Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

“ལོ་སར་ལས་འཕྲོས་པའི་གཏམ།”

Posted on 2016-02-052016-02-05 By ཁ་བརྡ 1 Comment on “ལོ་སར་ལས་འཕྲོས་པའི་གཏམ།”

ཆབ་མདོ་ངག་ཕུན།

 
དེ་རིང་ངས་གླེང་འདོད་པ་ནི་ང་ཚོའི་ཕ་ཡུལ་གྲོང་གསེབ་ཀྱི་ལོ་སར་གཏོང་སྟངས་སྐོར་ཡིན་ཞིང་། དེ་ཡང་ངའི་ཕ་ཡུལ་ཆབ་མདོ་ཞེས་པའི་རྫ་ངོམས་གཉིས་ཡོད་པའི་ནང་ནས་ངོམས་གཞུང་ཞེས་པའི་ས་ཆ་ནས་ཡིན་ཞིང་། ང་ཚོའི་ལུང་པའི་འཚོ་བ་སྐྱེལ་སྟངས་ནི་ས་མ་འབྲོག་ཡིན་པ་དང་། བོད་ཟླ་དང་པོ་ནང་ལོ་སར་གཏོང་གི་ཡོད་པ་རེད། སྤྱིར་བཏང་བོད་ཀྱི་ས་ཁུལ་སོ་སོའི་གནམ་གཤིས་དྲོད་གྲང་གི་ཁྱད་པར་ཕྲན་བུ་ཡོད་པ་ལས་མང་ཆེ་བ་དཀར་རྩིས་གཞི་བཟུང་བོད་ཟླ་དང་པོ་ནང་ལོ་སར་འགོ་བཙུགས་ཀྱི་ཡོད་ཅིང་། དེར་བརྟེན་ཟླ་བ་གཅིག་ཙམ་གྱི་སྔོན་ནས་ལོ་སར་གྲ་སྒྲིག་བྱེད། མི་རྒན་པ་རྣམས་ནི་ལོ་སར་ཚེས་ཀྱང་དེ་ཙམ་དགའ་སྣང་ཆེར་མེད། འོན་ཀྱང་ལོ་ཆུང་རྣམས་དང་ལྷག་པར་ཕྲུག་གུ་རྣམས་ལོ་སར་ག་དུས་སླེབས་ཡོང་ན་སྙམ་སྟེ་བྱིའུའི་གནམ་ཆུ་སྒུག་པ་ལྟར་བྱེད་ཀྱི་ཡོད་ཅིང་། ལོ་སར་ལ་ཉིན་གྲངས་འགའ་ཤས་ལས་མེད་ཀྱང་ཟླ་བ་་འགོར་བའི་སྣང་བ་ཤར་གྱི་ཡོད།

ལོ་སར་གྲ་རྒྱས་གཏོང་མིན་ནི་ཁྱིམ་ཚང་སོ་སོའི་དཔལ་འབྱོར་དཔག་པའི་གྲ་སྒྲིག་བྱེད། ནང་གི་ཕ་རྒན་ནམ་སུ་རུང་ཞིག་གྲོང་ཁྱེར་ལ་ཅ་ལག་ཙག་ཙིག་ཉོ་བར་འགྲོ །ལོ་སར་ལ་རྟེན་འབྲེལ་མཚོན་ཆེད་དུ་གྱོན་ཆས་སར་པ་གྱོན་རྒྱུ་ཨེ་རག་ལྟ་གི་རེད། ཨ་ཕས་གྲོང་ཁྱེར་ནས་ཕྱུ་པ་དང་འོག་འཇུག་བཟོ་ཆེད་རས་ཆ་ཉོ་ཡོང་གི་ཡོད་ཅིང་། ནང་ལ་སླེབས་པ་དང་འཚེམ་བཟོ་ཡོང་རོགས་ཞེས་རེ་སྐུལ་ཞུ་དོན་ལྟར་ཡོང་གི་ཡོད་པ་དང་། འཚེམ་བཟོ་དེ་དག་ལ་འཚེམ་གླ་ཟེར་བ་གང་ཡང་སྤྲོད་མི་དགོས། ད་ལྟ་ཕྱི་བལྟས་བསློགས་ནས་ལྟ་དུས་དེ་ཚོ་དངོས་གནས་སྤྱི་ཚོགས་ལ་ཞབས་ཕྱི་ཞུ་མཁན་གྱི་གྲས་རེད་འདུག་ལབ་པ་ཡིན་ན་མི་ཆོག་རྒྱུ་ཅི་ཞིག་ཡོད་སྙམ་པའི་ཚོར་སྣང་སྐྱེ་འོང་གི་འདུག །ཁྱིམ་ཚང་འགའ་ཤས་ཀྱིས་ཚ་རུའི་ཕྱུ་པ་བཟོ་དུས་ཟླ་བ་གཅིག་ལྷག་ཙམ་འགོར་མཁན་ཡོད། ཡིན་ནའང་འཚེམ་གླ་ཟེར་ནས་སྤྲད་མྱོང་མེད་ལ་ལེན་མྱོང་དེ་ལས་ཀྱང་ཡོད་ཀྱི་མ་རེད།
ང་ཚོའི་ལུང་པར་བློ་ཆོས་འཕེལ་ཟེར་ནས་མི་རྒན་རྐང་པ་དེ་ཙམ་བདེ་པོ་མེད་མཁན་བཟོ་པ་ཞིག་ཡོད་ཅིང་། ཁོང་ནི་དབུལ་ཕྱུག་སུ་སྐད་གཏང་ན་ཡོང་རྐྱང་བྱེད་པ་ལས་མི་ཁོམ་པའི་རྣམ་འགྱུར་སྟོན་མྱོང་གཏན་ནས་མེད། ང་ཚོའི་ལུང་པ་ནས་གྱོན་ཆས་འཚེམ་མཁན་ལ་བཟོ་བ་ཞེས་ལབ་པ་ལས་འཚེམ་པོ་བ་ཞེས་མི་ལབ། ལོ་སར་དང་དུས་ཆེན་སྐབས་འབྱོར་ལྡན་ཅན་གྱི་བུ་ཕྲུག་ཚོས་ལུས་ལ་གཟབ་མཆོར་སྤྲས་ཏེ་བརྗིད་ཉམས་ཡིན་མདོག་གི་ངང་ཡོང་གི་ཡོད་པ་ནི་བརྗོད་མ་དགོས། འོན་ཀྱང་དཔལ་འབྱོར་ཞན་ཅན་གྲོང་གསེབ་བུ་ཕྲུག་ཚོའི་ལུས་ལ་རས་ཆ་དཀྱུས་མའི་འོག་འཇུག་ལས་གྱོན་རྒྱུ་མེད་ཀྱང་རང་ཉིད་ལས་བརྫིག་པ་མེད་སྙམ་པའི་སྤྲོ་སྣང་དང་སྤོབས་ཉམས་ཤར་གྱི་ཡོད།

དེ་ནས་ཨ་ཕས་མཛོད་ནས་ར་མགོ་དང་ལུག་མགོ །གཡག་མགོ་བཅས་མར་བཏོན་ཏེ་སླེ་པོ་ནང་བླུགས་པ་མཐོང་རྗེས་བུ་ཕྲུག་ཡང་ཨ་ཕ་མཉམ་དུ་འགྲོ་གི་ཡིན་ལབ་སྟེ་ཨ་ཕ་མཉམ་དུ་འགྲོ་གི་ཡོད། ཨ་ཕས་སླེ་པོ་ནང་དུད་འགྲོའི་མགོ་རྣམས་བླུགས་ཏེ་གྲོང་ནས་ཐག་རིང་ཙམ་རི་གདོང་གི་ཁུག་ཀྱོག་ལ་ཐབ་བཟོས་ཏེ་མེ་བཏང་སྟེ་དུད་འགྲོའི་མགོ་སྤུ་མེར་བསྲེགས། བུ་ཕྲུག་ཚོས་ཀྱང་འབུད་ཤིང་འཐུ་བ་དང་། མེ་ཤིང་བཅུག་རོགས་བྱེད་ཀྱི་ཡོད། མགོ་ཤའི་གསུར་དྲིའི་དྲི་མ་ལྷང་ངེར་གྱི་མེར་བསྲེགས། མེར་བསྲེགས་ཚར་རྗེས་སླར་སླེ་པོ་ནང་བླུགས་ཏེ་ཨ་ཕས་རྒྱབ་ཏུ་འཁྱེར་ཏེ་མཛོད་ཕུག་ནང་བཞག་གི་རེད། ཨ་མས་ཐབ་ལ་མེ་བཏང་སྟེ་ཡོས་བརྔོས་ཚར་རིམ་བཞིན་གཙང་མ་བཟོས་ཏེ་ལག་འཐག་བྱེད་དགོས་ཞིང་ཉིན་གང་འགོར་གྱི་རེད།
ལོ་སར་མ་ཤར་བའི་ཉིན་གཉིས་ཙམ་སྔོན་ལ་ཨ་ཕས་ར་མགོ་དང་ལུག་མགོ །གཡག་མགོ་བཅས་ཤ་མཛོད་ནས་བཏོན་ཏེ་ཤིང་ལེབ་སྟེང་ལ་སྟ་རེའི་སོ་ལྡིག་ལྡིག་ཅན་གྱིས་ཆེ་ཆུང་རན་ཙམ་ཡོད་པ་གཏུབ་ཀྱི་ཡོད། ཁྲོ་ཆེན་ཐབ་ལ་བཙུགས་ཏེ་དེའི་ནང་མགོ་ཤ་ཉིན་གང་བཙོས་པའི་ཞག་རྩི་སེར་ཉལ་ཉིལ་གྱུར་བ་དེ་ཨ་ཕས་སྐྱོགས་ཀྱིས་ཞག་རྩི་ག་ལེ་བཅུས་ཏེ་ཕོར་པ་ནང་བླུགས་པ་དང་། སྤགས་བརྫིས་ཏེ་ཕྲུ་གུ་རྣམས་ལ་སྟེར་འོང་། ཕྲུ་གུ་རྣམས་ནི་དེ་ཟ་རྒྱུ་རག་ན་དགའ་ཐག་ཆོད་ཀྱི་ཡོད་ལ། དང་ཐོག་མང་པོ་ཟ་རྒྱུའི་འདོད་བརྔམས་སྐྱེ་འོང་གི་ཡོད་ནའང་ཞག་རྩི་མང་བའི་རྐྱེན་གྱིས་ཡི་ག་འགགས་ནས་མང་པོ་ཟ་མི་ཐུབ།

དེ་ནས་གཏུན་ཞེས་ཐང་ཤིང་ངམ་ལྕང་སྡོང་གང་རུང་བཅད་པའི་བཟོ་དབྱིབས་ནར་མོ་མི་ཕྱེད་ཙམ་ཡོད་པ་དང་། སྤོམ་ལོད་མི་གཅིག་གི་ལག་གཉིས་སྐོར་ནས་འཁྱིག་ཙམ་གྱི་དཀྱིལ་ཀོང་དོང་བྲུས་བཞག་པ་དེའི་ནང་གྲོ་བླུགས་ཏེ་གཏུན་ཤིང་གི་ཡུན་རིང་རྡུང་བ་དང་། དེ་དག་སྤུ་ཆོད་རྗེས་གཙང་མ་བཟོས་ཏེ་ཁྲོ་ཆེན་ནང་དུ་ཉིན་གང་བཙོ་གི་རེད་ལ། དེ་ནང་ཤ་དང་མགོ་ཤ་བླུགས་ཀྱི་རེད། ཁྲོ་ནང་ཞོ་ཆགས་པ་ནང་བཞིན་དཀར་འཕྱུར་རེ་འགྱུར་ཅིང་དེ་ཞོགས་དགོང་ལ་ཟ་རྒྱུ་ཟླ་བ་གཅིག་ལྷག་ཙམ་ལྡང་གི་རེད། བྲོ་བ་གཞན་དང་མ་འདྲ་བ་ཡོད་ཅིང་། དེ་ལ་ཕ་ཡུལ་གྱི་མི་ཚོས་གྲོ་ཚ་ཞེས་ལབ། ཉེར་དགུ་ཉིན་ནང་གི་ཉལ་ཆས་ཚང་མ་ཕྱི་ལོག་བཏོན་ནས་རླུང་ཁར་བཞག །དེ་ནི་སྡིག་གྲིབ་དག་པའི་ངོས་འཛིན་བྱེད་སྲོལ་མཆིས།
ཉེར་དགུ་ཉིན་མོ་དགོན་པ་ནང་འཆམ་འཁྲབ་པ་དང་། དགོང་མོ་གཏོར་རྒྱག་པ་སོགས་བྱེད། དགོན་པའི་གཡས་གཡོན་སྡོད་མཁན་དང་། ཐག་རིང་ནས་གནས་མཇལ་ཡོང་མཁན་མི་ཚོགས་མང་པོ་འཛོམས་ནས་དགུ་འཆམ་དང་དགུ་གཏོར་མཇལ་གྱི་རེད། དེ་ནས་དགོང་དག་ས་རུབ་པ་དང་། ཐབ་ཚང་གི་དུ་ཁུང་ལ་སོགས་གཙང་མར་བཟོས་ཏེ་གད་སྙེགས་རྣམས་རུབ་རུབ་བྱས་ཏེ་སླེ་པོ་ནང་བླུགས་ཏེ་དགོང་དག་བྱང་ལམ་ཐོག་ཏུ་ནག་ཐིག་དགུ་བླུགས་སྲོལ་ཡོད་ཅིང་། དེ་ནི་བྱང་ནས་གནོད་བགེགས་ཟློག་ཆེད་ཡིན་སྐད། གནམ་གང་ཉིན་མོར་སྐྲ་བཞར་བ་ལ་འཛེམ་པ་བྱེད་ཅིང་། གནམ་གང་ནུབ་མོ་ཨ་མས་གྲོ་ཞིབ་བརྫིས་ཏེ་ཆུར་བཙོ། དེ་ནས་གྲོ་བཙོས་ཚར་རྗེས་ཕྱུ་ར་དང་མར་བླུགས་ཏེ་བརྫིས་ཏེ་གྲོ་ཐུད་ཅེས་སྡེར་མའམ་ཀ་ཏོ་ར་གང་རུང་ནང་ལ་བསྒྲིགས། དེ་ནས་ཕྱོགས་གཅིག་ལ་མར་ཤེ་དང་། གཡག་ཤ། ར་ལུག་གི་ཤ་བཅས་བཞག་སྟེ་མཆོད་པ་འབུལ་གྱི་ཡོད།

ཐབ་ཚང་གི་གཡས་ཕྱོགས་ཀྱི་བང་ཁྲིའི་སྟེང་མཆོད་བཤམས་ཀྱི་མདུན་དུ་བསྒྲིག་སྲོལ་ཡོད། སྡེར་ཁ་དང་། བོང་བུ་ཨ་མཆོག །སྤིན་སྤིན་རྡོག་རྡོག་ཟེར་བ་སོགས་ནི་བསྒྲིགས་པ་མཐོང་མ་མྱོང་། ཐབ་གང་གི་ས་ངོས་ལ་གྲོ་ཞིབ་ཀྱི་དཀར་ཐིག་ཉི་ཟླ་དང་། ནོར་བུ་མེ་འབར་དང་དུད་འགྲོའི་རི་མོ་སོགས་འབྲི་སྲོལ་ཡོད་ཅིང་། དེ་བཞིན་ནང་གི་གཡས་གཡོན་གྱི་མཐའ་སྐོར་ཏེ་བརྩེགས་ངོས་འཇམ་པོ་སྟེང་ལ་རྒྱ་ནག་ལྕགས་རིའི་རི་མོ་འབྲི་བ་སོགས་བྱེད། དེ་དག་ཚར་རྗེས་ནང་གསར་པ་ནང་བཞིན་སྐྱིད་སྣང་ལྡན་པའི་ཚོར་སྣང་སྟེར་འོང་གི་ཡོད། ལོ་སར་གྱི་གྲ་སྒྲིག་ཚར་རྗེས་གནམ་གང་ནུབ་མོ་སྔ་པོ་ཉལ། གནམ་གསལ་ལ་མ་གསལ་གོང་གཉིད་ས་ནས་ཨ་མ་ལངས་ཏེ་ཆུ་ཟོམ་རྒྱབ་ཏུ་འཁྱེར། རོགས་པ་ཁྲིད་དེ་གྲོ་ཚ་དང་། ཤུག་པ། འབུད་ཤིང་བཅས་འཁྱེར་ཏེ་འགྲོ། ཆུ་ཁར་སླེབས་རྗེས་མེ་ཁ་ཕྱེས་ཏེ་ལྷ་བསངས་བཏང་སྟེ་མཆོད་པ་འབུལ།
དེ་ཉིན་ཞོགས་པ་སུའི་ཆུ་ཕུད་སྔོན་ལ་ལོན་ན་ལོ་དེར་སྟོནཐོག་ཡག་པོ་ཡོང་བའི་ངོས་འཛིན་བྱེད། ལྷག་པར་ལམ་ཁ་ལ་ཆུ་ཟོམ་སྟོང་པ་འཁུར་མཁན་དང་ཐུག་ན་རྣམ་རྟོག་བརྩི། ལོ་སར་ཚེས་གཅིག་ཉིན་མོ་ནང་ལ་བསྡད་པ་ལས་མི་གཞན་གྱི་ནང་ལ་འགྲོ་སྲོལ་གཏན་ནས་མེད། ལོ་སར་ཚེས་པ་གཉིས་ནས་བཟུང་གྲོང་པའི་དགའ་ཉེ་རྣམས་ཕན་ཚུན་མགྲོན་འབོད་གནང་རེས་བྱེད་ཅིང་། ཡིན་ནའང་ལུང་པར་མི་ཤི་གོད་ཆག་མ་བྱུང་བ་ཡིན་ན་དགོང་མོ་གྲོང་པ་ཚོས་མེ་ཤིང་བསྡུ་རུབ་ཀྱིས་བྲོ་འཁྲབ་ཀྱི་རེད།

ཕ་ཡུལ་གྱི་མི་སྣ་རྒན་གཞོན་དར་གསུམ་གླུ་གར་ལ་དགའ་པོ་ཞེ་དྲག་ཡོད་ཅིང་། ལྷག་པར་དགུན་དུས་ལས་ཀ་མེད་ཅིང་དལ་ལྷོད་ཀྱི་ཉི་མར་སྲོས་ཏེ་སྡོད་སྐབས་གླིང་སྒྲུང་བཤད་ཅིང་། གླིང་གི་དཔལ་བརྟུལ་རྣམས་རྒྱལ་ཁ་ཐོབ་དུས་བགྲེས་སོང་དེ་དག་ངོ་གདོང་ལ་འཛུམ་མདངས་ཤར་འོང་། གླིང་གི་དཔལ་བརྟུལ་ཕམ་ཉེས་བྱུང་ཚེ་བགྲེས་སོང་རྣམས་བློ་ཕམ་གྱི་རྣམ་འགྱུར་ལོག་པ་སོགས་བྱེད་ཅིང་ད་ལྟ་མ་བརྗེད་སེམས་དབུས་སུ་གསོན་པོ་གནས་འདུག །སྤྱིར་བཏང་གྲོང་མི་རྣམས་དུས་རྒྱུན་ཆང་རག་མི་འཐུང་། ཆང་རག་འཐུང་མཁན་རྣམས་ངན་པ་བརྩི། འོན་ཀྱང་ལོ་སར་དང་བག་སྟོན་སྐབས་ལ་སྐྱེས་པ་མང་ཆེ་བའི་ཆང་རག་འཐུང་སྲོལ་ཡོད་ཅིང་དེ་ཆེར་སྡུག་པ་མི་བརྩི།
ལོ་སར་ཚེས་པ་གསུམ་ཉིན་མོ་གྲོང་མི་ཚང་མས་ལུས་ལ་གཟབ་མཆོར་ལེགས་པར་སྤྲས་ཏེ་འཛོམས་ནས་ལྷ་བསངས་བཏང་བ། རྟ་སར་ལ་སྒ་རྒྱག་སྟེ་བཞོན་པ། མེ་མདའ་འཕེན་པ། བྲོ་འཁྲབ་པ། གླུ་ལེན་པ། རྨོ་མཛོ་དོ་བྱས་ཏེ་ཕྲུ་སློག་ཕར་ཚུར་ཐེངས་འགའ་རྒྱག་པ་དང་། ས་བོན་མཆོད་དེ་ཆར་ཆུ་དུས་སུ་འབབ་ཅིང་ལོ་ལེགས་བཟང་པོ་སྐྱེ་བའི་སྨོན་ལམ་འདེབས་སྲོལ་ཡོད་ཅིང་། ལོ་སར་ལ་གྲོང་པ་ཕན་ཚུན་མགྲོན་འབོད་བྱེད་དེ་ཟླ་བ་ཕྱེད་ཙམ་སྡོད་ཀྱི་ཡོད་པ་རེད། རྒྱ་གར་ལ་སླེབས་པ་དང་ལོ་སར་སྤྲོ་སྣང་ལྡན་པ་ལོ་གཅིག་ཀྱང་ཤར་མྱོང་མེད།

སྦིར་སློབ་གྲྭ་ནི་ལོ་སར་རང་གཞུང་གི་འགྲོ་ལུགས་ལྟར་ལོ་སར་ཉིན་གསུམ་ལས་གུང་སེང་བཏང་གི་མེད་ཅིང་། སློབ་གྲྭ་ནང་ལ་མི་མང་པོ་སོང་ཙམ་ཁ་ལག་ཡག་པོ་དེ་ཙམ་མེད་པར་བརྟེན་ངོ་ཤེས་པ་དང་། ཕ་ཡུལ་གཅིག་པ་རྣམས་རུབ་རུབ་བྱས་ཏེ་སྒོར་མོ་ཡོད་མཁན་རྣམས་བསྡུ་རུབ་ཀྱིས་སྣོད་ཆས་སོགས་གཡར་ནས་ལོ་སར་བཏང་གི་རེད་ལ། དེའི་སྐབས་ཕ་ཡུལ་གྱི་གཞས་དང་། ཞབས་བྲོ་འཁྲབ་པ་སོགས་ཀྱི་དགའ་སྤྲོའི་གནས་པ་རྣམ་པ་མངོན་ཡང་དོན་ལ་སུ་ཞིག་སེམས་ནང་སྤྲོ་སྣང་མེད། འགའ་ཤས་ཕ་མ་དང་སྤུན་མཆེད་དྲན་ནས་མིས་མི་མཐོང་སར་ཁུག་ཀྱོག་ལ་ཕྱིན་ཏེ་མིག་ཆུ་གཏོང་གི་རེད། རིམ་པས་སློབ་གྲྭར་ས་ཆུ་མ་འཕྲོད་པ་བསྟེན་སློབ་གྲྭ་ཐོན་ཏེ་ཁོར་ཡུག་གཞན་ལ་ལས་ཀ་འཚོལ་ནས་བསྡད་ཅིང་། དེ་ནས་ངའི་ལས་ཀ་བྱེད་ས་དེ་ནང་ལ་སྤྱི་ཐབ་ཡོད་པས་ལོ་སར་ཉེར་དགུ་ནུབ་མོར་ཚང་མ་དགུ་ཐུག་མཉམ་དུ་འཐུང་གི་འདུག་ཅིང་། ཤིང་སྡོང་གི་ཡ་ག་བཅད་པའི་རྩ་ལག་མང་པོ་ཡོད་པའི་རྩེར་རྩ་དང་སོག་མ་ལ་སོགས་བཏགས། སྣོད་ཆས་གས་ཆག་ཤོར་བ་ནང་ཐུག་པ་ལྷག་མོ་བླུགས། སྤགས་བརྫིས་པ་དེ་ནས་རྡོག་གཅིག་བཀོག་སྟེ་ལུས་ལ་ན་ཚ་ག་ཡོད་ལ་གཏུག་སྟེ་ན་ཚ་དྲག་པ་དང་ན་ཚ་མི་འབྱུང་བའི་སྨོན་ལམ་འདེབས་ཏེ་སྣོད་ཆས་གས་ཆག་དེའི་ནང་བླུགས།
སྣོད་གས་ཆག་ནང་གི་ཐུག་པ་དེ་མི་གཅིག་གི་འཁུར་ནས་ཕྱིར་བལྟས་མེད་པར་འཁུར་ནས་ལམ་ཁའི་སུམ་མདོ་ལ་གཡུག་ནས་ཕྱིར་བལྟས་མེད་པ་ཡོང་དགོས་ཀྱི་འདུག ། དེའི་རྗེས་ལ་ཤིང་དེར་མེ་སྤར་ཏེ་ཀེ་ཤར་དང་བཅས་གདོན་བགེགས་མར་དོན་ཤོག་མར་ཤོག་ཅེས་འུར་འབོད་ཀྱིས་རྒྱུག་དགོས་འདུག་པས། དེ་སྔོན་དེ་འདྲ་རྩ་བ་ནས་མཐོང་མྱོང་མེད་ཙམ་དགད་མོ་ཤོར་གྲབ་བྱེད།

མཐའ་དོན་ལོ་སར་པ་འདིའི་ནང་ལ་འཛམ་གླིང་གི་སྐྱེ་འགྲོ་ཡོངས་ལ་ནད་མེད་ཚེ་རིང་དང་། ཞི་མཐུན་མཉམ་གནས་ཡོང་བའི་སྨོན་འདུན་དང་། ཡང་སྒོས་བོད་གངས་ཅན་ལྗོངས་ཀྱི་བཀའ་དྲིན་གསུམ་ལྡན་གྱི་སྐྱེ་བུ་དམ་པ་རྣམ་སྐུ་ཚེ་ཡུན་རིན་བརྟན་ཞིང་། ཐུགས་ཀྱི་བཞད་དགོངས་མཐའ་དག་བགེགས་མེད་ལྷུན་འགྲུབ་ཡོང་བའི་སྨོན་དང་བཅས། ཞེས་པ་འདི་ནི་ཆབ་མདོ་ངག་ཕུན་གྱིས་ལོ་སར་སླེབས་ཉེར་སྐབས་ལ་མཐོང་ཐོས་དྲན་རེག་རྣམས་ཡིག་ཐོག་ཕབ་སྟེ་བྲིས་པའོ།

དྲན་ཐོ།

Post navigation

Previous Post: བཀའ་ཤག་གི་དངོས་དོན་གསལ་བཤད།
Next Post: མདུན་བཀབ་སྟེ་རྐུབ་བསྟན།

Comment (1) on ““ལོ་སར་ལས་འཕྲོས་པའི་གཏམ།””

  1. ཀརྡོ་གཉེར་ཕྱག་པ་ says:
    2016-02-05 at 2:43 pm

    ལོ་གསར་ལས་འཕྲོས་པའི་བརྙན་ཐུང་ཅིག ལན་ཅིག་ངེས་པར་དུ་གཟིགས་ཤིག
    https://www.facebook.com/voatibetan/videos/963825916986527/

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme