Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ལ་དྭགས་མྱུལ་བའི་མཐོང་ཐོས་ཁ་ཟིན་སྣ་ཟིན།

Posted on 2014-12-082014-12-08 By ཁ་བརྡ་ 12 Comments on ལ་དྭགས་མྱུལ་བའི་མཐོང་ཐོས་ཁ་ཟིན་སྣ་ཟིན།

གཅན བཟོད་རྒྱམ།

 

(དཔེ་ཐུབ་དགོན་པར་མཇལ་བ།)

དེ་རིང་སྔ་དྲོའི་དུས་ཚོད་བཅུ་ཙམ་ལ་ཕྱི་དབང་དགོན་ནས་རྒྱལ་ས་གླེ་ཡི་ཕྱོགས་སུ་ཡོང་། དཔེ་ཐུབ་དགོན་པའི་ཉེ་མཁྲིས་སུ་སྣུམ་འཁོར་ལས་བབས། གཞུང་ལམ་ནས་དཔེ་ཐུབ་པར་དུས་ཡུན་སྐར་མ་བཅུར་རྐང་ཐང་མར་དཔེ་ཐུབ་དགོན་པར་ཕྱིན་པ་ཡིན། དཔེ་ཐུབ་དགོན་དགའ་ལྡན་དར་རྒྱས་གླིང་ནི་ལ་དྭགས་གླེ་རྒྱལ་སའི་ལྷོ་ནུབ་ཕྱོགས་སུ་སྤྱི་ལེ་༤ ཡོད་སར་སེང་གེའི་གཙང་པོའི་འགྲམ་རྒྱུད་དུ་རི་གླེང་ཆེན་ཉལ་འདྲའི་སྟེང་དུ་ཆགས་ཤིང་། ཆོས་རྒྱས་གྲགས་འབུམ་སྡེའི་དུས་སུ་བླ་མ་སངས་རྒྱས་དཔལ་བཟང་ཞེས་པ་ཞིག་གིས་ཕྱག་བཏབ་ཅིང་། དེ་ཡང་སྤྱི་ལོ་༡༡༨༩ ཙམ་ལ་བཞེངས་པར་བཤད།
བླ་མ་སངས་རྒྱས་དཔལ་བཟང་ཞེས་པ་འདི་བོད་ནས་བྱོན་ཅིང་། དགེ་ལུགས་པའི་བླ་མའམ་དགེ་བའི་གཤེས་གཉེན་ཞིག་ཡིན་ཚོད་ལ། སྐབས་དེར་ལ་དྭགས་རྒྱལ་གྲགས་པ་འབུམ་སྡེ་དང་མཆོད་ཡོན་དུ་འབྲེལ་ཞིང་རྒྱལ་པོའི་སྐུ་མཁར་བླ་མར་ཕུལ་པས་དགེ་ལྡན་པའི་བསྟན་པའི་སྲོལ་ལ་དྭགས་སུ་ཚུགས་པར་གྱུར།

unnamed-3

དཔེ་ཐུབ་ཞེས་པའི་དོན་ཡང་དཔེ་ནི་ཡར་རྒྱས་སམ་དཔེ་བཞག་པ་དང་ཐུབ་ནི་རྣམ་རྟོག་མེད་པའི་དོན། དེ་དགོན་པའི་མཚན་འདི་ཡང་བོད་ནས་བཏགས་ཏེ་སླེབས་པར་སྐད། རྒྱལ་པོ་དང་བླ་མ་ས་རྒྱལ་དཔལ་བཟང་ཞལ་མཐུན་ནས་དཔེ་ཐུབ་དགོན་པར་བསྒྱུར་བའམ་བཞེངས་རྗེས་དགོན་བདག་བླ་མ་རྡོ་རྗེ་དཔལ་བཟང་ཞེས་པ་ཞིག་གི་གནང་ཞིང་བླ་མ་ས་རྒྱས་དཔལ་བཟང་བྱང་ཐང་རྒྱུད་ཕྱིར་བོད་དུ་ཕེབས། བྱང་ཐང་དུའང་དགེ་དགོན་རེ་་ཕྱག་བཏབ་ཅིང་། ཕྱིས་སུ་སྐྱབས་རྗེ་་་་་་་དགོན་དེའི་དགོན་བདག་གནང་ནས་ད་བར་གནང་མུས་ཟེར།
སྐྱབས་རྗེ་པ་ཀུ་ལ་འདིའི་སྐུ་རིང་སྔོན་མ་(ལྔ་པ་ཡིན་ནམ་བརྟག)བོད་འབྲས་སྤུངས་དགོན་པར་སློབ་གཉེར་གནང་ཞིང་བླ་མ་ཆེན་པོ་ཞིག་ཡིན་སྐད་ལ། སྐུ་ཕྲང་རེ་གཉིས་བོད་དང་རྒྱ་གར་གང་སར་ཕེབས་ཏེ་སློབ་གཉེར་མཛད་ཅིང་། དཀོན་མཆོག་ཉི་མ་རང་གྲོལ་ཀྱིས་དཔེ་ཐུབ་དགོན་གྱི་དགོན་གནང་སླད་བོད་དུའང་སྙན་ཞུ་ཕུལ། སྐུ་ཕྲེང་༡༧་པ་དཔེ་ཐུབ་དགོན་དུ་གདན་ཞུས་ཀྱིས་དངོས་སུ་དགོན་བདག་ཏུ་མངལ་བ་སོགས་ལོ་རྒྱུས་རྒྱས་པ་གཞན་དུ་ཤེས།

“དཔེ་ཐུབ་གྱི་དགོན་གནས་འདི་དགྲ་བཅོམ་ཉི་མ་གུང་པས་བྱིན་གྱི་རླབས། ལོ་ཆེན་རིན་བཟང་གིས་དེ་དང་ཉེ་བའི་བྲག་ཁུང་ཁ་བོ་ཆེ་ཞེས་པའི་གད་པའི་སྐྱིབས་སུ་ཕུགས་པ་གཉིས་ལ་སངས་རྒྱས་བྱང་སེམས་དང་དཀྱིལ་འཁོར་གྱི་ལོགས་རིས་པ་ད་ལྟའང་མཇལ་དུ་ཡོད། ད་དུང་དེ་དང་ཉེ་པར་ལྷ་ཁང་པ་ཞེས་པའི་གྲོང་པ་ཞིག་ཀྱང་ཡོད་པ་ལོ་ཆེན་རིན་བཟང་གིས་བཞེངས་པའི་འདུ་ཁང་གི་ཤུལ་ཞིག་ཡོད་པར་སེམས།” ཞེས་ལ་དྭགས་ཀྱི་མཁས་དབང་ས་ཕུད་ཐུབ་བསྟན་དཔལ་ལྡན་པས་གསུངས། སྔར་དཔེ་ཐུབ་དགོན་མ་ཆགས་གོང་དུ་ཕུགས་པ་དེ་མ་དགོན་ཡིན་པར་བཤད་ཀྱང་བོད་གཞུང་ནས་བྲག་ཁུང་ཁ་བོ་ཆེའི་མཚན་དང་མིང་སྐལ་འབྱོར་བར་བཤད།

དཔེ་ཐུབ་དགོན་གྱི་མིང་ཐོག་ཚུལ་སྐོར་ལ་(དཔེ་ཐུབ་དགོན་དགའ་ལྡན་བཤད་སྒྲུབ་དར་རྒྱས་གླིང་གི་ཚགས་རབས་ཀུན་གསལ་མེ་ལོང་།) ཞེས་པའི་ཤོག་ངོས་༧༩ ལས། “བརྒྱ་ཕུག་ཕ་གའི་ནང་ལྷ་བཙུན་བྱང་ཆུབ་འོད་ཀྱི་གཅེན་པོ་ལྷ་འོད་སྡེ་ལ་དྭགས་ལྗོངས་སུ་ཕེབས། སྔོན་དགྲ་བཅོམ་པ་ཆེན་པོ་ཉི་མ་གུང་ལས་ཕྱིན་གྱི་རླབས་པའི་གནས་འདིར་ཆོས་སྡེ་བཏབ་པར་མཛད། དུས་དེར་ལོ་ཙཱ་བ་རིན་ཆེན་བཟང་བོ་ཡང་ལ་དྭགས་སུ་བཞུགས་ཡོད་པ་ཡིན། འོད་སྡེས་བཞེངས་པའི་ཆོས་སྡེ་འདི་གཟིགས་ནས། དེ་ནི་ཆོས་སྡེ་དཔེ་ཐུབ་པ་ཞིག་བྱུང་འདུག་གསུངས་པས། དེ་རིང་པར་དུ་ཡང་དཔེ་ཐུབ་ཞེས་ཡོང་སུ་གྲགས།” ཞེས་གསུངས་འདུག་མོད། སྐབས་དེར་ལ་དྭགས་སུ་དགོན་དང་ལྷ་ཁང་ཅི་དང་གང་ཡོད་བཞེངས་འགོ་བཙུགས་ཙམ་ཡིན་པས་དཔེ་ཐུབ་འདི་ཡང་གཞི་རྒྱ་ཆེན་པོ་ཞིག་མ་ཡིན་པར་སྙམ་མོད། དེང་སྐབས་དཔེ་ཐུབ་དགོན་པར་ལྷ་ཁང་དང་འདུ་ཁང་འདི་དང་ལོགས་རིས་འདི་འོད་སྡེས་བཞེངས་དང་ལོ་ཙཱ་བ་རིན་ཆེན་བཟང་པོས་བཞེངས་པ་རེད་ཅེས་མཛུབ་མོ་འཛུགས་ས་ཞིག་མེད་པར་སྐད་ཅིང་། ཕྱིས་སུ་ཆོས་རྒྱལ་གྲགས་པ་འབུམ་སྡེས་དགེ་ལུགས་པའི་བླ་མ་སངས་རྒྱས་དཔལ་བཟང་དང་མཆོད་ཡོན་འབྲེལ་ནས་དགེ་ལུགས་སུ་བསྒྱུར་པའོ།

དགེ་ལྡན་པའི་བསྟན་པ་ལ་དྭགས་སུ་དར་བའི་སྐོར་ལའང་བཤད་ཚུལ་མང་ཡང་། ཡོངས་གྲགས་གཙིགས་ཆེ་བ་ནི། དགེ་ལྡན་བསྟན་པ་དར་བའི་ལུང་ལས ། “ཆུ་བོ་སུ་ཏཱའི་གཡས་ཕྱོགས་སུ། ང་ཡི་བསྟན་པ་རྒྱས་པ་འགྱར”ཅེས་རྗེ་རང་ཉིད་ཀྱི་ལུང་བསྟན་ཅིང་། རང་གི་ཤིང་ཁྲག་ལས་གྲུབ་པའི་ཚེ་དཔག་མེད་ཀྱི་སྐུ་མཐེབ་ཆེན་ཙམ་ཡོད་པ་བྱ་བྲལ་གཉིས་ལ་བསྐུར་དེ་ང་ཡིས་བསྟན་པ་མངའ་རིས་ཕྱོགས་སུ་རྒྱས་པའི་རྟེན་འབྲལ་ཡོད། ལྡེའི་ཕྱག་ཏུ་ཕུལ་གསུངས་བ་བཞིན་བྱ་བྲལ་གཉིས་ནུབ་རའི་ཆོས་རྒྱལ་གྲགས་པ་འབུམ་གྱི་གཅུང་གྲགས་པ་འབུམ་ལྡེ་ཡོད་པར་སྐུ་སྐྱེས་ཕུལ་ཡང་། སྐལ་བ་མེད་པས་བྱ་བྲལ་གཉིས་ལ་མིག་ཟུར་ཡང་མ་མཛད། དེ་ནས་གླེ་རྒྱལ་སར་སླེབས་ཏེ་ཆོས་རྒྱལ་གྲགས་པ་འབུམ་ལྡེ་ལ་ཕུལ།

དེའི་སྔ་ནུབ་གྲགས་པ་འབུམ་ལྡེའི་མལ་ལམ་དུ། གངས་དཀར་པོར་ཉི་མ་ཤར་ནས་བདུད་རྩིའི་ཆུ་རྒྱུན་ལྷང་ལྷང་དུ་འབབ་ཅིང་སྐྱེ་བོ་ཀུན་གྱི་ལོངས་སྤྱོད་པ། ཀུན་གྱིས་རྒྱན་གོས་བཟང་པོས་བརྒྱན་ཅིང་གླུ་དང་གར་ལ་རོལ་བ། ཕོ་བྲང་གི་རྩེར་ཆོས་ཀྱི་རྒྱལ་མཚན་སེར་ལམ་མེར་བཙུགས་ཤིང་རྒྱལ་བློན་དམངས་བཅས་དགའ་བདེའི་དཔལ་ལ་རོལ་བ་རྨིས་པས་རྒྱལ་པོའི་ཐུགས་མྱོས་ཤིང་མལ་ལས་བཞེངས་ཏེ་འཁོར་གཡོག་ཀུན་ལ། དེ་རིང་མི་སུ་འདྲ་ཞིག་ང་མཇལ་དུ་ཡོང་བ་མ་འགོག་པར་ནང་དུ་ཐོངས་ཤོག་ཅེས་བཀའ་བསྒྲགས།

སྐབས་དེར་མང་ཡུལ་རང་དུ་བསྟན་འཛིན་གྱི་སྐྱེས་བུ་དམ་པ་སྟོད་བྱང་སེམས་ཤེས་རབ་བཟང་པོ་དང་ལྷ་དབང་བློ་གྲོས། དབོན་དཔལ་ལྡན་ཤེས་རབ་སོགས་ཀྱི་དགེ་ལྡན་བསྟན་པ་དར་པར་མཛད།
མཇའ་མགོན་བླ་མར་དང་བ་ཚད་མེད་འཁྲུངས་། བོད་དུ་ཕེབས་ཏེ་ཟབ་ཆོས་དབང་ལུང་ཆ་ཚང་བ་ཞུས་ཏེ་དངོས་སུ་སློབ་མར་གྱུར། ཕྱིར་མང་ཡུལ་དུ་ཕེབས་ནས་ཆོས་རྒྱལ་གྲགས་པ་འབུམ་ལྡེའི་དབུའི་བླ་མཆོད་དུ་བཀུར། སྟག་མའི་ཆོས་སྡེ་དང་ལྡུམ་རའི་བདེ་སྐྱིད་པ། ཟངས་དཀར་གྱི་དཀར་ཆ་དགོན་པ། ཆ་ཟར་གྱི་དགོན་པ། ཕུག་ཏུལ་གྱི་དགོན་པ་སོགས་ཕྱག་བཏབ་ནས་རིང་ལུགས་བསྐྱངས།

unnamed-4

ཕྱིས་སུ་དབོན་དཔལ་ལྡན་ཤེས་རབ་བོད་དུ་ཕེབས་དེ་མཁས་གྲུབ་རྗེ་སོགས་ཀྱི་ཞབས་ལ་གཏུགས། གསང་ཕུར་གཞུང་ལུགས་རབ་འབྱམས་ལ་སྨྲ་བའི་གྲལ་དུ་ཆོས་ཀྱི་སྒྲོ་འདོགས་བཅད་པས་གསང་ཕུར་མཁས་པ་ལྷ་དཔང་བློ་གྲོས་ཞེས་གྲགས་པ་འབར། མངའ་རའི་ཞང་ཞུང་ཆོས་དབང་གྲགས་པ་ཡང་མཇལ། ཟབ་ཆོས་མང་དུ་གསན། རྗེ་འདིས་རི་བོ་གླང་ཆེན་འདྲ་བའི་ཆོས་སྡེ་ཐོབས་ཞེས་ལུང་བསྟན་པ་བཞིན་ཕེབས་ཏེ་མང་ཡུལ་དུ་གྲགས་པ་འབུམ་ལྡེས་སྦྱིན་བདག་གནང་སྟེ་དགོན་པ་འདི་རྒྱས་པར་ཕྱག་བཏབ།

དཔེ་ཐུབ་དགོན་པ་ཆགས་སའི་རི་སྒང་དེར་མགོན་ཁང་བྱིན་ཅན་བཞེངས་འདུག་ལ། ནང་དུ་རྟེན་གཙོར་དབུས་སུ་འཇིག་བྱེད་དཔའ་བོ་གཅིག་པ་ཕུ་ཊ་༡༣ ཅན། གཡས་སུ་མགོན་པོ་ཕྱག་དྲུག་པ་ཕུ་ཊ་༡༠ དང་ཕྱེད་ཙམ། ཀྵེ་ཏྲ་པཱ་ལ། ཛི་ན་མི་ཏྲ། ཊཀྐི་རཱཙ། ཏྲ་ཀྵད་དང་རེ་མ་ཏཱི་འཁོར་ལྔས་བསྐོར་བ་སོགས་འཇིམ་སྐུ་རྣམས་མཆོད་མེ་དང་སྤོས་དུད་ཀྱིས་ནག་རོག་གེར་སོང་བ་དང་། མདུན་ཀྱི་ཁ་གཏད་དུ་རྩིག་ངོས་དམ་ཅན་ཆོས་རྒྱལ་ཕུ་ཊ་༧ ལྷག་ཅན་དང་གཡོན་དུ་ཙ་མུན་ཊ། གཡོན་དུ་དཔལ་ལྡན་ལྷ་མོ་ཕུ་ཊ་༥ ཅན་སོགས་ཡིད་དམ་ཆོས་སྐྱོང་ཀུན་གྱི་སྐུ་རྟེན་རྙིང་པ་བྱིན་ཅན་རྣམས་ཀྱི་ལྡེབ་རིས་བྲིས་འདུག
གཞན་ཚོགས་ཆེན་འདུ་ཁང་དང་དེར་སླས་རྭ་དང་བཅས་པ། དེའི་སྟེང་ཏུ་ཇོ་ཁང་དང་སྒྲོལ་མ་ལྷ་ཁང་། གཟིམ་སྦུག་དང་བཀའ་འགྱུར་ལྷ་ཁང་ལ་མཇལ་རྒྱུ་འདུག དེ་དག་གི་སྐོར་ཞིབ་དུ་དཔེ་ཐུབ་དགོན་དུ་མཆོད་མཇལ་ཞུས་ན་མཁྱེན་ཐུབ་ཅིང་། མཇལ་བའི་སྐལ་བ་མེད་རིགས་ནས་ས་ཕུད་ཐུབ་བསྟན་དཔལ་ལྡན་གྱི་མཛད་པའི་(དཔེ་ཐུབ་དགོན་དགའ་ལྡན་བཤད་སྒྲུབ་དར་རྒྱས་གླིང་གི་ཆགས་རབས་ཀུན་གསལ་མེ་ལོང་) ལས་མཁྱེན་པར་བྱའོ། །

ལ་དྭགས་མྱུལ་བའི་མཐོང་ཐོས་ཁ་ཟིན་སྣ་ཟིན།དཔེ་ཐུབ་དགོན་པ་ནས་ལ་དྭགས་གླེ་གནམ་གྲུ་ཐང་དང་རྒྱལ་སའི་གྲོང་ཁྱེར། གླེ་ཕོ་བྲང་དང་རྩེ་མོ་དགོན། ཉི་ཧོང་གི་མཆོད་རྟེན་སོགས་དང་། ཡར་ཕྱོགས་སུ་ལྕོག་ལམ་སར་ཕྱོགས་ཡོངས་རྫོགས་དང་ཤེལ། ཁྲིག་རྩེ་དགོན་པ་དང་སྟག་སྣ་དགོན་པ་སོགས་མཐོང་ཐུབ་ཅིང་དགོན་པའི་རྒྱབ་རིའི་སྒང་གི་མགོན་ཁང་གི་མདུན་དེར་སེང་གེ་གཙང་པོ་དང་ཏོག་རྒྱལ་མཁར་དང་མང་སྤྲོ་སོགས་གཙང་པོའི་གཡོན་ངོས་ཡོངས་དང་ཡུལ་ལྗོངས་སོགས་སེང་གེ་གཙང་པོའི་གཡས་གཡོན་ན་ཆགས་པའི་གཡུལ་གྲོང་རྣམས་ཁྲ་ཆིལ་ལེར་སྔོ་ལྡེམ་མེར་འདུག་ལ། མཁར་དང་དགོན་པ་སོགས་ནི་རི་འབའ་འབུར་རེའི་སྟེང་ན་དཀར་སངས་ངེར་དང་བརྟན་ལྷང་ངེར་འགྱིངས་འདུག་པ་སོགས་ལ་རྒྱང་མཇལ་དང་པར་ལེན་ས་ཧ་ཅང་བཟང་པ་འདུག་ལ། ཏོག་དང་མང་སྤྲོ་ཡུལ་དཔེ་ཐུབ་དགོན་པ། རྩེ་མོ་དགོན་དང་ཉི་ཧོང་གི་མཆོད་རྟེན་སོགས་ནི་ལ་དྭགས་གླེ་གྲོང་ཁྱེར་ནས་མང་སྤྲོ་དང་ཁ་རུ་བར་ལ་རྒྱང་མཇལ་བྱེད་ས་ཡག་ཤོས་ཀྱི་རི་སྒང་དང་མཁར་གྱི་རྩེ་མོ། དགོན་པའི་ཡང་ཐོག་སོགས་ཡིན་པས། ས་གནས་དེ་དག་ནས་ལ་དྭགས་ཡུལ་ལ་ལྟ་དུས་ཡུལ་ལྗོངས་དེའི་དབྱིབས་དང་རྣམ་པ། མཛེས་སྡུག་ལ་བརྗོད་མི་ཤེས་པའི་ཚོར་བ་ཞིག་ངང་གིས་སྟེར་བར་བྱེད།

༡༧།༨།༢༠༡༡ གླེ་གྲོང་ཁྱེར་དབུས་ཀྱི་འཇར་མན་གྱི་ཟ་ཁང་ཞིག་ཏུ་བྲིས།

དྲན་ཐོ།

Post navigation

Previous Post: འཛམ་གླིང་ཞི་བདེ་གླིང་པའི་ཐུགས་དམ་རྒྱུད་སྐུལ་ལྷ་ཡི་རྔ་སྒྲ
Next Post: བོད་རྒྱའི་འབྲེལ་ལམ་ལ་དཔྱད་པའི་ཀ་བཤད་བརྒྱད་པ།

Comments (12) on “ལ་དྭགས་མྱུལ་བའི་མཐོང་ཐོས་ཁ་ཟིན་སྣ་ཟིན།”

  1. ཀརྡོ་གཉེར་ཕྱག་པ་ says:
    2014-12-08 at 2:59 pm

    ་་་་་་་་་་ རང་གི་ཤིང་༼ཤངས་༽ཁྲག་ལས་གྲུབ་པའི་ཚེ་དཔག་མེད་ཀྱི་སྐུ་མཐེབ་ཆེན་ཙམ་ཡོད་པ་བྱ་བྲལ་གཉིས་ལ་བསྐུར་དེ་ང་ཡིས་བསྟན་པ་མངའ་རིས་ཕྱོགས་སུ་རྒྱས་པའི་རྟེན་འབྲེལ་ཡོད། ་་་་་་་་་

  2. ཇུས་ཏོག says:
    2014-12-09 at 7:00 am

    བཀྲིན་ཆེ་ཡག་པོ་བྲིས་འདུག་།དེ་སྔོན་སངས་རྒྱས་ཞལ་ཞུགས་སྐབས་ཤར་གླིང་གི་ལུང་པ་མང་པོའི་ནང་སངས་རྒྱས་ཆོས་ལུགས་དར་བ་ནས་ཕྱིས་སུ་ཉམས་་ཆགས་ཆེན་པོ་བྱུང་ནས་་དེ་སྔོན་ནང་ཆོས་དར་སའི་ལུང་པ་མང་པོ་རྒྱལ་ཁབ་་གཞན་འོག་ཏུ་ཚུད་ནས་ལུང་པ་དེའི་ཆོས་བྱེད་དགོས་པ་ནི་ད་ལྟའི་པ་ཀི་སི་ཏན་ནང་དང་ཨབ་གྷ་ནི་སི་ཏན་སོགས་ཁ་ཆེའིི་ལུང་པ་མང་པོའི་ནང་བོད་མི་རིགས་དང་བོད་ཡིག་སོགས་ཡོད་པ་མ་ཟད་དགོན་པ་དང་ལྷ་ཁང་་གཏོར་ཤུལ་དང་རི་འཕྲོད་གྲག་ཕུག་སོགས་ཡོད་པ་ནས་ངོ་སྤྲོད་དང་བཅས་དཔེ་ཐུག་དགོན་པ་ཡང་ཁྱིམ་མཚེས་རྒྱལ་ཁབ་འོག་་མ་ཤོར་བ་་ནི་ནང་ཡོངས་ཀྱི་བསོད་ནམས་རེད་།

  3. ལ་དྭགས་བློ་བཟང་འཇམ་དཔལ་ says:
    2014-12-09 at 11:34 pm

    གཅན བཟོད་རྒྱམ་མཆོག་ལ་དྭགས་ཀྱི་གནས་གཟིགས་མཛད་ཅིང་རང་ཉིད་ཀྱི་ཉམས་མྱོང་ཅི་ཤར་བྲིས་པར་དགའ་བསུ་ཞུ། བདག་རང་ལ་འགན་ཡོད་པའི་བགྱི་བ་མང་དུ་ཡོད་ཀྱང་། ཚིག་བརྗོད་འགའ་འབྲི་དགོས་པར་མཐོང་། མར་ཡུལ་ལ་མང་ཡུལ་བྲིས་པ་ནི། ལ་དྭགས་པས་བྲིས་པ་ན་ཡང་མང་། འདི་ལ་སོགས་པ་ཡིག་ནོར་རྣམས་ལ་ཞུས་དག་མཛད་པའི་རེ་འདུན་ཡོད།
    ལ་དྭགས་ཀྱི་མཁས་དབང་ས་ཕུད་ཐུབ་བསྟན་དཔལ་ལྡན་པས་གསུངས། ཞེས་པ་ཁོང་གི་བྲིས་པའི་དེབ་རྣམས་ཆོས་སྐད་དང་མཐུན། ལ་དྭགས་ཕལ་སྐད་ལ་བྲིས་ཏེ་མཁས་པའི་ཡི་གེ་དག་ཆ་མེད་པར་བཟོ་མཁན་ལ་ངོ་རྒོལ་མཛད་མཁན་གཙོ་བོ་ཞིག་ཡིན།
    ་

    མཁས་པ་ལྷ་དཔང་བློ་གྲོས་ཞེས་གྲགས་པ་འབར། མངའ་རའི་(མངའ་རིས་ཀྱི་)ཞང་ཞུང་ཆོས་དབང་གྲགས་པ་ཡང་མཇལ། ཟབ་ཆོས་མང་དུ་གསན། རྗེ་འདིས་རི་བོ་གླང་ཆེན་འདྲ་བའི་ཆོས་སྡེ་ཐོབས་ཞེས་ལུང་བསྟན་པ་བཞིན་ཕེབས་ཏེ་མང་ཡུལ་དུ་གྲགས་པ་འབུམ་ལྡེས་སྦྱིན་བདག་གནང་སྟེ་དགོན་པ་འདི་རྒྱས་པར་ཕྱག་བཏབ།

    བླ་མ་ལྷ་དབང་བློ་གྲོས་ནི། ཕལ་ཆེར་མཁས་གྲུབ་རྗེ་ཡང་མཇལ་ཡོད་དམ་མེད་མི་ཤེས་ཀྱང་། གླེའི་གྲོང་ཡུལ་ན་ཏེ་སེར་རུ་ཞེས་པའི་རི་སྒང་ཆུང་སྟེང་། རྒྱལ་རྩེའི་དཔལ་འཁོར་མཆོད་རྟེན་ལ་དཔེར་བཀོད་དེ། མཆོད་རྟེན་ནང་དུ་ལྷ་ཁང་ཆུང་ཆུང་མང་པོ་ཡོད་པ་་ཀླ་ཀློའི་དམག་གིས་ག༷ཤིགས་པ་ལ་ད་ལྟ་རྒྱ་གར་སྔོན་རྟེན་རིག་པའི་ལས་ཁུངས་ཀྱི་གཞིག་གསོས་ཕྲན་བུ་བྱས་འདུག གཤིགས་དགོས་པའི་རྒྱུ་མཚན་ཡང་ལྷ་ཁང་རྣམས་ན་གསེར་དངུལ་གྲུབ་པའི་སྐུ་འདྲ་སོགས་ཡོད་ངེས།
    ད་ལྟའི་གནས་སྐབས་སུ་ཡང་། དཔེ་ཐུབ་དགོན་ན། གསེར་ཟངས་ཀྱི་སྐུ་འདྲ་རྣམས་རྒྱ་གར་དམག་མི་རྐུན་མ་དག་གིས་གསེར་དངོས་མ་ཡིན་པར་བསམས། མཚན་མོར་གསེར་སྐུ་དེ་རྣམས་རྐུ་བར་ཞུགས། མཇུག་ལ་ཟངས་ཙམ་མ་གཏོགས་གསེར་ཕན་ཐོགས་པ་ཞིག་མེད་པས་རྐུན་མ་དམག་མིས་མཚན་མོར་དམག་སྒར་གྱི་ཕྱི་ལོགས་ལ་དབྱུགས་པ་ཐོས་སོ།
    ་
    ང་ཡི་བསྟན་པ་རྒྱས་པ་འགྱར”ཅེས་རྗེ་རང་ཉིད་ཀྱི་ལུང་བསྟན་ཅིང་། རང་གི་ཤིང་ཁྲག་ལས་གྲུབ་པའི་ཚེ་དཔག་མེད་ཀྱི་སྐུ་མཐེབ་ཆེན་ཙམ་ཡོད་པ་བྱ་བྲལ་གཉིས་ལ་བསྐུར་དེ་ང་ཡིས་བསྟན་པ་མངའ་རིས་ཕྱོགས་སུ་རྒྱས་པའི་རྟེན་འབྲལ་ཡོད། ལྡེའི་ཕྱག་ཏུ་ཕུལ་གསུངས་བ་བཞིན་བྱ་བྲལ་གཉིས་ནུབ་རའི་ཆོས་རྒྱལ་གྲགས་པ་འབུམ་གྱི་གཅུང་གྲགས་པ་འབུམ་ལྡེ་ཡོད་པར་སྐུ་སྐྱེས་ཕུལ་ཡང་། སྐལ་བ་མེད་པས་བྱ་བྲལ་གཉིས་ལ་མིག་ཟུར་ཡང་མ་མཛད། དེ་ནས་གླེ་རྒྱལ་སར་སླེབས་ཏེ་ཆོས་རྒྱལ་གྲགས་པ་འབུམ་ལྡེ་ལ་ཕུལ།

    འདི་ཉིད་ལ་ལ་དྭགས་རྒྱལ་རབས་སུ་ནོར་འཁྲུལ་བྲིས་པ་འདིར་ཡང་བཀོད་པ་ལ་དག་སེལ་དགོས་པར་མཐོང་། རྗེ་ཙོང་ཁ་པ་སྒུ་གཤེགས་ལོ་༡༤༡༩ཡིན། བྱ་བྲལ་བ་གཉིས་པོ་་དེ་༡༤༦༠ཙམ་ལ་གཙང་བཀྲ་ཤིས་ལྷུན་པོར་རྗེ་དགེ་འདུན་གྲུབ་ཀྱིས་རྒྱལ་བ་བྱམས་པ་བཞེང་བ་ལ་དྭགས་ལ་འབུལ་སྡུད་བྱེད་པར་སླེབས། རྗེ་རིན་པོ་ཆེའི་ཤང་ཁྲག་ལས་གྲུབ་པའི་ཚེ་དཔག་མེད་ཀྱི་སྐུ་མཐེབ་ཆེན་ཙམ་ཡོད་པ་རྗེ་དགེ་འདུན་གྲུབ་ཀྱིས་བསྐུར་ཡོད་ངེས། རྗེ་ཙོང་ཁ་པས་རང་གི་ཤང་ཁྲག་རྩད་ཆེན་པོ་ག་ལ་རྩི། འོན་ཀྱང་རྗེའི་སློབ་མ་དག་གིས་རྩི་་སྲིད། རྒྱལ་པོ་གྲགས་པ་འབུམ་ལྡེས་རྒྱལ་བ་བྱམས་པའི་སྐུ་བཞེང་བ་ལ་གཡུ་མོ་ཆེས་གཙོས་འབུལ་བ་དང་དེའི་ཁུལ་གྱི་སྦྱིན་བདག་རྣམས་ཀྱི་འབུལ་བ་བསམ་གྱིས་མི་ཁྱབ་པ་བཅས་བདེ་བར་འབྱོར། ཅེས་རྗེ་དགེ་འདུན་གྲུབ་ཀྱི་རྣམ་ཐར་པཎ་ཆེན་ཡེ་ཤེས་རྩེ་མོ། རྗེ་དགེ་གྲུབ་རང་གི་དངོས་སློབ་ཀྱིས་བྲིས་པ་ན་ཡོད། ཅེས་སོ།

  4. ཀརྡོ་གཉེར་ཕྱག་པ་ says:
    2014-12-09 at 11:42 pm

    ཤིང་ཁྲག ཤངས་ཁྲག ཤང་ཁྲག་གསུམ་གང་དག་པ་ཡིན་ནམ། ལགས།

  5. ལ་དྭགས་བློ་བཟང་འཇམ་དཔལ་ says:
    2014-12-10 at 7:45 am

    བརྩོན་འགྲུས་ཀྱི་མངའ་བདག་ཀརྡོ་གཉེར་ཕྱག་པ་མཆོག

    ཁྱེད་ཀྱིས་ཤིང་ཁྲག་དང་། ཤང་ཁྲག་གཉིས་ཀ་ནོར་བར་གཟིགས་ཏེ། ཤངས་ཁྲག་ཅེས་བྲིས་པ་ནི། ངོ་མཚར་བས་ཀྱང་ཆེས་ངོ་མཚར་ཆེའོ། སྔར་གྱི་བཀའ་འདྲི་སྦུབ་ཆལ་རྡུང་བའམ་དཀྲོལ་བ་གང་ཡིན། བརྟག་དཔྱད་དགོས་གསུངས་པ་ཡང་། སྦུབ་ཆལ་དེ་ཤུགས་ཀྱང་ལག་པ་བཏེགས་ནས་སྦུབ་ཆལ་སྟེང་འོག་གཉིས་གཅིག་གིས་གཅིག་ལ་རྒྱབ་དགོས་པས་ལ་དྭགས་ཕལ་སྐད་དུ་རྡུང་ཟེར་བ་དོན་དུ་གནས་པར་མཐོང་། སྐང་གསོལ་དུ་དབུ་མཛད་ཀྱིས་སྦུབ་ཆལ་ཡུན་རིང་རྡུང་དགོས་པས་ལག་པ་ངལ་བ་དང་སྐད་སྒྲ་ཐོས་པ་མི་སྙན་པས་པང་དུ་སྦུབ་ཆལ་སྟེང་འོག་གཉིས་ཀ་བཟུང་སྟེ་སྒྲ་སྐད་མེད་པར་རྡུང་། ལྷའི་གསོལ་ཀ་ཆེ་སར་སྦུབ་ཆལ་ཡར་བཏེགས་ནས་རྡུང་བ་ད་ལྟ་ཡང་དེ་རང་ཡིན་ངེས།
    ང་ཨ་རིར་བསྡད་ན་དངུལ་འོང་འབབས་ཆུང་བས་འགྲོ་སོང་ལྡང་དཀའ་བས་ལོ་ཕྱེད་དང་གསུམ་སྔོན་དུ། སྔོ་སངས་ཀྱི་ཡུལ་དུ་འོངས། འདིར་གང་ཅི་ཐད་ནས་ལེགས་པས་སྐྱིད་པ་ཡོད་ཅིང་། ཨ་རི་སོགས་ཛམ་གླིང་ཡུལ་གྲུ་གང་དུ་་ཡང་གློག་ཀླད་དྲ་བས་འབྲེལ་སླ་བ་ལགས་ཞུའོ།

  6. ཀརྡོ་གཉེར་ཕྱག་པ་ says:
    2014-12-10 at 8:33 am

    རྒན་ལ་དྭགས་པ་ལགས། བཀའ་དྲིན་ཆེའོ། ལེགས་སོ། དེ་དེ་བཞིན་ནོ། ཞུའོ།། །།

  7. གཅན བཟོད་རྒྱམ། says:
    2014-12-10 at 12:59 pm

    རྒན་ལ་དྭགས་པས་དགོངས་འཆར་ལྷུག་པོ་དང་ལམ་སྟོན་དོན་ལྡན་གནང་འདུག་པར་བཀའ་དྲིན་ཆེ་ཞུ། ད་དུང་ལོ་རྒྱུས་ལ་དཔྱད་པ་གནང་བའི་དགོངས་འཆར་དེ་ཚོར་གུས་པས་འབྱུང་འགྱུར་དབྱེ་ཞིབ་གང་ནུས་ཀྱིས་རང་གི་ཟིན་ཐོར་ཞུ་དག་གང་ནུས་གཏོང་ངེས་ཡིན།
    ཤངས་ཁྲག་ལ་ཤིང་ཁྲག་བྲིས་ནོར་ཤོར་པར་དགོངས་དག་ཞུ། རྗེའི་ཤངས་ཁྲག་གིས་བྲིས་པར་རང་གི་ཤངས་ཁྲག་མི་ཟེར་བའི་དོན་དེ་གང་འདྲ་ཡིན་མིན་མི་ཤེས། ཨ་མདོ་སྐུ་འབུམ་དགོན་དུའང་རྗེ་རང་ཉིད་ཀྱིས་ཤངས་ཁྲག་གི་བྲིས་ཐང་བསྐུར་གནང་བའི་ལོ་རྒྱུས་འདུག་པ་དེ་ཡང་རྒན་ལགས་ལྟར་ན་དངོས་བདེན་ཡིན་ཚོད་མི་འདུག་སྟེ།རང་གིས་རང་ལ་ཤངས་ཁྲག་མི་ཟེར་བས་སོ་སྙམ། ངོས་བསམ་པར་ཤངས་ཁྲག་གིས་བྲིས་ཐང་དེའི་རིགས་རྗེ་རང་ཉིད་ཀྱིས་བཞེངས་པ་མིན་ན། དེའི་རྗེས་སུ་རྗེའི་ཤངས་ཁྲག་གིས་བྲིས་ཐང་ཇི་ལྟར་འབྲི་དགོས་སྙམ་པའི་དོགས་པའང་འདུག་མོད། དེ་དག་གལ་ཆེན་པོ་མིན་ལ། གང་ལྟར་གུས་བྲིས་པའི་ལ་དྭགས་སྐོར་གྱི་ཟིན་ཐོ་འདི་དག་ནི་གཙོ་བོ་རང་ཉིད་ས་གནས་གང་དག་ཏུ་སོང་བའི་མཐོང་ཐོས་གཙོར་བཟུང་གིས་བྲིས་པ་ལས། ལོ་རྒྱུས་ཡིག་ཆ་ཚད་ཐུབ་དག་ལ་ཁུངས་བཅོལ་ཏེ་བྲིས་པའི་ལོ་རྒྱུས་ཀྱི་དེབ་ཐེར་མི་ནུས་པས་ན། ཟིན་ཐོ་ཁ ཟིན་སྣ་ཟིན་ཙམ་ལས་གཞན་པའི་རིན་ཐང་མེད་ཅེས་ཞུའོ།།

  8. མེ་ཏོག་དཀར་པོ says:
    2014-12-10 at 8:06 pm

    ཤངས་ཁྲག་གིས་བྲིས་ཟེར་དུས་ཁྲག་དམར་ཐིང་ཐིང་གཞུར་བའི་བདག་ཉིད་དེ་རང་གིས་བྲིས་པའི་ངེས་པ་ག་ལ་ཡོད་དེ། ལོ་མང་པོའི་རྗེས་ཤངས་ཁྲག་སྐམ་པོ་རྡོག་ཙམ་ལུས་པ་ལ་ཆུ་གཙང་དང་བསྲེས་ཏེའང་དེ་ལྟར་རུང་བས་སོ།།

  9. ཀརྡོ་གཉེར་ཕྱག་པ་ says:
    2014-12-11 at 2:34 am

    རེད། རེད། རང་གི་སྣ་ཁྲག་ལ། ངའི་ཤངས་ཁྲག་གསུངས་དོན་མེད། ༸རྗེའི་ཤངས་ཁྲག་དེ་སློབ་མ་དད་ལྡན་ཅིག་གིས། རྒྱུ་གཞན་དང་བསྲེས་ནས་དད་རྟེན་ཅིག བཞེངས་པ་ལ་གོ་དགོས་པས་སོ།།

  10. དྲི་མེད་ལྷག་བསམ། says:
    2014-12-12 at 8:39 am

    ཤངས་ཁྲག་གིས་བྲིས་པ་དེ་རྒྱ་ནག་ལ་དར་སྲོལ་ཆེ། ད་ལྟ་ཡང་དགེ་སློང་རྣམས་ཀྱིས་ཁྲག་གིས་བྲིས་པའི་མདོ་ཕལ་བོ་ཆེ། རྡོ་རྗེ་གཅོད་པ། གནས་བསྟན་བཅོ་བརྒྱད་ཀྱི་ཞལ་ཐང་སོགས་ཤིན་ཏུ་མང་པོ་ཡོད་པ་མཇལ་མྱོང་། ཁྲག་དེའང་མགོ་བོའི་ཁྲག སྲིན་ལག་གི་ཁྲག རྣ་བའི་ཁྲག་རྣམས་སྤྱོད་པ་མང་། སྣ་དང་རྐེད་པ་མན་ཆད་ཀྱི་ཁྲག་ཕལ་ཆེར་སྤྱོད་མེད་པ་་ལྟ་བུ་རེད། དེ་བཞིན། ཁ་ཆེམས། བརྩེ་དུང་གི་ཡི་གེ ཁྲིམས་རྩོད་ཀྱི་ཡི་གེ་སོགས་ཀྱང་མཛུབ་མོ་དང་སྲིན་ལག་གི་ཁྲག་གིས་བྲིས་པའི་ལོ་རྒྱུས་ཡོད། འབྲི་སྟངས། ཆོས་དཔེ་སོགས་འབྲི་དུས་ཁྲག་མང་ན་རུལ་དྲི་ལྡང་ཞིང་། སྣུམ་ཆེ་བས། མཚོན་ཙམ་མཚལ་དང་བསྲེས་ནས་བྲིས་པ་ཤ་སྟག་ཡིན། བརྩེ་དུང་ཡི་གེ་སོགས་མངལ་ཁྲག་གིས་སྐེ་དཀྲིས་ངོས་ལ་བྲིས་པ་དང་། ཁྲག་ཁོ་ནས་བྲིས་པའང་ཡོད་པ་མཐོང་མྱོང་།

  11. མེ་ཏོག་དཀར་པོ says:
    2014-12-12 at 9:51 am

    དྲི་མེད་ལྷག་བསམ་ལགས་ཀྱིས་བློ་སྐྱེད་མང་དུ་གནང་བྱུང་བར་ཐུགས་རྗེ་ཆེ།

  12. ཀརྡོ་གཉེར་ཕྱག་པ་ says:
    2014-12-14 at 8:54 am

    ་་་་་་་་་ བརྒྱ་ཕུག་ཕ་གའི་ནང་ལྷ་བཙུན་བྱང་ཆུབ་འོད་ཀྱི་གཅེན་པོ་ལྷ་འོད་སྡེ་ལ་དྭགས་ལྗོངས་སུ་ཕེབས། སྔོན་དགྲ་བཅོམ་པ་ཆེན་པོ་ཉི་མ་གུང་ལས་ཕྱིན་གྱི་རླབས་པའི་གནས་འདིར་ཆོས་སྡེ་བཏབ་པར་མཛད། དུས་དེར་ལོ་ཙཱ་བ་རིན་ཆེན་བཟང་བོ་ཡང་ལ་དྭགས་སུ་བཞུགས་ཡོད་པ་ཡིན། ་་་་་་་་་ གསུངས་པའི་དགྲ་བཅོམ་པ་ཉི་་མ་གུང་གི་རྣམ་ཐར་རྒྱས་པ་གང་དུ་བཞུགས་ཡོད་དམ། ཐུགས་རྒྱུས་ཡོད་ན་གསུངས་གྲོགས་མཛོད།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (95)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (67)
  • ཨེ་ལི་སི། (53)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (36)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme