Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ལངས་ཕྱོགས་ཀྱི་ན་ཚས་མིའི་གཉའ་གཅོག་སྟངས།

Posted on 2011-08-13 By ཁ་བརྡ་ 3 Comments on ལངས་ཕྱོགས་ཀྱི་ན་ཚས་མིའི་གཉའ་གཅོག་སྟངས།

འདྲེ་མགོ་རྡོ།

ལེའུ་གསུམ་པ།

ལངས་ཕྱོགས་འཐབ་རྩོད་ཀྱི་ལས་གཉེར་ཉི་འཚེ་བའི་རྒྱབ་ཀྱི་བྱ་སྤྱོད་ཐབས་ཆག

དེ་ཡང་། ལངས་ཕྱོགས་འཐབ་རྩོད་ཀྱི་ལས་གཉེར་ཉི་འཚེ་བས་གང་ཟག་གི་གཉའ་ཅི་ལྟར་གཅོག་གི་ཡོད་མེད་བྲིས་ནས་ཅང་མ་ལོན་པར། རང་བཙན་པ་ལ་ཤས་ལྐོག་ལྐོག་སུལ་སུལ་ངང་འདུས་ཏེ། འདྲེ་མགོ་རྡོས་གང་མིན་ཚད་བྱས་རབ་དང་། འདི་ནི་ཆེན་པོ་ལ་ཤས་ཀྱི་ཐབས་དང་ཇུས་ཀྱིས་བསྡུས་བ་ཞིག་ནི་མིན་འགྲོ་བསམ་པའི་དོགས་གཞི་སྣ་ཚོགས་བྱུང་སྟེ། ཐ་ན་དྲ་འབུའི་སྡེ་དང་མི་མང་དོ་སྣང་ཅན་གྱི་ཁ་རྣར་རང་བཙན་པ་དག་རིམ་བཞིན་ཕྱི་པགས་གཤག་ངེས་ཀྱི་གཡམ་སྒྲོག་བྱེད་པ་ཐོས་པས། དང་པོའི་ཚོད་དཔག་ལས་མ་བརྒལ་བ་ཞིག་ཡིན་ཡང་ཡིད་སེམས་མུག་པོ་ཅུང་སྟབས་སྟབས་པོ་ནི་གྱུར་སོང་། ཡིན་ཡང་རང་གིས་གང་བཤད། བྲིས་པའི་ཡི་གེར་གསལ་སྟབས་ཉ་ཉོག་མེད་པར་དཀྱུས་སུ་སོང་ནས་རིམ་བཞིན་སྨྲས་ན།
ངས་རང་བཙན་པས་དབུ་མ་པར་དཔུང་ཁ་བསྒྲིགས་ཏེ་དངོས་ཤུགས་བརྒྱུད་གསུམ་ནས་གཉའ་གཅོག་ཐུབ་ལ་འབད་སྒྲུབ་བྱེད་ཚུལ་བྲིས་པ་འདི། ལག་རྡོ་ཀླུ་མཁར་བྱམས་ཁོ་ན་ལ་མགོ་དགྱེ་ས་མེད་པ་བཟོས་པ་ག་ནས་ཡིན་སྟེ། དེ་ནི་ཁོང་མདུན་དུ་ཐོན་རྒྱུར་ཅི་མི་སྙམ་པའི་བློ་ཁོག་ཡོད་པ་ཨ་མདོ་བས་རྣ་རྐྱང་ཟེར་བ་དེ་ཡིན་སྟབས། ཚིག་གི་འགོ་མའང་མྱི་ཆུང་ཆུང་ནས་བསུས་བ་ཡིན་ན་སྙན་དུ་འཁྱོལ་དགོས་ངེས་དག་གི་ཤ་གསེང་ལ་ཐིམ་རྒྱུར་ཅུང་ཕན་པར་བསམས་པས་ཡིན། གཉིས་ནས། ཁོང་ལ་བརྒྱུད་རིམ་མེད་ཀྱང་ཅིག་བྱེད་ཀྱི་ཡིན་ཟེར་མཁན་ཞིག་ཡིན་ཁར། རྒྱ་བོད་གཉིས་ཀའི་གནས་སྟངས་༧ཏཱ་ལའི་བླ་མ་ལས་ཀྱང་ནང་བྱུན་ཆུད་པར་བསྒྲགས་པས་ཀྱང་། ཁོའི་མིང་བཏོན་པ་ཡིན་ན་རང་བཞིན་གྱིས་གནད་ཡོད་རེ་ཆགས་ཨེ་འགྲོ་བསམས་པའི་ཕན་སེམས་ཕྲན་བུ་ཞིག་ཀྱང་ཕུགས་ཉར་བྱས་ཡོད།
དེའང་ཡུན་རིང་མ་ལོན་པའི་དུས་སུ། རང་ཅག་གི་གཞུང་དེའི་བོད་ཡིག་གི་མིང་ཡང་སྒྲིག་འཛུགས་ཟེར་བར་བསྒྱུར། མི་མང་གི་ལར་ཞེན་དང་མངོན་འདོད་ལ་ལྟོས་མེད་ཀྱིས་རང་ངོ་རང་གིས་ཟིན་དགོས་ཤིང་། རང་ལྗིད་རང་གིས་ལོན་དགོས་པའི་གྲ་སྒྲིག་སྡུག་ས་ནས་བྱས་སྐབས། གཞོན་ནུ་ལྷན་ཚོགས་ཀྱིས་གསར་འགོད་ལྷན་ཚོགས་བསྡུས་ཏེ་རང་གཞུང་གི་མཚན་གནས་རིན་པོ་ཆེའི་མཉམ་རྒྱལ་གླུ་རྒྱལ་རྟགས་སོགས་ཀྱང་ཉར་ཚགས་དོ་ནན་གྱིས་མ་འོངས་པའི་བོད་རྒྱལ་ཁབ་གསར་བར་འབུལ་རྒྱུའི་གཡར་དམ་བརྟན་པོར་བཅས་པ་ན། དབུ་མ་པ་རེ་ཤོས་ཀྱིས་ཚོགས་པ་རང་གི་དམིགས་དོན་ལམ་ལ་ཞུགས་སྟངས་ནོར་མེད་པའི་ཡི་གེ་བྲིས་པ་ཁོ་བོས་མཐོང་ལ། སྐབས་དེར་མི་དེ་དག་གི་བྱེད་སྟངས་ཀྱིས་ཀླད་པའི་མཁའ་ཁྱོན་ཆེ་དགོས་པའི་སྐུལ་ལྕག་འདྲ་ཞིག་ཐེབས་མྱོང་།
འོན་ཀྱང་། ཡིད་སྐྱོ་བའམ། ཀུན་གྱིས་གླེང་བྱར་གྱུར་བའི་ཝ་ཞིན་གྲོན་གྱི་དུས་དབང་ཀྱང་སྒྲིབ་ལ་བྱས་པའི་གཞོན་ལྷན་གྱི་ ” བོད་གཞུང་འཁོད་པའི་སྟོད་གོས་ ” དེས། བོད་ཕྱི་ནང་གཉིས་སུ་བཤད་རྒྱུ་གླེང་རྒྱུ་མང་དག་ཅིག་བཞག་རྗེས་གནད་དོན་དེ་གཉའ་ཞུམ་ཞུམ་དུ་གྱུར་སོང་བ་རེད། གནས་ཚུལ་དེའི་མདོ་རྩ་ཚོགས་པ་ཞིག་དང་གང་ཟག་གཅིག་བར་གྱི་ལས་དོན་བྱེད་ཕྱོགས་འདྲ་བོ་ཞིག་གིས་རྩོད་པ་རྒྱགས་བཞིན་མོད། དོན་དངོས་པོའི་ཁུངས་ཐུག་ས་ནི། གཞོན་ནུ་ལྷན་ཚོགས་ཀྱི་རེ་ཤོས་ལ་དོགས་པ་རྣམ་རྟོག་ཆེ་དྲག་པས་ལན་པ་རེད་ལ། གསར་འགོད་པ་གྲགས་ཅན་སྐལ་ལྡན་བློ་གྲོས་ནི། ཆབ་སྲིད་ཐད་ཚོར་སྐྱེན་ཟབ་མོ་ཅན་ཞིག་དང་གསར་འགོད་ལས་རིགས་ནང་ནས་ཁོང་གི་ཆབ་སྲིད་རིགས་ཤེས་ནི་འགུལ་བསྐྱོད་མྱུར་བ་ཞིག་ཀྱང་རེད། ཁོས་བཅའ་འདྲི་བྱས་པ་ན་གཞན་ལས་གནད་རྩར་རེག་ཐུབ་ཅིང་། གནད་དོན་གྱི་ཁ་དཀྲི་སྟངས་དང་། རྩ་བ་ཡན་ལག་གི་རྒྱས་བསྡུས་འཚམས་པའི་དྲི་བ་གཏོང་སྟངས་ཀྱང་མ་འདྲ་བ་ཞིག་ཡོད། བོད་ནང་གི་བོད་མི་ཚོར་མཚོན་ན། ལྷག་པར་དུ་ཅུང་དོ་སྣང་ཅན་གྱི་བོད་མི་ཚོར་མཚོན་ན། གསར་འགོད་པ་ཁོས་བོད་དོན་ཞིབ་རྒྱས་གླེང་སྟེ་བཞག་པའི་བག་ཆགས་དེ་འདྲ་ཞིག་གཞོན་ནུ་ལྷན་ཚོགས་ཀྱིས་གླེང་རྒྱུ་བརྒྱུད་ལམ་གྱིས་ཡོང་གི་མེད། གཞོན་ལྷན་བོད་ནང་དུ་སྐད་གྲགས་ཆེན་པོ་ཡིན་ཡང་། གསར་འགོད་པ་ཁོ་ལྟར་ཉིན་རེའི་བོད་མི་ཚོའི་འཚོ་བའི་ནང་མཉམ་ཞུགས་བྱེད་ཐུབ་ཀྱི་མེད། གནད་དོན་དེས་ཉེ་འཆར་གྱི་གླེང་རྙོག་དེའང་། ཅུང་ཁྱབ་རྒྱ་ཆེ་བའི་ཐོག་ནས་བོད་མི་ཚོའི་རྣ་སྒོར་འགྲིམས་ཡོད།
གསར་འགོད་པ་ཁོང་ལ་མཚོན་ན། དྲི་བ་གཏོང་དུས་རྒྱབ་ལྗོངས་ཀྱི་གནས་སྟངས་ལ་རྒྱུས་མངའ་དམིགས་བསལ་བྱེད་མཁན་ཞིག་ཡིན་པ་ཡོངས་གྲགས་རེད། ཁོང་གི་དྲི་བས་ཆབ་སྲིད་ཀྱི་མྱོང་གོམས་ཆེན་པོ་མེད་མཁན་དག་རླུང་ལངས་བཅུགས་པ་ཉུང་ཉུང་མ་རེད། ཁོང་གི་དྲི་བ་ནི་མ་བསམས་ས་ནས་གཏོང་གི་ཡོད་ལ། མཚམས་རེར་ལྟོས་ཚོད་ཀྱིས་གནད་དོན་ཆུང་ཚགས་ཡིན་ཡང་། ཁ་ཐུག་ལན་མ་རྙེད་པར་ལྐུགས་འགྲོ་བའི་མགྲོན་པོའང་ཁ་ཤས་བྱུང་ཡོད། དེང་སང་སྤྱི་འཐུས་ཡིན་པའི་བུད་མེད་གངས་ལྷ་མོ་ཟེར་བ་དེར། ཉེ་སྔོན་” ཁྱེད་རང་སྤྱི་འཐུས་ལ་ག་རེ་བྱས་ནས་ལངས་པ་ཡིན་ ” དྲིས་པས། བུད་མེད་དེ་འདྲོག་ཙམ་དང་རླུང་ལངས་ཙམ་བྱས་ནས་ལན་བསྐྱོན་སོང་། ད་དུང་ཉིན་ཞིག་རས་དམར་པོའམ་ཡོངས་གྲགས་སུ་བསྟན་འཛིན་བརྩོན་འགྲུས་ཀྱང་ལན་མེད་པའམ་ཡོད་པ་ལན་ཙམ་ཡིན་པའི་གནས་བབ་ཐོག་བསྐྱལ་མྱོང་མཁན་ཞིག་རེད། ཁོང་གིས་འདི་ལྟར་སྡིངས་ཆར་གདན་འདྲེན་ཞུས་པའི་སྐུ་མགྲོན་དག་ལ་གཟབ་མནན་གྱིས་དྲི་བ་གཏོང་བ་ནི་ངས་གནད་དོན་གླེང་མོལ་ལ་ཉན་པའི་མྱོང་ཚོར་ཞིག་ཀྱང་ཡིན་ལ། འདིའི་ཁྲོད་དུ་ཁོང་ལ་གནད་དོན་གཙོ་བོ་ཡིན་པ་ལས། གང་ཟག་དེའི་ལྟ་གྲུབ་གཙོ་བོ་ཡིན་པ་ངེད་ནས་དྲི་ཙམ་ཚོར་མེད་ཅེ་ན་ཕལ་ཆེར་རྫུན་དུ་མི་འགྲོ དཔེར་ན་ཁ་སང་བཀའ་ཁྲི་སྐུ་ཞབས་བློ་སེང་ལ་བཏང་བའི་དྲི་བ་དེས་ཀྱང་མཚོན་ཐུབ།
འོན་ཀྱང་། གཞོན་ལྷན་གྱི་ཚོགས་གཞོན་དོན་གྲུབ་ལྷ་དར་ལགས་ཀྱིས་དོགས་པ་རྒྱུན་མར་བཅངས་ཏེ། གོ་སྐབས་དེ་ཐོབ་མཚམས་ལམ་སེང་རྒྱ་མིར་ཁ་རྡུང་གཏོང་སྲོལ་གྱི་ལན་འདེབས་གསར་འགོད་ལྷན་ཚོགས་ཐོག ཚིག་སྦྱོར་ཚུན་ཆད་ནས་འཇིགས་སྐུལ་ཧང་སང་དགོས་པ། བླ་འདར་དགོས་པ་དེ་འདྲ་འཐེན་སོང་། དེ་ཡང་བླ་འདར་དོན་ནི་ཡིད་ཆེས་ཡོད་ལ་ལོ་རྒྱུས་ཅན་གྱི་ཚོགས་པ་ཞིག་གི་རྣམ་ཤེས་ཉིད་བྱེད་སྟངས་ཐབས་ཆག་དེ་འདྲ་ཞིག་ལ་བརྟན་ཡོད་སྟབས་མི་རྣམས་ཧད་པར་གྱུར་ཞིང་། འཇིགས་ཞུམ་བྲལ་བའི་སྐྱེས་བུ་དག་གིས་ལམ་སེང་གནས་ལུགས་ཀྱིས་བྲག་རོང་དུ་དེད་པ་ན། ཁོང་ཚོ་སྔར་ལས་རྣམ་རྟོག་ལུང་པ་གང་ལངས་ཡོད་ཤས་ཆེ་མོད། བྱ་བྱེད་དེ་འདྲ་ཡིན་པའི་ཚོགས་པ་ཞིག་གནས་དང་མ་གནས་ལའང་ཁྱད་པར་ཆེན་པོ་ཞིག་གང་དུ་སྲིད་དམ།
འདི་ནི་ངས་གཞོན་ལྷན་གྱི་གསར་དུ་བྱུང་བའི་བྱ་སྤྱོད་ཅིག་དང་། གང་ཟག་ཅིག་གི་གཉའ་གཅོག་ཐུབ་ལ་དྲངས་པའི་ལངས་ཕྱོགས་ཀྱི་ཞེ་འཁོན་དྲུངས་ནས་དཔྱུངས་བ་ཡིན་མོད་ཀྱང་། མི་རེ་ཤོས་ཀྱིས་གཞོན་ལྷན་གྱི་ནང་ཁུལ་གྱི་གཏི་ཐུག་གི་མཐུན་འབྲེལ་དང་ཆིག་སྒྲིལ་རྣམས་ཞིབ་གླེང་མི་བྱེད་པ་ཅི་ཡིན་ཞེ་ན། དེ་ནི་ངས་བརྩི་བཀུར་ཙམ་གྱི་ཁྱབ་ཁོངས་སུ་བཞག་ནས་གནས་སྐབས་གླེང་བར་མི་བྱའོ།
དེས་ན་ལངས་ཕྱོགས་ཞེ་འཁོན་གྱི་ནང་འཁྲུག་རྒྱགས་པའི་ལག་རྡོ་ཉི་འཚེ་བ་དག་ནས་དྲངས་པའི་མཐོ་སར་རྔམ་རྫིག་གིས་ཡིན་པར་རློམ་པ་དག་གི་ཀླད་པ་ཁ་ཁར་གཏོར་བའི་ལེའུ་དེ་གསུམ་པའོ།

སྣ་ཚོགས།

Post navigation

Previous Post: རྩོམ་བསྡུའི་བརྡ་ཡིག
Next Post: བུ་མོ་དམར་ཧྲེང་མར་ཁྲིད་པ།

Comments (3) on “ལངས་ཕྱོགས་ཀྱི་ན་ཚས་མིའི་གཉའ་གཅོག་སྟངས།”

  1. པཀྵི says:
    2011-08-13 at 10:09 am

    འངྲེ་མགོ་རྡོས་བཤད་པ་ལ་གནས་ལུགས་དང་རྒྱུ་མཚན་ཡོད་མེད་ལ་མ་ལྟོས་བར། རང་གི་ལངས་ཕྱོགས་དང་ལྟ་བ་རང་གིས་མཐོང་བའི་རྒྱུ་མཚན་དང་གནས་ལུགས་དང་སྦྲགས་གསལ་བཤད་གནང་བ་དང་མཉམ་དུ། ཕ་རོལ་བོ་ལ་མ་དགའ་བའམ་མ་གུས་པའི་ཟུར་ཟ་དང་། གཞོགས་སློང་། འཕྱ་སྨོད་དང་། ངན་སྨྲས་ལྟ་བུ་གང་ཡང་མེད་པར་རྩོམ་ཡིག་ཧྲིལ་པོ་ལྷག་བསམ་ལ་རྒྱབ་བཅོལ་ཞིང་། བདེན་དྲང་དང་གུས་ཞབས་མདུན་དུ་བཤམས་ནས་རང་གི་བསམ་ཚུལ་ནན་བརྗོད་གནང་བ་ནི་ང་ཚོ་ཚང་མར་ཆགས་དགོས་པའི་གོམས་གཤིས་གལ་ཆེན་ཞིག་རེད། གཞན་གྱི་ལངས་ཕྱོགས་དང་ལྟ་བ་རང་དང་མི་མཐུན་པའི་ཆ་ནས་ངན་སྨྲས་དང་ཟུར་ཟ་བྱེད་པ། གཞན་གྱི་ཆོས་ལུགས་དང་ཆོས་རྒྱུད་རང་དང་མི་མཐུན་པའི་ཆ་ནས་མཐོང་ཆུང་དང་དམའ་འབེབས་བྱེད་པ་སོགས་ང་ཚོའི་རྩོམ་པ་པོའི་སྡེ་ན་ཉུང་ཉུང་རེད་མི་འདུག་པས་ངེས་པར་བློ་ཕམ་དགོས་པ་ཞིག་རེད། སུས་ཀྱང་སུ་ལ་སྐྱོན་བརྗོད་དང་ཡོ་སྲང་བྱས་ཆོག་ལ་བྱེད་དགོས་པ་ཞིག་ཀྱང་རེད། སྐྱོན་བརྗོད་དང་མཚང་འབྱིན་མེད་པའི་སྤྱི་ཚོགས་དེ་ནི་ནམ་ཡང་རྗེས་ལུས་ཡིན། ཡིན་ནའང་། སྐྱོན་བརྗོད་དེ་གུས་ཞབས་དང་ནམ་ཡང་ཁ་འབྲལ་མི་རུང་ལ། མཚང་འབྱིན་དེ་འགན་ཁུར་དང་གཏན་དུ་གྱེས་མི་རུང་། གུས་ཞབས་བྲལ་བའི་སྐྱོན་བརྗོད་ནི་ངན་སྨྲས་དང་ཟུར་ཟ་སོགས་ཡིན་ལ། འགན་ཁུར་མེད་པའི་སྐྱོན་བརྗོད་ནི་དཀྲུག་ཤིང་ངམ་འཐོར་ཞིག་རེད། དེས་ན་ཚད་གཞི་འདི་འདྲ་ཞིག་གཞི་ལ་བཞག་ནས་ང་ཚོས་རྩོམ་ཡིག་ཅིག་ཀློག་པའི་དབང་དུ་བཏང་ན། ང་ཚོས་ཕར་ཚུར་གཉིས་ཀའི་མི་གཤིས་སམ་མི་གཞི་ངོ་མ་དེ་མཐོང་ཐུབ་ངེས་རེད།།

  2. ཚོགས་ཆེན་ says:
    2011-08-13 at 11:26 am

    ཡག་པོ་བྲིས་འདུག་རྗེས་སུ་ཡིད་རངས་ཞུའོ།

  3. གསེར་འབྲུག་སྡེར་ལྔ་ says:
    2011-08-13 at 9:22 pm

    འདྲེ་མགོ་ཅན་འདི་འཐབ་ཕྱོགས་གཅིག་བསྒྱུར་པུའི་ཟིན་བྲིས་པའམ་རྩོམ་བྲིས་པ་ཡེ་རྡོར་ནང་བཞིན་དབུ་མའི་ལས་འགུལ་ཁང་གི་ཟིན་བྲིས་པའམ་རྩོམ་བྲིས་པ་ཞིག་ཡིན་པར་སྣང་། རྒྱུ་མཚན་རང་བཙན་ལངས་ཕྱོགས་ལ་རྒོལ་བའི་རྩོམ་འཆལ་རྒྱུན་མཐུད་སྤེལ་བས་ཕྱིར། ཁྱོད་དེ་ལྟར་རྩོམ་འཆལ་སྤེལ་འདོད་ན་ལམ་དབུ་མའི་བྱུང་རིམ་ནང་རྒྱ་བོད་འབྲེལ་ལམ་གྱི་མཇུག་འབྲས་སྐོར་དང་དབུ་ལམ་པས་རང་སྐྱོང་མངོན་འདོད་ཀྱི་ཡིག་ཆ་དེ་ཀྲུང་ནན་ཧེའེ་ནས་ངོས་ལེན་ཡོད་མེད། དེས་བོད་ནང་གི་ཛ་དྲག་གནས་སྟངས་ཆུང་དུ་འགྲོ་གི་ཡོད་མེད་སོགས་མདོར་ན་ཁ་ཀྲུང་ནན་ཧེའེ་ལ་བསྐོར་ནས་གནས་ལུགས་རྒྱུ་མཚན་ལྡན་པའི་སྒོ་ནས་དགག་གཞག་གི་དཔྱད་རྩོམ་འདྲ་སྤེལ་ན་དགའ་བསུ་འཐོབ་ངེས། དེ་ལྟར་དབུ་ལམ་པ་དང་རང་བཙན་པ་གཞི་གཅིག་ཏུ་གནས་ཡོད། རྒྱུ་མཚན་དབུ་ལམ་པས་རང་སྐྱོང་མངོན་འདོད་ཀྱི་ཡིག་ཆ་དེ་ཀྲུང་ནན་ཧེའེ་ནས་ངོས་ལེན་ནམ་ཡང་མི་བྱེད་མཁར། ངོ་བོ་བསྒྱུར་བའི་རང་བཙན་དང་། རྣམ་པ་མི་གསལ་བའི་རང་བཙན། ཕྱེད་རང་བཙན་ཞེས་རང་བཙན་རྣམ་པ་དུ་མར་དབྱེ་འདུག། མ་ཟད་ཉེ་འཆར་འཐབ་ཕྱོགས་གཅིག་བསྒྱུར་པུའི་རྩོམ་ཡིག་གཅིག་ནང་ཏཱ་ལའི་བླ་མ་ཁོང་སྐུ་སྒེར་གྱི་སྐུ་ཚབས་དང་ལྷན་དུ་གྲོས་མོལ་བྱེད་པ་མ་གཏོགས་ཡུལ་གྱར་སྒྲིག་འཛུགས་ནམ་ཡང་ངོས་ལེན་མེད་ལ་ནམ་ཡང་གྲོས་མོལ་བྱེད་ཀྱི་མེད། འོན་ཀྱང་ཡ་མཚན་པ་ཞིག་ལ་སྐུ་ཚབས་ཚོགས་པ་ཕྱིར་འཁོར་བ་དང་ཕྱི་རྒྱལ་བ་ཚོར་ཡུལ་གྱར་སྲིད་གཞུང་གི་མགྲིན་ཚབ་པ་ཡིན་མདོག་བྱེད་པ་ནི་སོ་སོས་སོ་སོར་མགོ་བསྐོར་གཏོང་གི་འདུག་ཞེས་གསལ་གསལ་ཐིང་ཐིང་ལབ་འདུག། གང་ལྟར་ཀྲུང་ནན་ཧེའེ་ནས་ཏཱ་ལའི་བླ་མ་སྐུ་སྒེར་དང་ཁོང་དང་ཉེ་བའི་མི་ཁ་ཤས་ཀྱི་གནད་དོན་མ་གཏོགས་གླེང་གི་མེད་པ་ནི་དངོས་ཡོད་གནས་ཚུལ་རེད། འོ་ན་ཏཱ་ལའི་བླ་མ་སྐུ་སྒེར་དང་ཁོང་དང་ཉེ་བའི་མི་ཁ་ཤས་ཞེས་པའི་དཀྱིལ་འཁོར་རྭ་བ་དེའི་ནང་འདྲེ་མགོ་ཅན་ཁྱེད་ཚུད་ཨེ་ཡོད། ངས་བལྟས་ན་དཀའ་མོ་རེད། ཡང་གཅིག་བཤད་ན་སྐལ་ལྡན་བློ་གྲོས་ཞེས་པའི་གསར་འགོད་པ་དེ་གསར་འགོད་རིག་པའི་གཞུང་ལུགས་ལ་བྱང་ཆུབ་པ་དང་མི་དེ་དམིགས་བསལ་ཁྱད་ཆོས་ཅན་ཞིག་ཡོད་ན། ཨ་རི་ཚད་མཐོའི་དམངས་གཙོ་དང་རང་དབང་ལྡན་པའི་རྒྱལ་ཁབ་དེའི་ནང་《བོད་གཞུང་དགའ་ལྡན་ཕོ་བྲང་ཕྱོགས་ལས་རྣམ་རྒྱལ་》ཞེས་བྲིས་པའི་སྟོད་ཐུང་ཞིག་གི་དོན་དུ་སྐུ་སྒེར་དྲུང་ཆེ་རྒྱབ་བརྟེན་ཡོད་མདོག་དང་ཉེན་རྟོག་པ་བོས་ནས་འཇིགས་བསྐུལ་བྱེད་པའི་བྱ་སྤྱོད་ངན་པ་འདི་སྤེལ་དགོས་དོན་མེད་ལ་གཞོན་ནུ་ཚོས་ཁྲིམས་འགལ་གྱི་ནག་ཚོང་བརྒྱབ་མེད་ལ་དམངས་གཙོ་དང་རང་དབང་ལྡན་པའི་རྒྱལ་ཁབ་དེའི་ནང་ནག་ཚོང་མིན་པའི་ཚོང་ག་རེ་ཡིན་ཡང་བརྒྱབ་ཆོག་ལ་ཉེན་རྟོག་བོས་དགོས་དོན་དེ་བས་མེད། གལ་སྲིད་ཉེན་རྟོག་བོས་ནས་སླེབས་ན་ཡང་འཇིགས་བསྐུལ་བྱེད་སྟངས་ལ་བལྟས་ན་སྐལ་བློ་རང་ཉིད་ཁྲིམས་འགལ་ལ་འགྱུར་ངེས། མ་ཟད་ཨ་རིའི་ས་ཆའི་སྟེང་གི་ཁྲོམ་ར་དེ་སྐལ་བློ་གཅིག་པུར་དབང་བ་ནི་ཡིན་རྒྱུ་མ་རེད་པ། སྐལ་བློའི་གསར་འགོད་རིག་པའི་ཡོན་ཏན་གླེང་བ་མ་གཏོགས་ཁོ་པའི་བྱ་སྤྱོད་ངན་པ་དེ་མི་གླེང་བར་དག་འབུད་བྱེད་སྟངས་དེ་དེ་འདྲའི་སྐྱོ་བ་ལ། མ་གཞི་ནད་རྙིང་འདི་ཡར་དྲུད་ནས་གཞོན་ནུའི་ལྟ་གྲུབ་ལ་རྒོལ་སྟངས་འདི་ཁྱོད་ལ་དགོས་པ་རྒྱུ་མཚན་དམིགས་བསལ་བ་ཞིག་ཡིན་རྒྱུ་རེད་ལ་གུང་ཁྲན་འཐབ་ཕྱོགས་གཅིག་བསྒྱུར་པུའི་བཀོད་མངགས་ཡིན་རྒྱུ་མ་རེད་པ????????????

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme