Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ལས་ཀྱི་འབྲས་བུ་ལ་རྣམ་སྨིན་དང༌། རྒྱུ་མཐུན། བདག་འབྲས་ཀྱི་སྐོར།

Posted on 2013-03-252013-03-25 By ཁ་བརྡ་ 43 Comments on ལས་ཀྱི་འབྲས་བུ་ལ་རྣམ་སྨིན་དང༌། རྒྱུ་མཐུན། བདག་འབྲས་ཀྱི་སྐོར།

ཧི་མ་ལ་ཡའི་འཕྲུལ་སྨྱུག

ཅུང་ཟད་ཞིབ་ཏུ་འཆད་ན་ལས་ཀྱི་འབྲས་བུ་ལ་རྣམ་སྨིན་དང༌། རྒྱུ་མཐུན། བདག་པོའི་འབྲས་བུ་བཅས་གསུམ་གསུངས་ཡོད། རྣམ་སྨིན་གྱི་འབྲས་བུ་ཞེས་པ་དེ་ཚེ་སྔ་མར་དགེ་བ་བསྒྲུབས་ན་ཚེ་ཕྱི་མར་ལྷ་ཡུལ་དུ་སྐྱེ་འགྲོ་བ་དང༌། ཚེ་སྔ་མར་སྡིག་པ་བསགས་ན་ཚེ་ཕྱི་མར་དམྱལ་བར་ལྷུང་འགྲོ་བའི་ངང་ཚུལ་འདི་ལ་ཟེར། རྒྱུ་མཐུན་ལ་གཉིས་ལས། མྱོང་བ་རྒྱུ་མཐུན་ནི། ཚེ་སྔ་མར་སྦྱིན་པ་བཏང་ན་ཕྱི་མར་ཕྱུག་པོར་ཆགས་ངེས་པ་དང༌། ཚེ་སྔ་མར་རྐུ་མ་བརྐུས་ན་ཕྱི་མར་དབུལ་པོར་འགྱུར་འགྲོ་བའི་ཚུལ་ལུགས་འདི་ལ་ཟེར། ནམ་རྒྱུན་ལས་དག་དང་མ་དག་ཟེར་བ་དང༌། འདི་དང་དེའི་རྣམ་སྨིན་ཞེས་མང་མང་གིས་གླེང་བ་ཕལ་མོ་ཆེ་རྣམ་སྨིན་དང་མྱོང་བ་རྒྱུ་མཐུན་གྱི་འབྲས་བུའི་ཆ་ནས་ཡིན་པར་སྣང༌། འདི་གཉིས་ལ་ལུང་ཁོ་ན་ལས་རིགས་པའི་སྒྲུབ་བྱེད་ཅི་ཡང་འགོད་རྒྱུ་མེད། བྱེད་པ་རྒྱུ་མཐུན་ནི་ཚེ་སྔ་མར་སྲོག་བཅོད་བྱེད་མཁན་དེ་ཚེ་བརྗེས་ན་ཡང་སྲོག་གཅོད་ལ་དགའ་མཁན་ཞིག་ཏུ་འགྱུར་སྲིད་ཟེར།
ས་སྐྱ་པཎ་ཆེན་གྱིས། རིག་པ་ནངས་པར་འཆི་ཡང་བསླབས། །ཚེ་འདིར་མཁས་པར་མ་གྱུར་ཀྱང༌། །སྐྱེ་བ་ཕྱི་མར་བཅོལ་བ་ཡི། །ནོར་ལ་རང་ཉིད་ལེན་དང་མཚུངས། །ཞེས་གསུངས་པ་ལྟར་གལ་སྲིད་ཚེ་སྔ་ཕྱི་ཞེས་པ་ཞིག་ཡོད་པའི་དབང་དུ་བཏང་ན་འདི་ལ་གནས་ལུགས་ཅུང་ཟད་ཡོད་འོས་པ་ཙམ་ཡིན། འོན་ཀྱང་དེང་གི་བྱིས་པ་འདི་དག་གི་གནས་བབ་ཡོད་ཚད་ཁོར་ཡུག་དང་སློབ་གསོ་ལ་རག་ལས་འདུག་པ་མཐོང་དུས་འདི་ལ་ཡང་ཐེ་ཚོམ་སྐྱེ་འོང་བར་འདུག སྐྱེ་བ་སྔ་མའི་གནས་ཡུལ་ཙམ་ཡང་དྲན་རྒྱུ་མེད་པར་ནག་ཐོམ་མེར་ཆགས་ཚར་འདུག་པས། སྔོན་མའི་དགའ་ཁ་ཁྱེར་ཕྱོགས་ད་དུང་མ་ཉམས་པར་བསྡད་ཡོད་ཟེར་ན་ཁག་པོ་ལོས་ཡིན།

བདག་པོའི་འབྲས་བུ་ཞེས་པ་ནི་མི་ཡིས་བསོད་ནམས་བསགས་ན་ཡུལ་ལ་གཡང་འཁོར་ཞིང༌། མི་ཡིས་ཚོགས་ངན་བསགས་ན་ཡུལ་གྱི་བཅུད་འཛད་འགྲོ། ཞེས་པ་སྟེ་སྣོད་བཅུད་དབྱེར་མེད་ཀྱི་ལྟ་ཚུལ་རྙིང་པ་ཞིག་ཡིན་པར་སྣང༌། ༼དེ་ནི་སྣོད་བཅུད་དབྱེར་མེད་ཀྱི་ལྟ་ཚུལ་རྙིང་པ་ཞིག་མ་ཡིན་ཏེ། དེང་རབ་ཏུ་གྲགས་པའི་ཚན་རྩལ་བའི་དཔྱད་འབྲས་ལས་ཀྱང༌། སྐྱེ་རྒུ་མདོའི་ས་ཡོམ་དེ་ཉིད་གཏེར་ཁ་རྔོག་འདོན་བྱས་པ་ལས་བྱུང་བ་གསལ་བཤད་བྱས་པ་དང༌། འབག་རྩོག་ཆེ་བའི་བཟོ་གྲྭའི་དུག་རླང་ལ་བརྟེན་ནས་ཚ་དྲོད་རྒྱས་ཏེ། སྲིད་པའི་གངས་རྒན་སོགས་ཞུ་བ་མ་ཟད། ནད་རིགས་སྣ་ཚོགས་བྱུང་བཞིན་ཡོད་པའི་ཁྱབ་བསྒྲགས་ལས་ཀྱང་ཤེས་པར་ནུས་སོ།།༽ འཁོར་བ་ཐོག་མེད་དུ་འདོད་པ་དང༌། དགེ་སྡིག་སྤང་བླང་སྨྲ་བ་འདི་ལ་ནང་འགལ་ཞིག་ཀྱང་འདུག་སྟེ། ཐོག་མེད་ནས་བསགས་པའི་ལས་ལ་འཛད་པའི་མཐའ་མི་དམིགས་ན་ད་གསར་དུ་དགེ་བ་བྱས་ཀྱང་ཉུང་དུ་འགྲོ་རྒྱུ་དང༌། སྡིག་པ་བསགས་ཀྱང་མང་དུ་འགྲོ་རྒྱུ་མེད་པའི་ཕྱིར་དགེ་སྡིག་འདོར་ལེན་བྱེད་པ་ལ་དགོས་ནུས་ལྷག་པོ་ཅི་ཞིག་ཡོད།

རྩོམ་རིག

Post navigation

Previous Post: སྙན་ངག་མིན་ཁ་བྱང་མེད།
Next Post: གངས་ལྗོངས་དཔའ་བོ་རྗེས་དྲན།

Comments (43) on “ལས་ཀྱི་འབྲས་བུ་ལ་རྣམ་སྨིན་དང༌། རྒྱུ་མཐུན། བདག་འབྲས་ཀྱི་སྐོར།”

  1. ཀརྡོ་གཉེར་ཕྱག་པ་ says:
    2013-03-25 at 2:42 pm

    མདོ་ལང་ཀར་གཤེགས་པ་ལས།
    ང་ཡི་ཆོས་ཚུལ་རྣམ་གཉིས་ཏེ། །
    བསྟན་པ་དང་ནི་གྲུབ་མཐའ་འོ། །
    བྱིས་པ་རྣམས་ལ་བསྟན་པ་དང་། །
    རྣལ་འབྱོར་པ་ལ་གྲུབ་མཐའ་འོ། །

  2. རི་རྒྱལ་ཏི་སེ། says:
    2013-03-25 at 10:05 pm

    ལས་རྒྱུ་འབྲས་ཞེས་པ་དེ་ནི་ཆོས་ལུགས་པའི་རྟོག་བཟོ་བྱས་པ་ཙམ་ལས། དོན་ངོ་མར་ཡོད་པའི་སྒྲུབ་བྱེད་གང་ཡང་མི་འདུག

  3. རིགས་ལྡན་རྒྱལ་པོ says:
    2013-03-25 at 11:16 pm

    ལས་འབྲས་དོན་ངོ་མར་ཡོད་པའི་སྒྲུབ་བྱེད་གང་ཡིན་མིན་འདུག་ཅེས་པ། རང་ཉིད་ཀྱིས་ལས་འབྲས་མེད་པར་རྙེད་ནས་གསུང་གི་ཡོད་དམ། ཡང་ན་ཡོད་པར་མ་རྙེད་ནས་གསུང་གི་ཡོད་དམ། མེད་པར་ཇི་ལྟར་རྙེད་དམ། ངས་མ་མཐོང་བས་སོ། ཞེ་ན་ཁྱེད་ང་ལ་མ་མེད་པར་རྙེད་དམ། ཁྱེད་ཀྱིས་ངའི་མ་མཐོང་བས་སོ།།
    སྟོན་པ་སངས་རྒྱས་མེད་པར་མཐོང་ངམ། སྟོན་པ་རང་གིས་མ་མཐོང་བས་སོ།། དེས་ན་མ་མཐོང་བ་དང་མེད་པར་མཐོང་བ་གཉིས་ཕྱེ་དགོས་སོ།
    ལས་འབྲས་མེད་པར་ལྟ་མཁན་ནི་ཡག་རྟགས་ཤིག་མིན་མོད། འོན་དོགས་སློང་གནང་བ་ཡིན་ན་གནད་ཨེ་ཆེ་སྙམ།
    འཁོར་བར་ཐོག་མ་མེད་པ་དེས་ལས་འབྲས་འཇོག་སྟངས་སྤུས་དག་བྱུང་བ་ཡིན། དེ་མིན་གཅིག་གིས་བསྐོས་པ་འམ་རྒྱུ་རྟག་པ་ལས་བྱུང་བ་ཡིན་ན། བསྐོས་མཁན་དེས་ཡག་པོ་རྐྱང་མ་བསྐོས་པར་ཅི་ཡིན་ནམ་ཞེས་འགལ་འདུ་དང་། རྟག་པ་ལས་བྱུང་ན་ཡང་ན་ཐབས་ཤེས་མེད་པ་དང་ཡང་ན་བརྟན་པོ་འགྱུར་བ་མེད་པས་ལྷོད་ལྷོད་སྐྱིད࿒ཉལ་བྱས་ཀྱང་འགྲིག
    དེས་ན་རྩ་བ་མ་རིག་པ་དེ་རིག་པས་བཅོམ་ནས་རིམ་གྱིས་ཉོན་མོངས་ཤེས་སྒྲིབ་ལྷག་མའི་དགེ་སྡིག་སྤང་བླང་བྱེད་མཁན་འགྲོ་ཐུབ་དགོས། དང་པོར་ངར་འཛིན་དེ་གཙང་མ་མ་བཟོ་ན། དགེ་སྡིག་ལ་འཇུག་ལྡོག་ཇི་ཙམ་བྱས་ཀྱང་རྩ་བ་དམ་པོར་བསྡད་ཡོད་པས་བདག་འཛིན་དང་ཉོན་མོངས་ཀྱིས་འཁོར་བར་རྒྱུན་མི་ཆད་པར་འཁོར་ནས་དེ་དང་དེའི་གནས་སྐབས࿒སོ་སོར་ལས་སྣ་མང་བསགས་ནས་དགེ་བ་ག་ཚོད་བྱས་ཀྱང་མང་དུ་འགྲོར་མེད་པ་སྟེ་དེའི་ལྡོག་ཕྱོགས་སྡིག་པ་བསགས་བསགས་པ་ཡིན་པས་སོ།།
    དང་པོར་རྩ་བ་དེ་མེད་པར་བཟོས། དེ་ནས་དེའི་བཞག་པའི་ལྷག་མ་དེ་མེད་པར་བཟོ་ན་ལྷག་མ་དེ་དག་མེད་པར་ཆགས་གཙང་མ་ཆགས་པ་ཡིན། དཔེར་ན་ཤིང࿒སྡོང་གི་ཡལ་ག་ལོ་མ་བཏུབ་ཚད་བྱས་པས་སླར་ཡང་སྐྱེས་པ་དང་། དེ་རྩ་བ་ནས་མེད་བཏོན་ན་རིམ་པས་ཡལ་ག་ལོ་འདབ་བརྐམ་སྟེ་མཐར་གྱིས་མེད་པར་ཆགས་པ་བཞིན་ནོ།།

  4. ལྷ་སྲས་ཐ་ཆུང་། says:
    2013-03-25 at 11:32 pm

    “རྣམ་སྨིན་གྱི་འབྲས་བུ་ཞེས་པ་དེ་ཚེ་སྔ་མར་དགེ་བ་བསྒྲུབས་ན་ཚེ་ཕྱི་མར་ལྷ་ཡུལ་དུ་སྐྱེ་འགྲོ་བ་དང༌། ཚེ་སྔ་མར་སྡིག་པ་བསགས་ན་ཚེ་ཕྱི་མར་དམྱལ་བར་ལྷུང་འགྲོ་བའི་ངང་ཚུལ་འདི་ལ་ཟེར།”ཞེས་྄ཁྱོད་ཀྱིས་ཁ་ཚོན་བཅད་ནས་བཤད་འདུག་མོད་དེའང་ཅུང་བསམ་བློ་མ་བཏང་བའི་གནད་ཅིག་ཡིན་ཏེ། ཚེ་སྔ་མར་དགེ་བའི་ལས་བསགས་ན་ཚེ་ཕྱི་མར་ལྷ་ཡུལ་དུ་སྐྱེ་བའི་ངེས་བ་མེད་དེ། ལྷ་ཡུལ་དུ་སྐྱེ་བ་ལ་ལྷའི་སྐྱེ་བ་འཕེན་བྱེད་ཀྱི་ལས་བསགས་དགོས་པའི་ཕྱིར་ཏེ།དཔེར་ན། ནས་ཀྱི་མྱུ་གུ་སྐྱེ་བ་ལ་ནས་ཀྱི་ས་བོན་བཏབ་དགོས་པ་ལས་གྲོ་ཡི་ས་བོན་བཏབ་ན་ནས་མི་སྐྱེ་བ་བཞིན་ནོ། དེ་བཞིན་དུ་ཚེ་སྔ་མར་སྡིག་ལས་བྱས་པ་ལ་བརྟེན་ནས་ཚེ་ཕྱི་མར་དམྱལ་བར་སྐྱེ་བའི་ངེས་བ་མེད་དེ། དམྱལ་བར་སྐྱེ་བ་ལ་དམྱལ་བར་སྐྱེ་བ་འཕེན་བྱེད་ཀྱི་ལས་བསགས་དགོས་པའི་ཕྱིར། དེས་ན་ཚེ་སྔ་མར་དགེ་བའི་ལས་སྒྲུབ་པ་བརྟེན་ནས་ཚེ་ཕྱི་མར་མངོན་མཐོ་ལྷའི་གོ་འཕང་དང་མིའི་གོ་འཕང་གང་རུང་ཞིག་ཏུ་སྐྱེ་བར་གསུངས་ཡོད་པ་དང་། ཚེ་སྔ་མར་སྡུག་ལས་བྱས་པ་ལ་བརྟེན་ནས་ཕྱི་མར་ངན་སོང་དུ་སྐྱེ་བར་གསུངས་བ་ལས་མཐའ་གཅིག་ཏུ་དམྱལ་བར་སྐྱེ་བར་གང་དུའང་གསུངས་མེད། ད་དུང་ཁྱོད་ཀྱིས་”འདི་གཉིས་ལ་ལུང་མ་གཏོགས་རིགས་པའི་སྒྲུབ་བྱེད་ཅི་ཡང་མེད་”ཟེར། དེ་གཉིས་ལ་རིགས་པའི་སྒྲུབ་བྱེད་ཅི་ཡང་མེད་པའི་སྒྲུབ་བྱེད་ཁྱོད་ལའང་མེད་ལ་སྔོན་གྱི་ལོ་པཎ་རྣམས་ཀྱིས་སྐྱེ་བ་སྔ་ཕྱི་དང་ལས་རྒྱུ་འབྲས་སོགས་ཡོད་པར་སྒྲུབ་པའི་སྒྲུབ་བྱེད་ཀྱི་རིགས་པ་གྲངས་ལས་འདས་བ་ཞིག་བཀོད་ཡོད་པ་ཁྱོད་ཀྱིས་མ་མཐོང་ངམ། ད་བར་དུ་ནང་དོན་རིག་པ་ལ་སློབ་གཉེར་གནང་སྟེ་རྒྱུ་འབྲས་སྔ་ཕྱི་ཡོད་པར་སྒྲུབ་པའི་རིགས་པ་ཙམ་ཡང་མ་མཐོང་བ་ངོ་མ་ཡིད་རེ་སྐྱོ། རྗེས་ཕྱོགས་ནས་ཞིབ་ཚགས་པོའི་ངང་དཔེ་གཟིགས་གནོང་།

  5. ལ་དྭགས་བློ་བཟང་འཇམ་དཔལ་ says:
    2013-03-26 at 3:25 am

    “ལས་རྒྱུ་འབྲས་ཞེས་པ་དེ་ནི་ཆོས་ལུགས་པའི་རྟོག་བཟོ་བྱས་པ་ཙམ་ལས། དོན་ངོ་མར་ཡོད་པའི་སྒྲུབ་བྱེད་གང་ཡང་མི་འདུག” འདི་ལ་གོ་ལོག་ནས་དྲི་དགོས་པར་མཐོང་སྟེ། ཁྱོད་ཀྱིས་དེ་ལྟར་འདོད་པ་དེ། རང་གིས་རྟོག་བཟོ་བྱས་པ་ཡིན་ན། མི་སླུ་བའི་ཤེས་པས་ངེས་ནས་དེ་ལྟར་བཤད་པ་ཡིན། རྫུན་ཚིག་མ་ཡིན་པར་བདེན་པར་ཤོད། གལ་ཏེ་འདི་ལ་རྫུན་སྨྲ་ན། དེའི་འབྲས་བུ་མཐོང་བའི་༷ཆོས་ལ་སྟེ། སྐྱེ་བ་འདི་རང་དང་། སྐྱེ་བ་ཕྱི་མར་སྐྱེས་ནས་དང་། ལན་གྲངས་གཞན་ལ་སྟེ། སྐྱེ་བ་གསུམ་པ་ནས་སྐྱེ་བ་བསྐལ་པ་མང་པོའི་རྗེས་སུ་སྨིན་པ་ལ་ཐེ་ཚོམ་མེད།
    ཚེ་འདི་རང་ལ་ལས་ཀྱི་རྣམ་པར་སྨིན་པ་དངོས་སུ་སྨིན་པ་ནི། བོད་དང་བོད་མ་ཡིན་པའི་སྐྱེས་བུ་དགེ་བ་བྱས་པ་དང་། མི་དགེ་བ་བྱས་པའི་འབྲས་བུ་དག་མཐོང་བ་ལས་ཤེས་སོ།
    ཚིག་འགྱུང་སྟངས་ལ་དཔྱོད་པ།
    ཁག་པོ། ཞེས་པའི་མིང་ཚིག་ལ་དཔྱད་དགོས་ཏེ། འདི་ལ་ལ་དྭགས་པས། དཀགས་པོ་ཟེར། དཀའ་བ་གྱུར་ནས་ཁག་པོའམ་དཀགས་པོ་འབྱུང་ཚུལ་ཤེས་ན། ཅག་ ཅེས་པའི་མང་ཚིག་སྟོན་བྱེད་ཀྱི་སྒྲ་གྱུར་ནས། ཚོ་ཞེས་པ་འབྱུང་ཚུལ་ཡང་ཤེས་ཐུབ་སྙམ་མོ། །

    ཁག་པོ་ལོས་ཡིན།

  6. ལ་དྭགས་བློ་བཟང་འཇམ་དཔལ་ says:
    2013-03-26 at 3:28 am

    “ལས་རྒྱུ་འབྲས་ཞེས་པ་དེ་ནི་ཆོས་ལུགས་པའི་རྟོག་བཟོ་བྱས་པ་ཙམ་ལས། དོན་ངོ་མར་ཡོད་པའི་སྒྲུབ་བྱེད་གང་ཡང་མི་འདུག” འདི་ལ་གོ་ལོག་ནས་དྲི་དགོས་པར་མཐོང་སྟེ། ཁྱོད་ཀྱིས་དེ་ལྟར་འདོད་པ་དེ། རང་གིས་རྟོག་བཟོ་བྱས་པ་ཡིན་ན། མི་སླུ་བའི་ཤེས་པས་ངེས་ནས་དེ་ལྟར་བཤད་པ་ཡིན། རྫུན་ཚིག་མ་ཡིན་པར་བདེན་པར་ཤོད། གལ་ཏེ་འདི་ལ་རྫུན་སྨྲ་ན། དེའི་འབྲས་བུ་མཐོང་བའི་༷ཆོས་ལ་སྟེ། སྐྱེ་བ་འདི་རང་དང་། སྐྱེ་བ་ཕྱི་མར་སྐྱེས་ནས་དང་། ལན་གྲངས་གཞན་ལ་སྟེ། སྐྱེ་བ་གསུམ་པ་ནས་སྐྱེ་བ་བསྐལ་པ་མང་པོའི་རྗེས་སུ་སྨིན་པ་ལ་ཐེ་ཚོམ་མེད།
    ཚེ་འདི་རང་ལ་ལས་ཀྱི་རྣམ་པར་སྨིན་པ་དངོས་སུ་སྨིན་པ་ནི། བོད་དང་བོད་མ་ཡིན་པའི་སྐྱེས་བུ་དགེ་བ་བྱས་པ་དང་། མི་དགེ་བ་བྱས་པའི་འབྲས་བུ་དག་མཐོང་བ་ལས་ཤེས་སོ།
    ཚིག་འགྱུང་སྟངས་ལ་དཔྱོད་པ།
    ཁག་པོ། ཞེས་པའི་མིང་ཚིག་ལ་དཔྱད་དགོས་ཏེ། འདི་ལ་ལ་དྭགས་པས། དཀགས་པོ་ཟེར། དཀའ་བ་གྱུར་ནས་ཁག་པོའམ་དཀགས་པོ་འབྱུང་ཚུལ་ཤེས་ན། ཅག་ ཅེས་པའི་མང་ཚིག་སྟོན་བྱེད་ཀྱི་སྒྲ་གྱུར་ནས། ཚོ་ཞེས་པ་འབྱུང་ཚུལ་ཡང་ཤེས་ཐུབ་སྙམ་མོ། །

  7. ཀརྡོ་གཉེར་ཕྱག་པ་ says:
    2013-03-26 at 3:41 am

    ཚན་རིག་པས་ཀྱང་སྐྱེ་བ་ཕྱི་མ་ཡོད་པའི་སྒྲུབ་བྱེད་མཐོང་ཟེར་བ་ལས། སྐྱེ་བ་ཕྱི་མ་མེད་པར་མཐོང་སོང་ཞེས་མི་ཟེར། ཁྱེད་ཚན་རིག་པ་དང་ནང་ཆོས་གྲུབ་མཐའ་གང་ཡང་མེད་པ་ལ་ད་ཅི་ལོབ།

  8. རི་རྒྱལ་ཏི་སེ། says:
    2013-03-26 at 4:39 am

    ལས་རྒྱུ་འབྲས་ཞེས་པ་དེ་ལུང་རིགས་གཉིས་ཀྱི་སྒྲུབ་ནུས་པའི་ཤེས་བྱ་ཞིག་ཡིན་ཚེ། ལུང་འདི་དང་འདི་ལྟ་བུའི་རྒྱབ་རྟེན་དུ་རིགས་པ་འདི་དང་འདི་འདྲ་ཕངས་དགོས་ཀྱི་རེད་ཅེས་དངོས་སུ་བཀོད་རྒྱུ་ཡོད་དགོས་པ་ལས། བསྟན་བཅོས་ག་གེ་མོ་ཞིག་ཏུ་ཡོད་རེད་ཅེས་པ་ཙམ་གྱི་ཁུངས་མི་འཁྱོལ་བས། ད་ལྟའི་ཚན་རིག་པ་དང་མཐུན་པའི་རིགས་པ་འདི་དྲ་ཞིག་ཡོད་རེད་ཅེས་བྲི་དགོས་ཀྱི་འདུག་པ་བཅས་སོ།།

  9. ཀརྡོ་གཉེར་ཕྱག་པ་ says:
    2013-03-26 at 5:19 am

    སྐྱེ་བ་སྔ་མ་སྒྲུབ་པའི་རིགས་པ་ནི།
    བྱིས་པ་སྐྱེས་མ་ཐག་པའི་རིག་པ་ཆོས་ཅན། རིག་པ་སྔ་མ་སྔོན་དུ་སོང་སྟེ། རིག་པ་ཡིན་པའི་ཕྱིར། དཔེར་ན། ད་ལྟ་བའི་རིག་པ་བཞིན།
    སྐྱེ་བ་ཕྱི་མ་སྒྲུབ་པའི་རིགས་པ་ནི།
    རྒད་པུ་ཕྱི་ཁ་མའི་རིག་པ་ཆོས་ཅན། རིག་པ་ཕྱི་མ་མཚམས་སྦྱོར་ཏེ། ཆགས་ཅན་གྱི་རིག་པ་ཡིན་པའི་ཕྱིར། དཔེར་ན། ད་ལྟ་བའི་རིག་པ་བཞིན།

  10. ཀརྡོ་གཉེར་ཕྱག་པ་ says:
    2013-03-26 at 5:30 am

    ལུང་ནི་མདོ་མཛངས་བླུན་ལས།
    ་་་་ ཀུན་དགའ་བོ། དེའི་ཚེ་དེའི་དུས་ནལེགས་ཚོལ་དེ་ནི་ད་ལྟ་ང༼བཅོམ་ལྡན་འདས་༽ཡིན་ནོ། དེའི་ཕ་དེ་ནི་ད་ལྟར་ངའི་ཡབ་གཙང་མ་ཡིན་ནོ། དེའི་མ་དེ་ནིད་ལྟར་ངའི་ཡུམ་ལྷ་མཛེས་མ་ཡིན་ནོ། །ཉེས་ཚོལ་ནིད་ལྟར་གྱི་ལྷ་བྱིན་འདི་ཡིན་ཏེ། ་་་་་ཞེས་སོགས་སྐྱེ་བ་སྔ་ཕྱི་ཡོད་པའི་ལུང་གི་ཁུངས་མཐའ་ཡས་སོ། །

  11. ལ་དྭགས་བློ་བཟང་འཇམ་དཔལ་ says:
    2013-03-26 at 8:02 am

    “ལས་རྒྱུ་འབྲས་ཞེས་པ་དེ་ལུང་རིགས་གཉིས་ཀྱི་སྒྲུབ་ནུས་པའི་ཤེས་བྱ་ཞིག་ཡིན་ཚེ།” ཞེས་པར་ལས་ཀྱི་འབྲས་བུ་མྱོང་བར་དང་པོ་ལས་བྱེད་པ་པོ་དང་། ལས་ཀྱི་འབྲས་བུ་མྱོང་མཁན་གྱི་སྐྱེ་བ་རྒྱུད་གཅིག་པ་ཞིག་དགོས། དེ་ལྟ་བུའི་གང་ཟག་ཤེས་པ་པོ་ཡང་སྐྱེ་བ་སྔ་ཕྱི་མེད་སྙམ་པའི་ལོག་རྟོག་གིས་ཟིལ་གྱིས་མ་གནོན་པ་ཞིག་དགོས།
    བློ་གཟུ་བོར་གནས་པའི་ཚན་རིག་པ་ཞིག་གིས་ཀྱང་སྐྱེ་བ་སྔ་ཕྱི་ཡོད་མེད་གང་ཡང་མཐའ་གཅིག་ཏུ་སྨྲ་མི་ཐུབ་ཟེར། དེས་ན་རང་རེས་ལུང་དང་། རྒན་པོ་དག་གི་ཉམས་མྱོང་གི་བཤད་སྟངས་གཞིར་བཟུང་སྟེ། ལས་རྒྱུ་འབྲས་ལ་བརྩི་དགོས་པ་དེ་འཇིག་རྟེན་ན་ཡང་ཡ་རབས་ལུགས་སུ་བརྩིའོ།།

  12. རི་རྒྱལ་ཏི་སེ། says:
    2013-03-26 at 11:20 am

    དྲ་གྲོགས་རྣམ་པ་ལགས། ངས་མཐོང་བ་ངས་བསམ་པ་ལས་ལྷག་བློ་སྐྱེད་གང་ཡང་སྤྲོད་རྒྱུ་མི་འདུག་པས། ཚན་རིག་པ་རྒད་པོ་ཞིག་ཐོག་མར་ནང་ཆོས་ཀྱི་ལས་འབྲས་ཀྱི་སྐོར་ལ་བློ་སྣ་ཁྲིད་སྐབས་ཇི་ལྟར་ཁྲིད་དགོས་པའི་ལམ་སྟོན་འདྲ་གནང་རྒྱུ་ཡོད་དམ།

  13. ཀརྡོ་གཉེར་ཕྱག་པ་ says:
    2013-03-26 at 12:04 pm

    ཡུ་ཊུབ་ནང་ལ་ཕྱི་རྒྱལ་དམག་དཔོན་གནམ་གྲུ་གཏོང་མཁན་དམག་སར་གྲོང་ནས་ཕྱིས་ཁོའི་སྐྱེ་བ་རྗེས་མའི་བུ་ཆུང་གཅིག་གིས་རང་སྐྱེ་བ་སྔ་མ་དེའི་སྐོར་ལ་གསལ་སྟོན་བྱས་པ་དེ་འདྲ་མང་པོ་ཡོད་རེད།

  14. ལེགས་བཤད། says:
    2013-03-26 at 1:16 pm

    ལས་རྒྱུ་འབྲས་ཞེས་པ་དེ་ནི་ཆོས་ལུགས་པའི་རྟོག་བཟོ་བྱས་པ་ཙམ་ལས། དོན་ངོ་མར་ཡོད་པའི་སྒྲུབ་བྱེད་གང་ཡང་མི་འདུག །ཟེར་བ་ནི་ངག་འཁྱལ་གྱི་གཏམ་ཏེ། ལས་རྒྱུ་འབྲས་ཞེས་པའི་གོ་དོན་ནམ་སྒྲུབ་བྱེད་ནི་ལས་སམ་བྱ་བ་བཟང་ངན་ལས་འབྲས་བུ་བཟང་ངན་འབྱུང་བ་ནི་མཐོང་ཆོས་ལ་གྲུབ་པས་སྙོན་འདིང་མི་རིགས་སོ། །ནང་གི་ཀུན་སློང་དང་འབྲེལ་བའི་ལུས་ངག་གི་བྱ་སྤྱོད་ལ་སྐབས་འདིའི་ལས་ཟེར་བ་ཡིན། སྤྱིར་ལས་ལ་སེམས་པ་དང་བསམ་པའི་ལས་གཉིས་ཡོད། དེ་གཉིས་རྟོག་བཟོ་ཙམ་ཞིག་མིན་ཏེ་དངོས་པོའི་གནས་ཚུལ་ཡིན་པའི་ཕྱིར།

  15. བན་དེ་བ། says:
    2013-03-26 at 1:39 pm

    རེད་སྤྱིར་དད་པ་ཡིད་ཆེས་ཡོད་མཁན་ཞིག་ལ་རྟགས་དང་རྒྱུ་མཚན་དེ་རིགས་མཛེས་པོ་དང་སྙན་པོ་འདུག འོན་ཀྱང་དེ་འདྲའི་ཡིད་ཆེས་མེད་པའི་རིགས་ལ་གོ་བརྡ་གང་འདྲ་སེ་སྤྲོད་ཐུབ་བམ། ད་ལྟ་དུས་རབས་གསར་པའི་ནང་དུ་འཛམ་གླིང་འདི་ཡི་ནང་དུ་བོད་མི་ལས་བསོད་ནམས་དམན་པ་ཞིག་དང་དཀའ་ངལ་ཆེ་བ་ཞིག་ཕལ་ཆེར་མེད། འོན་ཀྱང་བོད་མིས་འདས་པའི་ལོ་རྒྱུས་ནང་དུ་ལས་བསགས་སྟངས་ལ་ལྟས་ན་དེ་འདྲའི་དཀའ་བ་ཞིག་ཡོང་མདོག་མེད་པ་ཞིག་རེད། དེ་ག་ནང་བཞིན་བོད་མི་དེ་ཚོས་ཡར་དཀོན་མཆོག་ལ་མཆོད་པ་ཕུལ་མར་ངན་སོང་ལ་སྦྱིན་པ་བཏང། འོན་ཀྱང་ད་དུང་གཞན་ལ་ལག་པ་བཟེད་ནས་བསྡོད་དགོས་པ་དེ་ཡང་ལས་བཟང་པོ་མ་བསགས་པ་ཡིན་ནམ། འདི་ཚོའི་རིགས་ཀྱི་དོག་པ་སེལ་བ་ལ་རྟགས་དང་རྒྱུ་མཚན་ཙམ་མིན་པར་ཁ་ཡོད་ལག་ཡོད་ཀྱི་གོ་བརྡ་གསལ་པོ་ཞིག་སྤྲོད་དགོས་ཀྱི་རེད།

  16. རི་རྒྱལ་ཏི་སེ། says:
    2013-03-26 at 1:40 pm

    ལས་རྒྱུ་འབྲས་ཞེས་པ་དེ་མེད་པའི་བདེན་རྟགས་གསལ་ཤོས་ནི། འདིར་ཕེབས་དྲ་གྲོགས་རྣམས་ལ་ཕྱོགས་མཐུན་གྱི་ལན་འདེགས་ཤིག་ཀྱང་འདེབས་ཕོངས་པས་རྒྱུ་མཚན་དེ་ཡིས་སོ།།

  17. རི་རྒྱལ་ཏི་སེ། says:
    2013-03-26 at 1:45 pm

    འདེབས་རྒྱུ་ཕོངས

  18. རི་རྒྱལ་ཏི་སེ། says:
    2013-03-26 at 1:50 pm

    ༡༥༽ བན་དེ་བས་བྲིས་པ་དེ་ལ་བརྒྱ་ཆ་བརྒྱ་ཐམ་པ་རྒྱབ་སྐྱོར་ཡོད། འོན་ཀྱང་བོན་པོའི་གཞུང་ནས་ལས་འབྲས་ཀྱི་སྐོར་གང་འདྲ་ཞིག་གསུང་སྲོལ་ཡོད་མེད་བྲི་རོགས་ཞུ།

  19. བན་དེ་བ། says:
    2013-03-26 at 1:58 pm

    བོན་པོས་ཀྱང་རྒྱུ་དགེ་བ་བྱས་པ་ལས་འབྲས་བུ་བདེ་བ་འབྱུང། རྒྱུ་མི་དགེ་བ་ལས་འབྲ་བུ་མི་བདེ་བའམ་སྡུག་བསྔལ་འབྱུང། དཔེར་ན། རྒྱུ་བྲ་བོ་ལས་འབྲས་བུ་ཡང་བྲ་བོ་ནག་པོ་འབྱུང། རྒྱུ་དཀར་མོ་འབྲས་ལས་འབྲས་བུ་ཡང་དཀར་མོ་འབྲས་འབྱུང་བ་བཞིན་བཤད།
    སྟོན་པ་སངས་རྒྱས་གཤེན་རབ་མི་བོ་མཆོག་གིས་འདི་ལྟར་གསུང། རང་གི་ལུས་ལ་དཔེ་ལོང་ལ། གཞན་ལ་གནོད་པ་མ་བྱེད་ཅིག ཅེས་དང། རང་གི་གཟུགས་ཀྱི་ཕུང་པོ་ལ། འཚེར་མ་གཅིག་ཀྱང་མི་བཟོད་པར། གཞན་དག་སེམས་ཅན་མང་པོ་ཡི། སྲོག་གཅོད་ཤ་ལ་ཟ་དགོས་ཟེར། ག་ལི་སེམས་ཅན་བདུད་རིགས་ཅིག ཅེས་ོས་ཤེས་ཐུབ།

  20. ལེགས་བཤད། says:
    2013-03-26 at 2:21 pm

    བན་དེ་བས་གསུངས་པ་བདེན། དེ་ལྟར་བྱའོ། །

  21. ཨ་ར་དཀར་པོ says:
    2013-03-27 at 6:28 am

    ཨ་ཁ ད་ངོ་མ་ཐབས་ཟད་འུ་ཐུག་སོང་བ་རེད་དམ། མཁས་པ་ཚོ

  22. ལ་དྭགས་བློ་བཟང་འཇམ་དཔལ་ says:
    2013-03-27 at 7:19 am

    “ལས་རྒྱུ་འབྲས་ཞེས་པ་དེ་མེད་པའི་བདེན་རྟགས་གསལ་ཤོས་ནི།”
    ཞེས་པ་ནི་ཚད་མ་དང་འགལ་བའི་གཏམ་སྟེ། ཁྱོད་ལ་བུ་རམ་དང་ཤེལ་ཀ་ར་གཉིས་ཀྱི་རོའི་ཁྱད་པར་མེད་པར་ཐལ། དངོས་པོ་དེ་གཉིས་ཀྱི་རོའི་ཁྱད་པར་ཁྱོད་ཀྱིས་བརྗོད་མི་ཤེས་པའི་ཕྱིར། དེ་བཞིན་དུ། རྒྱུ་འབྲས་ཀྱི་རྣམ་གཞག་ཕྲ་ཞིང་ཕྲ་བ་དག་ཁྱོད་དང་ངའི་བློའི་ཡུལ་ལས་འདས་ཀྱང་། རགས་ཙམ་ནི་རང་རེས་གསལ་བར་མཐོང་སྟེ། དཔེར་ན་ཨ་རིའི་མི་སྟོང་ཕྲག་བསད་པའི་བྱུས་ངན་རྩོམ་པ་པོ་དེ་ལ་ལས་འབྲས་མཐོང་ཆོས་ལ་རྣམ་པར་སྨིན་ཏེ། མཐར་ཨ་རིའི་དམག་གིས་འབྱུང་བ་ལྔའི་རྡུལ་དུ་དྲངས་པ་ཡང་། ལས་འབྲས་མེད་ན་དེ་ལྟར་བྱེད་མི་ཐུབ་པས་ཀྱང་། ལས་ཀྱི་དབང་གིས་བྱུང་བར་ངེས་སོ།།

  23. ཀརྡོ་གཉེར་ཕྱག་པ་ says:
    2013-03-27 at 9:19 am

    དགེ་མི་དགེའི་ལས་སྨིན་པའི་སྒོ་རིམ་ནི།

    ལས་ཀྱི་འཁོར་བར་ལྕི་གང་དང་། །
    ཉེ་བ་གང་དང་གོམས་པ་གང་། །
    སྔོན་བྱས་གང་ཡིན་དེ་ལས་ནི།
    སྔ་མ་སྔ་མ་རྣམ་སྨིན་འགྱུར། །ཞེས་གསུངས་ཡོད་རེད།

  24. ཀརྡོ་གཉེར་ཕྱག་པ་ says:
    2013-03-27 at 9:47 am

    ལས་འབྲས་སྐོར་ལ་མགོན་པོ་ཀླུ་སྒྲུབ་ཀྱིས་རིན་ཆེན་ཕྲེང་བར།

    རྣམ་པར་འཚེ་བས་གནོད་པ་མང་། །
    བརྐུ་བ་ཡིས་ནི་ལོངས་སྤྱོད་ཕོངས་། །
    བྱི་བོ་བྱེད་པས་དགྲ་དང་བཅས། །
    བརྫུན་དུ་སྨྲ་བས་སྐུར་བ་སྟེ། །
    ཕྲ་མ་ཡིས་ནི་བཤེས་དང་དབྱེ། །
    རྩུབ་མོ་ཉིད་ཀྱིས་མི་སྙན་ཐོས། །
    མི་འབྲེལ་བ་ཡིས་ཚིག་མི་བཙུན། །
    བརྣབ་སེམས་ཡིད་ལ་རེ་བ་འཇོམས། །
    གནོད་སེམས་འཇིགས་པ་སྦྱིན་པར་བྱེད། །
    ལོག་པར་ལྟ་བས་ལྟ་ངན་ཉིད། །
    ཡང་།
    ཆོས་མིན་པས་ནི་ལུགས་འདོད་གང་། །
    དེ་ཡིས་འཇིག་རྟེན་མི་དགར་འགྱུར། །
    འཐིག་རྟེན་མི་དགའ་ཉིད་ཀྱི་ཕྱིར། །
    འདི་དང་གཞན་དུ་དགའ་མི་འགྱུར། །

    དོན་མིན་རིག་པ་ངན་འགྲོའི་ལམ། །
    གཞན་བསླུ་ལྷུར་ལེན་མི་བཟད་པ། །
    ཤེས་རབ་འཆལ་བ་རྣམས་ཀྱིས་ནི། །
    ཇི་ལྟར་དོན་འགྱུར་རིག་པར་བྱས། །

    ཕ་རོལ་བསླུ་བ་ལྷུར་ལེན་པ། །
    དོན་དུ་ཇི་ལྟར་ལུགས་ལྡན་ཡིན། །
    དེས་ནི་ཚེ་རབས་སྟོང་ཕྲག་ནི། །
    མང་པོར་བདག་ཉིད་བསླུས་པར་འགྱུར། །
    ཡང་།
    ཆགས་དང་ཞེ་སྡང་གཏི་མུག་དང་། །
    དེས་བསྐྱེད་ལས་ནི་མི་དགེ་བ། །

    མ་ཆགས་ཞེ་སྡང་གཏི་མུག་མེད། །
    དེ་བསྐྱེད་ལས་ནི་དགེ་བ་ཡིན། །

    མི་དགེ་བ་ལས་སྡུག་བསྡལ་ཀུན། །
    དེ་བཞིན་ངན་འགྲོ་ཐམས་ཅད་དོ། །

    དགེ་ལས་བདེ་འགྲོ་ཐམས་ཅད་དང་། །
    སྐྱེ་བ་ཀུན་དུ་བདེ་བ་དག །
    ཡིད་དང་ལུས་དང་ངག་གིས་ནི། །
    མི་དགེ་ཀུན་ལས་ལྡོག་བྱ་ཞིང་། །

    དགེ་ལ་རྟག་ཏུ་འཇུག་བྱ་བ། །
    འདི་ནི་ཆོས་རྣམས་གསུམ་དུ་བཤད། །
    ཆོས་འདིས་དམྱལ་བ་ཡི་དྭགས་དང་། །
    དུད་འགྲོ་དག་ལས་རྣམ་གྲོལ་ཞིང་། །

    ལྷ་དང་མི་ཡི་ནང་དག་ཏུ། །
    བདེ་དཔལ་རྒྱལ་སྲིད་རྒྱས་པ་འཐོབ། །
    བསམ་གཏན་ཚད་མེད་གཟུགས་མེད་ནི། །
    ཚངས་སོགས་བདེ་བ་མྱོང་བར་བྱེད། །

  25. རི་རྒྱལ་ཏི་སེ། says:
    2013-03-27 at 10:15 am

    ཀརྡོ་གཉེར་ཕྱག་པ་ལགས། རིན་ཆེན་ཕྲེང་བའི་ལུང་དེ་བཀོད་པ་ཐུགས་རྗེ་ཆེ་ཞུ་རྒྱུ་དང༌། མཆན་ ༢༣༽ ཚིག་དེའི་འབྱུང་ཁུངས་ཤིག་བྲི་རོག་གནང༌།

  26. མྱི་དཀར says:
    2013-03-27 at 10:27 am

    ལས་འབྲས་ནི་ཤིན་ཏུ་ལྐོག་གྱུར་གྱི་གནས་ཚུལ་ཡིན་སྟབས་ཁ་ཡོད་ལག་ཡོད་ཀྱི་གོ་བརྡ་སྤྲོད་དཀའ་མོ་རེད་ལ། ལས་འབྲས་མེད་ཟེར་བ་ཡང་ཁྱེད་རང་གི་བསམ་ཚུལ་ཙམ་ལས་མེད་པའི་སྒྲུབ་བྱེད་ཡང་དག་གང་ཡང་ཁྱོད་ཀྱིས་བཀོད་མི་ཐུབ་བོ། །

  27. རི་རྒྱལ་ཏི་སེ། says:
    2013-03-27 at 10:48 am

    ལས་འབྲས་མེད་ཟེར་བ་དེ་ཡང་ང་ཡི་བསམ་ཚུལ་ཙམ་མ་རེད། ལས་འབྲས་ཡོད་པའི་སྒྲུབ་བྱེད་ཕྱོགས་རེ་བ་ཙམ་ལ་ཤི་ཐམ་རོ་ཐམ་བྱེད་མཁན་གྱི་ཆོས་ལུགས་པའི་མིང་འཛིན་ཁས་འཆེ་བ་དེ་ཚོས་སྒྲུབ་བྱེད་གཞག་མ་ཐུབ་པ་དེ་ག་རང༌། ལས་འབྲས་མེད་པའི་དཔང་རྟགས་གསལ་ཤོས་དེ་རེད།

  28. རི་རྒྱལ་ཏི་སེ། says:
    2013-03-27 at 12:36 pm

    དྲ་གྲོགས་བན་དེ་བ་ལེགས། ད་ལྟ་ང་ཡི་ཆང་སའི་དྲ་རྒྱའི་ནང་དུ།
    ཀྱེེ། སྐལ་པ་དུས་ཀྱི་དང་པོ་ལ།།
    ཡེ་ཡོད་ནམ་མཁའི་གཞི་ཅིག་སྲིད།།
    དུས་ཀྱི་སྲིད་པ་བར་མ་ལ།།
    འོད་དང་ཟེར་གྱི་ནམ་མཁའ་སྲིད།།
    དུས་ཀྱི་སྲིད་པ་ཐ་མ་ལ།།
    ཟིལ་ཙམ་ཁྲོམ་ཙམ་ཅིག་དུ་སྲིད།།
    དེ་ལ་ཡབ་ཀྱི་བྲག་རི་སྲིད།།
    བྲག་དང་མཚོ་གཉིས་བཤོས་པ་ལས།།
    ཡ་མཚན་ལྦུ་བ་དགུ་རུ་སྲིད།།
    ལྦུ་བ་ལ་ནི་སྒོང་དུ་འདྲིལ།།
    དུང་སྒོང་དཀར་པོ་རྡོལ་བ་ལས།།
    ཡབ་ཅིག་སངས་པོ་འབུམ་ཁྲི་སྲིད།།
    གཡུ་སྒོང་སྔོན་པོ་རྡོལ་བ་ལས།།
    ཡུམ་ཅིག་ཆུ་ལྕམ་རྒྱལ་མི་སྲིད།།
    སྲིད་པ་དེ་གཉིས་འཚོས་པ་ལས།།
    སྲིད་པའི་ཕོ་དགུ་མོ་དགུ་སྲིད།།
    སྲིད་རྗེ་འབྲང་དཀར་རྒྱལ་པོ་དང་།།
    བཙུན་མོ་དབལ་མ་སྔོན་མོ་གཉིས།།
    སྲིད་པ་ཐབས་ལ་མངའ་མཛད་དོ།།
    སྲིད་རྗེ་འབྲང་དཀར་རྒྱལ་པོ་ཡིས།།
    ཁབ་དང་དབྱལ་དུ་བཙལ་བ་དང་།།
    ཡུལ་ཅིག་བྲག་གི་ཡང་ཕུག་ན།།
    ཡབ་ཅིག་ས་ཕུག་བཙན་པོ་དང་།།
    ཡུམ་ཅིག་ལྷ་ལྕམ་གུང་བཙུན་མ།།
    དེ་གཉིས་འཚོས་ཅིང་བཤོས་པ་ལས།།
    བུ་མོ་བྲག་གི་ལྕམ་ཅིག་སྲིད།།
    སྲིད་རྗེ་འབྲང་དཀར་ཁབ་ཏུ་བཞེས།།
    ཕྱ་གཡང་འགུགས་པའི་བོན་པོ་ནི།།
    སྲིད་པའི་བོན་པོ་གཙུག་གཤེན་དང་།།
    ལྷ་བོན་རྒྱལ་གྱི་ཐོད་དཀར་དང་།།
    སྲིད་པའི་དབལ་བོན་རོམ་པོ་དང་།།
    གཡང་བོན་གྱུར་ར་གྱུར་ཆུང་བཅས།།
    སྲིད་པའི་དབལ་བོན་རོམ་པོ་ཡིས།།
    དཔག་བསམ་ཤིང་གི་སྡོང་པོ་ལ།།
    སྣ་ཡས་དང་ནི་སྣ་ཚོགས་བསག།
    དབུ་བཏུད་དང་ནི་ཤངས་ཡང་བླན།།
    དེ་ནས་ཁབ་དང་དབྱལ་དུ་བྱོལ།།
    སྲིད་པའི་བོན་པོས་སྣ་གཡང་བྱས།།
    ཤིང་ལ་གཡང་ནི་མ་བྱུང་སྟེ།།
    སྲོག་གི་སྲོག་མདའ་ཉ་མིག་སྲིད།།
    བལ་ལ་གཡང་ནི་མ་བྱུང་ཏེ།།
    དམུ་ཐག་རྒྱང་ཐག་སྣ་དགུ་སྲིད།།
    དང་པོ་བྱུང་ལུགས་ཇི་ལྟར་སྲིད།།
    ཡུལ་ཅིག་སྲིད་པའི་ཡ་གུ་ན།།
    ཕ་སྲིད་པའི་ཕྱྭ་གང་རྒྱང་གྲགས་དང་།།
    མ་ནི་སྲིད་པའི་སྡོང་བཟང་མ།།
    བཤོས་པས་གནམ་གྱི་སྲས།།
    སྒོང་ང་རྣམ་པ་གསུམ་དུ་སྲིད།།
    གསེར་སྒོང་སེར་པོ་རྡོལ་བ་ལས།།
    གསེར་མདའ་གཡུ་སྒྲོ་ཅན་ཅིག་བྱུང་།།
    སྟང་གི་སྲོག་མདའ་ཉ་མིག་ལགས།།
    གཡུ་སྒོང་སྔོན་པོ་རྡོལ་བ་ལས།།
    གཡུ་མདའ་གསེར་སྒྲོ་ཅན་ཅིག་བྱུང་།།
    དབྱལ་གྱི་དེ་ནི་དཔལ་མདའ་ལགས།།
    དུང་སྒོང་དཀར་པོ་རྡོལ་བ་ལས།།
    གསེར་གྱི་མོ་འཕང་དེ་ནི་སྲིད།།
    ནམ་མཁའ་དེ་ནི་འོད་ཟེར་དང་།།
    རྒྱ་མཚོའི་རླངས་པ་གཉིས་པོ་ལས།།
    བོན་གྱི་བལ་འདབ་དཀར་པོ་སྲིད།།
    དེ་ཡང་འཁལ་ལ་རླུང་གིས་འཁལ།།
    སྙོད་པ་དེ་ནི་རླུང་གིས་སྙོད།།
    བཀྲ་ཤིས་ཤིང་སྡོང་དེ་ལ་དཀྲིས།།
    དེ་ལ་མིང་དང་མཚན་བཏགས་པ།།
    དམུ་ཐག་རྒྱང་ཐག་བྱ་བ་ལགས།།
    སྲིད་པའི་བོན་གཤེན་དེ་རྣམས་ཀྱིས།།
    སྟང་གི་དེ་ནི་སྦྱི་བོ་རུ།།
    དམུ་ཐག་དེ་ནི་དཀར་པོ་བཏགས།།
    ཕྱག་ཏུ་སྲོག་མདའ་ཉ་མིག་བཟུང་།།
    དབྱལ་གྱི་དེ་ནི་སྦྱི་བོ་རུ།།
    གཡང་ཐག་དེ་ནི་སྔོན་མོ་བཏགས།།
    གསེར་འཕང་གཡུ་ལོ་ཕྱག་ཏུ་བཟུང་།།
    སྟང་གི་དེ་ནི་བླ་གསེར་དང་།།
    དབྱལ་གྱི་དེ་ནི་བླ་གཡུ་གཉིས།།
    དང་པོ་སྐྱེས་པ་སོ་སོར་སྐྱེས།།
    བར་དུ་སྨིན་པ་སོ་སོར་སྨིན།།
    ཐ་མར་བསྡུས་ས་གཅིག་ཏུ་བསྡུས།།
    བཅོལ་ལོ་ལྷ་ལ་བཅོལ།།
    བཏགས་སོ་ལྷ་ལ་བཏགས།།
    སྟང་གི་རྒྱང་ཐག་དང་།།
    དབྱལ་གྱི་དམུ་ཐག་གཉིས།།
    དང་པོ་སྐྱེས་པ་སོ་སོར་སྐྱེས།།
    བར་དུ་སྨིན་པ་སོ་སོར་སྨིན།།
    ཐ་མར་བསྡུས་ས་གཅིག་ཏུ་བསྡུས།།
    བཅོལ་ལོ་ལྷ་ལ་བཅོལ།།
    བཏགས་སོ་ལྷ་ལ་བཏགས།།
    སྟང་གི་སྲོག་མདའ་ཉ་མིག་དང་།།
    དབྱལ་གྱི་གསེར་འཕང་གཡུ་ལོ་གཉིས།།
    དང་པོ་སྐྱེས་པ་སོ་སོར་སྐྱེས།།
    བར་དུ་སྨིན་པ་སོ་སོར་སྨིན།།
    ཐ་མར་བསྡུས་ས་གཅིག་ཏུ་བསྡུས།།
    བཅོལ་ལོ་ལྷ་ལ་བཅོལ།།
    བཏགས་སོ་ལྷ་ལ་བཏགས།།
    སྟང་གི་དབལ་བཤོས་དང་།།
    དབྱལ་གྱི་འབྲང་རྒྱས་གཉིས།།
    དང་པོ་སྐྱེས་པ་སོ་སོར་སྐྱེས།།
    བར་དུ་སྨིན་པ་སོ་སོར་སྨིན།།
    ཐ་མར་བསྡུས་ས་གཅིག་ཏུ་བསྡུས།།
    བཅོལ་ལོ་ལྷ་ལ་བཅོལ།།
    བཏགས་སོ་ལྷ་ལ་བཏགས།།
    བསྭོ་དེ་རིང་སྲིད་པའི་གནམ་གུང་ལ།།
    གནམ་ལ་དེ་ནི་སྐར་མ་བཟང་།།
    ས་ལ་དུས་ཚོད་ཚེས་ཀྱང་འཛོམས།།
    སྟང་གི་སྐྱེས་པ་སྒྲ་ལྷ་ཅན།།
    དབྱལ་གྱི་མོ་བཙུན་དཔལ་མོ་ཆེ།།
    དང་པོ་སྐྱེས་པ་སོ་སོར་སྐྱེས།།
    བར་དུ་སྨིན་པ་སོ་སོར་སྨིན།།
    ཐ་མར་བསྡུས་ས་གཅིག་ཏུ་བསྡུས།།
    བཅོལ་ལོ་ལྷ་ལ་བཅོལ།།
    བཏགས་སོ་ལྷ་ལ་བཏགས།།
    སྟང་དབྱལ་འདི་གཉིས་ཀྱི།།
    གདན་དུ་དེ་ནི་སྣམ་དཀར་དཏིང་།།
    ཕྱག་ཏུ་ཆང་ཕུད་ཞོ་ཕུད་དང་།།
    དབལ་བཤོས་མདའ་འཕང་རྒྱན་པ་ཐོགས།།
    ལྷ་ལ་དེ་ནི་ཡོན་དུ་འབུལ།།
    ཚེ་རིང་སྲོག་སྐྱོབས་དཔལ་སྐྱེད་ཅིག།
    བཅོལ་ལོ་ལྷ་ལ་བཅོལ།།
    བཏགས་སོ་ལྷ་ལ་བཏགས།།
    ཞལ་དུ་ཕྱེ་མར་འོ་སྐོན་འདྲེན།།
    དམུ་ཡད་ཟས་ལ་ཟད་པ་མེད།།
    མི་ནོར་ཟས་གསུམ་འཚོགས་པ་ཡིན།།
    ཕོ་སྲོག་དེ་ནི་མདའ་ལ་རྟེན།།
    མོ་སྲོག་དེ་ནི་འཕང་ལ་རྟེན།།
    མདའ་འཕང་གཉིས་ནི་ལྷ་ལ་བཅོལ།།
    མདའ་འཕང་དེ་ནི་མ་འབྲལ་ཅིག།
    དམུ་ཐག་དེ་ནི་ལྷ་ལ་བཅོལ།།
    དམུ་ཐག་དེ་ནི་མ་ཆད་ཅིག།
    བདག་ཕོ་མོ་ངེད་གཉིས་ནི།།
    མཚོ་དང་མཚོ་སྨན་ཆགས་པ་བཞིན།།
    མི་དང་ལྷ་གཉིས་མ་འབྲལ་ཞིག།
    ཉི་ཟླ་དགུང་ལ་གནས་པ་བཞིན།།
    མི་དང་ལྷ་གཉིས་མ་འབྲལ་ཅིག།
    གངས་ལ་སེང་གེ་འགྱིང་བ་བཞིན།།
    མི་དང་ལྷ་གཉིས་མ་འབྲལ་ཞིག།
    རྒྱ་སྟག་ནགས་ལ་གནས་པ་བཞིན།།
    མི་དང་ལྷ་གཉིས་མ་འབྲལ་ཞིག།
    མདའ་ལ་ཁྱུང་སྒྲོ་སྒྲོན་པ་བཞིན།།
    མི་དང་ལྷ་གཉིས་མ་འབྲལ་ཅིག།
    རྨོང་ལ་ཁྱུང་སྒྲོ་བཙུགས་པ་བཞིན།།
    མི་དང་ལྷ་གཉིས་མ་འབྲལ་ཞིག།
    རྩིགས་པའི་སྐུ་མཁར་མ་འགྱེལ་བཞིན།།
    བརྟན་པའི་རི་བོ་མ་ཞིག་ཞིག།
    ཕོ་སྲོག་གསེར་གྱི་ཀ་བ་མ་འགྱེལ་ཞིག།
    མོ་སྲོག་གཡུའི་གདུང་མ་མ་ཆག་ཅིག།
    ཕྱ་བདག་རྒྱལ་མོ་དཔལ་མོ་ཆེ།།
    ཕྱ་དང་གཡང་གི་དཔལ་མོ་མཛོད།།
    དཔལ་དང་བསོད་ནམས་འཕེལ་བར་མཛོད།།
    མིས་ལྷ་ནི་རྟག་ཏུ་མཆོད།།
    ལྷས་སྲུང་སྐྱོབ་བྱེད་པར་མཛོད།།
    བཅོལ་བའི་འཕྲིན་ལས་འགྲུབ་པར་མཛོད།།་་་་་་་་་་་་་་་་ཅེས་པ་འདིར་བཀོད་ཀྱི་ཚིག་རིས་ལ་དཔག་ན། ལས་རྒྱུ་འབྲས་དང་ཚེ་སྔ་ཕྱི་ལ་སོགས་པ་ཇི་ལྟར་སྲིད་མིན་འགྲེལ་བཤད་ཅིག་སྐྱོན་རོགས་ཞུ།།

  29. ལེགས་བཤད། says:
    2013-03-27 at 12:53 pm

    ལས་འབྲས་མེད་སྨྲ་བ་བླུན་པོ་གཅིག་མཁས་པ་བརྒྱ་ཡིས་མི་ཐུབ།

  30. རྒད་པོ། says:
    2013-03-27 at 1:15 pm

    ངས་བལྟས་ན། ནང་ཆོས་ཀྱི་རིགས་པས་ལས་འབྲས་སོགས་ཚང་མ་གྲུབ་ཐུབ་མོད། འོན་ཀྱང་རྙོག་ཁྲ་འདི་རིགས་པ་མ་ཡིན་པར་དཔང་པོ་དང་། རྟགས་དང་དབང་པོ་དྲུག་ལ་བདེན་དཔང་དང་དངོས་པོ་ཡིན་དགོས་སྟབས། རིགས་པ་ཡིན་ན་བདེན་པ་ཡིན་པས་ཁྱབ་ཟེར་ན། རྙོག་ཁྲ་འདི་ལས་འགོ་ཚུགས་པ་རེད་སྙམ།
    དཔེར་ན། རིགས་པས་གོ་ལ་འདི་ཐང་ཞིག་ལ་གྲུབ་ཐུབ་མོད། ཚན་རིག་པས་གོ་ལ་འདི་ཟླུམ་པོར་བསྟན་ཡོད། 

  31. རི་རྒྱལ་ཏི་སེ། says:
    2013-03-27 at 1:17 pm

    སྒྲུབ་མེད་ཀྱང་ཡོད་འཛིན་གྱི།།
    རློམ་པས་འབྲས་བུ་ཐོབ་སྲིད་ན།།
    ཀླུ་རྒྱལ་འཇོག་པའི་གཙུག་ནོོར་ཡང་།།
    ལེན་མི་ཐུབ་པའི་སྒྲུབ་བྱེད་ཅི།།

  32. ཀརྡོ་གཉེར་ཕྱག་པ་ says:
    2013-03-27 at 3:20 pm

    མཛོད་འགྲེལ་དུ།
    ལས་ཀྱི་འཁོར་བར་ལྕི་གང་དང་། །
    ཉེ་བ་གང་དང་གོམས་པ་གང་། །
    སྔོན་བྱས་གང་ཡིན་དེ་ལས་ནི།
    སྔ་མ་སྔ་མ་རྣམ་སྨིན་འགྱུར། །འཁོད་འདུག་ཀྱང་ངས་འདི་རྗེ་རིན་པོ་ཆེའི་དབུ་མ་དགོངས་པ་རབ་གསལ་ནས་བཤུས་པ་ཡིན་སྙམ་པ་ཅིག་དྲན།

  33. བན་དེ་བ། says:
    2013-03-27 at 3:22 pm

    རི་རྒྱལ་ཏི་སེ་ལགས།
    དེ་ཡིས་ལས་རྒྱུ་འབྲས་བསྟན་པར་མི་དགོངས་སམ། ཡར་ལྷ་མ་མཆོད་པ་ཕུལ་བས་མར་མཆོག་དང་ཐུན་མོང་གི་དངོས་གྲུབ་བརྩལ་འདུག་པ་དེ་ཚོ་ལས་ཤིག་སྔོན་དུ་སོང་བ་ལས་འབྲས་བུ་ཞིག་ཕྱིས་སུ་སྨིན་པ་རེད།

  34. བན་དེ་བ། says:
    2013-03-27 at 3:23 pm

    ལྷ་ལ་མཆོད་པ་ཞེས་བཅོས་རོགས།

  35. ལ་དྭགས་བློ་བཟང་འཇམ་དཔལ་ says:
    2013-03-27 at 10:11 pm

    ལས་རྒྱུ་འབྲས་མེད་པར་སྒྲུབ་པ་ལ་དགོས་པ་ཆུང་བར་མ་ཟད་འཇིག་རྟེན་དུ་མི་གསོད་རྟ་གསོད་ཆེས་དར་བར་འགྱུར། ལས་རྒྱུ་འབྲས་ཕྲ་ཞིང་ཕྲ་བ་དག་དངོས་སྟོབས་རིགས་པས་སྒྲུབ་མ་ཐུབ་ཀྱང་། ཡོད་པར་ཁས་བླང་དགོས་ཏེ། “དགོས་པའི་ཕྱིར་དུ་མ་བརྟགས་ཕྱིར།” ཞེས་གསུངས་པ་འདིར་ཡང་མཚུངས་སོ།།
    ་
    འཕགས་པ་ཉེ་བ་འཁོར་གྱིས་ཞུས་པ་ལས།
    ་
    བདག་གིས་དམྱལ་བའི་འཇིགས་པ་བསྟན་བྱས་ཏེ།
    སེམས་ཅན་སྟོང་ཕྲག་མང་པོ་སྐྱོ་བྱས་ཀྱང་།
    འདི་ན་སེམས་ཅན་གང་ཞིག་འཆི་འཕོ་ཞིང་།
    མི་བཟད་ངན་སོང་དག་ལ་འགྲོ་བ་མེད།།
    ་
    གང་དག་རལ་གྲི་མདའ་ཆེན་མཚོན་འབྱིན་པའི།
    གནོད་པ་བྱེད་པ་ཡོད་པ་མ་ཡིན་ཏེ།
    རྟོག་པའི་དབང་གིས་ངན་སོང་དེ་དག་ན།
    ལུས་ལ་འབབ་མཐོང་དེ་ན་མཚོན་ཆ་མེད།།
    ་
    འདིར་ཚིགས་བཅད་དང་པོ་དེ་བོད་འགྱུར་མི་ཁྱོར་བས་ལེགས་སྦྱར་དང་ཁ་སྐད་འདྲེས་མ་ལས་བསྒྱུར་པ་ལ་ཞུས་དག་དང་། དཔལ་ལྡན་ཟླ་བ་གྲགས་པས། དབུ་མ་ཚིག་གསལ་ལེའུ་དང་པོར་ལུང་དྲངས་པ་མཆིས། དེ་ན་ཡོད་པ་དང་། བཀའ་འགྱུར་ན་བཞུགས་པ་གཞུང་རང་གི་ཚིག སྔོན་གྱི་སྒྲ་སྒྱུར་འཇིག་རྟེན་སྤྱན་ལྡན་གྱིས་བསྒྱུར་པ་དེ་འགོད་ཐུབ་ན། འགོད་པར་མཛོད། ཅེས་སོ།།

  36. ཀརྡོ་གཉེར་ཕྱག་པ་ says:
    2013-03-28 at 5:50 am

    སྟོན་པ་ཚད་མ་ཡིན་མིན་དེ། ཁོང་གི་གསུང་དེ་ཚད་མ་ཡིན་མིན་ལ་ལྟ་དགོས། ཁོང་གི་གསུང་དེ་ཚད་མ་ཡིན་མིན་དེ། ཁོང་གི་གསུང་གི་བརྗོད་བྱ་བདེན་གཉིས་དངོས་པོའི་གནས་ཚོད་ཡོད་མེད་ལ་ལྟ་དགོས། དེས་ན།
    རྗེ་རིན་པོ་ཆེས།
    གང་གང་རྐྱེན་ལ་རག་ལས་པ། །
    དེ་དེ་རང་བཞིན་གྱིས་སྟོང་ཞེས། །
    གསུང་པ་འདི་ལས་ཡ་མཚན་པའི། །
    ལེགས་འདོམས་ཚུལ་ནི་ཅི་ཞིག་ཡོད། །ཅེས་གསུངས་པ་ལྟར། སྟོང་པ་རྟེན་འབྱུང་གི་གསུང་ལ་ངེས་པ་བརྙེད་ནས། དེ་ནས། སྟོན་པས་གཞན་ལས་འབྲས་ཀྱི་སྐོར་གྱི་གསུངས་པ་ལ་ཡིད་འཆེས་བྱེད་དགོས་གསུངས་ཡོད་རེད།

  37. ཀརྡོ་གཉེར་ཕྱག་པ་ says:
    2013-03-28 at 6:36 am

    སྦྱིན་པས་ལོངས་སྤྱོད་ཁྲིམས་ཀྱིས་བདེ། །
    བཟོད་པས་མདངས་ལྡན་བརྩོན་པས་བརྗིད། །
    བསམ་གཏན་གྱིས་ཞི་བློ་ཡིས་གྲོལ། །

  38. ཀརྡོ་གཉེར་ཕྱག་པ་ says:
    2013-03-28 at 6:47 am

    སྦྱིན་པས་ལོངས་སྤྱོད་ཁྲིམས་ཀྱིས་བདེ་ཞེས་པའི་ལུང་ཆོས་ཅན།
    དཔྱད་པ་གསུམ་གྱིས་དག་པའི་ལུང་ཡིན་ཏེ།
    དབུ་མ་རིན་ཆེན་ཕྲེང་བའི་རང་གཞུང་གང་ཞིག དབུ་མ་རིན་ཆེན་ཕྲེང་བ་དེ་དཔྱད་པ་གསུམ་གྱིས་དག་པའི་ཕྱིར་ཏེ། དེ་ལས་མཐོང་བ་མངོན་འགྱུར་བསྟན་པ་ལ། མངོན་སུམ་ཚད་མས་གནོད་པ་མེད་པར་མངོན་གསུམ་ཚད་མས་གྲུབ། མཐོང་བ་ལྐོག་གྱུར་བསྟན་པ་ལ། དངོས་པོ་སྟོབས་ཞུགས་ཀྱི་རྗེས་དཔག་ཚད་མས་གནོད་མེད་པ་དེ་གྲུབ། མ་མཐོང་བ་ཤིན་ཏུ་ལྐོག་གྱུར་བསྟན་པ་ལ། ཁས་བླངས་སྔ་ཕྱི་འགལ་བ་དང་རང་ཚིག་དངོས་ཤུགས་འགལ་བས་གནོད་པ་མེད་པའི་ཕྱིར་རོ། །ཞེས་གསུངས་འདུག

  39. ལ་དྭགས་བློ་བཟང་འཇམ་དཔལ་ says:
    2013-03-28 at 10:14 pm

    བདག་གིས་དམྱལ་བའི་འཇིགས་པ་བསྟན་བྱས་ཏེ།
    སེམས་ཅན་སྟོང་ཕྲག་མང་པོ་སྐྱོ་བྱས་ཀྱང་།
    འདི་ན་སེམས་ཅན་གང་ཞིག་འཆི་འཕོ་ཞིང་།
    མི་བཟད་ངན་སོང་དག་ལ་འགྲོ་བ་མེད།།
    ་
    ཞེས་པར་ཞུས་དག་དང་། སྔ་འགྱུར་འགོད་པར་མཛོད་ཞུས་ཀྱང་། སུས་ཀྱང་དེ་མཛད་མེད་པ་ནི། བོད་རིག་གཞུང་ལ་དོན་གཉེར་ཉུང་རྟགས་མ་ཡིན་ནམ། སྐལ་བ་བཟང་བས་སྔ་འགྱུར་དེ་བདག་གིས་མཇལ་བ་འདི་ལྟར།
    ་
    སེམས་དམྱལ་འཇིགས་པ་ང་ཡིས་བསྟན་བྱས་ཏེ།
    སེམས་ཅན་སྟོང་ཕྲག་དུ་མ་སྐྱོ་བྱས་ཀྱང་།
    གང་དག་ཤི་འཕོས་ངན་སོང་དག་འགྲོ་བའི།
    འགྲོ་བ་དེ་དག་ནམ་ཡང་ཡོད་མ་ཡིན།།
    ་
    ཞེས་པ་བཞུགས་སོ།།

  40. བསམ་ཤེས། says:
    2013-03-28 at 10:51 pm

    རིགས་པ་ཡིན་ན་བདེན་པ་ཡིན་པས་ཁྱབ་ཟེར་བའི་འདྲི་བ་འདིས་ནང་པ་རྣམས་ཅུང་ཁ་གྲགས་རྒྱུ་མེད་པ་བཟོས་པ་ཅུང་བདེན་སྙམས། 

    རྒན་ལ་དྭགས་པ་ལགས་དང་གཞོན་ནུ་ཟླ་མེད། ལེགས་བཤད་ལགས་སོགས་ཀྱིས་འདིའི་སྐོར་ལ་བགྲོ་གླེང་ཞིག་གནོངས་རོགས། ཁྱེད་རྣམ་པ་གདན་ས་འགྲིམས་མྱོང་མཁན་ཤ་སྟག་སོང་། ལུང་དང་རིགས་པས་གྲུབ་ཤོག 

  41. ལེགས་བཤད། says:
    2013-03-28 at 11:04 pm

    བསམ་ཤེས་ལགས།
    རིགས་པ་ནི་བདེན་པ་ཡིན་མིན་གྱི་ཚད་ཐིག་འབྱེད་པས་ཁྱབ་ཟེར་ན་འགྲིག་གི །ཡིན་ཡང་རིགས་པ་ལྟར་སྣང་རེ་བཀོད་ནས་རང་གི་ཞེ་འདོད་སྒྲུབ་པ་ལ་རིགས་པ་ཡང་དག་མི་ཟེར། སྤྱིར་རིགས་པ་ཡང་དག་བཞི་ཡོད་དེ། ལྟོས་བའི་རིགས་པ། བྱ་བ་བྱེད་པའི་རིགས་པ། ཆོས་ཉིད་ཀྱི་རིགས་པ། འཐད་སྒྲུབ་ཀྱི་རིགས་པ་བཞིའོ། །

  42. ལ་དྭགས་བློ་བཟང་འཇམ་དཔལ་ says:
    2013-03-29 at 12:38 am

    ལེགས་བཤད་ནས་རིགས་པ་བཞི་གསུངས་པ་བློ་བསྐྱེད་བྱུང་། འོན་ཀྱང་བལྟོས་པའི་རིགས་པ་ཞེས་ཁ་སྐད་དང་ཆོས་སྐད་མ་འདྲེས་པར་མཛད་པ་དེ། བོད་ཆོས་སྐད་དེ་མི་སྣང་བར་འགྱུར་བའི་སྐབས་སུ་གྲྭ་སའི་དཔེ་ཆ་གཟིགས་མཁན་ཀུན་གྱིས་དོ་སྣང་མཛད་པ་གལ་ཆེ་བར་མཐོང་། རིགས་པ་ཡང་དག་དང་། གཏན་ཚིགས་ཡང་དག་དོན་གཅིག་ཏུ་བསམས་སོ།།

  43. ཀརྡོ་གཉེར་ཕྱག་པ་ says:
    2013-03-29 at 6:15 am

    རྟག་པ་ཐམས་ཅད་ཟད་པར་འགྱུར། །
    མཐོ་བ་དེ་ཡང་མཐར་ལྟུང་ངོ་། །
    འདུ་བ་ཡོད་ན་འབྲལ་བར་འོང་། །
    སྐྱེ་བ་ཡོད་ན་འཆི་བར་འགྱུར། །
    གསུངས་པ་ལྟར་ལས་ཀྱི་འབྲས་བུ་སྨིན་པར་སྐྱེ་བ་ཕྱི་མ་བསྒུག་ནས་སྡོད་མི་དགོས་ལགས།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ།
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ།
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (98)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (76)
  • ཨེ་ལི་སི། (54)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (39)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ། (5)
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ། (3)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme