Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ལང་ཚོའི་རྦབ་ཆུ་དང་སྦྱར་ཏེ་སྲིད་སྐྱོང་བློ་བཟང་སེང་གེར་ཕུལ་བའི་སྙན་ངག

Posted on 2011-11-272011-11-29 By ཁ་བརྡ་ 48 Comments on ལང་ཚོའི་རྦབ་ཆུ་དང་སྦྱར་ཏེ་སྲིད་སྐྱོང་བློ་བཟང་སེང་གེར་ཕུལ་བའི་སྙན་ངག

སྒྲོལ་མ་སྐྱབས་། པུར་མིང་ལ་ཅོག་རོང་གི་མྱི་།
སྐུ་ཞབས་དོན་འགྲུབ་རྒྱལ་རྗེས་སུ་དྲན་པ་དང་ཁོང་གི་བརྩམས་ཆོས་ལང་ཚོའི་རྦབ་ཆུའི་བརྗོད་བྱ་ཀ་དག་དེ་འབུར་དུ་འདོན་ཞོར་སྲིད་སྐྱོང་བློ་བཟང་སེང་གེ་ལ་བཀྲ་ཤིས་བདེ་ལེགས་ཀྱི་རྟེན་འབྲེལ་དང་སྦྲགས། དེང་གི་དུས་འདིར་དཀའ་ངལ་ཕྲད་བཞིན་པའི་ཁོང་དཔོན་གཡོག་ལྷན་རྒྱས་རྣམ་པར་སེམས་ཤུགས་སྤེལ་བའི་ཕྱིར་སྙན་ངག་ལྟར་སྣང་འདི་བྲིས་པ་ཡིན། ནོངས་པ་ཇི་མཆིས་མཁས་པ་དག་གི་སྤྱན་སྔར་མཐོལ་ལོ་བཤགས།

བྱམས་ཤིང་བརྩེ་བའི་༧ཡིད་བཞིན་ནོར་བུ།

མཁས་ཤིང་འཇོན་པའི་ཟམ་གདོང་བླ་མ

བཀའ་དྲིན་ཆེ་བའི་འཕགས་ཡུལ་མང་ཚོགས།
གཏོང་ཕོད་ལྡན་པའི་རྒྱ་གར་སྲིད་གཞུང་།
ལས་ལ་བརྩོན་པའི་བཙན་བྱོལ་མི་མང་།
ཚུལ་ཁྲིམས་ལྡན་པའི་གདན་ས་འདུ་སྡེ།
ཨེ་མ།
དེ་ལས་ཀྱང་ཉམས་དགའ་བ་ནི།
བཙན་བྱོལ་སྲིད་ཀྱི་བྲག་ངོས་གཟར་བོ་ན།

གཡུ་རལ་རྒྱས་བཞིན་པའི་བློ་བཟང་སེང་གེ་རེད།

ལྟོས་དང༌།
བོད་ལ་སྲི་ཞུ་སྒྲུབ་འདོད་ཀྱི་ལྷག་བསམ་དཀར་ལ་དྲི་མ་མེད་ལ།
འགྲུབ་བཞིན་པའི་འཕྲིན་ལས་ནི་ཕུང་གསུམ་ལྗོན་ཤིང་གི་གཡུར་འབྲས
དགོས་འདོད་འབྱུང་བའི་དངོས་གྲུབ།
ཕན་བདེ་ཀུན་གྱི་གཞི་མ།
རྒྱལ་མཚན་རྩེ་མོའི་དཔུང་རྒྱན།
ཉོན་དང༌།
སེང་གེ་ཡི་ང་རོ་གསལ་ཞིང་དོན་སྙིང་ལྡན་ལ།
ཤེ་མོང་གཏའ་བའི་སྐད་འབོད་ནི་ནམ་མཁའི་ཐོག
དབྱར་སྐྱེས་རྔ།
གཡུལ་ལས་རྒྱལ་བའི་སྒྲ།
ཡིད་སེམས་གསོས་པའི་དབྱངས།

ཀྱེ། འདི་ནི་རང་བཞིན་གྱི་སྲིད་སྐྱོང་དཀྱིས་མ་ཞིག་མ་ཡིན་ཏེ།
བརྗིད་ཅིང་རྔམ་པའི་ཉམས།
འཇིགས་པ་མེད་པའི་སྙིང༌།
ཞུམ་པ་མེད་པའི་དཔའ།
དར་ཞིང་རྒྱས་པའི་ལུས།
ཀ་བ་གསུམ་ལྡན་གྱི་གཞུང་།
མང་མོས་སྤྱི་མོས་ཀྱི་འཁོར།
འདི་ནི—

བོད་གངས་ཅན་གྱི་གཞོན་ནུ་རྣམས་ཀྱི་སྙིང་སྟོབས་མཚོན་བཞིན་པའི་སྲིད་སྐྱོང་སེང་གེ་རེད།
འདི་ནི—

དུས་རབས་ཉེར་ཅིག་གི་གཞིས་བྱེས་བོད་མི་རྣམས་ཀྱི་

གསར་གཏོད་ཀྱི་སྙིང་སྟོབས།
འཐབ་འཛིང་གི་ཉམས་འགྱུར།
མང་གཙོ་ཡི་གླུ་སྒྲ་རེད།

ཀྱེ་ཀྱེ། བློ་བཟང་སེང་གེ་ཡ།
སྲིད་སྐྱོང་སེང་གེ།
ཁྱེད་ལ་འཇིགས་པ་མེད་པའི་སྙིང་སྟོབས་དང༌།
—ཞུམ་པ་མེད་པའི་སྤོབས་པ།
—ཉམས་པ་མེད་པའི་ཟིལ་ཤུགས།
—འཛད་མཐའ་མེད་པའི་སྟོབས་ཤུགས་འདི་ལྟ་བུ་ཞིག་
ཇི་ལྟར་རྒྱས་པ་ཡིན།
རེད་ལགས།
སྲིན་པོ་གདོང་དམར་གྱི་ཁྲག་རྒྱུན།
སྟག་ཤར་རྒོད་པོའི་སྙིང་ལྕགས།

སྐྱེས་ཆེན་དམ་པའི་ཤེས་རྒྱུན།
སྙིང་རྗེ་ཆེན་པོའི་སྲོག་ཤིང་།
གཞན་ཡང༌།

རོང་བ།འབྲོག་པ།རྔོན་པ།དགེ་སློང་ཕོ་མོ།ཚོང་བ།སློབ་མ།བླ་མ།སྐུ་དྲག།མི་དཔོན།ཕྱུག་པོ།སྦྲང་བོ།

གྲ་ལོག

མདོར་ན།
བཀྲ་ཤིས་པའི་མྱི།
—དགེ་ལེགས་འབྱུང་བའི་མྱི།
—དོན་འགྲུབ་པའི་མྱི།
—དབང་བོ་ཚང་བའི་མྱི།
—ཕུན་སུམ་ཚོགས་པ་མྱི་སྟེ
ཡོང་ས་མི་གཅིག་མདོ་དབུས་ཁམས་གསུམ
རིགས་རུས་མི་གཅིག་བསེ་དམུ་ལྡོང་སྟོང་།
ཁྱེད་ནི་བོད་མྱི་མཐུན་སྒྲིལ་མཚོན་པའི་སེང་གེ་ཞིག་ཡིན་པས།
སྲིད་དོན་གྱི་གཡང་གཟར་ལ་གདོང་ལེན་པར་ཕོད།
ཁྱེད་ནི་ཤར་ནུབ་ཡོངས་འདུས་ཀྱི་སྲིད་སྐྱོང་ཞིག་ཡིན་པས།
བོད་འབངས་ངམ་གྲོག་གི་གནས་བབས་ལས་སྐྱོབས་པར་སྤོབས།
ཁྱེད་ལ་གསར་བྱུང་གི་བསམ་བློ་བསྡུ་བའི་སྤོབས་པ་དང་ལྡན་པས།
ཁྱེད་ཀྱི་བློ་རྒྱ་ཆེ་ཞིང་ལུས་སྟོབས་དར་ལ་ཟིལ་ཤུགས་ཆེ།
ཁྱེད་ནི་ཁེངས་པ་སྤངས་ཤིང་དྲེགས་པའི་དྲི་མ་མེད་པས།
ཁྱེད་ཀྱི་ཕྱི་ཐག་རིང་ལ་ཐེག་པ་ཆེ།

ཁྱེད་ལ་སྙིགས་མ་འདོར་ཞིང་སྙིང་བཅུད་གཞིབ་པའི་ནུས་པ་དང་ལྡན་པས།
ཁྱེད་ཀྱི་ལུས་སེམས་གཙང་ལ་ལང་ཚོའི་དཔལ་ཡོན་རྒྱས།
སྲིད་སྐྱོང་ཡ།
ཁྱེད་ནི་ལོ་རྒྱུས་ཀྱི་དཔང་བོ་དང༌།
མ་འོངས་པའི་ལམ་འདྲེན་རེད།
ཁྱེད་ཀྱི་དྲི་མ་བྲལ་བའི་མཛད་པ་རེ་རེ་ནང་དུ།
གངས་ཅན་བོད་ཀྱི་འཕེལ་འགྲིབ་འཁོད་ཡོད་ལ།
ཁྱེད་ཀྱི་ལྷད་མ་ཞུགས་པའི་གསུང་བཤད་རེ་རེ་ནང་དུ།
བསིལ་ལྡན་ཁ་བའི་ལྗོངས་ཀྱི་དར་རྒུད་འདུས་ཡོད།
ཁྱེད་མེད་ན།
བཙན་བྱོལ་བོད་མིས་བློ་ཕུགས་སུ་ལ་གཏོད།
ཁྱེད་མེད་ན།
གཞིས་བཞུགས་བོད་མིས་རེ་བ་སུ་ལ་འཆའ།
ཁྱེད་མེད་ན།
མང་གཙོ་ལམ་ལུགས་དར་མི་ཐུབ་ལ།
རྒན་མོས་གསེར་ཁུར་གྱི་སྤྱི་ཚོགས་ཀྱང་བསྐྲུན་མི་སྲིད།
གཅིག་བྱས་ན—
ཁྱེད་ཀྱི་ཆུ་ཤེལ་དང་འདྲ་བའི་སེམས་ལའང་།
མྱི་ཁའི་རྨ་ཁ་དང་།
ཕུ་ནུ་ནང་རྩོད་ཀྱི་ནད་རོ།
ཆོས་སྲིད་ཟུང་འབྲེལ་གྱི་བག་ཆགས།
རྙིང་ཞེན་གྱི་དུག་རྒྱུན་སོགས་མཆིས་ཀྱང་སྲིད་མོད།
ཡིན་ན་ཡང༌།
ཁྱེད་ལ་ལང་ཚོའི་རྔམ་བརྗིད་དང་སྐྱེས་སྟོབས་ཀྱི་དཔལ་དང་ལྡན་པས།
མ་རུང་ནང་དགྲས་ཁྱེད་ཀྱི་སེམས།
—ཡོངས་སུ་ཕམ་པར་བྱེད་གོ་སྐབས་ནི་ནམ་ཡང་མ་མཆིས་ལ།

ལོ་རྒྱུས་ཀྱི་རྐྱེན་ངན་གྱིས་ཁྱེད་ཀྱི་འཕྲིན་ལས།
—ལན་བརྒྱར་བཀག་ཀྱང་ཁོག་པའི་ངེས་པ་ནི་དེ་བས་ཀྱང་ག་ལ་ཡོད།
རྒྱུ་མཚན་ནི—
ཁྱེད་ནི་བོད་མི་འབུམ་ཕྲག་དྲུག་ཅུའི་ཕྱོགས་ནས་ལངས་ཤིང་།
ཁྱེད་ཀྱི་སྨོན་ལམ་འཛམ་གླིང་ཞི་བདེ་ལ་འདྲིས་ཡོད་པས་ཕྱིར།
ཁྱེད་ཀྱི་ལྷག་བསམ་ཟོལ་མེད་ཀྱི་དམ་བཅས།
ང་ཚོ་ལ་གཟི་བརྗིད་དང་ལ་རྒྱ་གནང་བ་དང༌།
ཁྱེད་ཀྱི་དུས་རབས་ཀྱི་རྒྱང་འབོད་ཀྱིས།
ང་ཚོ་ལ་སྐུལ་མ་དང་སྟོབས་ཤུགས་བསྩལ་བྱུང༌།
གསན་བྱུང་ངམ—སྲིད་སྐྱོང་ལགས།
བོད་གངས་ཅན་གྱི་གཞོན་ནུ་རྣམས་ཀྱི་དྲི་བ་འདི་དག་
ཁྱེད་ཀྱིས་གསན་པ་ཨེ་བྱུང༌།
ཆོལ་གསུམ་སྲིད་ཀྱི་རྟ་མཆོག་ལ་སྐོམ་པས་གདུང་ན་ཇི་ལྟར་བྱ།
གཞིས་བྱེས་བོད་མིར་འབྱོར་བའི་ཚ་བས་གཙེས་ན་ཇི་ལྟར་བྱ།
ཞང་བོ་ཙི་ན་ཡིས་དམག་གིས་གཟིར་ན་ཇི་ལྟར་བྱ།
རིག་གཞུང་གི་བུ་ཆུང་ད་ཕྲུག་ཏུ་ལུས་ན་ཇི་ལྟར་བྱ།
སྣོད་བཅུད་ཀྱི་ཕ་ཤུལ་སྟོངས་པར་བསྔོགས་ན་སུ་ཡིས་སྲུངས།
མང་གཙོའི་གཞོན་ནུ་མག་པར་ལེན་ན་གྲ་སྒྲིག་ཇི་ལྟར་བགྱིད།
ཚན་རྩལ་གྱི་བུ་མོ་བག་མར་བསུ་ན་ཁྱོ་བོ་སུ་ཡིས་བྱ།
ལགས་སོ—སྲིད་སྐྱོང་ལགས།
ཁྱེད་ཀྱི་གསལ་དག་སྙན་གསུམ་གྱི་དམ་འབུལ་ལས་བྱུང་བའི་ལན་དེ་དག
—ང་ཚོའི་སེམས་སུ་རྡོ་ལ་རི་མོ་བརྐོས་པ་ལྟར་བཟུང་ཡོད།
ངོ་མ།
མཚར་སྡུག་འོད་སྟོང་འབར་བའི་སྔོན་ཆད་ཀྱིས་ད་ལྟའི་ཚབ་བྱེད་མི་རུང་ལ།
བ་ཚྭའི་དྲི་དང་འགྲོགས་པའི་ཁ་སང་གིས་དེ་རིང་གི་སྐོམ་པ་ག་ལ་སོད།
རྙེད་པར་དཀའ་བའི་ལོ་རྒྱུས་ཀྱི་བེམ་པོའི་ལུས་པོ་ལ།
དུས་དང་མཐུན་པའི་སྲོག་གི་དབང་བོ་མ་ཞུགས་ན།
ཡར་རྒྱས་ཀྱི་འཕར་རྩ་ལྡིང་མི་སྲིད་ལ།
སྔོན་ཐོན་གྱི་སྙིང་ཁྲག་རྒྱུ་མི་ཐུབ་ཅིང༌།
མདུན་བསྐྱོད་ཀྱི་གོམ་པ་ནི་དེ་བས་ཀྱང་ངོ༌།
ཀྭ་ཡེ། སྲིད་སྐྱོང་ལགས།
ཁྱེད་ཀྱི་དོན་ལ་གནས་པའི་བཀའ་མཆུད་དང་།
ལས་སུ་རུང་བའི་མཛད་འཆར་ལས།
ང་ཚོ་སྟེ།
—བོད་གངས་ཅན་གྱི་མི་རབས་གསར་རྙིང་གི་སྟོབས་ཤུགས་མཚོན་པ་དང༌།
ཁྱེད་ཀྱི་དཀའ་ངལ་དེང་ལེན་གྱི་བརྩོན་འགྲུས་དང་།
ཕུན་སུམ་ཚོགས་པའི་ནོར་བདུན་ལས
ང་ཚོ་སྟེ།
—བོད་གངས་ཅན་གྱི་མི་རབས་གསར་རྙིང་གི་ཕུགས་བསམ་མངོན་འདུག
རྙེང་ཞེན། བག་འཁུམ། རྨོངས་དད། ལེ་ལོ… …
ང་ཚོའི་མི་རིགས་འདིར་འཇུག་ཡུལ་གཏན་ནས་མེད།
རྗེས་ལུས། ཀླ་ཀློ། མུག་ནག ལོག་སྤྱོད… …
ང་ཚོའི་དུས་རབས་འདིར་གནས་ས་ཡེ་ནས་མེད།
སྲིད་སྐྱོང་ཡ་སྲིད་སྐྱོང་།
ང་ཚོའི་སེམས་ནི་ཁྱེད་ཀྱི་འགྲོས་དང་བསྟུན་ནས་གཡོ་བ་དང༌།
ང་ཚོའི་ཁྲག་ཀྱང་ཁྱེད་ཀྱི་རྒྱུན་དང་འགྲོགས་ནས་བཞུར་གྱིན་ཡོད།
མ་འོངས་པའི་ལམ་ཁར—
ཀྱག་ཀྱོག་སྔར་ལས་ཆེ་ན་ཡང༌།
བོད་ཀྱི་གཞོན་ནུ་རྣམས་འཇིགས་པའི་གོ་སྐབས་བྲལ་ཞིང༌།
ང་ཚོས་རང་རེའི་མི་རིགས་འདིར།
མདུན་བསྐྱོད་ཀྱི་ལམ་གསར་བ་ཞིག་འབྱེད་ངེས་ཡིན།
ལྟོས་དང༌།
གྲལ་འགྲིག་པའི་རུ་དཔུང་དེ་ནི།
བོད་མགོ་ནག་སྤྱི་བོ་གནམ་བསྟན་རེད།
ཉོན་དང༌།
འགྲོས་མཉམ་པའི་གླུ་སྒྲ་དེ་ནི།
ཡི་གེ་ཨ་ལི་ཀ་ལིའི་རང་སྒྲ་རེད།
འོད་གསལ་གྱི་ལམ་ཆེན།
གཟི་བརྗིད་ཀྱི་ལས་འགན།
བདེ་སྐྱིད་ཀྱི་འཚོ་བ།
འཐབ་འཛིང་གི་གླུ་དབྱངས།
སྲིད་སྐྱོང་སེང་གེ་ཡི་སེམས་ཤུགས་ལ་ཡལ་བ་མེད་ཅིང་།
བོད་ཀྱི་བསྟན་སྲིད་ནི་དེ་བས་ཀྱང་ཉམས་པ་མེད།
འདི་ནི—
བོད་གངས་ཅན་གྱི་རྒན་གཞོན་རྣམས་ཀྱི་གདམ་ཀ་ལས་བྱུང་བའི་སྲིད་སྐྱོང་བློ་བཟང་སེང་གེ་རེད།
འདི་ནི—
བོད་གངས་ཅན་གྱི་གཞོན་ནུ་རྣམས་ཀྱི་སེམས་ན་འགྱིངས་བའི་སྲིད་སྐྱོང་སེང་གེ་རེད།

སྙན་ངག

Post navigation

Previous Post: ཁྱོད་ལ་ཐོབ་ཐང་དགོས་ན། ང་ལ་ཐོབ་ཐང་སྤྲོད་དགོས་པ་དེ་ཡང་ཤེས་ན་འགྲིག་གི
Next Post: མི་གྲངས་ལྔ་བརྒྱའི་སྦས་སྐུང་༼གནས་བསྐོར་༽དང་དེའི་ནག་ཉེས།

Comments (48) on “ལང་ཚོའི་རྦབ་ཆུ་དང་སྦྱར་ཏེ་སྲིད་སྐྱོང་བློ་བཟང་སེང་གེར་ཕུལ་བའི་སྙན་ངག”

  1. ཀརྡོ་རབ་འབྱམས་པ་ says:
    2011-11-28 at 1:59 am

    བཀའ་ཁྲི་བློ་བཟང་སེང་གེར་ཕུལ་བའི་སྙན་ངག་གི་བརྗོད་དོན་ལྟར་དེ་དེ་བཞིན་དུ་འདོད་འགྲུབ་པའི་སྨོན་འདུན་བཅས། འོནད་ཀྱང་འདིར་ཞུ་འདོད་པ་ནི། མང་གཙོའི་ལས་ཀ་མཐོ་དམའི་དབང་གིས་ལས་བྱེད་མཐོ་དམའ་ཡོད་པ་ཙམ་ལས། “དཔོན་གཡོག་”ཅེས་པ་ཞིག་མེད་པ་དེ་ཡང་ཤེས་དགོས་འདུག་ལགས། སྲིད་སྐྱོང་རྒྱལ་འགྱུར་ཅིག །

  2. མིག says:
    2011-11-28 at 3:17 am

    མཐུན་པར་གྱུར་ཅིག་རེ་བའང་འགྲུབ་པར་ཤོག

  3. རལ་པ། says:
    2011-11-28 at 3:32 am

    སྲིད་སྐྱོང་བློ་བཟང་སེང་གེ་ལགས་རྣམ་པ་ཀུན་ཏུ་རྒྱལ་གྱུར་ཅིག སྲིད་སྐྱོང་བློ་བཟང་སེང་གེ་ལགས་རྣམ་པ་ཀུན་ཏུ་རྒྱལ་གྱུར་ཅིག
    སྲིད་སྐྱོང་བློ་བཟང་སེང་གེ་ལགས་རྣམ་པ་ཀུན་ཏུ་རྒྱལ་གྱུར་ཅིག སྲིད་སྐྱོང་བློ་བཟང་སེང་གེ་ལགས་རྣམ་པ་ཀུན་ཏུ་རྒྱལ་གྱུར་ཅིག སྲིད་སྐྱོང་བློ་བཟང་སེང་གེ་ལགས་རྣམ་པ་ཀུན་ཏུ་རྒྱལ་གྱུར་ཅིག སྲིད་སྐྱོང་བློ་བཟང་སེང་གེ་ལགས་རྣམ་པ་ཀུན་ཏུ་རྒྱལ་གྱུར་ཅིག སྲིད་སྐྱོང་བློ་བཟང་སེང་གེ་ལགས་རྣམ་པ་ཀུན་ཏུ་རྒྱལ་གྱུར་ཅིག སྲིད་སྐྱོང་བློ་བཟང་སེང་གེ་ལགས་རྣམ་པ་ཀུན་ཏུ་རྒྱལ་གྱུར་ཅིག སྲིད་སྐྱོང་བློ་བཟང་སེང་གེ་ལགས་རྣམ་པ་ཀུན་ཏུ་རྒྱལ་གྱུར་ཅིག སྲིད་སྐྱོང་བློ་བཟང་སེང་གེ་ལགས་རྣམ་པ་ཀུན་ཏུ་རྒྱལ་གྱུར་ཅིག སྲིད་སྐྱོང་བློ་བཟང་སེང་གེ་ལགས་རྣམ་པ་ཀུན་ཏུ་རྒྱལ་གྱུར་ཅིག སྲིད་སྐྱོང་བློ་བཟང་སེང་གེ་ལགས་རྣམ་པ་ཀུན་ཏུ་རྒྱལ་གྱུར་ཅིག

  4. སྣྲོན་ངག་ཁྲི། says:
    2011-11-28 at 3:52 am

    མཁྱེན་ཡངས་སྐུ་ཞབས་རྩོམ་པ་པོ་སྒྲོལ་མ་སྐྱབས་ལགས།།

    ྐསྙན་ངག་འདིའི་དཔེ་དོན་སྦྱར་སྟངས་དང་། རྩོམ་དཔེ་འེདམས་སྟངས་། རྩོམ་ཉམས་འདོན་སྟངས་བཅས་དུས་ལ་བབ་པར་བསྔགས་བརྗོད་དང་རྗེས་སུ་ཡི་རངས་ཞུ་བ་དང་བཅས་ཁྱེད་ཀྱི་མངོན་འདོད་ཆིག་སྒྲིལ་དང་བོད་མིའི་ལ་རྒྱ་གོང་མཐོར་གཏོང་བ་སོགས་བདེ་ལེགས་ངང་མྱུར་དུ་གོང་འཕེལ་ཡོང་བའི་སྨོན་འདུན་ཞུ་རྒྱུ་དང་། གོང་དུ་ཁྱེད་ཀྱིས་༼སྲིད་སྐྱོང་བློ་བཟང་སེང་གེར་བཀྲིས་བདེ་ལེགས་དང་སྦྲག། དེང་གི་དུས་སུ་དཀའ་ངལ་ཕྲད་བཞིན་པའི་ཁོང་དཔོན་གཡོག་ལ་སེམས་ཤུགས་སྤེལ་བའི་ལྟར་སྣང་གི་སྙན་ངག་། ༽ཅེས་པ་འདི་ཁེངས་སྐྱུང་གནང་བ་ཞིག་ཡིན་ནམ་ཡང་ན་བརྗོད་བྱ་དང། བརྗོད་བྱེད་ཡོངས་རྫོགས་ལ་ལྡོག་ཕྱོགས་ཀྱི་གོ་བ་ལེན་དགོས་པའི་སྙན་ངག་ཞིག་ཡིན་།གསལ་བཤད་ཞིག་གནང་རོགས།
    དགོས་པའི་

  5. གཞིས་ཆགས་བུ། says:
    2011-11-28 at 4:21 am

    སྙན་མོའང་འདུག་ལ། བརྗོད་དོན་ཀྱང་ཟབ། འདོད་དོན་དང་རེ་སྨོན་དེ་དག་ལྷུན་གྱིས་གྲུབ་པར་སྨོན། །

  6. ཀླུ་སྨྱོན། says:
    2011-11-28 at 4:45 am

    ཚིག་གཉིས་ལྷག་འདུག
    “བཀའ་ཁྲིས་བོད་ཡིག་ཡག་པོ་ཀློག་མ་ཤེས་ན་ཇི་ལྟར་བྱ།”
    བཀའ་ཁྲིའི་དམ་འབུལ་ཉིན་བོད་ཡིག་ཡག་པོ་ཞིག་ཀློག་རྒྱུར་སྐུ་ངལ་འཕྲད་པ་ལ་གོ
    བཀའ་ཁྲིས་བཀའ་ཁྲིར་ལང་དུས་ཀྱི་དམ་བཅའ་མ་བརྩིས་ན་ཇི་ལྟར་བྱ།
    དམ་བཅའ་ནི་གལ་སྲིད་ང་ལ་བཀའ་ཁྲི་ཐོབ་ན་བཀའ་བློན་སེར་མོ་ཞིག་དང་བོད་ནས་ཕེབས་པ་ཞིག་(སྐབས་འདིར་གསར་འབྱོར་ལ་གོ་)བསྐོ་གི་ཡིན་ཞེས་དུས་བབ་གསར་ཤོག་གི་དྲི་བ་བཅུའི་སྐབས་སུ་ཁས་ལེན་བྱས་རྗེས་སེ་འབྲས་དགེ་གསུམ་དང་གསར་འབྱོར་བའི་འོས་ཤོག་མང་པོར་བརྟེན་ནས་བཀའ་ཁྲི་ཐོབ་སྟེ་བཀའ་བློན་འདེམ་དུས་རྐང་རྗེས་ལག་བསུབ་ཏུ་གྱུར་པ་ལ་གོ་དགོས། 

  7. བཀྲ་ཤིས་ཚེ་རིང་། says:
    2011-11-28 at 5:24 am

    ཀྱེ་ཀྱེ། ཡིན་ནའང་། དེ་ལས་ཀྱང་སྐྱོ་དགོས་པའང་ཆར་རྗེས་ཀྱི་ཤ་མོ་བཞིན་གདའ་སྟེ
    གཉའ་ཁྲིའི་བུ་རབས་ནས་༧རྒྱལ་མཆོག་བསྟན་འཛིན་རྒྱ་མཚོ
    ད་དུང་མཁས་པའི་དབང་བོ་ཟམ་གདོང་བའི་བར
    བོད་ལ་ཁྱེད་ལྟ་བུ་བོད་རྩི་མེད་པའི་དབུ་ཁྲིད་ཅིག་མ་བྱུང་ལ
    བོད་ཀྱི་ཕ་སྐད་དང་བོད་ཀྱི་ཡི་གེར་ནག་ཁུངས་ཡིན་པའང
    སེང་གེར་འབོད་པའི་ཕོ་གསར་ཁྱེད་གངས་སེང་མ་ཆགས་པའི་རྒྱུ་རྐྱེན་རེད་འདུག་ལ
    ད་དུང་གཞིས་ལུས་བོད་མི་ཚོས
    ཁྱེད་ཀྱི་བོད་གདངས་དང་ བོད་དྲི་ཡོད་ཚད་འཆར་སྣང་དང་རྟོག་བཏགས་ཀྱིས་བཟུང་ཡོད་པས
    ཁྱེད་ཀྱིས་བཀའ་ཤག་ཡིག་ཚང་དུ
    མཁས་པ་གནམ་གྱི་ཀ་བ་དང་
    ཞབས་ཞུ་ལྷག་བསམ་ཟོལ་མེད
    ཆིག་སྒྲིལ་རྡོ་རྗེ་ཕ་ལམ་དག་གདན་འདྲེན་ཞུས་ན་ཆོག་ཀྱང་
    དེའང་ཁྱེད་ཀྱིས་མ་གནང་བར
    ཁྱེད་ཀྱི་བཀའ་ཤག་ཏུ་དགའ་ཉེ་ཐབས་ཟད་ཀྱི
    གཟུགས་སྒྲོམ་ཞིག་བྲིས་འདུག་པས་ཀྱང་
    ང་ཚོ་ཞེད་ཅིང་སྐྱོ་ལ
    ཁྱེད་ཀྱང་ནོངས་ལ་སྙིང་ཁམས་མི་བདེ་བ་ཞིག་ཅིས་ཀྱང་ཡིན་མོད
    འུ་ཚོས་ད་དུང་ཆིག་སྒྲིལ་དང་
    རང་འགོ་རང་ཐོན་འདྲ་ཨེ་ཡོང་
    ཡིད་ཆད་བཞིན་ལྟོས་མི་ཆོག་གམ
    ཀྱེ་ཀྱེ གངས་སེང་མིན་པའི་སེང་གེ་ལགས

  8. ཀླུ་སྨྱོན། says:
    2011-11-28 at 5:58 am

    བཀའ་ཁྲི་འདིས་མི་ལ་འབྲེལ་བ་བཟོ་སྟངས་དེ་བཤད་བདེ་བོ་དང་གཤིབ་བདེ་བོ་ཞིག་འདུག་པ་འདིས་རྒྱལ་སྤྱིའི་དབུ་ཁྲིད་ཕན་ཚུན་བར་འབྲེལ་བ་བཟོ་སྟངས་ལས་སླ་རུ་འགྲོ་སྲིད། འདི་ནི་ངས་བཀའ་ཁྲི་འདིའི་སྟེང་ནས་མཐོང་བའི་ཡོན་ཏན་ཞིག་ཡིན། 

  9. སད་ན་ལེགས says:
    2011-11-28 at 6:39 am

    བོད་མི་རེ་རེས་མ་འཇོན་ན།། སྐྱབས་བཀའ་ཁྲིར་བཅོལ་བ་ལས་ཀྱི་ཐ།།

    བློ་བཟང་སེང་གེ་དང་། འཇམ་དབྱངས་ནོར་བུ། བསྟན་འཛིན་བརྩོན་འགྲུས། བསྟན་རྡོར། བཀྲས་མཐོང་ལྷ་སྒྲོན། ལ་སོགས་ཀྱིས་མཚོན་པའི་བོད་དོན་འཐབ་རྩོད་པ་དག་གི་ཕྱི་ནང་གི་ཆ་གང་ལ་བལྟས་ཀྱང་། བོད་མིའི་ངོ་བོ་རང་བཙན་གྱི་ཆ་ཤས་ནི་དབུགས་ཆད་ཟིན་འདུག
    བོད་མིའི་ངོ་བོ་རང་བཙན་ཟེར་བ་ནི་བོད་ཀྱི་རིག་གནས་སྟེ། བོད་རང་གི་ངོ་བོ་གཞན་དང་འདྲེས་པར་རང་རྐྱ་ཐུབ་པའམ་རང་བཙན་གྱི་རྣམ་པར་ཡོད་པ་ལ་གོ་དགོས། འདིས་ནི་བོད་རང་བཙན་གྱི་རྒྱ་ཆའི་ཕྱེད་ཟིན་ཡོད།
    ངས་བལྟས་ན། མི་འདི་ཚོས་ཐོག་མར་ཁ་ཞེ་གཉིས་མེད་ཀྱིས་བོད་ཡིག་མི་ཤེས་ན་གསར་དུ་སློབ་པ་དང་། འབྲི་ཀློག་ཙམ་ཤེས་ན་ཇེ་བཟང་དུ་བཏང་ནས། ཁ་ཡོད་ལག་ཡོད་དུ་འཇོན་ཆོག་ཆོག་གི་བྱ་བཞག་འདི་བསྒྲུབས་རྗེས། ད་གཟོད་རྒྱ་ནག་གི་ཁ་གཏད་དུ་འགྲེང་ན། ངོ་བོའི་ཆ་ནས་རྒྱ་རྒྱ་དང་བོད་བོད་ཡིན་པ་ལ་གོ་རྒྱུ་རེ་ལོས་ཡོད་སྙམ། དེ་མིན་རྒྱ་ནག་གཞུང་གིས་ཁོ་ཚོ་བོད་ཡིན་པར་རྩི་བའི་ཆ་རྐྱེན་མེད་པས། བོད་རང་བཙན་ནམ་རང་སྐྱོང་གི་སྐད་ཆ་བཤད་པའི་འོས་བབ་མི་འདུག་ཟེར་མི་སྲིད་པ་ག་ལ་ཡིན།
    འདི་ཚོ་མང་ཆེ་ཤོས་ཀྱིས་དེང་རབས་ཀྱི་ཤེས་ཡོན་འབྱོར་མདོག་དང་བློ་བསྐྱེད་གསར་བ་ཡོད་མདོག་གིས་གཏམ་བཤད་མཁས་ཀྱང་། དོན་ངོ་མར་ཁོ་ཚོ་ཡི་མུག་པའི་གནས་སུ་ལྷུང་འདུག མདོར་དྲིལ་ན། བོད་མི་ཚང་མས་རི་བོང་ཅར་འདྲོགས་མ་ཡིན་པར་ཁོང་ཚོའི་ཤེས་འཇོན་དང་བསམ་བློ་ལ་བློ་གཟུར་པོས་བརྟག་དགོས་སོ།།

  10. སད་ན་ལེགས says:
    2011-11-28 at 6:48 am

    ༼ནོར་བཅོས་དང་ལྷན་དུ་བསྐྱར་འདོན་བྱས་པས་དྲ་བདག་གིས་མཆན་སྔོན་པ་དེ་བསུབ་རོགས༽

    བོད་མི་རེ་རེས་མ་འཇོན་ན།། སྐྱབས་བཀའ་ཁྲིར་བཅོལ་བ་ལས་ཀྱི་ཐ།།

    བློ་བཟང་སེང་གེ་དང་། འཇམ་དབྱངས་ནོར་བུ། བསྟན་འཛིན་བརྩོན་འགྲུས། བསྟན་རྡོར། བཀྲས་མཐོང་ལྷ་སྒྲོན་ལ་སོགས་ཀྱིས་མཚོན་པའི་བོད་དོན་འཐབ་རྩོད་པ་དག་གི་ཕྱི་ནང་གི་ཆ་གང་ལ་བལྟས་ཀྱང་། བོད་མིའི་ངོ་བོ་རང་བཙན་གྱི་ཆ་ཤས་ནི་དབུགས་ཆད་ཟིན་འདུག
    བོད་མིའི་ངོ་བོ་རང་བཙན་ཟེར་བ་ནི་བོད་ཀྱི་རིག་གནས་སྟེ། བོད་རང་གི་ངོ་བོ་གཞན་དང་མ་འདྲེས་པར་རང་རྐྱ་ཐུབ་པའམ་རང་བཙན་གྱི་རྣམ་པར་ཡོད་པ་ལ་གོ་དགོས། འདིས་ནི་བོད་རང་བཙན་སྤྱིའི་རྒྱ་ཆའི་ཕྱེད་ཟིན་ཡོད།
    ངས་བལྟས་ན། མི་འདི་ཚོས་ཐོག་མར་ཁ་ཞེ་གཉིས་མེད་ཀྱིས་བོད་ཡིག་མི་ཤེས་ན་གསར་དུ་སློབ་པ་དང་། འབྲི་ཀློག་ཙམ་ཤེས་ན་ཇེ་བཟང་དུ་བཏང་ནས། ཁ་ཡོད་ལག་ཡོད་དུ་འཇོན་ཆོག་ཆོག་གི་བྱ་བཞག་འདི་བསྒྲུབས་རྗེས། ད་གཟོད་རྒྱ་ནག་གི་ཁ་གཏད་དུ་འགྲེང་ན། ངོ་བོའི་ཆ་ནས་རྒྱ་རྒྱ་དང་བོད་བོད་ཡིན་པ་ལ་གོ་རྒྱུ་རེ་ལོས་ཡོད་སྙམ། དེ་མིན་རྒྱ་ནག་གཞུང་གིས་བོད་དོན་འཐབ་རྩོད་པ་ཁོང་ཚོ་བོད་ཡིན་པར་རྩི་བའི་ཆ་རྐྱེན་མེད་པས། བོད་རང་བཙན་ནམ་རང་སྐྱོང་༼གཙོ་བོར་བོད་ཀྱི་ཐུན་མོང་མིན་པའི་རིག་གནས་ཀྱི་ཆ་ལ་གོ༽གི་སྐད་ཆ་བཤད་པའི་འོས་བབ་མི་འདུག་ཟེར་མི་སྲིད་པ་ག་ལ་ཡིན།
    འདི་ཚོ་མང་ཆེ་ཤོས་ཀྱིས་དེང་རབས་ཀྱི་ཤེས་ཡོན་འབྱོར་མདོག་དང་བློ་བསྐྱེད་གསར་བ་ཡོད་མདོག་གིས་གཏམ་བཤད་མཁས་ཀྱང་། དོན་ངོ་མར་ཁོ་ཚོ་ཡི་མུག་པའི་གནས་སུ་ལྷུང་འདུག མདོར་དྲིལ་ན། བོད་མི་ཚང་མས་རི་བོང་ཅལ་འདྲོགས་མ་ཡིན་པར་ཁོང་ཚོའི་ཤེས་འཇོན་དང་བསམ་བློ་ལ་བློ་གཟུར་པོས་བརྟག་དགོས་སོ།།

  11. ཨ་ར་དཀར་པོ says:
    2011-11-28 at 6:50 am

    བཀའ་ཁྲིས་བོད་ཡིག་ཤེས་ནི་ཤེས་ཀི བྱང་ཆ་དེ་ཙམ་མེད་པ་ཙམ་རེད། དེ་ལ་སྐྱོན་ཆེར་མ་མཐོང་། སྔོན་གྱི་དམ་བཅའ་ཇི་བཞིན་མ་བརྩིས་པར་ཡང་གུ་ཡངས་ཐེངས་གཅིག གཙོ་བོ་སེམས་ཤུགས་དང་ལྷག་བསམ འཇོན་ཐང་སོགས་ཡོད་ན་འགྲིག་འདུག དེ་མིན་ཡོན་ཏན་ཐམས་ཅད་ཚང་བསྡད་པ་སྐྱོན་ཕྲ་མོ་ཙམ་ཡང་མེད་མཁན་ཞིག་ད་ལྟའི་དུས་འདིར་དཀོན་པོ་རེད། སྲིད་སྐྱོང་རྒྱལ་གྱུར་ཅིག

  12. མིག says:
    2011-11-28 at 8:59 am

    མི་ཁག་ཅིག་གིས་དོན་སྙིང་མེད་པའི་རྩོད་པ་དང་། དོན་སྙིང་མེད་པའི་རྙོག་དྲ་ནམ་ཡང་སློང་གིས།
    བོད་ཡིག་མ་ཤེས་པར་སྐྱོན་ཞིག་མ་མཐོང་། སྲིད་སྐྱོང་གི་བྱ་བཞག་བོད་ཡིག་འདོན་པ་དང་། འབྲི་བ་དེ་མ་རེད།
    མདོར་ན་བོད་རྒན་ཚོས་བོད་ཡིག་མ་ཤེས་ན་ཞབས་འདྲེན་རེད།
    ངོ་མ་དོན་སྙིང་བརླག་འདུག

  13. ཆོས་འཕེལ་དར་རྒྱས་ says:
    2011-11-28 at 9:59 am

    ཨ་རོ་དྲ་གྲོགས་ཚོ།
    སྲིད་སྐྱོང་བཀའ་བློན་དང་འཇམ་དབྱངས་ནོར་བུ་སོགས་བོད་ཡིག་ཤེས་ལ་མགོ་འཁོར་བ་དེ་དགོད་ཤོར་ས་ཞིག་རེད། ང་ཚོས་འབྱོན་ན་སོ་སོའི་ཐད་ནས་ལས་འགུལ་སྤེལ་དང་བཀག་འགོག་གནང་མཁན་མི་འདུག གཞན་ལ་ལྟ་བའི་མིག་ཡོད་ན་རང་ལ་ལྟ་བའི་མེ་ལོང་དགོས་ཟེར་བ་དེ་རེད། ཁྱེད་ཚོ་བོད་སྐད་དང་བོད་ཡིག་ལ་ཐོག་པ་མེད་མཁན་ཚོས་ག་རེ་འབྱོན་ཡོད།
    སྐྱབས་བཅོལ་བོད་པའི་སྤྱི་ཚོགས་ནང་སྐད་ཆ་འདི་འདྲ་ཞིག་ཡོད་པ་ཕྱོགས་གཅིག་ནས་བདེན་པ་རེད་འདུག།
    བོད་འབྱོར་ཨ་མདོ་གསར་བ་ཕྱེད་ཁས་དབྱིན་མོའི་ལྐུབ་ལ་རྒྱུག་པ་དང་ཕྱེད་ཁས་བོད་སྐྱབས་བཅོལ་གཞུང་ལ་ཁ་གཏོང་བའི་རྩོམ་རེ་བྲེས་ནས་ཡོད་རེད་ཟེར།

  14. སྣྲོན་ངག་ཁྲི། says:
    2011-11-28 at 10:49 am

    ༡༽བོད་མི་ཞིག་ཡིན་པའི་ཆ་ནས་བོད་ཀྱི་ཆོས་དང་རིག་གཞུང་ལ་དོ་སྣང་དང་ཞེན་ཁོག་མེད་མཁན་ཞིག་ཡིན་ན་
    དེས་བོད་རྒྱལ་ཁབ་དང་མི་དམངས་པ་བཅངས་པའི་བརྩེ་སེམས་དེ་ཡང་བཅོས་མའི་
    རྣམ་འགྱུར་ཙམ་དུ་ཟད་དོ། ༢༽རང་ཉིད་ལ་རང་གི་ཕ་སྐད་དང་ཡིག་གེའི་རང་དབང་མ་ཐོབ་ན་གཞན་རང་
    གི་ཡུལ་དང་མི་དམངས་ཇི་ལྟར་སྐྱབས་ཐུབ་བམ།
    ༣༽༸པཎ་ཆེན་སྐུ་ཕྲེང་བཅུ་པ་མཆོག་གིས་༼བོད་པའི་འགོ་ཁྲིད་ཡིན་ན་ངེས་པར་དུ་བོད་ཀྱི་སྐད་དང་ཡི་གེ་ཤེས་དགོས་པས་བོད་ལ་ཡོད་པའི་རྒྱ་མིའི་འགོ་ཁྲིད་ལས་བྱེད་ཚོས་ཀྱང་ངེས་པར་དུ་བོད་ཀྱི་སྐད་ཡིག་དང་བོད་ཀྱི་ཡུལ་སྲོལ་གོམས་གཤིས་ཤེས་པ་གལ་ཆེན་
    པོ་ཡིན་༽ཞེས་པའི་རྒྱུ་མཚན་གང་ཡིན་ནམ།།

  15. སྣྲོན་ངག་ཁྲི། says:
    2011-11-28 at 10:55 am

    ནོར་བཅོས། རང་གི་ཕ་སྐད་དང་སྐད་ཡིག་གི་རང་དབང་མ་ཐོབ་ཚེ།ཞེས་བཅོས་གནང་རོགས།

  16. ཨ་ར་དཀར་པོ says:
    2011-11-28 at 11:43 am

    བཀའ་ཁྲི་བློ་སེང་གིས་བོད་ཡིག་ཤེས་ཀི མ་ཎི་འདོན་ཀི བོད་ལྭ་གོན་ཀི བོད་སྐད་བཤད་ཀི ད་འགྲིག་གི་པྰ།

  17. སྤོབས་པ་མཐའ་ཡས། says:
    2011-11-28 at 11:52 am

    བཀའ་ཁྲིས་བོད་ཡིག་ཡག་ཐག་ཆོད་ཤེས་གི་འདུག སྤྱིར་ན་བློ་བཟང་སེང་གེ་ཟེར་བ་འདིའི་རིག་པ་ཧ་ལས་པ་ཅན་ཞིག་ཡིན་པར་ཐེ་ཚོམ་མི་འདུག མི་འདི་ལ་ཡོན་ཏན་མང་པོ་འདུག གཏམ་བཤད་སོགས་ལ་རྒྱལ་ཁབ་གང་གི་དབུ་ཁྲིད་ཡིན་ཡང་གཏམ་བཤད་རྩོམ་མཁན་མི་གཞན་ཡོད་པ་བཞིན་ང་ཚོའི་བཀའ་ཁྲི་ལ་ཡང་ཡོད་ན་དེ་དགོས་པ་ཞིག་རེད།
    བཀའ་བློན་གྱི་གྲས་སུ་བླ་གྲྭ་མ་བསྐོས་པ་དེ་ངས་ཧ་ཅང་ཡག་པོ་མཐོང་གིན་ཡོད།

  18. ལུང་རྟོགས། says:
    2011-11-28 at 12:02 pm

    མི་འགའ་རེས་སྲིད་སྐྱོང་བློ་བཟང་སེང་གེ་ལགས་ནས་བོད་ཡིག་མི་ཤེས་རབས་བཤད་བཞིན་འདུག་ཀྱང་། བཙན་བྱོལ་གྱི་སློབ་གྲྭ་འགྲིམ་མཁན་ཞིག་གི་ངོས་ནས་བཤད་ན་ཁོང་གི་བོད་ཡིག་གི་གནས་ཚད་ནི་ཧང་སང་དགོས་པའི་ཡག་པོ་རེད། མ་གཞི་བོད་ཡིག་ཀློག་སྐབས་ཆུ་རྒྱུག་རྒྱུག་མིན་པར་ཐག་ཐོག་ཅུང་ཟད་ཡོད་པ་བདེན་ན་ཡང་། བདེན་སའི་དགེ་བཤེས་དེ་ཚོས་ཀྱང་མི་མང་ཁྲོད་བོད་ཡིག་ཀློག་སྐབས་ཐག་ཐོག་ཅུང་ཟད་འདུག་ན་ཁོང་ལ་ཁག་ཅི་ཡོད། ཁྱེད་ཚོས་བསམ་བློ་ཡག་པོ་ཐོང་དང་བཙན་བྱོལ་ཁྲོད་ཀྱི་བོད་ཡིག་སློབ་གྲྭ་ཁ་ཤས་ཡོད་པ་ཕུད་པའི་སློབ་གྲྭ་གཞན་ནས་ཐོན་མཁན་ཁྲོད་ཁོང་གི་བོད་ཡིག་གི་གནས་ཚད་ལས་ལྷག་པའི་མི་གཅིག་སྟོན་རྒྱུ་ཨེ་ཡོད་། སྐད་ཆ་སོམ་ནས་ཤོད། རྩམ་པ་ལྡད་ནས་མིག

  19. སྤོབས་པ་མཐའ་ཡས། says:
    2011-11-28 at 12:08 pm

    བཀའ་ཁྲི་ཨ་མཆོད་ལ་ནི་འགྲོ་མི་དགོས། བོད ཡིག་ཀློག་མགྱོག་ནས་ག་རེ་བྱེད། སྤྱིར་བོད་ཡིག་ཀློག་ནི་ཤེས་གི་འདུག

  20. རིག་པའི་མེ་ལྕེ། says:
    2011-11-28 at 12:43 pm

    བཀའ་ཁྲི་བློ་སེང་གིས་མ་ཎི་འདོན་པ་ཚོ་གོ་མ་སོང་སྟེ། བོད་ལ་གྱོན་ཡོད་པ་མཐོང་སོང་། བོད་ཡིག་གསུང་དུས་དབུ་ཇེ་དམའ་ཇེ་དམའ། དབུགས་ཇེ་ཐུང་ཇེ་ཐུང་། སྤྱན་ཇེ་ཆུང་ཇེ་ཆུང་འདྲ་ཞིག་རེད་འགྲོ་ཀི་སྟེ། ABC ལ་ཐུག་དུས་ཕ་བཟང་གི་བུ། ཡ་ཐོད་དབུ་འཕང་མཐོ་ཀི གསུང་གི་ང་རོ་མཙན་ཀི སྤྱན་གྱི་གཟིགས་སྟངས་དང་ལུས་ཀྱི་འགྱིང་སྟངས་དེ་ཚོ་ལ་བལྟས་ན་དངོས་གནས་སེང་གེ་ཟེར་བ་འདི་འདྲ་ཞིག་མིན་ན་ཇི་འདྲ་ཞིག་ཡིན་བསམ་བསམ་ཞིག་འདུག་གོ། སྤྱིར་བོད་རིགས་སྤུན་ཟླ་ཚོ་ལ་ཨ་གསར་ཆེ་ཐོག ད་རེས་ཀྱི་སེང་གེ་འདི་ནི་བོད་ཀྱི་ལོ་རྒྱུས་ནང་དུ་འབུར་དུ་ཐོན་པའི་ཁྲི་བ་ཡིན་སྟབས། བཀའ་ཁྲི་གར་ཕེབས་ཀྱི་མདུན་དུ་བུས་མོ་བཙུགས་ཏེ། རྔ་མ་གཡུག་རྒྱུ་མེད་ཀྱང་མདུན་སོ་བསྟན་ནས་འཛུམ་དམུལ་དམུལ་གྱིས་བཀའ་ཁྲིར་བཅར་བའི་སྤུན་ཟླ་ཚང་མའི་ཞལ་རས་ལ་གཉེར་མས་གང་ནས་རྒས་ཉམས་བཞེས་འདུག། བུ་རེ་བ་ཅན་ལ་རེ་བཞག གོས་རི་མོ་ཅན་ལ་རྒྱང་བལྟས་ཟེར་བའི་དཔེ་རེད།
    ཁ་བཤད་གཏམ་ལ་མཁས་པ་རེད་འདུག
    ལག་ལེན་དོན་གྱི་སྙིང་པོས་འཇའ་ཚོན་གྱི་རྗེས་སུ་བསྙེག་ན་ཇི་ལྟར་བྱ།
    ཆོལ་གསུམ་བོད་མིའི་བར་ལ་ཕྱོགས་ཞེན་གྱི་ཕྱག་ལས་གནང་ན་ཅི་ཞིག་བྱེད།
    འབྲས་བུ་མཐོང་རྒྱུ་མེད་པར་ལོ་དང་ཟླ་བ་འདས་ན་རེ་བ་སུ་ལ་བཅོལ།
    ད་ཡང་ཅོང་བརྡས་བསྐུལ་ནས་འགྲོ་རན་སོང་བས་བསམ་ཚུལ་ཚང་མ་འབྲི་ལོང་མ་བྱུང་་་་་་་་་་་་

  21. ཟླ་ཟེར། says:
    2011-11-28 at 1:02 pm

    སྲིད་སྐྱོང་མཆོག་གིས། ཨ་རི་དང་ཡོ་རོབ་སོགས་ཀྱི་རྒྱལ་སྤྱིའི་གར་སྟེགས་ན། བོད་དོན་ཚ་བེར་བེར་འདྲ་ཞིག་བཟོས་སོང་། མི་འདི་ལ་ཤེས་འཇོན་ལྷག་བསམ་བླ་མེད་ཅིག་འདུག འདི་འདྲ་ཡིན་ཀྱང་དགོས་སྟེ། ཧ་ཝར་སློབ་གྲྭ་ན་མི་ལོ་བཅུ་དྲུག་ཙམ་སྦྱང་བཤད་མཐར་ཕྱིན་པ་བྱས་པའི་ཕྱིར།

  22. འཇམ་དབྱངས། says:
    2011-11-28 at 2:07 pm

    བློ་བཟང་སེངྒེས་གསུང་བཤད་རྙིང་པ་རྣམས་བསྐྱར་བཟློས་ཡང་བཟློས་བྱས་ན་ཇི་ལྟར་བྱ།
    བློ་བཟང་སེངྒེ་ལ་བོད་ཀྱི་རྒྱལ་རབས་ཀྱི་ཟབ་ས་ནས་གསུང་བཤད་གནང་རྒྱུ་མེད་ན་ཇི་ལྟར་བྱ།
    དེ་རིང་ང་ཚོས་ཟམ་གྱི་གདོང་ཅན་ཡང་ཡང་དྲན་པར་ཇི་ལྟར་བྱ།
    ཟམ་གྱི་གདོང་ཅན་དང་སེངྒེའི་གདོང་ཅན་གཉིས་ལ་གནམ་ས་ལྟ་བུའི་ཧེ་བག་འདུག་ན་ཇི་ལྟར་བྱ།

  23. ཨ་ར་དཀར་པོ says:
    2011-11-28 at 2:17 pm

    ཇི་ལྟར་བྱ་ཡ་ཇི་ལྟར་བྱ།
    མུག་ཤི་བགྲང་ཡ་མུག་ཤི་བགྲང་།
    ཡང་ནས་ཡང་དུ་མུག་ཤི་བགྲང་།
    ཁ་ཐོགས་ཚད་ཀྱིས་མུག་ཤི་བགྲང་།
    དེ་མིན་ཐབས་གཞན་ཅི་ཞིག་ཡོད’
    མ་རེད་དམ། ཧཧཧ

  24. མི་རྐང་གླིང་བུ། says:
    2011-11-28 at 2:24 pm

    བཀའ་ཁྲིས་བོད་ཡིག་ཀློག་མི་ཤེས་ཟེར་བ་འདི་ཁས་ལེན་བྱེད་ཐུབ་ས་མ་རེད། ཨ་མཆོད་འགྲོ་དགོས་ཀྱང་སྣང་རྟགས་མི་འདུག ད་ལྟ་བོད་ཡིག་མི་ཤེས་འདུག་ཟེར་མཁན་ཚོ་གོང་ས་མཆོག་གི་མདུན་ནས་ཡིག་ཕྲེང་ཁ་ཤས་བཀླག་བཅུག་ན་གཞི་ནས་ཤེས་ཡོང་། སྤྱིར་ན་ང་ཚོའི་སྤྱི་ཚོགས་ནང་དུ་དབྱིན་ཡིག་མཁན་ཞིག་དང་། བོད་ཡིག་རྐྱང་པ་ཤེས་མཁན་ཞིག་གཉིས་ལས་གཞུང་གི་ལས་ཀ་བྱེད་མཁན་ཡིན་ན་ངེས་པར་དུ་དབྱིན་ཡིག་ཤེས་མཁན་དེ་གདམས་དགོས་ངེས་རེད། དབྱིན་ཡིག་ཤེས་མཁན་དེས་བོད་ཡིག་མ་ཤེས་ཀྱང་བོད་སྐད་ཤེས་ཀི་འདུག བོད་པའི་ནང་དུ་བོད་སྐད་རྒྱག ཕྱི་ཕྱོགས་སུ་དབྱིན་སྐད་བཤད་ན་ཏག་ཏག་རེད། ཁ་སང་ཉེ་བའི་ཆར་བཀའ་བློན་བུ་མོ་བདེ་སྐྱིད་ལགས་ཀྱིས་དབྱིན་སྐད་གི་ཐོག་ནས་ཀེ་ན་སྒྲའི་གསར་འགོད་པ་ལ་བོད་ཀྱི་གནས་སྟངས་འགྲེལ་བཤད་བྱེད་སྟངས་དེས་ང་ཚོ་གོ་བ་རེ་སྤྲད་ཀྱིན་འདུག

  25. བོད་ཡིག་སྐྱབས། says:
    2011-11-28 at 2:55 pm

    སྒྲིག་གཞི་ལད་ཟློས་ཀྱི་རྩོམ་འདིའི་རྩོམ་རྩལ་ལས་ལྡབ་འགས་མར་ལ་ལྷུང་བ་དེ་བཞིན་ནང་དོན་གྱི་ཆ་ནས་ཀྱང་སྙིང་བོས་སྟོང་པའོ། དེ་ཡང་སྐུ་ཞབས་དོན་གྲུབ་རྒྱལ་མཆོག་གིལས།
    “ཨ་ཁུ་འབྲོང་གི་དབང་བོ་རྣམས། །གསེར་ལས་གྲུབ་ཅེས་བསྟོད་མཁས་པའི། །
    རི་བོང་བློ་ལྡན་འདི་དག་གི །གཏམ་ལ་ཆ་འཇོག་ཅི་ཞིག་ཡོད། །”ཅེས་པ་དེ་ཡང་དྲན་འོང་བ་ཞིག་མ་རེད་དམ།

  26. བོད་ཡིག་སྐྱབས། says:
    2011-11-28 at 2:59 pm

    ཡ་མཚན། འདིར་དཔེ་རྟགས་ནང་ལ་ལུང་དྲངས་ན་ཚང་མ་ཡལ་འགྲོ་གི་འདུག བསྐྱར་དུ་ཁ སྣོན།
    ་་་་ལང་ཚོའི་རྦབ་ཆུ་ལས་་་
    ་་་་བསྟོད་པ་བཀླགས་པའི་འཆར་སྣང་་་ལས།

  27. ཀ་དག་ཆོས་དབྱིངས། says:
    2011-11-28 at 4:10 pm

    སྲིད་སྐྱོང་ལགས་ཀྱི་མཛད་འཕྲིན་དེ་ནམ་ཡང་ཡར་ཟླ་ལྟར་རྒྱས་པའི་སྨོན་འདུན་ཞུ།

  28. བསོད་ནམས། says:
    2011-11-28 at 6:21 pm

    ང་ཚོའི་ཤོག་སེང་འདི་དེང་སྐབས་ཡོ་རོབས་ན་འཁྱམས་བཞིན་ཡོད་མོད། འགྲོ་སོང་དེ་འདྲ་ཞིག་བཏང་ནས། ས་གནས་སོ་སོར་སླེབས་ཡོང་སྐབས་མང་ཚོགས་ལ་ལམ་སྟོན་འདི་རེད། ཟེར་བ་ཞིག་རྐང་གཅིག་ཀྱང་མི་འདུག
    བོད་ཀྱི་རིག་གནས་མ་ཤེས་ན་མ་ཤེས། ད་བཤད་སར་སླེབས་དུས་མང་ཚོགས་ལ་ལམ་སྟོན་གང་ཡང་མེད་པ་འདི་གྱོང་རེ་ཆེ།
    ད་དུང་མང་ཚོགས་ཀྱིས་རེ་སྒུག་བྱེད་བཞིན་པ་ཞིག་ནི། ནུབ་ཕྱོགས་ན་ཡོད་པའི་བོད་པ་ཚོར་རྒྱ་བལ་འབྲུག་གསུམ་གྱི་གཞིས་ཆགས་ཁག་བགོ་བྱ་བརྒྱབས་ཏེ། ཡར་རྒྱས་གཏང་ངེས་ཡིན་ཞེས་ཤོག་སེང་འོས་ཤོག་ནང་འགྲོ་སྐབས་ཡོངས་ཁྱབ་གཏམ་བཤད་སྤེལ་པ་དེ་རེད། དེའི་རིགས་མང་ཚོགས་ཀྱིས་བརྗེད་ཡོད་པ་མ་རེད་དོ།།

  29. བསོད་ནམས། says:
    2011-11-28 at 6:28 pm

    དོན་གྲུབ་རྒྱལ་གྱིས་འབབ་ཆུའི་རྩོམ་སྟངས་བྱས་ན་འདི་ལྟར་འབྲི་དགོས་ངེས་རེད།

    ཨེ་མ་ཤོག་སེང་ཡ། ཤོག་སེང་། ཁྱོད་ནི་གངས་ཅན་པའི་ཞབས་འདྲེན་རེད་ཡ། ལོ་རྒྱུས་ཀྱི་ནག་ཉེས་རེད། བོད་ཡིག་མི་ཤེས་པའི་བོད་མིའི་སྲིད་འཛིན་དང་པོ་དེ་ཁྱེད་རང་རེད་ཡ། ཨེ་མ་ཤོག་སེང་ལགས་ཡ། ཤོག་སེང་། དེ་ཞབས་འདྲེན་མིན་ན་གཞན་ནས་ཞབས་འདྲེན་ཇི་ལྟར་ཡོད་ཡ། ཤོག་སེང་།

    འདི་འདྲ་ཞིག་བྲིས་ན་འགྲིགས།

  30. ཆབ་བྲག་ཕོ་ཉ། says:
    2011-11-28 at 9:13 pm

    གྲོགས་པོ་ཚོ། འུད་ཀྱིས་བསྟོད་པ་དང་འུད་ཀྱིས་སྨད་པ་གཉིས་གང་ཡིན་ཡང་དོན་གྱིས་སྟོང། དེ་བས་དོན་སྟོང་གི་རྩོམ་དང་མཆན་བུ་འདེབས་པ་ལས་མ་བྲིས་ན་དགའ། ཤ་ཚ་བའི་གཏམ་ལ་སྙན་པོ་མེད། ནད་མཁྲིས་པའི་སྨན་ལ་ཞིམ་པོ་མེད། ཅེས་པ་འདི་གདམས་ངག་ཏུ་བཟུང་ན་རང་གཞན་ཀུན་ལ་ཕན་ནོ།

  31. རིག་པའི་མེ་ལྕེ། says:
    2011-11-28 at 9:17 pm

    དྲ་གྲོགས་རྣམ་པ་ལགས། མཁས་དབང་དོན་འགྲུབ་རྒྱལ་གྱི་གསུངས་པ་ལྟར། ་ང་ཚོའི་བོད་རིགས་འདི་རང་གིས་མི་འཇོན་ཐོག་གཞན་ལ་སྨད་ཤར་བརྒྱབ་ནས་མར་འཐེན་ཨེ་ཐུབ་བལྟ་རྒྱུ་དེ་ང་ཚོའི་ལུགས་སྲོལ་ཞིག་རེད་འདུག་སྟེ། སེང་དཀར་མོའི་གཡུ་རལ་གཞི་ནས་རྒྱས་རྒྱུ་རེད། ཁྱུང་སྒོང་བའི་ནང་གི་གཤོག་རྩལ་གཞི་ནས་རྒྱས་རྒྱུ་རེད། ལོ་རེ་གཉིས་ཙམ་ལ་རེ་བའི་མིག་འབྲས་རྒྱང་ནས་འཕེན་དང་། འབྲས་བུ་གང་ཡང་མེད་ན་དེ་དུས་ཁ་རྡུང་ཚིག་རྡུང་ལག་རྡུང་ཡན་ཆད་བྱེད་གོ་ཧཧཧཧཧཧཧཧཧཧཧཧཧ

  32. བོད་དགའ་ says:
    2011-11-28 at 9:51 pm

    ང་ཚོ་ཚང་མས་ཟབ་དགོས་པ་ནི་དགྲ་དགའ་གཉེན་སྡུག་མི་ཡོང་བ་བྱེད་གལ་ཆེ། བཀའ་ཁྲི་མཆོག་ནི་མང་མོས་ཀྱི་སྐྱབས་བཅོལ་གཞུང་གི་དབུ་འཁྲིད་དང་༧གོང་ས་མཆོག་ནས་བོད་མིའི་སྲིད་དབང་མི་མང་གིས་འདེམས་བསྐོ་བྱས་པའི་དབུ་འཁྲིད་ལ་གནང་སྐབས་ཀྱི་དུས་འདིར། མི་མང་ཚང་མས་ཆིག་སྒྲིལ་ངང་བ་ཀའ་ཁྲི་མཆོག་གིས་ཡང་དག་པའི་ལས་དོམ་ལ་རྒྱབ་སྐྱོར་དང་། ཡང་མ་དག་པའི་ལས་དོན་རིགས་འཐོན་ཚེ་ཚང་མས་འཐེན་འཁྱེར་དོར་ནས་སྐྱོན་བརྗོད་དང་ཕྱོགས་ཞེན་ཁོ་ནའི་དབང་དུ་མ་སོང་བར། བོད་མི་སྤྱི་ལ་སྨན་སླད་སྐབས་སྟོབས་ཀྱི་ཡོ་སྲང་བྱ་དགོས་པ་ནི་བོད་མི་ཚང་མའི་གལ་གནད་ཆེ་བའི་ལས་དོན་ཞིག་ཏུ་མཐོང་།། །།

  33. བོད་དགའ་ says:
    2011-11-28 at 10:00 pm

    ལས་དོམ་(ལས་དོན་) ལ་བཅོས་རོགས།

  34. འདོད་ལྷ་ཁམས་པ། says:
    2011-11-28 at 10:24 pm

    གོང་གི་མཆན་སུམ་ཅུ་ལྷག་བཀོད་པ་རྣམས་རྒན་ལྷ་མོའི་ཚིག་གཅིག་ལ་འདུས་འདུག
    ཡིན་ན་ཡང་། དེ་རིང་བར་དུ་ཡག་རྩོག་གང་ཡང་ཤོད་མེད། ཁ་སང་འཚོགས་འདུ་ལ་སོང་བ་ཡིན། བཀའ་ཁྲིའི་བཀའ་སློབ་ལ་ཉན་པ་ཡིན། སྔོན་ཆད་མ་འཛོམས་པའི་མི་མང་རྣམས་དེར་འཛོམས་འདུག
    བཀའ་ཁྲིའི་བཀའ་སློབ་ཧངས་སངས་ཡག་རེད། མ་འོངས་པའི་འཆར་གཞི་དང་གྲ་སྒྲིག་འདི་དང་འདི་ཡོད་ཟེར་བ་ཞིག་ངའི་རྣ་ཅོག་གཉིས་འོན་སོང་བ་མིན་ན་ཚིག་གཅིག་ཡང་གོ་མ་སོང་། ཁ་སྔོན་གྱི་སྒྲུང་གཏམ་འདྲ་བོ་ཞིག་གིས་གཏམ་བཤད་མཇུག་གྲུབ་པར་བགྱིས་སོང་།
    ད་རེས་དངོས་སུ་མིག་གིས་མཐོང་བའི་ཉམས་མྱོང་ཤོད་པ་ཡིན། མ་འོངས་པར་སླར་ཡང་ཐེངས་གཉིས་པ་དང་གསུམ་པའི་གཏམ་བཤད་སྒྲུང་གཏམ་གིས་ཆོད་འདོད་ཡིད་ལ་བཅིངས་ཚེ་་་སྤོ་མ་ལངས་་་་ཚིག་གི་མདའ་མོ་བརྡར་ཐག་ཆོད་བརྡར་གི་ཡིན།
    ཧཧཧ

  35. རེབ་ says:
    2011-11-29 at 12:36 am

    འདི་ཆད་འདུག་ བོད་གངས་ཅན་གྱི་གཞོན་ནུའི་མ་རབས་ཀྱི་མགོ་འཁྲིད་མཁན་ཤོག་སེང།།

  36. སྤྲུལ་སྐུ་དབང་ཆེན says:
    2011-11-29 at 1:26 am

    ང་ཚོས་བོད་གཞུང་གཏོར་བཤིག་བཏང་ནས་བཟང་བཀའ་བློན་ཁྲི་བ་་ཡང་མིང་བརྗེ་དགོས་རེད་པ། སྲིད་གཞུང་ཞིག་མིན་ན་སྲིད་བློན་གྱི་མིང་ག་འདྲ་བྱས་ནས་ཐོག་གི་རེད། བོད་སྒྲིག་འཛུག་གི་གསོ་འཛིན་ནམ་སྒྲིག་འཛུག་དཔོན་པོ་ཟེར་བ་ལས་གཞན་མི་འོས་པ་མ་རེད་པས།

  37. སྤྲུལ་སྐུ་དབང་ཆེན says:
    2011-11-29 at 1:31 am

    གཙོ ༽བཅོས་དགོས

  38. ཅོག་རོང་གི་མྱི། says:
    2011-11-29 at 1:42 am

    ལྷག་བསམ་ཟོལ་མེད་ཀྱིས་བྲིས་པ་ཡིན་པས་སྒྲ་ཇི་བཞིན་པར་གོ་བ་ལེན་རོགས།

  39. སྒྲོན'མེ' says:
    2011-11-29 at 2:59 am

    ད’ལྟའི’དུས’སྐབས’འདིར’བཙན’བྱོད’བོད’མིའི’ཁྲོད’དུ’བཀའ’ཁྲི’བློ’བཟང’སེང’གེ’ལྟ’བུ’བཀའ’ཁིྲར’མི’འོས’ན’གཞན’བཙལ’ཅིང’མི’རྙེད’དོ།ཁྱད’པར’དུ’རྒྱལ’སྤྱིའི’སྡིངས’ཆའི’སྟེང’དུ’ཁོང’ལྟ’བུ’བཀའ’ཁིྲར’རེག’ཁག’པོ’རེད’བསམ’གྱིན’འདུག དྲ’གྲོགས’ཚོས’ཚིག’བེད’སྤྱོད’
    བྱས’སྟངས’ལ’གཟབ’དགོས’པ’གལ’ཆེན’པོ’རེད།ཚིག’ཁ’ཤས’ཕན’ལས’གནོད’ཆེ’བ’དེ’འདྲ’འདུག སོ’སོ’བོད’མི’ཞིག’ཡིན’པའི’ཆ’ནས’
    ཀུན’སློང’དེ’འདྲ’ཡིན’རྒྱུ’མ’རེད’བསམ’གྱིན’ཡོད།མང’ཚོགས’ནང’དུ’དཀྲུག’རྐེྱན’དུ’མི’འགྲོ’བ’ཞིག’བྱེད’རྒྱུ’གལ’ཆེ།
    དྲ’གོྲགས’སུ’ཡིན’ན’ཡང’སོ’སོ’ལ’འགན’ཞིག’ཡོད’པ’མ’བརྗེད’ཅིག

  40. གཉན་གཡག་ཕྲུག says:
    2011-11-29 at 3:09 am

    ༄༅།། སྒྲོལ་མ་སྐྱབས་ལགས། ཡག་པོ་བྲིས་འདུག་ལ་ཐལ་ཆ་ཡང་མང་པོ་འདུག །དཔེར་ན། ཁྱོད་མེད་ན་གངས་ཅན་པ་སུ་ལ་རེ་ཟེར་དང་། གངས་ཅན་པའི་རེ་བལྟོས་འཆའ་ས་ཟེར་བ་ཅུང་ཐལ་དྲག་ཏེ། བློ་སེང་མ་སྐྱེས་པའི་སྔོན་གངས་ཅན་པ་འཚོ་གནས་ཡོད་མུས་དང་། གངས་ཅན་པའི་མགོན་སྐྱབས་འཕགས་མཆོག་ཕྱག་ན་པདྨོ་ཡིན་པས་སོ། ད་དུང་དེང་སྐབས་སྲིན་བུ་མེ་ཁྱེར་ལྟ་བུའི་གསར་བུ་འགའ་རེ་ནས་མཁས་རྟགས་ཡིན་ཁུལ་གྱི་
    གྲོང་ཚིག་དང་ཡུལ་སྐད་མང་པོ་ཞིག་ཡིག་སྐད་ནང་དུ་བསྲེས་ནས་ཁུངས་ལུང་མེད་པའི་འགྲེལ་བཤད་སྣ་ཚོགས་བྱེད་པ་ཡག་རྟགས་མིན། ཚང་མས་བློ་རྣལ་དུ་བཞག་ནས་བསམ་བློ་མཐོང་དང་། སྔོན་བྱོན་གྱི་མཁས་པ་རྗེ་རིན་པོ་ཆེ་དང་། དམུ་དགེ་བསམ་གཏན། ཨ་ལགས་ཚེ་བརྟན་ཞབས་དྲུང་སོགས་ཀྱི་བཀའ་རྩོམ་དེ་ཚོའི་ནང་
    གྲོང་ཚིག་ཉག་ཉོག་དེ་ཚོ་འདུག་དང་མིན་འདུག །ཤེས་དགོས་ངེས་རེད། རྒྱ་མི་གུང་གྲན་གྱི་བསམ་བཞིན་དུ་བོད་ཀྱི་རིག་གཞུང་རྩ་མེད་གཏོང་དང་གཏོང་བཞིན་པར་ཚུར་ཕྱོགས་ནས་ང་ཚོས་ཀྱང་སྣང་མེད་ཀྱིས་གྲོང་ཚེག
    སྙིགས་རོ་དེ་ཚོ་སླར་ཡང་བེད་སྤྱོད་བྱས། ཡིག་སྐད་ཡང་དག་བརྗོད་བྱེད་མཚན་ལྡན་རྨད་ཨ་མདོའོ་ཡུལ་ནས་སྟོད་ལ་དྭགས། ལྷོ་འབྲུག་པ་དང་། འབྲས་ལྗོངས་ཡུལ་གང་དུ་ཡང་དཀའ་ཚེགས་མེད་པར་དོན་གོ་ནུས་པའི་ཡིག
    སྐད་འདི་རྒྱུན་འཛིན་དགོས་པ་ལས་དེ་མིན་གྱི་ཐ་སྙད་འདྲ་མིན་སྣ་ཚོགས་བེད་སྤྱོད་བྱས་ཚེ་མི་རབས་རྗེས་མ་ཚོར་མགོ་རྙོགས་ཆེན་པོ་འོང་རྒྱུ་མ་ཟད། གངས་ཅན་པའི་ཡིག་སྐད་འདི་བཞིན་ལྷད་ཅན་དུ་འགྱུར་ངེས་ན་དེ་དོན་བློ་འཇགས་ཞུ།།

  41. གཉན་གཡག་ཕྲུག says:
    2011-11-29 at 3:14 am

    ༄༅།། དྲ་གྲོགས་ཚོ་བྲེལ་བ་གནང་དགོས་མིན་འདུག །རྟ་ཕོར་རྒྱུག་བཤེད་ཡོད་ན་བྱང་ཐང་སྟོང་པ་རེད།
    མ་ཟད་བུ་སྐྱེས་ནས་མིང་བཏགས་ཆོག་གི་རེད།

  42. ཀརྡོ་རབ་འབྱམས་པ་ says:
    2011-11-29 at 3:21 am

    བོད་ལ་སྤྱི་སེམས་མེད་པའི་ཐོག་ནས་བཀའ་ཁྲིར་སྐྱོན་རྗོད་བྱས་པ་ནི། རང་ལ་ཀུན་སློང་ངན་པ་མེད་ཀྱང་། ད་ལྟའི་རྒྱ་གཞུང་གི་བོད་ལ་གནོད་པའི་ལས་འགན་གྲུབ་པ་དང་གཅིག་མཚུངས་མིན་ནམ། བོད་དོན་རྒྱལ་འགྱུརཅིག །

  43. བོད་དགའ་ says:
    2011-11-29 at 4:05 am

    ༄༅༑བོད་མི་ཚོ་གཅིག་བསྒྲིལ་གནང་རོགས།
    གཞིས་བཞུགས་བོད་མིའི་དཀའ་སྡུག་བསམ་ནས། །
    ཆོལ་གསུམ་མི་མང་ཆིག་བསྒྲིལ་གནང་རོགས། །
    གཞིས་བྱེས་གཉིས་ཀྱི་མཉམ་འཛོམ་བསམ་ནས། །
    གཞུང་དང་མི་མང་ཆིག་བསྒྲིལ་གནང་རོགས། །
    ༧་གོང་ས་མཆོག་གི་བཀའ་དྲིན་བསམ་ནས། ། 
    བོད་མིའི་རིག་གཞུང་ཤེས་པར་བྱོས་དང་།། བོད་རྒྱལ་ལོ།། །།

  44. སད་ན་ལེགས says:
    2011-11-29 at 4:16 am

    མཆན་པ་ཁ་ཅིག་གིས་མི་གཞན་གྱིས་བཀའ་ཁྲི་ལ་སོགས་བོད་སྲིད་ཀྱི་ལས་ཚབ་པ་དག་གི་དགེ་སྐྱོན་གླེང་བའི་བྱ་སྤྱོད་དེ་ནི་ནང་འཛིང་ངམ། དབྱེན་དཀྲུག་དང་། ད་ལྟའི་གནས་སྟངས་དང་མི་འཚམས་པར་ཁ་་གཡར་ནས་དགག་རྐྱང་བྱེད་ཀྱིན་གདའ། དེ་ནི་བློ་རྒྱ་དོག་པའི་སྐྱོན་དུ་མཐོང་།
    གནས་སྟངས་ཛ་དྲག་གི་སྐབས་སུ། བོད་མི་ཚོས་དེ་བས་ཀྱང་སོ་སོས་གང་ལ་གང་འཇོན་གྱིས་ལས་དོན་རེ་སྒྲུབ་དགོས། བྱེ་བྲག་ཏུ་བོད་མི་མང་གི་འཐུས་ཚབ་སྲིད་དོན་པ་དག་གི་བྱ་སྤྱོད་ལ་ལྟ་རྟོག་དང་གླེང་སློང་བ་ནི་ཤིན་ཏུ་ནས་ཀྱང་གལ་ཆེ། དེ་ཡང་དམའ་འབེབ་དང་སྒྲོ་སྐུར་གྱིས་མ་སྦག་པར་དེང་རབས་སྨྲ་བརྗོད་ཀྱི་ཀུན་སྤྱོད་དང་མཐུན་པར་བྱ་རྒྱུ་ལྡོག་ཏུ་མེད།
    ང་ཚོས་ཕྱོགས་ལྷུང་གི་དྲི་མ་མེད་པར་བོད་དོན་ཀྱི་ཕྱོགས་གང་རུང་ལ་གླེང་སློང་བ་ནི་དམངས་གཙོའི་ཁྱད་ཆོས་ཤིག་ཏུ་སྒོམ་དགོས་པ་ལས། དེ་ལ་རྣམ་རྟོག་དང་དངངས་སྐྲག་སྐྱེ་དགོས་དོན་ཅི་ལ་ཡོད། གལ་སྲིད་ཡོད་ན། དེ་ནི་དམངས་གཙོའི་རྒྱན་གོས་ཕུད་ནས་ཁྲོམ་གཞུང་དུ་གཅེར་བར་རྒྱུག་མི་ཡིན།

  45. སྤོབས་པ་མཐའ་ཡས། says:
    2011-11-29 at 6:04 am

    མདོ་སྟོད་མདོ་སྨད་དབུས་གཙང་མངའ་རིས་ཟེར་ནས་ཁྱད་པར་གཞན་ནི་གང་ཡང་ཤེས་མ་སོང་། ཡིན་ན་ཡང་ཐབས་སྐྱོ་བ་ཞིག་ལ་དོལ་རྒྱལ་ཚོགས་པའི་མི་སྣ་བརྒྱ་ཆ་དགུ་བཅུ་དེ་མདོ་སྟོད་ཁམས་པའི་མི་ཁོངས་ནས་ཡོང་གིན་འདུག དེ་ཅི་ཞིག་མ་འགྲིགས་པ་ཡིན་ནམ།

  46. སྤོབས་པ་མཐའ་ཡས། says:
    2011-11-29 at 6:12 am

    མདོ་སྟོད་མདོ་སྨད་དབུས་གཙང་མངའ་རིས་ཀྱི་མི་ཟེར་ནས་བཟང་ངན་གྱི་ཁྱད་པར་གཞན་ནི་གང་ཡང་འབྱེད་མི་ཤེས། འགྲོ་བ་མི་སྤྱི་མཚུངས་བཞིན་བཟང་ངན་འདྲེས་མ་རེད། མ་མཐའ་ཡང་ངའི་ངོར་གཅིག་མཚུངས་ཡིན། ཡིན་ན་ཡང་ཐབས་སྐྱོ་བ་ཞིག་ལ་དོལ་རྒྱལ་ཚོགས་པའི་བརྒྱ་ཆ་དགུ་བཅུ་ཙམ་ཞིག་མདོ་སྟོད་ཁམས་ཀྱི་མི་ཁོངས་ནས་ཐོན་གྱིན་འདུག་པ་ཅི་ཞིག་མ་འགྲིགས་པ་ཡིན་ནམ། ངས་ངོ་མ་དེའི་སྐོར་ལ་གླེང་མོལ་རེ་བྱེད་བསམ་པ་མ་གཏོགས་སྙད་འདོགས་འདོགས་པ་འདྲ་གང་ཡང་མིན།

  47. བྲག་ཞོལ་སྤེན་པ། says:
    2011-11-29 at 6:15 am

    རྣམ་པ་ཚོས་རང་བཟང་རོགས་ངན་དེ་བཤད་ནས་ནང་ཁུལ་ལ་ཚད་བརྒལ་དམའ་འབེབས་སྐྱོན་འཚང་བསྔོགས་རེས་མ་བྱས་ན་ཡག་པོ་རེད་ལགས།

  48. སྤོབས་པ་མཐའ་ཡས། says:
    2011-11-29 at 6:29 am

    བྲག་ཞོལ་སྤེན་པ་ལགས། འདི་ན་ངས་ང་འགྲིགས་དང་ཁྱོད་མི་འགྲིགས་ཟེར་ནས་བཤད་ཀྱིན་མེད། གང་ན་རང་རེའི་རྩ་དོན་འཐུས་ཤོར་ལ་འགྲོ་གིན་འདུག་ཟེར་ནས་གླེང་འདོད་པ་ཡིན།

Comments are closed.

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme