Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ལུས་སེམས་འཚོ་བ་གསུམ་གྱི་འབྲེལ་བ།

Posted on 2013-03-19 By ཁ་བརྡ་ 10 Comments on ལུས་སེམས་འཚོ་བ་གསུམ་གྱི་འབྲེལ་བ།

སྤྲུལ་འཁོར་སྐལ་བཟང་དོན་ལྡན།  སྨན་རྩིས་ཁང་གསོ་རིག་ཞིབ་འཇུག 

 ལུས་སེམས་འཚོ་བ་གསུམ་ངོ་སྤྲོད།

སྤྱིར་དངོས་པོ་ལ་སེམས་ལྡན་དང་སེམས་མེད་ཀྱི་བེན་པོ་བཅས་རྣམ་པ་གཉིས་སུ་དབྱེ་ཞིང་སེམས་མེད་ཀྱི་བེན་པོ་དཔེར་ན་ས་རྡོ་དང་། རི་བྲག ཁང་ཁྱིམ་སོགས་ཕྱི་རོལ་རང་བྱུང་ཁམས་ཀྱི་ནང་དུ་ཡོད་པའི་སེམས་མེད་བེན་པོའི་དངོས་པོ་དུ་མ་ཞིག་ཡོད།  སེམས་ལྡན་དངོས་པོའི་རིགས་དཔེར་ན་མི་དང་། དུད་འགྲོ བྱ་བྱིའུ། འབུ་སྲིན་སོགས་ཚོར་བ་ཡོད་པའི་སེམས་ལྡན་གྱི་དངོས་པོའི་རིགས་ཀྱང་དུ་མ་ཡོད།  དེར་བརྟེན་འགྲོ་བ་མི་ཞེས་བྱ་བ་དེ་ནི་སེམས་ལྡན་དངོས་པོའི་རིགས་གཅིག་ཡིན་སྟབས་ཐོག་མར་ཕ་མ་གཉིས་ཆགས་པའི་སེམས་ལས་ཕན་ཚུན་ཉལ་པོ་སྤྱད་དེ་འདུས་པ་ལས་གྱུར་པའི་རྒྱུ་ཁུ་ཁྲག་སྐྱོན་མེད་དང་། སྲིད་པ་བ་མ་དོར་སྐྱེ་བའི་གནས་འཚོལ་ཞིང་ལས་རླུང་དྲག་པོའི་དབང་གིས་འཁྱམས་ཞིང་རྒྱུ་བའི་སྲིད་པ་བར་བདོའི་སེམས་དང་།  དེར་འདུས་པའི་ཤིནཏུ་ཕྲ་བའི་འབྱུང་བ་རྣམ་པ་ལྔ་སོགས་རྒྱུ་རྐྱེན་དང་རྟེན་འབྲེལ་ཕུན་སུམ་ཚོགས་པ་ལས་མ་ཡི་མངལ་དུ་ལུས་ཆགས་པ་དང་།  དེ་ནས་འཕེལ་ཞིང་རྒྱས་པ། མཐར་བཙས་ཏེ་རིམ་བཞིན་དུ་ཕ་མ་དང་གཞན་གྱི་བྱམས་བརྩེའི་གཅེས་སྐྱོང་དང་རོགས་རམ་ལ་བརྟེན་ནས་སྨྲ་ཤེས་པ་དང་།  དོན་གོ་བ། བླང་དོར་ཤེས་པ། འདོད་དོན་གྲུབ་པ་སོགས་འགྲོ་བ་མི་ཞེས་བྱ་བ་རང་བྱུང་ཁམས་ཀྱི་ནང་འཚོ་བའི་སྤྱི་ཚོགས་ཀྱི་སེམས་ཅན་ཞིག་ཏུ་གྱུར་པ་ཡིན།  སྤྱི་ཚོགས་སེམས་ཅན་མང་པོ་ཡོད་པའི་ཁྲོད་ནས་འགྲོ་བ་མི་ཞེས་བྱ་དེར་ཆེས་དམིགས་བསལ་གྱི་ཁྱད་ཆོས་གཞན་དང་མི་འདྲ་བ་ཞིག་ཡོད་པ་དེ་ནི་འགྲོ་བའི་མིའི་སེམས་སམ་རྣམ་པར་ཤེས་པ་དེ་ཡིན་པ་དང་། མིའི་རྣམ་པར་ཤེས་པ་དེ་ནི་ཤིན་ཏུ་ནས་ཕྲ་བའི་འབྱུང་བ་རྣམ་པ་ལྔ་ལ་བརྟེན་ནས་ཡོད་པ་དང་། ཆེས་ཤིན་ཏུ་ནས་ཕྲ་བའི་རྣམ་པར་ཤེས་པ་དེ་ཡང་དེ་བས་ཆེས་ཤིན་ཏུ་ནས་ཕྲ་བའི་འབྱུང་བ་རླུང་ལ་བརྟེན་ཡོད།  དེ་ལྟ་བུའི་རླུང་དང་སེམས་གཉིས་ངོ་བོ་དབྱེར་མེད་གཅིག་ཏུ་གྲུབ་པ་ཙམ་མ་ཟད་རླུང་སེམས་དེ་ཡང་མིའི་ལུས་ཀྱི་སྲོག་གི་རྩ་བར་གྱུར་པའི་རྩ་ལ་བརྟེན་ནས་འགྲོ་བ་མི་རྣམས་སྲོག་འཚོ་ཞིང་ལས་བྱེད་ནུས་པར་གྱུར་ཡོད།།

 ལུས་སེམས་གཉིས་ཀྱི་འབྲེལ་བ།

 དེ་ལྟར་ཆེས་ཐོག་མར་མི་ཡི་ལུས་མ་ཡི་མངལ་དུ་གྲུབ་པའི་དུས་སྐབས་དེར་རྒྱུ་རྐྱེན་རྟེན་འབྲེལ་ཕུན་སུམ་ཚོགས་པ་ལ་བརྟེན་ནས་མ་ཡི་མངལ་དུ་རུམ་པ་དང་དེ་ནས་ཆེས་ཐོག་མར་ལྟེ་བ་ལ་བརྟེན་པའི་སྲོག་རྩ་ཆགས་པ་དང་ལྷན་དུ་རླུང་སེམས་ཕྲ་མོ་དེ་ཡང་རྟེན་སྲོག་རྩ་་ཁོ་ནར་བརྟེན་ནས་མིའི་ལུས་དང་སེམས་གཉིས་ལྷན་ཅིག་ཏུ་འབྲེལ་བ་དམ་གཟབ་ཏུ་གྱུར་པ་ཡིན།།

 ལུས་སེམས་གཉིས་ཀྱི་རྟེན་དང་བརྟེན་པའི་འབྲེལ་བ།

རྟེན་པ་སེམས་དེ་ཡང་རྟེན་སྲོག་རྩ་ཞེས་པ་དེར་བརྟེན་ནས་ཕན་ཚུན་གཅིག་ལ་གཅིག་བརྟེན་ཞིང་འབྲེལ་བ་དམིགས་བསལ་བ་ཞིག་ཏུ་གྱུར་ཡོད།  དེ་ལྟར་ལྟེ་བ་ལས་གྱེས་པའི་སྲོག་རྩ་དེ་ལས་ཡང་རྩ་གཅིག་གྱེན་དུ་སོང་བས་འགྲོ་བ་མིའི་ཀླད་པ་ཆགས་པ་དང་།  རྩ་གཅིག་བར་དུ་གཟུག་པས་སྲོག་རྩ་ཆགས་པ་དང་།  རྩ་གཅིག་ཐུར་དུ་སོང་གསང་བ་ཆགས་པ་དང་དུས་མཉམ་དུ་རྩ་ཚུན་ཚུན་དབར་འབྲེལ་བ་དམ་གཟབ་ཅན་དུ་གྱུར་སྟབས། རླུང་སེམས་ཕྲ་མོའི་བྱེད་ལས་ཁྱད་པར་ཅན་གྱིས་འགྲོ་བ་མིའི་སྙིང་གི་བྱེད་ལས་དང་ལྷག་པར་དུ་ཀླད་པ་ནི་རྩ་ཡི་རྒྱ་མཚོ་ཆེན་པོ་གཅིག་དང་འདྲ་བར་གྱུར་ཏེ་བྱེད་ལས་ཀྱང་སྲོག་ཆགས་དུད་འགྲོའི་ཀླད་པ་ལས་ཀྱང་ཆེས་ཕུལ་དུ་བྱུང་བ་ཞིག་ཏུ་རང་བཞིན་གྱིས་གྲུབ་ཡོད།།

ལུས་སེམས་གཉིས་ཀྱི་བྱེད་ལས།

དེ་ལྟར་འགྲོ་བ་མིའི་འཛམ་གླིང་རང་ལུས་འདོམ་གང་གྲུ་བཞིའི་གཟུགས་ཀྱི་ཕུང་པོ་དེ་ལེགས་པར་ཡོངས་སུ་གྲུབ་པ་དང་ཕྱོགས་མཚུངས་ལུས་ཀྱི་རྩ་རིགས་མི་འདྲ་བ་རྣམས་ཀྱང་ལུས་པོའི་སྟོད་སྨད་བར་གསུམ་ཐམས་ཅད་ལ་ཁྱབ་པར་གྱུར་ཏེ་དཔེར་ན། ལུས་ཀྱི་སྒོ་ནས་ལས་བྱས་ཏེ་བྱ་གཞག་རླབས་ཆེན་རིགས་སྐྲུན་ནུས་པ་དང་། ངག་གི་སྒོ་ནས་སྨྲ་ཤེས་ཤིང་དོན་ལེགས་པར་གོ་ནུས་པ་དང་། ཡིད་ཀྱི་སྒོ་ནས་སྲོག་ཆགས་གཞན་དང་མི་འདྲ་བར་འཕྲལ་དང་ཕུགས། ཁེ་དང་གྱོང།  ལེགས་དང་ཉེས་སོགས་བརྣོ་བསམ་ཡང་དག་པར་ཞིབ་མོར་གཏོང་ཐུབ་པ་སོགས་ཀྱི་ཁྱད་ཆོས་དམིགས་བསལ་ལྡན་ཡོད།།

 ལུས་སེམས་དང་བདེ་སྡུག་གི་འཚོ་བ།

ཕྱི་རོལ་རང་བྱུང་ཁམས་ཀྱི་ཁོར་ཡུག་དང་།  གནམ་གཤིས། ནམ་དུས།  དེ་བཞིན་འབྱུང་བ་ལྔ་ལས་གྲུབ་པའི་བཟའ་རིགས་དང་། འཐུང་རིགས། ཁང་ཁྱིམ། གྱོན་གོས། མིའི་སྤྱོད་ལམ་སོགས་ཐམས་ཅད་ལེགས་པར་ཆ་སྙོམས་ཤིང་ཚོགས་པའམ་འདུས་པའི་སྐབས་འགྲོ་བ་མི་རྣམས་ཀྱི་ལུས་པོ་དེ་ཡང་བདེ་ཐང་ངང་གནས་ཤིང་སྲོག་འཚོ་བར་བྱེད།  གལ་ཏེ་ཕྱི་རང་འབྱུང་ཁམས་ཀྱི་འབྱུང་ལྔ་དང་། ནང་སྐྱེས་བུའི་ལུས་ཀྱི་འབྱུང་བ་ལྔ། མིའི་ཟས་དང་སྤྱོད་ལམ་བཅས་ཆ་མི་སྙོམས་པར་འཁྲུགས་པའི་སྐབས་སུ་འགྲོ་མི་རྣམས་ཀྱི་ལུས་ཀྱི་ཕུང་པོ་དེ་ཡང་རང་བཞིན་གྱིས་འཁྲུགས་ཏེ་ལུས་ལ་བརྟེན་པའི་ནད་རིགས་ཇི་སྙེད་ཅིག་བྱུང་དང་འབྱུང་བཞིན་འབྱུང་བར་འགྱུར་བ་ཡིན།  ལུས་ལ་བརྟེན་པའི་ནད་རིགས་དེ་དག་གིས་དབང་ལས་མིའི་ལུས་ཀྱི་རླུང་དང་རྩ་ཕྲན་སོགས་ཀྱི་ཕན་ཚུན་འབྲེལ་བ་ལས་མི་འདོད་པའི་ནད་ཀྱི་གཟུག་རྔུའི་ཚོར་བ་རང་བཞིན་གྱིས་འབྱུང་བཞིན་ཡོད། ཡང་སྐབས་གཞན་དུ་ཕྱིའི་ལུས་པོའི་ཁམས་བདེ་ཐང་ངང་གནས་ནའང་ནང་སེམས་ཀྱི་འབྱུང་བ་འཁྲུགས་པའི་དབང་གིས་སེམས་ལ་བརྟེན་པའི་ནད་རིགས་ཇི་སྙེད་ཅིག་འབྱུང་བཞིན་ཡོད། དེ་ལྟར་སེམས་འཁྲུགས་པའི་དབང་ལས་ལུས་ཀྱི་འབྱུང་བ་ལྔ་ལས་ཡང་རང་བཞིན་གྱིས་གནོད་པར་བྱེད་པ་ཡིན་སྟབས་ལུས་སེམས་གཉིས་ཀྱི་བདེ་སྡུག་དེ་ཡང་ཕན་ཚུན་གཅིག་ལ་གཅིག་བརྟེན་ཅིང་འབྲེལ་བའི་སྒོ་ནས་མཚམས་མཚམས་སུ་མི་རྣམས་ཀྱི་ལུས་སེམས་བདེ་བ་དང་། ཡང་མཚམས་མཚམས་སུ་མི་རྣམས་ཀྱི་ལུས་སེམས་གཉིས་མི་བདེ་བར་བདེ་སྡུག་གི་ཚོར་བ་སྣ་ཚོགས་པ་ཇི་སྙེད་ཅིག་བྱུང་འབྱུང་བཞིན་ཡོད་དོ།།

 ཕྱི་ལུས་ཀྱི་ནད།

འབྱུང་བ་ལྔ་ལས་གྲུབ་པའི་ཕྱིའི་མིའི་ལུས་ཀྱི་ཕུང་པོ་དེར་ནད་རིགས་ཇི་ཙམ་ཞིག་ཡོད་ཅེས་ན་ནི། ནད་རིགས་བཞི་བརྒྱ་རྩ་བཞི་ཡོད་པ་དང་།  དེ་ཡང་མདོར་རུ་བསྡུས་ན་བཅོས་དགོས་བརྒྱ་རྩ་གཅིག་གི་ནད།  དེ་དག་གི་མདོ་དོན་སྙིང་པོར་ཧྲིལ་གྱིས་འདྲིལ་ན་ནི་ཉེས་པ་རླུང་མཁྲིས་བད་ཀན་གསུམ་གྱི་ནད་རྣམས་ཡིན། དེ་ཡང་མཐར་གཏུགས་ན་ལུས་ལ་བརྟེན་པའི་ནད་ནི་ཁྲག་མཁྲིས་ཚ་བའི་ནད་དང་བད་རླུང་གྲང་བའི་ནད་རིགས་བཅས་རྣམ་པ་གཉིས་ཁོ་ནར་ངེས་པ་ཡིན།།

ནང་སེམས་ཀྱི་ནད།

རླུང་སེམས་ཕྲ་མོ་ངོ་བོ་དབྱེར་མེད་དུ་གནས་པའི་སེམས་སམ་རྣམ་པར་ཤེས་པ་དེར་ནད་རིགས་ཇི་མ་ཡོད་ཅེས་ན་ནི།  དེ་ཡང་རྒྱུ་མ་རིག་པ་བརྟེན་ནས་བྱུང་བའི་ཉོན་མོངས་པའི་རིགས་གྲངས་གི་མི་ལང་བ་ཞིག་ཡོད་པ་དེ་དག་ཐམས་ཅད་སེམས་ཀྱི་ནད་རིགས་ཞིག་ཡིན་པ་དང་།  ཉོན་མོངས་པ་དག་མདོར་བསྡུས་ན་ནི་འདོད་ཆགས་དང་། ཞེ་སྡང་། གཏི་མུག ང་རྒྱལ།  ཕྲག་དོག་བཅས་ལྔ་བཅས་རྣམ་པ་ལྔ་ཡོད།   དེ་ལྔ་པོ་ཡང་མདོར་བསྡུས་ན་འདོད་ཆགས། ཞེ་སྡང་། གཏི་མུག་གསུམ་གྱི་ནང་བསྡུ་བ་ཡིན་ཞིང་།  ནང་གི་ཉོན་མོངས་དུག་གསུམ་དེ་ཡང་མཐར་གཏུགས་ན་ནི་ཆགས་སྡང་གཉིས་ཁོ་ནར་ངེས་པ་ཡིན།།

   ལུས་ཀྱི་བདེ་ཐང་འཚོལ་ཐབས།

མི་རྣམས་ཀྱི་ཕྱི་ལུས་ཀྱི་བདེ་ཐང་འཚོལ་བའི་ཐབས་ལམ་བཟང་ཤོས་དེ་ནི་མི་རྣམས་ཀྱི་རང་རང་སོ་སོའི་ཉིན་རེའི་འཚོ་བ་དངོས་ཀྱི་ནང་དུ་གཙོ་ཤོས་ཟས་དང་སྤྱོད་ལམ་གཉིས་དེར་རག་ལུས་ཡོད།  ལུས་པོའི་འཕྲོད་བསྟེན་ལ་མི་འཕྲོད་པའི་བཟའ་འཐུང་རིགས་རྣམས་ལ་རྒྱུན་དུ་དོ་སྣང་བྱེད་དགོས་པ་དང་། ལུས་ལ་འཕྲོད་ཅིང་ཕན་པའི་བཟའ་འཐུང་གི་རིགས་རྣམས་བསྟེན་དགོས་པ་ཙམ་མ་ཟད་ཁ་ཟས་གང་བཟོས་ཤིང་བཏུང་བ་རྣམས་ཀྱང་མང་ཉུང་ཚད་རན་པོར་ལེགས་པར་བསྟེན་དགོས་པ་དེ་གནད་འགག་ཅིག་ཡིན། དེ་བཞིན་དུ་རང་རང་གི་འཚོ་བ་དངོས་ཀྱི་ནང་སྤྱོད་ལམ་ལ་དེ་མཚུངས་ཀྱི་དོ་སྣང་དང་གཅེས་སྤྲས་བྱེད་དགོས་པ་དེ་ཡང་ལུས་ཀྱི་བདེ་ཐང་འཚོལ་བའི་ཐབས་ལམ་བཟང་ཤོས་སུ་གྱུར་པ་ཡིན། དེ་ནི་འགྲོ་བ་མི་རྣམས་ཀྱི་ཐུན་མོང་སྲོག་འཚོ་ཞིང་བདེ་སྐྱིད་འཚོལ་བའི་ལམ་བུ་ཞིག་ཡིན།།

  སེམས་ཀྱི་ཞི་བདེ་འཚོལ་ཐབས།

ནང་སེམས་ཀྱི་ཞི་བདེ་འཚོལ་ཐབས་ཞེས་པ་དེ་ནི་འགྲོ་བ་མིའི་སྤྱི་ཚོགས་ཀྱི་འཚོ་བ་དངོས་ཀྱི་ནང་དུ་དེ་བས་ཆེས་དགོས་མཁོ་ཆེན་པོ་ཡོད་པའི་གནད་དོན་ཞིག་ཏུ་གྱུར། གང་ལ་ཞེ་ན་ནི་ལུས་དང་སེམས་གཉིས་ཕན་ཚུན་གཅིག་ལ་གཅིག་བརྟེན་པའི་ཚུལ་གྱིས་འབྲེལ་བ་དམ་གཟབ་ཅིག་ཡོད་ཀྱང་འགྲོ་བ་མིའི་བདེ་སྐྱིད་ཞེས་པའི་བདེ་བ་ངོ་མ་དེ་ལུས་ལས་ཀྱང་སེམས་ཀྱི་ཐོག་ནས་ཡོང་དགོས་པ་ཞིག་ཡིན།  ལུས་ནི་མིའི་སེམས་ཀྱིས་དབང་དུ་བསྒྱུར་བྱའི་དངོས་པོ་ཞིག་ཏུ་གྲུབ་པ་དང་སེམས་ནི་ལུས་དང་ངག་དང་ཡིད་གསུམ་གྱི་བྱ་བྱེད་ལས་གསུམ་ཐམས་ཅད་དབང་བསྒྱུར་མཁན་གཙོ་བོ་ཞིག་ཏུ་གྱུར་པའི་རྒྱུ་མཚན་གྱིས་སོ།། མི་རྣམས་ཀྱི་སེམས་ཀྱི་ཞི་བདེའམ་སེམས་ཀྱི་བདེ་སྐྱིད་ཅེས་པ་དེ་ནི་འདོད་ཆགས་དང་། ཞེ་སྡང་། གཏི་མུག ང་རྒྱལ། ཕྲག་དོག  གཡོ་སྒྱུ། གནོད་སེམས།  ཁོང་ཁྲོ།  འགྲན་སེམས། འཚེ་བ་སོགས་ཀྱི་སེམས་ཚོར་དྲག་པོ་ཇི་ཙམ་རང་རྒྱུད་ལ་ཆེ་བ་དེ་ཙམ་གྱིས་མི་རྣམས་ཀྱི་སེམས་ཀྱི་བདེ་སྐྱིད་ངོ་མ་དེ་བཅོམ་པའམ་འཕྲོག་པར་བྱེད་པ་ཡིན།  དེར་བརྟེན་འགྲོ་བ་མིའི་སེམས་ཁམས་སུ་ལྷན་སྐྱེས་སུ་ཡོད་པའི་བྱམས་པ་དང་།  བརྩེ་བ། སྙིང་རྗེ། དགའ་བ། བཏང་སྙོམས། འདོད་ཆུང་། ཆོག་ཤེས། དྲང་བདེན། གཞན་ཕན། ཡ་རབས་སོགས་འཇིག་རྟེན་མི་ཆོས་ཀྱི་སྤྱོད་ཚུལ་ཚུལ་བཞིན་དུ་ཡང་དག་པར་སྤྱི་ཚོགས་ནང་ཉིན་རེ་ཉིན་རེའི་འཚོ་བ་དངོས་ཀྱིི་ནང་དུ་ཉམས་ལེན་ནམ་ལག་ལེན་ཚུལ་བཞིན་དུ་ཇི་ཙམ་བསྟར་ཐུབ་ན་དེ་ཙམ་གྱིས་ནང་སེམས་ཀྱི་ཞི་བདེ་ཟེར་བ་དེ་ཆེ་བ་འབྱུང་ཐུབ་པ་ཡིན། མི་རང་རང་སོ་སོས་སོ་སོའི་སེམས་ལ་རྒྱུན་དུ་འཚོ་བ་དངོས་ཀྱི་ནང་ཉིན་རེ་ཉིན་རེའི་ནང་ཡང་ནས་ཡང་དུ་བརྟག་དཔྱད་བྱས་ཏེ་འགྲོ་བ་མིའི་བྱམས་པ་དང་།  བརྩེ་བ།  སྙིང་རྗེ།  བཟོད་སྲན། གཞན་ཕན། ཞི་འཇམ། བག་ཕེབས། གནོད་པ་དང་འཚེ་བའི་སེམས་ངན་མེད་པར་ག་ཚོད་ཐུབ་ཐུབ་ཀྱིས་གཞན་ལ་ཕན་པའི་བསམ་པའི་ཀུན་སློང་རྒྱ་ཆེན་པོ་དང་སྦྱོར་བ་དངོས་སམ་ལག་ལེན་ངོ་མའི་ཐོག་རང་ཉིད་བདེ་བ་འདོད་ཅིང་སྡུག་བསྔལ་རྩ་བ་ནས་མི་འདོད་པའི་ཚོར་བ་ཡོད་པ་དེར་དཔེ་བླངས་ཏེ་གཞན་མི་དང་སྲོག་ཆགས་སོགས་ཚང་མ་གཅིག་མཚུངས་ཀྱི་བདེ་བ་འདོད་པ་དང་སྡུག་བསྔལ་མི་འདོད་པའི་ཚོར་བ་ཡོད་པ་དེ་གཅིག་གྱུར་ཡིན་པ་ཤེས་པའི་ཐོག་ནས་འགྲོ་བ་གཞན་རྣམས་ལ་སེམས་ཀྱིས་གཏིང་ནས་འཚེ་བ་དང་གནོད་པའི་བསམ་པ་ངན་པ་མེད་པར་རྟག་ཏུ་ཕན་པའི་བྱ་བའམ་ལས་ལ་འཇུག་བར་བྱེད་པས་ན་གང་ཟག་རང་རང་གིས་རང་གིས་སེམས་ཀྱི་ཞི་བདེ་དང་།   བག་ཕེབས།  བདེ་སྐྱིད་བཅས་ངང་གིས་འབྱུང་ཐུབ་པའམ་བསྐྲུན་ནུས་པ་ཞིག་ཡིན།།

 སེམས་ཀྱི་རང་བཞིན་བཤད་པ།

སེམས་ཀྱི་རང་བཞིན་གང་ཡིན་ནམ།  སེམས་ཟེར་བ་དེ་ཡོད་དམ།  ཇི་འདྲ་ཞིག་ལ་སེམས་ཟེར་རམ་ཞེ་ན་ནི་འདི་ལྟ་སྟེ། སེམས་ཀྱི་རང་བཞིན་དེ་འོད་གསལ་བ་དང་། དྲི་མ་མེད་པ། ཡུལ་རིག་པ། སྟོང་པ། དངོས་མེད་བཅས་ཀྱི་གཤིས་ལུགས་སམ་རང་བཞིན་གང་ཡིན་པ་དེའོ།། སེམས་ཟེར་བ་དེ་ཡོད་ནའང་ས་རྡོ་དང་རྩེ་ཤིང་ལྟ་བུའི་གཟུགས་རགས་པའི་དངོས་པོ་ཞིག་ཏུ་གྲུབ་མེད།  དེ་ཡང་ཇི་ལྟར་ཞེ་ན་ནི་སེམས་ཀྱི་རང་བཞིན་དེ་དངོས་མེད་ཞིག་ཡིན་པ་དང་། དེ་ཡང་འོད་ལྟར་གསལ་བའི་རང་བཞིན་གཅིག་ཡིན་སྟབས་སེམས་སམ་ཤེས་པའི་མཚན་ཉིད་ནི་གསལ་ཞིང་རིག་པ་དེ་ཁོ་ན་ཉིད་ཡིན།  དཔེར་ན། ཉི་མ་ལྟར་འོད་གསལ་བའི་རང་བཞིན་ཞིག་ཡིན། ཡིན་ནའང་ཤེས་པའམ་སེམས་ཀྱི་རང་བཞིན་དེ་ཉི་མ་ལྟར་འོད་གསལ་གྱི་རང་བཞིན་གཅིག་ཡིན་ནའང་སེམས་ཀྱིས་ཡུལ་རང་རང་སོ་སོ་གསལ་ཞིང་རིག་པར་བྱེད་ནུས་པ་ཡིན།  དབྱར་དུས་མཁའ་ལ་སྤྲིན་འདུས་ནས་ཉི་མའི་རང་བཞིན་འོད་གསལ་བ་དེ་གློ་བུར་སྤྲིན་གྱིས་གྲིབ་ནས་བཀབ་པ་ལྟར་འགྲོ་བ་མི་དང་སེམས་ཅན་ཀུན་གྱི་སེམས་ཀྱི་རང་བཞིན་འོད་གསལ་བ་དེ་ཡང་རྐྱེན་གློ་བུར་བའི་ཉོན་མོངས་པའི་དྲི་མས་གྲིབ་ནས་བཀབ་ཡོད།  དེ་ལྟར་དབྱར་གྱི་དུས་སུ་མཁའ་ལ་སྤྲིན་འདུས་ནས་ཉི་མ་འོད་ཟེར་གསལ་ཞིང་དངྭང་བ་དེ་རྐྱེན་གློ་བུར་བས་བཀབ་ནས་གྲིབ་པ་དེ་ཡང་རྒྱུ་རྐྱེན་གློ་བུར་བ་གཞན་དུས་དང་། གནམ་གཤིས། རླུང་སོགས་ཀྱིས་རང་བཞིན་ལས་ཉི་མའི་ཀྱིལ་འཁོར་གསལ་ཞིང་དངྭང་བ་ལྟར་འགྲོ་བ་མི་དང་སེམས་ཅན་ཀུན་གྱི་སེམས་ཀྱི་རང་བཞིན་འོད་གསལ་བ་དེའི་རྐྱེན་གློ་བུར་བའི་ཉོན་མོངས་ཀྱིས་བཀབ་ནས་གྲིབ་པ་དག་ནམ་ཞིག་རྒྱུ་རྐྱེན་རྟེན་འབྲེལ་དུ་མ་ཞིག་འཛོམས་ནས་ཆོས་རབ་ཏུ་རྣམ་པར་འབྱེད་པའི་ཤེས་རབ་ཀྱིས་སེམས་ཀྱི་རང་བཞིན་འོད་གསལ་ཞིང་རིག་པ་ཡེ་ཤེས་ཀྱི་རང་བཞིན་གང་ཡིན་པ་དེ་ནི་མངོན་སུམ་སུ་མཐོང་ཞིང་རྟོགས་པར་འགྱུར་བ་ཞིག་བྱེད་ནུས་པ་ཡིན།།

 སེམས་ཀྱི་རྣམ་གྲངས་བཤད་པ

སེམས་དང་། ཡིད་དང་། རྣམ་ཤེས་གསུམ་དོན་གཅིག་མིང་གི་རྣམ་གྲངས་དུ་ངེས་པ་ཡིན། དེའི་གཙོ་སེམས་ནི་ཡིད་ཀྱི་རྣམ་པར་ཤེས་པ་ཞེས་བྱ་བ་དེ་ཡིན་པ་དང་།  དེ་ཡང་མཐར་གཏུགས་ན་ཀུན་གཞིའི་རྣམ་པར་ཤེས་པ་དེར་ཐུག་ཡོད།  ཡིད་ཀྱི་རྣམ་པར་ཤེས་པ་དེ་ལས་མཆེད་པའི་རྣམ་ཤེས་ཚོགས་དྲུག་ཡོད་དེ་མིག་གི་རྣམ་པར་ཤེས་པ་དང་། རྣ་བའི་རྣམ་པར་ཤེས་པ་དང་། སྣ་འི་རྣམ་པར་ཤེས་པ་དང་། ལྕེའི་རྣམ་པར་ཤེས་པ་དང་། ལུས་ཀྱི་རྣམ་པར་ཤེས་པ་དང་བཅས་རྣམ་ཤེས་ཚོགས་དྲུག་ཏུ་འདོད་པ་ཡིན།  དེར་དབྱེ་ན་སེམས་བྱུང་ལྔ་བཅུ་ང་གཅིག་ཡོད་པ་སྟེ། ཀུན་འགྲོ་ལྔ། ཡུལ་ངེས་ལྔ། དགེ་བ་བཅུ་གཅིག རྩ་ཉོན་དྲུག ཉེ་ཉོན་ཉི་ཤུ། གཞན་འགྱུར་བཞི་བཅས་ཡིན།།

  ལུས་སེམས་འཚོ་བ་གསུམ་རྟེན་ཅིང་འབྲེལ་བའི་ཚུལ། 

མིའི་ལུས་དང་། སེམས། འཚོ་བཅས་གསུམ་ནི་ཕན་ཚུན་གཅིག་ལ་གཅིག་རྟེན་ཅིང་འྲེལ་བའི་རང་བཞིན་ཁོ་ན་ལས་གནས་ཚུལ་བྱེ་བྲག་པ་རྐྱང་པ་གཅིག་གིས་གཞན་གང་ལའང་མ་བརྟེན་པར་ཁེར་རྐྱང་གི་སྒོ་ནས་ལས་དང་བྱ་བ་སོགས་གཅིག་ཀྱང་ཚུགས་ཐུབ་ཏུ་སྒྲུབ་ཐུབ་པའི་ཆོས་ཞིག་འཇིག་རྟེན་འདིར་ཡེ་ནས་མེད།  འོན་ཀྱང་འགྲོ་བ་མི་རྣམས་ཐུན་མོང་གིས་སྣང་ཚུལ་ལ་ལུས་ཀྱི་ཕུང་པོ་དེ་རང་བཞིན་ཉིད་དུ་བདེན་པར་གྲུབ་པའི་སྣང་ཚུལ་ཞིག་ཏུ་སྣང་ཡང་། ཞིབ་ཏུ་བརྟག་ཅིང་དཔྱད་པའི་སྒོ་ནས་བརྣོ་བསམ་ལེགས་པར་བཏང་ན་ལུས་ཀྱི་ཕུང་པོ་དེ་ཆེས་ཤིན་ཏུ་ནས་ཕྲ་བའི་ཕ་མའི་རྒྱུ་ཁྲག་གཉིས་དང་རླུང་སེམས་ཕྲ་མོ། འབྱུང་ལྔ་ཚོགས་པའི་རྒྱུ་རྐྱེན་རྟེན་འབྲེལ་གྱི་དབང་ལས་གནས་ཚུལ་དུ་མིའི་ལུས་ཕུང་དེ་རང་སྐྱ་འཕེར་བའི་སྒོ་ནས་བདེན་གྲུབ་ཀྱི་ཚུལ་དུ་གྲུབ་པ་ཞིག་གཏན་ནས་རྙེད་ཐབས་མེད།  དེ་ལྟར་ལུས་ཀྱི་ཕུང་པོ་དེ་ངའམ་བདག་མ་ཡིན་ཞིང་། དེ་ནི་ཤ་དང་ཁྲག་དང་རུས་དང་རྩ་སོགས་ཆོས་དུ་མ་འདུས་པ་ལས་གྲུབ་པའི་ལུས་ཞིག་ཡིན་པ་དང་།  ལུས་པོའི་ཆ་ཤས་དེ་དག་ཀྱང་འབྱུང་བ་ལྔ་ཚོགས་པ་ལ་བརྟེན་ནས་གྲུབ་པ་ཞིག་ཡིན། དཔེར་ན།  འབྱུང་བ་ཆེན་པོ་འདུས་པ་ལས་གྲུབ་པའི་ཕྱི་རོལ་དུ་བརྩིགས་པའི་ཁང་པ་དང་འདྲ་བར་གནས་ཤིང་།  དེས་མ་ཟད་ད་དུང་ངའི་མིང་འདི་དང་འདི་ལྟ་བུ་ཟེར་གྱིན་ཡོད་ཅེས་བརྗོད་པ་དེ་ཡང་མིང་དེ་བདག་དམ་ང་རྩ་བ་ནས་མིན་ཞིང་མིང་དེ་ནི་ཐ་སྙད་དུ་བཏགས་པ་ཙམ་ཡིན་གྱི་བདག་མིན།  དེ་བཞིན་ང་ཞེས་བདག་ཏུ་འཛིན་ཏེ་གཅེས་པར་འཛིན་པའི་བློ་དེར་ཞིབ་ཏུ་བརྟག་ཅིང་དཔྱད་ན་ང་ཞེས་ལྷན་སྐྱེས་སུ་གྲུབ་པ་ཞིག་ཡོད་སྙམ་པའི་སྣང་ཚུལ་དེ་གློ་བུར་བའི་འཁྲུལ་པའི་རྐྱེན་ལས་བྱུང་བའི་བློ་ཞིག་ལ་བརྟེན་ནས་བྱུང་བ་ལས་མཐར་གཏུགས་ན་ང་ཞེས་བྱ་བ་སེམས་དེ་གནས་ཚུལ་དངོས་ལ་གསལ་ཞིང་རིག་ལ་སྟོང་པ་དངོས་མེད་ཀྱི་གཤིས་ལུགས་ལས་གཞན་གང་མ་འདས་སོ།། །།

  མཇུག་བསྡོམས། 

                    དེ་ལྟར་གོང་དུ་ལུས་དང་། སེམས།  འཚོ་བ་བཅས་གསུམ་གྱི་གནས་ལུགས་རགས་ཙམ་གླེང་ཟིན་པ་དང་ལྟར་འགྲོ་བ་མིའི་ལུས་ཀྱི་ཕྱི་ཤ་པགས་དང་དང་། ནང་དོན་སྣོད། བར་རྩ་རུས་སོགས་ཐམས་ཅད་ཕན་ཚུན་གཅིག་ལ་གཅིག་བརྟེན་ཅིང་འབྲེལ་བ་ལས་བྱུང་བའི་ཆོས་ཤ་སྟག་ཡིན་ལ། དེ་ཙམ་མ་ཟད་ནང་སེམས་དང་ཕྱིའི་ལུས་ཀྱི་ཕུང་པོ་འདི་གཉིས་ཀྱང་ཕན་ཚུན་གཅིག་ལ་གཅིག་རྟེན་ཅིང་འབྲེལ་བའི་སྒོ་ནས་ལུས་ངག་ཡིད་གསུམ་གྱི་སྒོ་ནས་བྱ་བའི་ལས་ཐ་དག་ལ་འཇུག་པར་བྱེད་པ་ཡིན།  དེ་ལྟར་ལུས་དང་སེམས་གཉིས་ཁ་བྲལ་བ་ཕྱི་ནང་གི་འབྱུང་བ་ཕྲ་རགས་ལྔ་པོ་དག་ཆ་སྙོམས་ཤིང་ལུས་ངག་ཡིད་གསུམ་གྱི་སྒོ་ནས་བྱ་བའི་ཡུལ་ལ་སྤྱོད་ཅིང་འཇུག་པར་བྱེད་ནུས་པའི་དུས་དེར་མི་དང་དུད་འགྲོ་སོགས་སེམས་ལྡན་ཐུན་མོང་གི་སྲོག་འཚོ་ཞིང་གནས་པར་བྱེད་པ་ཡིན། འོན་ཀྱང་ར་ལུག་དང་། རྟ་བོང་། རི་དྭགས། གཅན་གཟན། བྱ་བྱིའུ་སོགས་སོགས་ཀྱི་ལུས་དང་། སེམས། འཚོ་བ་བཅས་འཇིག་རྟེན་འདི་ནང་ཐུན་མོང་སྤྱིའི་ཆ་ནས་གཅིག་མཚུངས་སུ་གྲུབ་མོད་འགྲོ་བ་གཞན་ལས་ཆེས་མཆོག་ཏུ་གྱུར་པའི་མི་ལུས་དང་། སེམས། འཚོ་བ་བཅས་ཡང་དག་པར་བེད་སྤྱད་ན་སེམས་ཅན་གཞན་ལས་མཆོག་ཏུ་གྱུར་པའི་འཚོ་བའི་སྙིང་པོ་བླངས་ཐུབ་པ་དཔེར་ན། སྙིང་རྗེ། བྱམས་པ། དགའ་བ། བཏང་སྙོམས། གཞན་ཕན་གྱི་ཀུན་སློང་མཐའ་མེད་པའམ་ཚད་མེད་པའི་བརྩེ་བ་སྙིང་པོ་སྐྱེ་བ་དེར་བསྐྱེད་ནུས་པ་ཙམ་མ་ཟད་རང་སེམས་སྐྱེ་མེད་ཀྱི་གནས་ལུགས་ངོ་མ་དེ་རྟོགས་ནས་སེམས་ཚེ་གཅིག་ལ་སངས་རྒྱས་པ་རྗེ་བཙུན་མི་རས་པ་ལྟ་བུ་དང་། ཚེ་གཅིག་ལ་སྐུ་འཇའ་ལུས་འོད་ཀྱི་གོང་བུར་གྲུབ་པའི་རྗེ་བཙུན་གཡུ་ཐོག་ཡོན་ཏན་མགོན་པོ་ལྟ་བུ། ཚེ་གཅིག་ལ་སྙིང་རྗེ་ཚད་མེད་པ་སྐྱེས་པའི་བྱང་ཆུབ་སེམས་དཔའ་འབྲོམ་སྟོན་པ་རྒྱལ་བའི་བྱུང་གནས་ལ་སོགས་པ་ལྟ་བུས་མཚོན་ནས་འཛམ་གླིང་ནང་མདོར་ན། ཆོས་དང་། འཇིག་རྟེན། ཆབ་སྲིད། དཔལ་འབྱོར། རིག་གཞུང་། སྒྱུ་རྩལ་ལ་སོགས་པའི་ཁྱད་དུ་འཕགས་པའི་བྱས་རྗེས་ཀྱི་རྣམ་གྲངས་དག་འཇིག་རྟེན་འདིར་འཇོག་ནུས་པ་དེ་ནི་རྐང་གཉིས་འགྲོ་བ་མིའི་ལུས་སེམས་འཚོ་བ་གསུམ་གྱི་ཁྱད་ཆོས་དམིགས་བསལ་ཅན་ཞིག་ཡིན།། །།

གསོ་རིག

Post navigation

Previous Post: མཁན་ཆེན་ཞི་བ་འཚོས་ཉེར་ལེན་སྔོན་སོང་གིས་བསྒྲུབས་པ། ཧི་མ་ལ་ཡའི་འཕྲུལ་སྨྱུག
Next Post: ང་ཚོ་ལ་ཆིག་སྒྲིལ་དགོས།

Comments (10) on “ལུས་སེམས་འཚོ་བ་གསུམ་གྱི་འབྲེལ་བ།”

  1. ནག་ཐར་སྐྱིད། says:
    2013-03-19 at 11:36 am

    ཞིབ་མོ་ཞིག་ཀློག་ཁོམ་བྱུང་མ་སོང་དེ། རྒྱུན་ཤེས་འདི་རིགས་ལ་དོ་སྣང་བྱེད་རིན་ཆེན་པོ་ཡོད་ཙང་། སྣང་བ་འགྲོ་བོ་བྱུང་། ཐུགས་རྗེ་ཆེ།

  2. བློ་བཟང་གྲགས་པ། says:
    2013-03-19 at 11:56 am

    སྐལ་བཟང་དོན་ལྡན་ལགས་ཀྱི་རྩོམ་ཡིག་འདི་དངོས་གནས་དགོས་མཁོ་ལྡན་པའི་རྩོམ་ཡིག་ཅིག་ཡིན་པས་་་ཐུགས་རྗེ་ཆེ་ཞུ

  3. སྒོམ་བདེ་ says:
    2013-03-19 at 12:07 pm

    ཧ་ཅང་ཡག་པོ་བྲིས་འདུག་་སོང་ཙམ་རྗེས་མ་འདི་འདྲ་བའི་དཔྱད་རྩོམ་གང་མང་མང་
    ཡོད་པར་ཞུ།

  4. བན་དེ་བ། says:
    2013-03-19 at 12:41 pm

    ༼སྙིང་རྗེ། བྱམས་པ། དགའ་བ། བཏང་སྙོམས། གཞན་ཕན་གྱི་ཀུན་སློང་མཐའ་མེད་པའམ་ཚད་མེད་པའི་བརྩེ་བ་སྙིང་པོ་སྐྱེ་བ་དེར་བསྐྱེད་ནུས་པ་ཙམ་མ་ཟད་རང་༽
    དེང་སང་དེ་འདྲའི་བློ་རྣལ་མ་རྒྱུད་ལ་སྐྱེས་པ་ཞིག་མཚན་གཞི་འཇོག་རྒྱུ་ཡོད་དམ། ང་ཚོའི་ལོ་རྒྱུས་ཀྱི་ནང་དུ་གནམ་ལ་འཕུར་ས་ལ་འཛུལ་མཁན་ཉི་ཟླ་ཆ་ལང་བརྡབ་མཁན་གངས་རིའི་རྩེ་ལ་འཕུར་མཁན་རྡོ་ལ་ཞབས་རྗེས་འཇོག་མཁན་མང་རབས་བཤད་མོད། ད་ལྟ་ནི་གཅིག་ཀྱང་གོ་ཐོས་སུ་མི་འདུག་པས། དུས་སྙིགས་མར་གྱུར་བའི་རྒྱུ་མཚན་ཡིན་ནམ། ཡང་ན་བསྒྲུབ་མ་ཐུབ་པ་ཡིན་ནམ། ཡང་ན་སྔར་བྱུང་རབས་བཤད་པ་དེ་ཚོ་སྒྲོས་བཏགས་རྟོག་ཟོས་ཙམ་རེད། ངས་ངོ་ཐོག་གི་དྲི་བ་ཞུས་པ་ལས་ཉམས་ཚོད་དེ་འདྲ་གང་ཡང་མིན།

  5. མེ་ཏོག་དཀར་པོ says:
    2013-03-19 at 1:27 pm

    བན་དེ་ལགས། དེ་ནི་དོ་བདག་གིས་བསྒྲུབ་མ་ནུས་པས་ཡིན་ངེས། དེ་འདྲའི་ཐུན་མོང་དངོས་གྲུབ་སྒྲུབ་པ་ལ་ཞི་གནས་བཟང་པོ་ཞིག་སྔོན་དུ་འགྲོ་དགོས་པ་གང་ཞིག དེང་དུས་ཇ་ཕོར་པ་གང་ལྷོད་ཀྱིས་འཐུང་ལོང་མེད་པའི་སྐབས་འདིར་ཞི་གནས་ཨོམ་ཨ་ཧུང་རེད་པ།

  6. དགའ་སྐྱིད་ says:
    2013-03-19 at 9:10 pm

    བསྒྲུབ་མ་ཐུབ་ཙང་རེད་དེང་མང་ཆེ་བར་དངུལ་ལ་དགའ་ཙང་སྒྲུབ་པ་རྒྱབ་ལོང་མེད་།

  7. དགའ་སྐྱིད་ says:
    2013-03-19 at 9:51 pm

    སྤྲུལ་འཁོར་སྐལ་བཟང་ལགས་ནས་ཡག་འབྲི་འདུག་ཐེང་གཅིག་ཀློག་ཡིན་དུས་ཚོད་བྱུང་ན་ད་དུང་ཙར་གཅིག་ཀློག་འདོད་ཡོད་བསྔགས་རྗོད་དང་ཐུགས་རྗེས་ཆེ།།།

  8. ལས་རླུང་། says:
    2013-03-20 at 1:36 pm

    བདེན་པ་ཞིག་བྲིས་འདུག

  9. ལ་དྭགས་བློ་བཟང་འཇམ་དཔལ་ says:
    2013-03-21 at 12:12 am

    ཁོ་བོའི་ལུགས་ལ་ཞེས་པ་དེ། མཚན་ཉིད་པའི་ལུགས་ལ་བཅོས་སོ།

  10. ལ་དྭགས་བློ་བཟང་འཇམ་དཔལ་ says:
    2013-03-21 at 12:13 am

    ཡིག་རྩོམ་རིང་ལ་བློ་གྲོས་འཕེལ་བའི་གྲོགས་སུ་འདུག་པས། འབྲི་བ་པོ་ལ་གཟེངས་བསྟོད་ཞུ། འོན་ཀྱང་ཞིབ་པར་བརྟག་ན་བོད་ཀྱི་མཚན་ཉིད་གཞུང་དང་མི་མཐུན་པ་འགའ་ཞིག་མཐོང་བ། དེ་དག་ལ་བརྟག་དཔྱད་མཚན་ཉིད་ཀྱི་གཞུང་གཟིགས་པ་པོ་རྣམས་ཀྱིས་མཛད་དགོས་པར་མཐོང་།
    ་
    ‘སེམས་མེད་ཀྱི་བེན་པོ།’ ཞེས་པ་མགོ་ན། ལན་གཉིས་བྲིས་པ་མཐོང་། བོད་ཀྱི་བསྟན་བཅོས་སྐད་དུ། རྡུལ་དུ་གྲུབ་པ། བེམ་པོའི་མཚནཉིད་དུ་བཤད། བེན་ཡིན་ན། བེམ་པོ་ཡིན་པས་ཁྱབ་ཀྱང་། བེམ་པོ་ཡིན་ན། བེན་ཡིན་པས་མ་ཁྱབ། ཞོག་ཟེར་ན། གླེགས་བམ་ལྟ་བུ་བེམ་པོ་ཡིན་ལ། བེན་མ་ཡིན་ཞེས་མཚན་ཉིད་པའི་ལུགས་ལ་དགོས་སོ།།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme