲུང་ཐུབ་པའི་ཁྲིམས་ལུགས་ཡིན། ཡིན་ན་ཡང་། བོད་ཕྲུག་ཀླད་མེད་འགའ་ལ་ཨ་རི་ལྟ་བའི་མང་གཙོའི་མི་མང་ལས་ཀྱང་ཁེ་དབང་ཐོབ་ཡོད། དེ་ནི་གནས་སྐབས་རང་ལ་གཞི་མེད་ངག་འཆལ་བར་ནག་འདེད་དང་ནག་ཁུང་དུ་འཇུག་ས་མེད་པས་ཡིན།
    ༼ཕྱི་རྒྱལ་གྱི་རང་དབང་ནི། སོ་སོས་སོ་སོའི་ལྟ་སྤྱོད་ནི་ཆོས་མེད་ཀླུ་མེད་དམ་ལྷ་ཡོད་ཀླུ་ཡོད་གང་ལ་ཡང་བརློམ་ཆོག་པ་དང་། དེ་ལྟར་དུ་འཚོ་བར། མང་གཙོའི་ལྟ་གྲུབ་གྱིས་ཚ་མ་སྲུང་ཡོད་པ་གཅིག་པ་ཡིན། ཡིན་ན་ཡང་། སོ་སོའི་ལྟ་སྤྱོད་གཞི་ལ་བཞག་ནས་གཞན་ལ་ཁ་གཏོང་བ་དང་། ཆོས་ལུགས་དབྱེ་བ། ཕམ་པར་རྒྱག་པ། རིགས་དབྱེ་བྱེད་པ་བྱུང་ན། མང་གཙོའི་ལྟ་གྲུབ་གྱིས་སུ་ཡང་སྲུང་མེད་པར། ཁ་ལ་ཐེལ་རྩེ་དང་ལག་ལ་ལྕགས་སྒྲོག་སྤྲོད། བོད་ཕྲུག་མང་པོ་ཞིག་གིས་འདི་ཤེས་དགོས་བ་དེ་མང་གཙོ་ལ་རྩི་གུས་ག་ཚོད་ཡོད་མེད་ཀྱི་ལམ་ཁ་དང་པོ་ཡིན། དེ་མིན། ཁ་ལ་ཐེགས་ཚད། ཡིད་ལ་དྲན་ཚད། རྣ་བས་གོ་ཚད་ཀྱིས་སྤྱི་ཚོགས་ལ་དཀྲུག་ཤིང་བྱས་ན། མང་གཙོ་དང་དམངས་གཙོ་ཡང་དག་གེ་རེ་ཡོད་ན་ཡང་། ཁྱེད་ཚོ་ལྟ་བུ་ལ་ནམ་ཡང་དུས་བདེ་གནས་འཇམ་ཞིག་མེད་པ། ངས་ཚིག་ཐག་ཆོད་པས་བཤད་ཡོད་དོ།༽ ཤ་ཉེ་ཚོ། སེམས་ལ་ཉོར།

  7. ལ་དྭགས་བློ་བཟང་འཇམ་དཔལ་ says:
    2014-11-14 at 9:17 am

    ལ་དྭགས་ལ་ལྷ་བབས་པ་ཡིན་པའི་མིས་ཕོ་ཞིག་ལ་སྐྱེས་པ་ཞེས་འབོད། དེས་ན་མོ་ལ་སྐྱེས་མ་ཞེས་དགོས་པ་སྙམ། སྐྱེས་མ་ཞེས་པ་གྱུར་ནས་གཅིག་གིས་སྐྱེ་དམན་ཡོངས་གྲགས་ཆགས་པ་ཡིན་སྙམ། སྔར་རྒྱལ་ཁམས་གར་ཡིན་ཀྱང་། སྐྱེས་པས་ལུས་སྟོབས་ཆེ་བའི་ལས་བྱེད་པ་དང་། སྐྱེས་མས་བལ་འཁེལ་བ་སོགས་ཤེད་ཆུང་བའི་ལས་བྱེད། དམག་འཐབ་སོགས་ལ་སྐྱེས་པ་མ་གཏོགས་སྐྱེས་མ་འགྲོ་སྲོལ་ཞིག་མེད་པ་ལྟ་བུ། བོད་དུ་སྐྱེས་མ་ཞིག་དམག་འཐབ་པར་ཕྱིན་ཡོད་པ་མ་ཐོས། གེ་སར་གྱི་སྒྲུང་དུ་དེ་ལྟར་མ་མཐོང་། རྒྱ་གར་དུ། ཇཱནྶཱི་རཱནཱི་ཞེས་པ་རྒྱལ་མོ་ཞིག་ཕལ་ཆེར་ལོ་ངོ་གཉིས་བརྒྱ་སྔོན་ལ་ཨིན་ཇི་དང་དམག་འཐབ་པའི་དམག་དཔོན་ལ་ཕྱིན་ཀྱང་སྟོབས་ཆེ་བ་དང་ཕྲད་དེ་དམག་ལས་ཕམ་ཀྱང་ཇཱནྶཱི་རཱནཱི་ཞེས་རྒྱ་གར་ལོ་རྒྱས་ན་ཡོད། དེ་ལྟར་རེ་གཉིས་མ་གཏོགས་འཇིག་རྟེན་གང་དུ་ཡང་སྐྱེས་མར་དབང་སྒྱུར་བའི་ནུས་པ་མེད་པ་ལྟ་བུར་མཐོང་ཡང་། ཕྱིས་སུ་སྐྱེས་མར་ཤེས་རིག་སྐྱེས་པ་དང་མཚུངས་པ་རྙེད་པ་ན། སྐྱེས་མའི་སྲིད་སྐྱོང་དང་། སྲིད་བློན་སོགས་བྱེད། ང་ཕྲུག་གུའི་དུས་སུ་སྐྱེས་མ་ཞིག་ལས་ཁུངས་ལས་བྱེད་ལ་ཡོད་པ་ཞིག་མེད་ཀྱང་། དིང་དུས་སྐྱེས་མ་མང་པོ་་ལས་ཁུངས་ཀྱི་དཔོན་མོ་ལྟ་བུར་ཡོད། ངའི་སྲིང་མོའི་བུ་མོ་གཉིས་སྔོན་དུས་སུ་ཞིང་ལས། ས་ལས། རྡོ་ལས་སོགས་བྱེད་དགོས་ཀྱང་། དིང་སང་ལས་ཁུངས་ཀྱི་དཔོན་མོ་ལྟ་བུར་ཆགས་ཡོད། དེ་དག་ལས་ནུ་མོ་དེ་རྣམ་པ་ཆེར་མེད་པས་ཕ་མ་གཉིས་ཀྱིས་སླབ་གྲྭར་མ་བཏངས། རང་ལོ་༡༣འམ་༡༤་ཡིན་པའི་དུས་ཕ་མ་གཉིས་རྒྱ་གར་དུ་གནས་བསྐོར་ཏུ་ཕྱིན དེ་ནས་སྤྲིངས་ཡིག་འབྱོར་པ་ན། དེ་ཉིད་ཀློག་མཁན་འཚོལ་དགོས་པའི་དཀའ་ངལ་བྱུང་བ་ན། རང་ཉིད་ཀྱིས་དང་པོ་སྦས་པའི་ཚུལ་དུ་སློབ་སྦྱོང་བྱས། ཕྱིས་སུ་རྒྱུགས་སྤྲོད་དུ་ཞུགས། རྒྱ་གར་རྒྱལ་ས་ལྡི་ལི་སོགས་སུ་སློབ་སྦྱོང་བྱས། ཁྲིམས་ལུགས་སློབ་སྦྱོང་བྱུང་ཡང་། གནས་གྲུ་ཐང་དུ་སྲུང་སྐྱོབ་ཀྱི་ལས་ཀ་ཐོབ་སྟེ། རང་ཉིད་མ་ཟད་ནང་མི་གང་ཡིན་ལ་རྒྱ་གར་གནམ་གྲུ་གར་འགྲོ་སར་གླ་ཆ་མེད་པར་འགྲོ་ཆོག་པས། ཚ་་མོ་དེའི་མིང་པོ་ཨ་རི་རུ་ལན་ཁ་ཤས་སླེབས། དེ་བཞིན་དུ། བོད་ཕྱི་ནང་ཡོངས་ན་ལྷ་ཁུངས་སོ་སོར་སྐྱེས་མའི་དཔོན་མོ་མང་དུ་ཡོད་ངེས། དེ་འདྲ་གནས་སྟངས་ལགས་ཀྱང་། ད་དུང་ཡང་སྐྱེས་པ་དང་། སྐྱེས་མ་གཉིས་བསྡུར་ན། སྐྱེས་པས་དབང་སྒྱུར་ཞེས་ཨ་རི་པ་ཀུན་ཀྱིས་གླེང་ངོ་།

  8. ལ་དྭགས་བློ་བཟང་འཇམ་དཔལ་ says:
    2014-11-14 at 9:34 am

    ལོ་རྒྱས་ན་ཡོད། ཅེས་པ་ལོ་རྒྱུས་ན་ཡོད། ཅེས་ཞུས་དག་བྱས།

  9. སྤྱང་ཤོག says:
    2014-11-14 at 10:58 am

    བོད་ཀྱི་ལྷ་དབང་ལམ་ལུགས་ཀྱི་སྲིད་གཞུང་ནི་གདས་ས་ཁག་གི་ཁེ་ཕན་སྲུང་ཆེད་རེད་ཟེར།

  10. གསེར་ས་ལེ་སྦྲམ། says:
    2014-11-15 at 7:47 am

    རྩོམ་ཡིག་འདི་ཀློག་འདོད་མ་བྱུང་ཐལ།

  11. འབྲོག་ཕྲུག says:
    2014-11-15 at 11:40 am

    རྩོམ་ཡིག་འདིས་དམིགས་ས་གཞན་ཞིག་དམིགས་འདུག གང་ལྟར་ཐད་ཀ་མཆུ་བཙུགས་མི་ཕོད་པའི་དྲ་འབུ་སྐོར་ཉམས་ཆུང་ཞིག་རེད

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (97)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (67)
  • ཨེ་ལི་སི། (53)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (36)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme