Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ལོ་གསར་གྱི་དྲན་ཐོ་སྨིན་དྲུག་སྐེ་འཁྱོག

Posted on 2010-02-122010-02-12 By ཁ་བརྡ་ 7 Comments on ལོ་གསར་གྱི་དྲན་ཐོ་སྨིན་དྲུག་སྐེ་འཁྱོག

སྐར་ཆེན།
remembering-losar

ཕ་ཡུལ་དང་བྲལ་ནས་ལོ་ངོ་བཅུ་ཏག་ཏག་འགྲོ་གིན་འདུག ཕ་མ་མིག་གིས་མ་མཐོང་བར་ལོ་ངོ་བཅུ་འགྲོ་སོང་། ཡུལ་མི་ཚོའི་སྐྱོ་བའི་མདོག་དང་ཤོར་བའི་གདོང་མ་མཐོང་བར་ལོ་བཅུ་འགྲོ་སོང་། ཡང་ལོ་གསར་བ་ཞིག་སླེབས་ལ་ཉེ། ངས་ཀྱང་ལོ་གསར་བའི་ཕྱོགས་ལ་བསམ་བློ་བཏང་། ང་ལོ་གསར་ལ་གྲ་སྒྲིག་མེད། ངས་ལོ་གསར་ལ་གྲ་སྒྲིག་བྱེད་ཀྱང་མི་དགོས། རྒྱུ་མཚན། ད་ལྟ་བར་གྱི་ངའི་ལོ་གསར་ཚང་མ་སློབ་གྲའི་ནང་ནས་བཏང་འདུག ཁྱིམ་ཚང་ཡང་སློབ་གྲ་རེད། ལོ་གསར་གཏོང་ས་ཡང་སློབ་གྲ་རེད། ལོ་གསར་ལ་རོལ་ས་ཡང་སློབ་གྲ་རེད། དོ་དགོང་། ལོ་གསར་ཕྱོགས་ལ་བསམ་བློ་གཏོང་གིན་གཏོང་གིན། ངའི་སེམས་ལ་འདས་དོན་འགའ་དྲན། འདས་དོན་འདི་ང་གཅིག་པོའི་འདས་དོན་ཞིག་མིན། ང་དང་ན་མཉམ་གྲོགས་པོ་ཕལ་ཆེར་བར་གཅིག་མཚུངས་སུ་ཡོད་པའི་འདས་དོན་ཞིག་ཡིན། དེ་ནི་ཕྱི་ལོ་༡༩༩ལོའི་དགུན་གནང་གི་སྐབས་སུ་རེད། ང་གུང་གསེང་ལ་འགྲོ་ས་མེད་པར་སློབ་གྲར་བསྡད། ང་ཚོའི་ཉལ་ཁང་ལ་ཁྱོན་སློབ་ཕྲུག་ཉུ་ཤུ་རྩ་གཉིས་ཡོད། སློབ་ཕྲུག་བཅུ་གཉིས་གུང་གསེང་ལ་འགྲོ་སོང་། ཤུལ་དུ་ང་ཚོ་མི་བཅུ་ལྷག ལོ་གསར་སླེབས་ལ་ཉེ། ང་ཚོས་ཀྱང་ལོ་གསར་ཕྱོགས་ལ་བསམ་བློ་གཏོང་གིན་ཡོད། ཉལ་ཁང་གི་རང་སྦྱོང་གྲོལ་བའི་རྗེས་སུ། ཉལ་ཁང་གི་རྒན་བདག་དེས་ལོ་གསར་སྐོརལ་གྲོས་གཞི་བཏོན་སོང་། གྲོས་གཞི་གཙོ་བོ་མི་གཅིག་གི་རྩ་ནས་་སྒོར་ག་ཚོད་བསྡུ་དགོས་མིན་དེ་རེད། ལོ་གསར་སྐོར་ལ་གྲོས་བསྡུར་སྣ་ཚོགས་བྱས་བའི་མཐའ་མར་ཉལ་གྲོགས་གཅིག་གི་རྩ་ནས་རྒྱ་སྒོར་༢༥༠རེ་བསྡུ་རྒྱུ་བྱས་སོང་།

ངའི་ལག་ན་སྒོར་གཅིག་ཀྱང་སྟོན་རྒྱུ་མེད་མོད། ངས་མོས་མཐུན་བྱས། མཚན་མོ་དེར་ངས་བསམ་བློ་བཏང་། སྒོར་མོ་དེ་གང་ནས་འཁྱེར་ཡོང་དགོས་སམ། གྲོགས་པོ་ལ་གཡར་ན། མ་རེད། གྲོགས་པོ་ལ་དངུལ་སྒོར་ཡོད་ཀྱི་མ་རེད། གུང་གསེང་ལ་སློབ་གྲར་སྡོད་མཁན་ཕལ་ཆེ་བ་རྒྱ་གར་ན་ཕ་མ་དང་སྤུན་མཆེད་མེད་མཁན་ཚོ་རེད། ང་ཡང་དེའི་གྲས་ཀྱི་གཅིག་རེད། ལོ་གསར་གྱི་སེམས་ཁྲལ་དེས་ང་གཉིད་ཡག་པོ་ཞིག་ཀྱང་ཁུག་མ་ཐུབ། འདི་ལྟར། སེམས་ཁྲལ་གྱི་སྒང་ནས་བདུན་གཅིག་ཕྱིན། ཉལ་གྲོགས་ཕལ་ཆེ་བས་དངུལ་སྒོར་ཐབས་ཤེས་འཐེན་སོང་། ངས་ད་དུང་ཡང་་ཐབས་ཤེས་འཐེན་མ་ཐུབ། ཉིན་ཞིག་ཉལ་ཁང་དུ་སེམས་ཁྲལ་དང་མཉམ་དུ་དེབ་ཞིག་ྐློག་ནས་སྡོད་པའི་སྐབས་སུ། ང་ལ་ཕྱི་ལོགས་ནས་སྐད་གཏོང་མཁན་ཞིག་སླེབས་སོང་། སྟབས་ཡག་པ་ཞིག་ལ་། དེ་ནི་ངའི་ཡུལ་གྲོགས་ཤིག་རེད། ཡུལ་གྲོགས་ཁོང་ད་ལྟ་རྒྱ་གར་དུ་ཡོད། ཁོ་རང་གི་ཆུང་མ་དང་མཉམ་དུ་སློབ་གྲར་ང་ལྟ་བར་སླེབས་འདུག ཁོང་འགྲོ་ཁར་ང་ལ་སྒོར་ཉིས་བརྒྱ་སྤྲད་སོང་། ངའི་སེམས་ལ་དགའ་སྤྲོ་ཚད་མེད་པ་ཞིག་སྐྱེས། ངའི་སེམས་ཁྲལ་དེ་ཡང་གང་འཚམ་བརླགས།

ད་ལྷག་མ་སྒོར་ལྔ་བཅུ་དེ་གང་ནས་ཐབས་ཤེས་འཐེན་དགོས་སམ། ངས་བསྐྱར་དུ་བསམ་བློ་བཏང་། རེད་། ངའི་སེམས་ལ་བློ་ཞིག་ཤར། ང་ཚོའི་སློབ་གྲར། གུང་གསེང་གི་སྐབས་སུ། ཉེ་འཁོར་གྱི་རྒྱ་གར་ཡུལ་མི་ཚོའི་སར་གོན་པ་རྙིང་པ་བཙོང་དུ་འགྲོ་མཁན་གྱི་སློབ་ཕྲུག་འགའ་ཡོད། སློབ་ཕྲུག་དེ་ཚོ་རྒྱ་གར་སྐད་ལ་ཡང་ཡག་པོ་ཡོད། ཁོང་ཚོའི་རྒྱ་གར་སྐད་དེ་ཡང་རྒྱ་གར་ཡུལ་མི་ཚོའི་སར་གོན་པ་བཙོང་དུ་སོང་ནས་ཡར་རྒྱས་ལ་ཕྱིན་པ་རེད། ངས་ཁོང་ཚོའི་གཅིག་བཙལ། ཕ་ཡུལ་ནས་འཁྱེར་ཡོང་བའི་འོག་འཇུག་མཐུག་པོ་དེ་བཙོང་རྒྱུ་བྱས། ངས་སྒོར་ལྔ་བཅུ་དགོས་ལབ། ཁོང་གིས། སྒོར་ལྔ་བཅུ་ཡོང་གི་མ་རེད་། རྒྱ་གར་ཡུལ་མི་ཚོས་གོང་ཆེན་པོ་སྤྲོད་གི་མ་རེད་། ད་དུང་གཅིག་འཁྱེར་ཤོག་ཟེར། ངས་སྟོད་ཐུང་གསར་བ་ཞིག་བླངས་ནས་སྤྲད། གྲོགས་པོས། དོ་དགོང་ཁ་ལག་ཟས་ཚར་རྗེས། དངུལ་ལེན་དུ་ཤོག་ཟེར། ངས་ཀྱང་དེ་ལྟར་ཁས་བླངས། ལོ་གསར་སླེབས་ལ་ཉེ། བདུན་ཕྲག་གཅིག་མ་གཏོགས་མེད། ཉལ་ཁང་གི་རྒན་བདག་དེས་བསྐྱར་དུ་ཚོགས་འདུ་ཆུང་ཆུང་ཞིག་འཚོགས། རྒན་བདག་གིས། ཚང་མས་སྒོར་མོ་སྤྲད་ཚར་སོང་། ཐུགས་རྗེ་ཆེ། ད་ང་ཚོས་ལོ་གསར་གྱི་ལས་ཀ་དེ་ཚོ་བགོ་བཤའ་རྒྱག་གི་ཡིན་ཟེར། མཁས་གྲུབ་རྒན་བདག་དང་མཉམ་དུ་ཤ་དང་ཚལ་མ་དེ་ཚོ་ཉོ་རུ་འགྲོ་རྒྱུ་བྱས། མཁས་གྲུབ་དང་རྒན་བདག་གཉིས་ཀ་འཛིན་གྲ་ཡང་རྒན་ཤོས་ཡིན།

བསྟན་འཛིན་གྱིས་ཚལ་སླང་དང་སྣོད་ཆས་དེ་ཚོ་ཐབས་ཤེས་འཐེན་རྒྱུ་བྱས། བསྟན་འཛིན་སློབ་གྲའི་ཐབ་ཚང་གི་མ་བྱན་དེ་ཚོ་ལ་འབྲེལ་བ་ཡག་པོ་ཡོད། རྨ་ཆེན་གྱིས་ཐབ་གཡོར་ས་ཞིག་བཙལ་རྒྱུ་བྱས།་ རྨ་ཆེན་ང་ཚོའི་སློབ་གྲའི་ཉེ་འདམ་གྱི་དགོན་པའི་གྲ་བ་ཚོ་དང་འབྲེལ་བ་ཡག་པོ་ཡོད། (རྨ་ཆེན་ཁོང་འཛིན་རིམ་བདུན་པ་ཐོན་རྗེས་བོད་ལ་ཕྱིན་སོང་། རྗེས་སུ་གོ་ཐོས་བྱས་ན། ཁོང་བོད་དུ་གྲོངས་འདུག་ཟེར།) ནོར་བུ་དང་ཕུན་ཚོགས་གཉིས་ཀྱིས་ཐབ་ཚང་བཟོ་རྒྱུ་བྱས། ཁོང་གཉིས་ཀྱི་ལས་ཀ་དེ་གལ་ཆེ་ཤོས་ཡིན། སློབ་གྲའི་སྒྲིག་སྲོལ་ལྟར་ན། སོ་སོའི་ཉལ་ཁང་དུ་ལོ་གསར་སྐབས་སུ་ཞལ་ལག་བཟོ་ཆོག་གི་མེད། དེར་བརྟེན། སློབ་ཕྲུག་ཚོས་གསང་བའི་སྒོ་ནས་བཟོ་གི་ཡོད། དེར་བརྟེན། ཕྱི་ལོགས་ནས་བལྟས་ན། ནང་དུ་ཐབ་ཚང་ཡོད་པ་ཧ་མི་གོ་བ་ཞིག་བཟོ་དགོས་ཀྱི་ཡོད། རྒྱ་མཚོ་དང་འཇམ་དཔལ་གཉིས་ཀྱིས་སློབ་གྲའི་གཞུང་ནས་སྤྲད་པའི་སྡེར་ཀ་དེ་ཚོ་བསྒྲིག་རྒྱུ་དང་ཉལ་ཁང་ནང་ལ་མཛེས་བཟོ་བྱེད་རྒྱུ་བྱས། ང་དང་ཚེ་དཔག་གཉིས་ཀྱིས་སྣོད་ཆས་བཀྲུ་བའི་འགན་དེ་བླངས། ཕུན་ཚོགས་ད་དུང་མ་བྱན་བྱེད་རྒྱུ་བྱས། ལོ་གསར་གྱི་གནད་དོན་དེ་ཐག་ཆོད། ངའི་སེམས་ཀྱང་བདེ་བདེ་འདྲ་ཆགས། ལོ་གསར་སླེབས། ང་ཚོས་ཁུ་སིམ་མེར་ཉལ་ཁང་དུ་ཟ་མ་བཟོས། ཟས་སྣ་ཚོགས་ལ་རོལ། འབྲས་ཆང་འཐུང་། གཏམ་ལ་རོལ། དགའ་དགའ་སྐྱིད་སྐྱིད་ཀྱི་ངང་ནས་ལོ་གསར་རྫོགས།

ལོ་གཅིག་དེ་ལྟར་ཕྱིན། ཡང་བསྐྱར་ལོ་གསར་བ་ཞིག་སླེབས། ང་ཚོས་སྔར་ལྟར་བྱས། ཡང་བསྐྱར་ལོ་གསར་སླེབས། ང་ཚོས་སྒོར་མོ་མང་ཙམ་བསྡུས། ལོ་གསར་ཅུང་ཙམ་གྲ་རྒྱས་བོ་ཞིག་བཏང་། ད་ནི། ཕྱིའི་སྤྱི་ཚོགས་ལ་ཡང་འགྱུར་བ་ཕྱིན། སློབ་ཕྲུག་ཚོའི་དཔལ་འབྱོར་གནས་སྟངས་ལ་ཡང་འགྱུར་བ་ཕྱིན། སློབ་གྲའི་ཆ་རྐྱེན་ཡང་ཇེ་ཡག་ལ་ཕྱིན། སློབ་གྲའི་ངོས་ནས། ལོ་གསར་མ་སླེབས་སྔོན་ལ། སློབ་ཕྲུག་རྐང་ན་ལྷམ་གསར་བ་མེད་མཁན་ཚོར་ལྷམ་གསར་བ་ཉོས་ནས་སྤྲད། སྟོད་ཐུང་གསར་བ་མེད་མཁན་ཚོར་སྟོད་ཐུང་གསར་བ་ཉོས་ནས་སྤྲད། ངའི་གྲོགས་པོ་ཚོའི་སྤྲོད་ན། དགུན་ཁར་སློབ་གྲའི་གོ་ལྷམ་ནག་པོ་དེ་གྱོན། དབྱར་ཁར་སློབ་གྲའི་བསིལ་ལྷམ་དེ་གྱོན་ནས་འདུག་མཁན་ཡང་གང་འཚམ་ཡོད། ང་ཡང་འཛིན་རིམ་འཕར། འཛིན་རིམ་བདུན་པར་སླེབས། བདུན་པ་ཚར་ནས་བརྒྱད་པར་སླེབས། འོན་ཀྱང་། ངའི་ལོ་གསར་གཏོང་ས་སློབ་གྲ་ཡིན། ང་ཉལ་ཁང་གི་རྒན་བདག་ཆགས། ལོ་གསར་གྱི་འགན་ཚང་མ་ངའི་སྒང་ལ་སླེབས། ངས་ཀྱང་ཉལ་ཁང་གི་རྒན་བདག་རྙིང་པ་ཚོའི་བྱེད་སྟངས་ལད་མོ་བྱས། སྔར་དང་ཅུང་མ་འདྲ་བ་ཞིག་ལ། ང་ཚོའི་ལོ་གསར་གཏོང་སྟངས་ཅུང་ཙམ་གྲ་རྒྱས་སུ་ཕྱིན། ང་ཚོ་ཕྱི་ལོགས་ཀྱི་རྒྱ་གར་གྲོང་གསེབ་ཁག་ལ་ཕྱིན་ནས་བརྙན་འཕྲིན་གཡར། གོང་ཆུང་ཆུང་བྱས་ཏེ་གཡར། ལོ་གསར་སྐབས་སུ་། ཉལ་ཁང་ནང་དུ་གློག་བརྙན་ལ་ཡང་བལྟ་རྒྱུ་བྱུང་། དེའི་ཡན་གྱི་སྐྱིད་ཅིག་གང་ན་ཡོད། ང་འཛིན་རིམ་བཅུ་བར་སླེབས། བཅུ་གཅིག་ལ་སླེབས། ང་ལ་ཡང་ཕྱི་ལོགས་ན་གྲོགས་པོ་ཡོད། གྲོགས་པོ་ཚོས་ལོ་གསར་སྐབས་སུ་ཁོང་ཚོའི་རྩར་ཤོག་ཟེར། འོན་ཀྱང་། ང་མ་ཕྱིན། ང་སློབ་གྲ་སྐྱིད། སློབ་གྲའི་ནང་གི་ལོ་གསར་དེ་སྐྱིད།

ངའི་མདུན་ལམ་རྒྱ་ཆེ་རུ་་ཕྱིན། ངའི་གོ་སྐབས་ཡག་ཏུ་ཕྱིན། ངའི་ཕུགས་བསམ་ལ་འགྱུར་བ་ཕྱིན། ང་ཡོ་རོབ་ལ་སླེབས། ཡང་བསྐྱར། ང་སྡོད་ས་སློབ་གྲ་ཆགས། འོན་ཀྱང་། མི་འདྲ་ས་གཅིག་ནི། སློབ་གྲ་རུ་བོད་རིགས་སློབ་ཕྲུག་གཉིས་མ་གཏོགས་མེད། བོད་ཀྱི་ལོ་གསར་ངའི་སློབ་གྲའི་གུང་གསེང་ལ་འབྲེལ་བ་མེད། སློབ་གྲའི་དགུན་གནང་དེ་ཡེ་ཤུའི་ལོ་གསར་དང་བསྟུན་ནས་གཏོང་གི་ཡོད། དེར་བརྟེན། བོད་ཀྱི་ལོ་གསར་སྐབས་སུ་ང་ཚོའི་འཛིན་གྲ་ཚོགས་ཀྱི་ཡོད། འོན་ཀྱང་། བོད་ཀྱི་ལོ་གསར་དེ་ངས་གློད་མི་ཐུབ། ངའི་གྲོགས་པོས་ཀྱང་གློད་མི་ཐུབ། ཡང་བོད་ཀྱི་ལོ་གསར་སླེབས། རྒྱ་ནག་གི་ལོ་གསར་ཡང་སླེབས། བོད་ཀྱི་ལོ་གསར་དང་རྒྱ་ནག་གི་ལོ་གསར་གཉིས་ཉིན་གཅིག་ལ་འཁེལ། ངའི་གྲོགས་པོ་དང་ངེད་གཉིས་ཀྱིས་་གྲོས་བསྡུར་བྱས། ལོ་གསར་ཇི་ལྟར་གཏོང་དགོས་མིན་སྐོར་ལ་གྲོས་བསྡུར་བྱས། བོད་ཀྱི་ལོ་གསར་གཏོང་རྒྱུ་ནི། གྲོགས་པོ་དང་ངེད་གཉིས་ལ་གདོང་ལེན་གསར་བ་ཞིག་ཆགས། དེ་ཡང་ཆབ་སྲིད་ཀྱི་གདོང་ལེན་གསར་བ་ཞིག་ཆགས། རྒྱ་རིགས་གྲོགས་པོ་ཚོས་ལོ་གསར་དེ་རྒྱ་ནག་གི་ལོ་གསར་རེད་ལབ་ནས་སློབ་གྲོགས་གཞན་པ་ཚོར་འགྲེལ་བཤད་བརྒྱབ། ང་དང་ངའི་གྲོགས་པོས་་ལོ་གསར་དེ་བོད་ཀྱི་ལོ་གསར་ཡིན་ལབ་ནས་སློབ་གྲོགས་གཞན་པ་ཚོར་འགྲེལ་བཤད་བརྒྱབ། བར་མ་བར་ནས། རྒྱལ་ཁབ་གཞན་པ་ནས་ཕེབས་པའི་སློབ་གྲོགས་ཚོ་འཐོམས། བོད་རྒྱ་ནག་གི་རེད་དམ། རྒྱ་ནག་བོད་ཀྱི་རེད་དམ། ལོ་གསར་གཅིག་པ་ཡིན་དོན་ཅི་རེད། སློབ་གྲོགས་ཁ་ཤས་ཀྱིས་ང་ལ་སྐད་ཆ་དྲིས། ངས་། རྒྱ་ནག་དང་བོད་ཀྱི་ལོ་གསར་རྟག་པར་གཅིག་པ་མ་རེད། མཚམས་མཚམས་ལ་དུས་མཉམ་ལ་་འཁེལ་གྱི་ཡོད། ལོ་གསར་དུས་མཉམ་ལ་འཁེལ་བ་དེ་བོད་རྒྱ་ནག་གི་ཆ་ཤས་རེད་ཟེར་བའི་སྐད་ཆ་དེར་ཁུངས་སྐྱེལ་རྩ་ནས་འགྲོ་གི་མ་རེད་ཟེར་བཞིན་ལན་བརྒྱབ། བོད་ཀྱི་ལོ་གསར་དེ་རྒྱ་ནག་གི་ལོ་གསར་དང་དུས་མཉམ་འཁེལ་བ་དེས་ངའི་སེམས་ལ་སྡུག་བསྔལ་འཕར་མ་ཞིག་སྤྲད། ངའི་སེམས་ལ་ཐབས་ཤེས་ཤིག་དྲན། ང་དང་ངེད་ཀྱི་གྲོགས་པོས། བལ་ཡུལ་དང་རྒྱ་གར་ནས་ཕེབས་པའི་གྲོགས་པོ་ཚོ་སྐད་བཏང་སྟེ་བོད་ཀྱི་ལོ་གསར་ལ་ཁ་ཟས་བཟོས། ཁ་ཟས་མང་པོ་བཟོས། གྲོགས་པོ་ཚོར་ཁ་ཟས་བགོ་བཤའ་བརྒྱབ། འཛིན་གྲར་སོང་ནས་དགེ་རྒན་དང་འཛིན་གྲོགས་ཚོར་ཁ་ཟས་སྤྲད། བོད་ཀྱི་ལོ་གསར་རེད་ལབ་ནས་ཁ་ཟས་སྤྲད། བོད་ཀྱི་ལོ་གསར་ལ་ཁ་ཟས་བཟོ་གི་རེད་ལབ་ནས་ཁ་ཟས་སྤྲད། བོད་ཀྱི་ལོ་གསར་དེ་རྒྱ་ནག་གི་ལོ་གསར་དང་མ་འདྲ་བ་ཞིག་ཡིན་པའི་རྣམ་པ་བསྟན། ངའི་སེམས་ལ་སྤོབས་པ་ཆུང་ཆུང་ཞིག་སླེབས། ལོ་གསར་གྱི་སྐབས་དང་བསྟུན་ནས། བོད་བོད་དང་རྒྱ་རྒྱ་ཡིན་པ་སྟོན་ཐུབ་སོང་བསམ་པའི་སྤོབས་པ་ཞིག་སླེབས། ངེད་ཀྱི་གྲོགས་པོར་ཡང་དེ་མཚུངས་ཡིན།

ཡང་ལོ་གཅིག་རྫོགས། ལོ་རྗེས་མ་དེ་སླེབས། ང་ཨ་རིར་སླེབས། ཡང་བསྐྱར་ང་སྡོད་ས་སློབ་གྲ་ཆགས། ཨ་རིར་སླེབས་ནས་ཟླ་ངོ་ལྔ་ཙམ་ཕྱིན། ད་ལོའི་གུང་གསེང་གི་སྐབས་དང་བསྟུན་ནས། ཨ་རིའི་ནང་གི་མངའ་སྡེ་ཁ་ཤས་ལ་ཉུལ། བོད་རིགས་ངོ་ཤེས་མང་པོ་ཆགས། བོད་རིགས་ཚོ་དང་གྲོགས་པོ་ཆགས། ཡང་ལོ་གསར་ལ་སླེབས། ངོ་ཤེས་ཚོས་ལོ་གསར་ལ་ཁོང་ཚོའི་རྩར་ཤོག་ཟེར། ལོ་གསར་ཁོང་ཚོའི་མཉམ་དུ་གཏོང་ཟེར། ངས་བསྐྱར་དུ་བསམ་བློ་བཏང་། ལོ་གསར་དེ་གཟའ་ཉི་མར་འཁེལ་འདུག གཟའ་ཉི་མའི་ཉིན་ང་ལ་ལས་ཀ་ཡོད་དམ། ངས་དྲན་སོང་། གཟའ་ཉི་མའི་ཉིན་། ངས་ཡིག་ཚད་ལ་གྲ་སྒྲིག་བྱེད་དགོས། གཟའ་ཟླ་བར་ང་ལ་ཡིག་ཚད་ཡོད། ཡིག་ཚད་གཉིས་ཡོད། བོད་གཞུང་གིས་ད་ལོར་ལོ་གསར་མ་གཏོང་ཟེར། གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁ་ཤས་ཀྱིས་ལོ་གསར་གཏོང་དགོས་རེད་ཟེར། ལོ་གསར་གཏོང་མཁན་དང་མི་གཏོང་མཁན་གཉིས་ཀ་འདུག ལོ་གསར་གཏོང་འདོད་ཡོད་མཁན་དང་གཏོང་འདོད་མེད་མཁན་གཉིས་ཀ་འདུག ངས་བསྐྱར་དུ་བསམ་བློ་བཏང་། ང། ལོ་གསར་མི་གཏོང་མཁན་གྱི་གྲས་སུ་བསྡད། ལོ་གསར་གྱི་ཚབ་ལ་ཕྱིར་དྲན་གྱི་རྩོམ་འདི་བྲིས། ངའི་ལོ་གསར་ཡང་འདི་ཡིན། ངའི་ལོ་གསར་གྱི་དྲན་ཐོ་ཡང་འདི་ཡིན། དྲན་ཐོ་འདི་ངའི་ལོ་གསར་ཡིན།

(དྲན་ཐོ་ཆུང་ཆུང་འདི་། བོད་ཕྱི་ནང་གི་ངེད་ཀྱི་གྲོགས་པོ་ཚོར་ལོ་གསར་ལེགས་སྐྱེས་སུ་ཕུལ་བ་ཡིན། )

རྩོམ་རིག

Post navigation

Previous Post: ང་མྱི་མ་རེད། མྱི་འབག་ལ་འཁེན་འདུག
Next Post: ཁ་བ་ཅན་ལ་འདུད་།

Comments (7) on “ལོ་གསར་གྱི་དྲན་ཐོ་སྨིན་དྲུག་སྐེ་འཁྱོག”

  1. བོད། ལྷ་ཀླུ་གཉན་གསུམ། says:
    2010-02-12 at 4:46 am

    ཁྱེད་རང་གི་རྩོམ་ཡིག་འདི་ལ་དངོས་ནས་ནས་རྒྱབ་སྐྱོར་ཡོད། ལོ་སར་རྩོམ་ཡིག་ལ་སྒྱུར་བ་དེ་བས་ཀྱང་སེམས་གཏིང་ནས་རྒྱབ་སྐྱོར་ཡོད། འདི་ནི་ཉིད་ཀྱིས་རྩོམ་ཡིག་བཀླགས་རྗེས་ཀྱི་སེམས་གཏིང་གི་བསམ་ཚུལ་དངོས་དེ་ཡིན་པ་ལས་ཁ་ཡག་གཏན་ནས་མིན་པ་ཐུགས་ལ་བཟུང་།

  2. རྩམ་དགའ་ says:
    2010-02-12 at 1:31 pm

    བཀུར་འོས་སྐར་ཆེན་ལགས།
    ཉིད་ཀྱི་རྩོམ་ཡིག་འདི་ཀློག་གིན་ཀློག་གིན་འདས་དོན་མང་བོ་ཞིག་ཡིད་ལ་དྲན་ཡོང་གིན་འདུག ངེད་གཉིས་འཚོ་བའི་གནས་སྟངས་བསྐོར་ནས་ཕལ་ཆེར་འདྲ་སེར་བྱུང་འདུག ད་རུང་ང་འདྲ་བའི་ཅི་གང་མེད་པའི་གསར་འབྱོར་བར་མཚོན་ན་ལོ་གསར་བའི་དུས་ཚོད་འདི་སྡུག་བསྔལ་གྱི་དུས་ཚོད་རང་རེད། དེ་བས་ངས་ལོ་གསར་ཟེར་བ་འདི་མེད་ན་འདོད་ཀི ང་ལ་ལོ་གསར་མེད། ང་ལ་སྒོར་མོ་མེད། ང་ལ་ཕ་མ་སྤུན་ཟླ་མེད། ཅི་ཡང་མེད་པའི་བཙན་བྱོལ་བའི་ནང་གི་ངའི་སྤུན་ཟླ་ཚོ། ང་ཚོའི་ལོ་གསར་ད་དུང་འདི་ལྟར་འགྲོ་དགོས་པ་ལྷ་ཡིན་བཀའ་ཁྱད་ཡིན་ནམ།

  3. བུ་ཆུང་ལྡུམ་ར་བསོད་ནམས། says:
    2010-02-12 at 2:46 pm

    རེད་ཡ། རེད། དེ་བདེན་པ་རེད། ལོ་གསར་མི་གཏོང་ཡང་རྩོམ་སྙིང་ལ་ན་ཟུག་སྤྲོད་ཐུབ་པ་དང་ཡིད་ལ་གདུང་སེམས་སྦྱིན་ཐུབ་པ་འདི་ལྟར་ཞིག་བྲིས་ན་ལོ་གསར་ལས་ལྷག་གི། ཨེ་མ། བོད་མི་ཤེས་ཡོན་ཅན་ཡོད་དོ་ཅོག་གིས་སྐར་ཆེན་ལགས་ལྟར་ཁ་ཡོད་ཀྱིས་སྒྱུ་རྩལ་ལ་འབྱོར་ནུས་ན། ང་ཚོའི་སྤྱི་ཚོགས་འདི་དེ་བས་མདུན་བསྐྱོད་ཤུགས་ཆེན་བྱེད་ཐུབ་ལ། རང་བཙན་འཐབ་རྩོད་ཀྱང་དེ་བས་ཚགས་ཚུད་པ་བྱེད་ཐུབ།

    གཞན་ཞིག་ནི། ལོ་གསར་གཏོང་མཁན་ཚོར་ཡང་རྒྱུ་མཚན་འདུག མི་གཏོང་མཁན་ཚོར་ཡང་རྒྱུ་མཚན་འདུག གཙོ་བོ་ནི་ཀུན་སློང་ལ་རག་ལུས་བསམ། འགའ་ཞིག་གིས་ནི་ད་བབས་ལྷིང་བརྟན་གསུམ་བྱས་ནས་དབུ་མའི་ལམ་ལ་བཞུགས་ན་དགའ་ཟེར།

  4. Dhondup Tashi Rekjong says:
    2010-02-12 at 8:54 pm

    རྩོམ་ཡིག་འདི་བསྟན་འཛིན་ཉིན་བྱེད་ཀྱིས་དབྱིན་ཡིག་ཏུ་བསྒྱུར་ཏེ་ཕ་ཡུལ་དྲ་རྒྱའི་སྒང་ལ་བཀོད
    འདི་ནས་གཟིགས་རོགས།
    http://www.phayul.com/news/article.aspx?c=4&t=1&id=26609&article=Six+Stars+Crooked+Neck%3a+A+Losar+Diary

  5. ཀརྨ་རྡོ་རྗེ་ says:
    2010-02-12 at 9:41 pm

    ༇། །བབས་ལྷིང་བརྟན་གསུམ་བྱས་ནས། དབུ་མའི་ལམ་ལ་བཞུགས་ནས། ལོ་གསར་ནང་ལ་གཏོང་། དེ་དང་དུས་གཅིག་ཏུ། ལས་འགུལ་ཕྱི་ལ་སྤེལ། དེ་རང་ཁེ་སང་ཆེ་བགྱི་རེད། ང་ནི་དེ་འདྲ་བྱེད་རྩིས་ཡོད། ཐུགས་མ་བབས་ན། དགོངས་འགལ་མེད་པ་ཅིག །
    ༇༸༞ལོ་གསར་ལ་དྲ་གྲོགས་ཚོར་བཀྲ་ཤིས་བདེ་ལེགས་ཡོད། །

  6. Dhondup Tashi Rekjong says:
    2010-02-12 at 9:46 pm

    རེད་རེད། ལོ་གསར་ལ་དྲ་གྲོགས་ཚོར་བཀྲ་ཤིས་བེད་ལེགས་ཡོད། ང་ནི་རྩོམ་བྲིས་ནས་ལོ་གསར་གཏོང་མཁན་གྱི་རིགས་ཡིན།

  7. ཟླ་བ་གཞོན་ནུ། says:
    2010-02-13 at 10:33 am

    སྐར་ཆེན་ལགས་ལ་བྱེད་སྟངས་ལ་རྒྱབ་སྐྱོར་ཡོད།
    མུ་མཐུད་དུ་ཤུགས་བརྒྱག་རྒྱུ་མ་བསྙེལ་བ་གནང་རོགས།
    ལོ་གསར་གཏོང་མི་གཏོང་དེ་གཙོ་བོ་མ་རེད།
    རྒྱ་གུང་ཁྲན་གྱིས་རང་རིགས་ལ་མནར་གཅོད་གཏོང་གིན་ཡོད་པ་དེ་ག་དུས་ཡིན་ཀྱང་མ་བརྗེད་པར་རང་གི་སྐབས་བབ་ཀྱི་ལས་ལ་བརྩོན་རྒྱུ་དེ་གཙོ་བོའི་ནང་གིའང་གཙོ་བོ་ཡིན་པ་དེ་རེད། ལོ་གསར་མི་གཏོང་བ་དེའང་དེ་བརྗེད་མེད་པ་སྟོན་ཆེད་ཙམ་མ་རེད་དམ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme