Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ལའུ་ཧྲན་བྱམས་ཆེན།

Posted on 2014-02-272014-02-27 By ཁ་བརྡ་ 11 Comments on ལའུ་ཧྲན་བྱམས་ཆེན།

ཐེ་བོ་སངས་རྒྱས།

unnamedའཛམ་གླིང་ན་རྡོ་བརྐོས་ལས་གྲུབ་པའི་སངས་རྒྱས་ཀྱི་སྐུ་འདྲ་ཆེ་ཤོས་ནི། རྒྱ་ནག་སི་ཁྲོན་ཞིང་ཆེན་ལའུ་ཧྲན་གྲོང་ཁྱེར་乐山市,གྱི་ཤར་ཕྱོགས་སུ་རྨིན་གཙང་པོ་དང་།岷江, ཆིང་ཡི་གཙང་པོ། 青衣江,ཏཱ་ཏའུ་གཙང་པོའམ་大渡江, རྒྱལ་མོ་རྔུལ་ཆུ་གསུམ་གྱི་འདུས་མདོ་སྟེ། གླང་ཆེན་འགྱིང་རིའི་峨嵋山,རི་བརྒྱུད་ཀྱི་བྲག་ངོས་ཤིག་ལ་བརྐོས་པའི་ལའུ་ཧྲན་བྱམས་ཆེན་ 乐山大佛,དེ་རེད། གོང་གི་ཆུ་བོ་གསུམ་པོ་བྱམས་སྐུ་དེའི་མདུན་ངོས་ཀྱི་ཞབས་དྲུང་བརྒྱུད་ནས་འབབ་ཀྱིན་ཡོད་ལ། ལོ་རྒྱུས་རིང་བའི་སྐུ་འདྲ་དེ་ཡི་བརྗིད་ཉམས་དང་སྙན་གྲགས་ཀྱིས་ལའུ་ཧྲན་གྲོང་ཁྱེར་གྱི་ལྗོངས་བཀོད་ལ་འོད་སྣང་ཞིག་བྱིན་འདུག
དེ་ཡང་ལོ་ངོ་ཆིག་སྟོང་ལྷག་གི་གོང་ཆུ་བོ་གསུམ་གྱི་འདྲེས་མཚམས་དེར་ཆུ་ལོག་དང་། ཡུལ་མིའི་གྲུ་ཆུང་མང་པོ་ཆུར་བསྣུབས་ཆག་སྒོ་སྟུད་མར་བྱུང་བ་མོ་རྩིས་ནང་ཆུ་འདྲེ་ཡི་གནོད་འཚེ་ཡིན་ཚུལ་བབས་པས། རྒྱའི་ཧྭ་ཤང་ཧའེ་ཐོང་海通和尚, ཞེས་པས་ཐུགས་ཁུར་གྱིས་ཆུ་འདྲེའི་གནོད་པ་ཞི་བར་དམིགས་ནས་ཆུ་འགྲམ་དེར་སངས་རྒྱས་ཀྱི་སྐུ་འདྲ་དེ་བརྐོ་རྒྱུ་ཐག་བཅད།

ཐང་རྒྱལ་རབས་ཀྱི་ཁྲི་ལོ་ 713,ལོར་ལས་འཆར་འགོ་འཛུགས་ཀྱིས་སྔ་ཕྱིར་ལས་བཟོ་བ་སྟོང་ཕྲག་བརྒལ་བས་ལས་གཞི་དེའི་ཐོག་ངལ་རྩོལ་དང་བློ་གྲོས་ཀྱི་རྩལ་བཏོན། རྟེན་བཞེངས་དེའི་ཆེད་བསླངས་པའི་བསགས་དངུལ་ལ་ཡུལ་དཔོན་འགས་འདོད་བརྔམ་གྱིས་འགལ་རྐྱེན་བཟོས་པ་ན། ཧའེ་ཐོང་གིས་སྐུ་འདྲའི་ཐེབས་རྩ་སྟེར་བ་བས་འདི་སྒྲུབ་སླའོ་ཞེས་རང་ཉིད་ཀྱི་མིག་འབྲས་དངོས་སུ་བཏོན་ཅིང་། ཆོས་དད་དམ་ལྷག་བསམ་མཚོན་པར་བྱས་པས་དཔོན་ངན་དག་སྐྲག་ནས་གཡོལ། ལོ་ཉི་ཤུའི་རྗེས་འདྲ་སྐུ་དེའི་ཕྱེད་ཀ་བརྐོས་ཟིན་མཚམས་ཧྭ་ཤང་ཧའེ་ཐོང་སྐུ་གཤེགས།
unnamed-2དེ་ནས་ས་གནས་དམག་དཔོན་ 节度使,ཞིག་གིས་སྦྱིན་བདག་དྭང་བླང་བྱས་པ་དང་། ཧྭ་ཤང་ཧའེ་ཐོང་གི་རྗེས་འཇུག་པ་གཉིས་ནས་ལོ་ངོ་བདུན་ཅུའི་རིང་ལས་འཕྲོ་བསྐྱངས་ཏེ། ཐང་རྒྱལ་རབས་ཀྱི་ཁྲི་ལོ་ 803, ལོར་སྐུ་འདྲ་དེ་ཡོངས་སུ་གྲུབ། ཁ་ཅིག་གིས་བྲག་བརྐོས་རྒྱག་སྐབས་རྡོ་དུམ་རྣམས་ལས་གྲྭའི་ཆུ་རགས་སུ་མདུན་གྱི་ཆུར་སྤོས་པས་འབབ་ཆུའི་ཁ་ཕྱོགས་བསྒྱུར་བར་འདོད་མོད། ཡོངས་གྲགས་ནི་བྱམས་སྐུ་དེའི་ཐུགས་རྗེ་ཡིས་གནོད་པ་ལས་བསྐྱབས་ཞེས་པ་དེ་རེད། སྐུ་དེའི་ཆ་བཀོད་ཧ་ཅང་ལེགས་ཤིང་ཞི་ལྷོད་བརྗིད་ཆགས་ལྡན་པས་ཡིད་ཀྱི་བརྟན་པ་ཅིག་ཅར་དུ་འཕྲོག་པར་བྱེད།

སྤྱིའི་མཐོ་ཚད་ལ་ཧྥེ་ཁྲི་གཉིས་བརྒྱ་སོ་གསུམ་ 233,ftལྷག་དང་། ཕྱག་མཛུབ་རྣམས་རིང་ཚད་ལ་ཧྥེ་ཁྲི་ཉེར་བདུན་རེ། ཞབས་ཀྱི་བོལ་གོང་དག་གི་རྒྱ་ཁྱོན་ལ་ཧྥེ་ཁྲི་གོ་གཉིས་རེ་ཡོད་པས་མི་བརྒྱ་ཐམ་པ་མཉམ་དུ་བསྡད་ན་ཤོང་ལ། ཕྲག་གོང་གཉིས་ན་སྦྲ་གུར་རེ་ཕུབ་ས་ཡོད། གཞན་ཡང་དེའི་ཕུལ་དུ་བྱུང་བའི་སྒྱུ་རྩལ་གྱི་ཁྱད་ཆོས་རེ་རེ་བཤད་ན། དབུའི་ཁོར་མོ་ཡུག་ཏུ་འཁྲིལ་བའི་དབུ་སྐྲ་འབུར་མ་ཆིག་སྟོང་ཉེར་གཅིག་བརྐོས་པ་རྣམས་དང་། ཤིང་ལས་བཟོས་པའི་སྙན་གཤོག་རིང་ཚད་ལ་ཧྥེ་ཁྲི་ཉེར་གསུམ་ཅན་དག་འདམ་བག་གིས་རྡོ་སྐུའི་དབུ་ལ་སྦྱར་བའི་ལག་རྩལ་སོགས་དཔེ་ཟླ་བྲལ་བ་ཤ་སྟག་སྣང་། ད་དུང་ཝ་ཆུའི་མ་ལག་གི་རྒྱུ་ལམ་ཁ་ཤས་དབུ་དང་། རྣ་བའི་རྒྱབ་ངོས། དཔུང་བ་གཉིས། ན་བཟའི་ཁུག་པ་རྣམས་སུ་མི་མངོན་པར་བཀྲམ་པས་ཆར་ཆུས་སྐུའི་ནང་ངོས་བརྡུངས་མི་ཐུབ་ཅིང་། ཆུ་རྐའི་སྦུ་གུ་རྣམས་སྐུ་འདྲའི་ཐོག་བཀྲམ་སྟངས་དང་མཉམ་བསྲེས་བྱེད་སྟངས་མགོ་རྙོག་པོའི་བཟོ་བཀོད་ནི་དུས་རབས་དེར་བལྟོས་ན་ཧང་སངས་པའི་གནས་སུ་བཤད།unnamed-1

དང་ཐོག་སྐུ་དེར་ཐོག་རྩེགས་བཅུ་གསུམ་ཅན་གྱི་གནམ་ཁེབས་རྡོ་བརྐོས་ཤིག་ཡོད་ཀྱང་། ཡོན་རྒྱལ་རབས་དུས་མཇུག་གི་དམག་འཁྲུག་སྐབས་ཧོར་དམག་གིས་གཏོར་བཤིག་བཏང་། ལའུ་ཧྲན་བྱམས་ཆེན་གྱི་གཟུགས་བརྙན་དེ་གནའ་བོའི་རྒྱའི་སྙན་ངག་དང་། བརྩམས་སྒྲུང་། དམངས་གླུ་རྣམས་སུའང་གསལ། 1963,ལོའི་གོང་དུ་སྐུ་འདྲ་དེ་རླུང་འཚུབ་དང་དྲག་ཆར་ཁྲོད་ཉམས་ཆག་ཆེན་པོ་བྱུང་ཡང་། དེ་རྗེས་རྒྱ་ནག་གཞུང་གིས་བསྐྱར་གསོའི་ལས་གཞི་སྤེལ་བ་དང་། འདྲ་སྐུ་དེ་བསྐྱར་གསོ་རིམ་པའི་ཐད་རྒྱ་ནང་དང་ཕྱི་རྒྱལ་ཁག་ནས་དོ་སྣང་གིས་རོགས་སྐྱོར་ཐོབ་ཡོད། 1996,ལོར་མཉམ་འབྲེལ་རྒྱལ་ཚོགས་(UNESCO) ནས་འཛམ་གླིང་ཤུལ་བཞག་གཅེས་ནོར་དུ་ཐོ་བཀོད་པ་ནས་བཟུང་ཚོགས་པ་དེའི་སློབ་སྟོན་དང་དམིགས་བསལ་ལྟ་སྐྱོང་འོག་ཡོད།
2008, ལོའི་སི་ཁྲོན་ས་ཡོམ་གྱི་སྐབས་སྟབས་ལེགས་ནས་དེ་ལ་གནོད་སྐྱོན་གང་ཡང་ཐེབས་མེད། ༢༠༡༡ ལོའི་ཟླ་༩ ནང་ང་དེར་གནས་མཇལ་དུ་ཕྱིན་སྐབས་མཇལ་སྐོར་བ་དང་། ལྟ་སྐོར་བ། སྣེ་ཤན་པ་སོགས་འཚང་ཁ་ཤིག་ཤིག་རེད་ལ། སྐུ་དེའི་གཡས་ཕྱོགས་བྲག་སྐས་ནས་མར་བབས་ན་ཞབས་གཡོན་པའི་སྲེ་ལོང་ཡན་ཆད་ཙམ་ན་བོད་ཡིག་གིས་མ་ཎི་ཡི་གེ་དྲུག་མ་བརྐོས་ཤུལ་རྙིང་བ་ཞིག་ཀྱང་འདུག་གོ །

ལོ་རྒྱུས།

Post navigation

Previous Post: ཁྱེད་རང་2014 ལོའི་གྲངས་ཐོར་འགྱུར་འདོད་དམ།
Next Post: ཆུང་མར་ཕུལ་བའི་མེ་ཏོག་གི་འཕྲེང་བ། (ཞར་བཀོད་གསུམ)

Comments (11) on “ལའུ་ཧྲན་བྱམས་ཆེན།”

  1. བཟང་མོ says:
    2014-02-27 at 12:36 am

    ཨ་རོགས། ཐེ་བོ་སངས་རྒྱས།
    བོད་མི་སྔ་རབས་ཀྱི་ངག་རྒྱུན་དུ། བྱམས་པ་ཆུ་གཟིགས་ཟེར་བ་མིན་ནམ། ལའུ་ཧྲན་བྱམས་ཆེན་ཟེར་བ་དང་དེ་གཉིས་ཁ་ཁ་ཡིན་ནམ། ཡང་ན་མིང་འགྱུར་ལུགས་མ་འདྲ་བ་ཡིན།

  2. གནམ says:
    2014-02-27 at 4:57 am

    དེང་སང་འདི་རྒྱ་རྐུན་འགས་ཚོང་རྫས་ལ་བསྒྱུར་ནས། མཇལ་བ་རྒྱུ་ཆེན་ཞིག་མིན་ན། མཐོང་བསྐལ་བྲལ། དེ་ཨེ་བདེན་ཐལ།

  3. ལ་དྭགས་བློ་བཟང་འཇམ་དཔལ་ says:
    2014-02-27 at 8:15 am

    ཨ་ཕ་ག་ནི་སྟཱ་ན་ལ་བ་ཡན་ཞེས་པའི་ས་གནས་སུ་ཡོད་པའི་སྐུའདྲ་བྲག་རྡོར་བརྐོས་ནས་བཞེགས་པ་ཀླ་ཀློས་གཏོར་བཤིག་བྱས་པའི་རྗེས་སུ། ལའུ་ཧྲན་གྱི་སྐུ་འདྲ་འདི་ཛམ་གླིང་ན་སྐུ་འདྲ་ཆེ་ཤོས་ཆགས་པ་ཨ་རིའི་གཟུགས་མཐོང་གནས་ཚུལ་དུ་བཤད་པ་ཐོས། ༢༠༠༦ ལ་མདོ་སྨད་པ་སློབ་དཔོན་འབུམ་སྐྱབས་དང་། ཁ་ལོ་པ་བཀྲ་ཤིས་ཀྱིས་གྲོགས་བྱས་ངོ་མཚར་ཅན་སྐུ་འདྲ་འདི་དང་། ཧྭ་ཤང་ཧའེ་ཐོང་ཞབས་ཀྱི་ཡིན་ངེས། ཕུག་པ་སོགས་རི་བོ་དེའི་སྒང་གི་ལྷ་ཁང་མང་པོ་མཇལ་བའི་གོ་སྐབས་བདག་ལ་ལེགས་པར་བྱུང་བ་ཡང་བོད་ཡིག་དག་ཆ་སྲུང་བར་བྱེད་པའི་མཐོང་ཆོས་ལ་སྨིན་པའི་འབྲས་བུ་ཡིན་པར་སེམས་སོ།

  4. ལ་དྭགས་བློ་བཟང་འཇམ་དཔལ་ says:
    2014-02-27 at 8:33 am

    བཞེགས་པ། ཞེས་པ་དེ། བཞེངས་པ། ཞེས་ཀློག་པར་མཛོད།

  5. ཀརྡོ་གཉེར་ཕྱག་པ་ says:
    2014-02-27 at 8:46 am

    ཛམ་གླིང་ནང་གི་སྟོན་པའི་རྡོ་སྐུ་ཆེ་ཤོས་དེ། ཨཕྒ་ནིསྟཱན་ནང་ལ་ཁ་ཆེ་གུ་དོག་ཚོགས་པ་ཆུང་ཆུང་ཞིག་གིས་གཏོར་བཤིག་བཏང་བ་དང་། སྟོན་པའི་རྡོ་སྐུ་ཆེ་ཤོས་གཉིས་པ་དེ། ད་ལྟ་རྒྱ་ནག་གུང་བྲན་གཞུང་འཛིན་པ་དྭོགས་པ་ཚ་དྲགས་ནས། རྒྱལ་ཡོངས་ནང་པ་ཡོད་ཚད་ལ་མཇལ་སྐལ་མེད་པ་བཟོས་པའི་དུས་ཚོད་ཡིན་པ་འདྲ། འོནད་ཀྱང་། གང་མྱུར་འགྱུར་བ་ཐེབས་སྲིད་པ་རེད།

  6. ཐེ་བོ་སངས་རྒྱས says:
    2014-02-27 at 10:19 am

    རྒན་ལ་དྭགས་པ་བློ་བཟང་འཇམ་དཔལ་ལགས་གཙོ་བོར་གྱུར་པའི་འདིར་མཆན་འདེབས་མཁན་ཚང་མར་ཐུགས་རྗེ་ཆེ་ཞུ།
    ངས་འདིར་ཅིག་བྱས་ན་འབྲི་ནོར་གཅིག་ཐེབས་ཡོད་ས་རེད། མ་ཎི་རྡོ་བརྐོས་དེ་ཞབས་ཐོག་རེད་ཅེས་ངའི་སྤུན་ཆུང་ཞིག་གིས་གསལ་འདེབས་བྱས་བྱུང་། ང་དེར་འགྲོ་དུས་འཛིན་བྱང་རེར་དམངས་སྒོར་དགུ་བཅུ་རེ་དང་། ད་དུང་སྣེ་ཤན་པ་རེ་ཁྲིད་ན་སྒོར་ལྔ་བཅུ་ཡས་མས་སྤྲོད་དགོས་ཀྱི་འདུག འདི་ལ་ཉེ་ཆར་རྩོམ་ཡིག་ཅིག་ཏུ་བྱམས་པ་ཆུ་གཟིགས་མ་ཞེས་བྲིས་འདུག་ལ། བོད་མི་ཉག་ས་ཁུལ་ནས་འདི་ལ་རྒྱ་ཀུན་ཏུ་བཟང་པོར་འབོད་ཀྱི་རེད་ཟེར། རྒྱའི་ཁ་རྒྱུན་དུ་ལའུ་ཧྲན་བྱམས་ཆེན་གྱི་ཞབས་ལ་ཆུ་ཐུག་ན་ཆུ་ལོག་ཡོང་བར་གྲགས།

  7. ཐེ་བོ་སངས་རྒྱས says:
    2014-02-27 at 10:22 am

    ཞབས་གདན་ངོས་ལ་བཅོས།

  8. ལ་དྭགས་བློ་བཟང་འཇམ་དཔལ་ says:
    2014-02-28 at 8:10 am

    ཐེ་བོ་སངས་རྒྱས་མཆོག ཁྱེད་ཀྱི་རྩོམ་ཡིག་དང་། དགེ་སློང་སྙིང་རྗེ་ཆེན་པོ་ཡོད་པས་བཞེངས་སུ་བཅུག་པའི་སྐུ་འདྲ་ཆེན་པོའི་འདྲ་སྤར་འདིས་སླར་ཡང་སྐུ་འདྲ་དང་ཁོར་ཡུག་རྣམས་སླར་ཡང་མཇལ་བ་ལྟ་བུའི་དགའ་སྣང་བྱུང་བར་མ་ཟད། སྐུ་འདྲ་འདི་ཡི་མཚན་ལ་ཡོངས་གྲགས་ལའུ་ཧྲན་བྱམས་ཆེན་དང་། བསྐུལ་བ་པོ་དགེ་སློང་སྙིང་རྗེ་ཅན་ཧྭ་ཤང་ཧའེ་ཐོང་ཞབས་ཀྱི་མཚན་ཤེས་པ་ལ་ཕན་ཐོགས་ཆེ་བ་བྱུང་། ཐུགས་རྗེ་ཆེའོ།

  9. རླངས་སྔགས says:
    2014-02-28 at 11:33 am

    ཐེ་བོ་སངས་རྒྱས་ལགས། སྐུ་ཉིད་ཀྱིས་ནམ་རྒྱུན་འཛམ་གླིང་སྟེང་སྐད་གྲགས་ཆེ་བའི་ལོ་རྒྱུས་རང་བཞིན་ལྡན་པའི་གནས་ཆེན་དང་བཟོ་བཀོད་འདྲ་མིན་འདིར་སྤེལ་ནས་ངོ་སྤྲོད་བྱེད་བཞིན་པ་བཀའ་དྲིན་ཆེ།

  10. སྤོབས་པ་མཐའ་ཡས། says:
    2014-02-28 at 9:52 pm

    རྩོམ་པ་པོ་ལགས། རྒྱ་ཀུན་ཏུ་བཟང་པོ་འདི་ལ་ཟེར་གི་ཡོད་པ་མ་རེད། དེ་ནི་གླང་ཆེན་འགྱིང་རིའི་རྩེའི་ལྷ་ཁང་ལ་ཡོད་པའི་ལྷ་སྐུ་ཞིག་རེད། གླང་ཆེན་ཞོན་མཁན་དེ་ཡིན་བསམ་སོང་།

  11. ཐེ་བོ་སངས་རྒྱས says:
    2014-02-28 at 10:24 pm

    སྐུ་ཞབས་སྤོབས་པ་མཐའ་ཡས་ལགས། ངས་གོ་ཐོས་སུ་ལྷ་འདིའི་བཞུགས་སྟངས་རྒྱ་འདུག་བྱས་པ་དང་གླང་ཆེན་འགྱིང་རིའི་རྩེའི་འཕགས་པ་ཀུན་ཏུ་བཟང་པོའི་སྐུ་དེ་གླང་ཆེན་སྟེང་ན་དཀྱིལ་ཀྲུང་དུ་བཞུགས་པས། རང་རེའི་ཁམས་མི་ཉག་པའི་ངག་རྒྱུན་དུ་ལའུ་ཧྲན་བྱམས་ཆེན་ལ་རྒྱ་ཀུན་ཏུ་བཟང་པོ་དང་། ཅིག་ཤོས་ལ་བོད་ཀུན་ཏུ་བཟང་པོར་འབོད་རབས་འདུག་ཟེར་བ་ཙམ་ལས་འདི་ཀུན་ཏུ་བཟང་པོའི་སྐུ་མིན་པ་ངས་ཀྱང་ཤེས།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme