Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ལ་ཁའི་ཆིག་ལབ། ༼སྒྲུང་གཏམ༽

Posted on 2013-06-132013-06-13 By ཁ་བརྡ་ 5 Comments on ལ་ཁའི་ཆིག་ལབ། ༼སྒྲུང་གཏམ༽

དགེ་འདུན་རྒྱ་མཚོ།

༼ཚན་པ་དང་པོ༽
ཁུ་བྱུག་ལ་ཁའི་བྲག་མགོ་ནས་ཕར་ལུང་བཟང་གི་སྟོད་ལ་བལྟས་ན་ལྕི་བ་རི་ལྟར་སྤུངས་པ་འགའི་གཉའ་ན་ནག་ཡོ་རེ་རིག་འདུག་པ་འདི་ནི་ཨ་ཁུ་ཐུབ་པ་ཚང་རེད། ཁོ་ཚང་གི་སྤྲ་ནག་ནི་དོམ་ནག་སྨྱོན་པ་མཁའ་ལ་མཆོངས་པ་ལྟར་རྔམ་ཟུག་གིས་འགྱིང་འདུག་ལ་ཆོན་ཐག་ལ་བཀལ་བའི་ཀླུང་རྟ་དེས་ཀྱང་ཅི་ཞིག་ལ་ཞེ་འཁོན་སློང་བའམ་ད་སོ་མ་གཡུལ་ལ་ཆས་པ་ལྟར་སྐྱོད།
ཐུབ་བ་ཚང་ཟེར་བའི་ཁྱིམ་ཚང་འདི་ནི་གནའ་སྔ་མོར་བོས་ན་མིང་ཡོད་ནི་ཞིག་དང་བགོས་ན་སྐལ་ཡོད་ནི་ཚང་ཞིག་ཡིན་ཟེར། ནམ་རྒྱུན་དུ་རྒད་པོ་ཚོའི་ཁ་ལ་མ་ཎི་འདོན་པ་བཞིན་འཇགས་ཡོད། དེ་ལྟར་ཡིན་དགོས་དོན་གསལ་བོར་མ་ཤེས་ཀྱང་པཎ་ཆེན་སྐུ་ཕྲེང་དགུ་བ་བསྟན་པའི་ཉི་མ་གཅན་ཚའི་ཐང་ལ་ཕེབས་སྐབས་འདི་བ་ཚང་གིས་ཇ་བསུ་ཞུས་པ་དེ་ཡང་རྒྱུ་མཚན་གཅིག་ཡིན་རྒྱུ་རེད། སྡེ་བ་འདིའི་མི་སུ་ཡིན་ཡང་ཁོ་ཚང་ལ་སོང་ནས་ཡོང་ན་པན་ཆེན་གྱི་བྱིན་རླབས་ཐོབ་པ་ལྟར་དགའ་སྣང་བྱེད་ལ། ཐག་ཉེ་རིང་དང་ས་ཕྱོགས་གང་ནས་ཡོང་མིན་ལ་མ་ལྟོས་པར་འདི་བ་ཚང་གིས་ཇ་བླུད་ནས་མགྲོན་བསུ་སྣེ་ལེན་བཟང་བོ་བྱེད་ངེས་ཡིན། དེས་རྐྱེན་གྱིས་ནམ་རྒྱུན་ཁོ་ཚང་གི་སྒོ་ལམ་ན་བཞོན་པ་དང་ཁྱིམ་ན་འགྲུལ་བ་མང་།

དེ་བསྐལ་བ་བཟང་བོའི་དུས་ཀྱི་སྐད་ཆ་རེད། དེང་སྐབས་ཤུལ་ན་ཨ་ཡེས་ཞིག་མ་གཏོགས་མེད། མོ་ལ་བུ་ཞིག་ཡོད་པ་དེའི་མིང་ལ་བསམ་ཁོ་ཟེར་ར། ད་དེ་ཡང་ཤི་སོང་ནི་རེད། འོ་མ་རེད། གཞན་གྱིས་བསད་བཏང་ནི་རེད། ཨོྃ་མ་ཎི་པད་མེ་ཧཱུྃ། ཁོ་ཚེ་ཕྱི་མའི་ཡུལ་ལ་སོང་ནས་ད་དུང་དགུང་ཞགས་བཞི་བཅུ་ཞེ་དགུ་བོ་ཡང་ཚང་མེད།
བསམ་ཁོ་ལ་བློས་ཐུབ་ཀྱི་གྲོགས་པོ་ཁྱི་ཞིག་དང་དགའ་རོགས་བུ་མོ་ཞིག་ཡོད། དེ་གཉིས་ཀ་ཡང་ཚེ་ལས་འདས་སོང་ང་། ད་ཡོད་ནིི་མ་རེད། བསམ་ཁོ་ལ་ཆ་རྒྱུས་ཡོད་མཁན་ནི་འཇིག་རྟེན་འདི་ན་ང་མ་གཏོགས་མེད། ཁོའི་ཨ་མས་ཀྱང་ཁོའི་གསང་བ་མང་བོ་ཞིག་མི་ཤེས། ཁོ་ད་ལོ་ཕོ་ལོ་ཉི་ཤུ་རྩ་གཅིག་ཡིན། ངས་ཤེས་ནི་རེད། ངེད་གཉིས་ཀ་ན་ཟླ་ཡིན་པར་མ་ཟད་ངེད་གཉིས་ཀ་ཚེ་གང་གི་མནའ་བཅད་གྲོགས་པོ་ཡང་ཡིན།
ར་སྒོ་ནས་མིའི་གྲིབ་མ་ཙམ་ཡང་རིག་རྒྱུ་མེད་དོན་ཅི་ཡིན་ནམ། ངས་བལྟས་ཀྱིན་བལྟས་ཀྱིན་ཉི་མ་ཡང་དཀྱིལ་གཙུག་ནས་ཤར་ཡོང་གིན་འདུག ངས་བྲག་མགོ་འདི་ནས་ཁོ་ཚང་ལ་བལྟས་ནས་ཡུན་རིང་འགོར་ན་ཡང་དེའི་དོན་ཅི་ཡིན་གཞན་གྱིས་མི་ཤེས། དྲང་མོར་བཤད་ན་ངས་ཀྱང་བཤད་མི་ཤེས། ཡིན་ན་ཡང་ངས་སྤྱང་ལྟོག་བཞིན་བྲག་མགོ་འདི་ནས་ཁོ་ཚང་གི་སྒོ་ལམ་ལ་འདི་ལྟར་བལྟས་ནས་མི་འདུག་ཐབས་མེད་རེད།

ནམ་རྒྱུན་ཡིན་ན་སྦྲ་ནག་གི་ཀླད་ཁེབས་ཁ་སྲུབས་ནས་དུ་ཞགས་སྔོ་ལྷོག་ལྷོག་ཅིག་འཕྱུར་ནས་བར་སྣང་ལ་ཟུག་ཡོད། དེ་རིང་ཅི་ཞིག་མ་ཉན་པ་ཡིན་ནམ། ཨ་ཡེས་ཀླུ་མོ་ཚོས་ཟོག་དེད་ནས་རི་མགོ་ལ་བུད་སོང་ནི་ཡིན་རྒྱུ་མ་རེད། གཅིག་བྱས་ན་ནོར་ལུག་ཚོ་གཞན་ལ་བཙོང་ཟིན་ན་ཡང་ཐང་། གང་ལྟར་མོ་ཁྱིམ་ཚང་འདིའི་བདག་མོ་ཡིན།
ངས་ནམ་རྒྱུན་མོ་ལ་ཨ་མ་ཀླུ་འཚོ་ཞེས་བོས་ནི་ཡིན། དེ་ལ་རྒྱུ་མཚན་གཞན་ཅི་ཡང་མེད། ངའི་ཨ་མ་ནི་མ་རེད། ཡིན་ན་ཡང་ཨ་མ་ཀླུ་འཚོ་ནི་མི་རང་ཉིད་ཀྱི་ཨ་མ་དང་ལོ་ཚོད་མཉམ་པའི་བུད་མེད་ཞིག་རེད། རང་དང་ན་མཉམ་ཡིན་པའི་བྱིས་པ་ཚོའི་ཨ་མ་ལ་ཨ་མ་ཞེས་བོས་ཀྱང་ངོ་ཚ་ཞིག་ལ་མི་བརྩི། ཡང་གཅིག་བཤད་ན་ངས་བསམ་ཁོའི་ལད་མོ་བྱས་ནས་ད་ཆ་ལོབས་སོང་ནི་རེད།
བསམ་ཁོ་ལ་འགྲོགས་ནས་ཁོ་ཚང་ལ་ཐེངས་ཅི་ཙམ་སོང་བ་ངས་བརྩིས་མ་མྱོང་། ཨ་མ་ཀླུ་འཚོས་ང་ལ་ཞོ་དང་འོ་མ། ཤ་དང་རྩམ་པ་སོགས་བྱིན་པ་ཡང་བརྩིས་ན་གྲངས་ཀ་མི་ཟིན། མོས་ང་ལ་བསམ་ཁོ་དང་འདྲ་བར་བྱམས་བརྩེ་དང་འདང་བརྩི་ཧ་ཅང་ཆེས། རྒྱུ་མཚན་ནི་ང་བསམ་ཁོའི་གྲོགས་པོ་གཅིག་པུ་དེ་ཡིན་པས་ལོས་ཡིན། མོ་ལ་བུ་དེ་གཅིག་གོ་མ་གཏོགས་མེད། བསམ་ཁོའི་ཨ་ཕ་སུ་ཡིན་ངས་མི་ཤེས། མཐོང་ཡང་མ་མྱོང་། བསམ་ཁོས་ཀྱང་རང་གི་ཨ་ཕ་མཐོང་མ་མྱོང་ཟེར། འཇིག་རྟེན་ན་འདི་འདྲ་ཡང་ཡོད་ནི་རེད། ངོ་མ་ཡ་མཚན་རེད།
དེས་ན་བསམ་ཁོའི་ཨ་ཕ་སུ་ཡིན་ཨ་མ་ཀླུ་འཚོ་ཁོ་ནས་མ་གཏོགས་མི་ཤེས་ནི་ཨེ་རེད། ངའི་ཨ་མས་བཤད་ན་བསམ་ཁོ་ལོ་གསུམ་ཡིན་སྐབས་ཁོའི་ཨ་ཕ་ལ་ནག་ཉེས་མེད་ན་ཡང་རྒྱ་ཡིས་བཙོན་ཁང་དུ་ཁྲིད་པ་དང་དེ་ནས་ཕྱིར་ཡོང་རྒྱུ་མ་བྱུང་བ་རེད་ཟེར།

གང་ལྟར་བསམ་ཁོ་ངེད་གཉིས་གཅན་ཚའི་རྩ་ཐང་ནས་སྐྱེས་ཤིང་ནར་སོན་པ་དང་རྟ་རྒྱུག་ཞོར་དང་མེ་ཏོག་འཐུ་ཞོར་ལ་འཚར་ལོངས་བྱུང་བ་རེད། གཅན་ཚའི་རྩ་ཐང་དང་རྩ་ཐང་གི་འཚོ་བ་ལ་གཞིགས་ཚེ་བྱིས་དུས་ཀྱི་འདས་དོན་མང་བོ་མང་བོ་མྱིག་ལམ་ནས་གློག་བརྙན་འཆར་བ་ལྟར་ཤར་ཡོང་གི་འདུག དེ་ནི་ཆུང་དུས་སློབ་གྲྭར་སོང་བའི་སྐབས་ཀྱི་གནས་ཚུལ་རྣམས་རེད་ལ། དེའི་ནང་དུ་གཞན་ང་དང་རྩ་ཐང་གི་ཐོག་མའི་བརྩེ་དུང་གི་སྐོར་ཡང་ཚུད་ཡོད་ནི་རེད།
སེར་ཆེན་ཐང་གི་རྟ་རྒྱུག་གི་སྐོར་བཤད་ན་ངོ་མ་ཡིད་དབང་འཕྲོག་པ་ཞིག་ཡིན། མེ་ཏོག་སེར་ཆེན་མང་སའི་ཐང་འདི་མོ་ཟིག་ལྷ་བཟོ་བ་ཨ་མདོ་བྱམས་པས་ཀྱང་འབྲི་མི་ཤེས་ཁོ་ཐག་ཡིན།
སྤྲིན་པ་ནི་ལུག་ཁྱུ་འདྲོགས་པ་ལྟར་ཕྱོགས་གང་སར་ཞོགས་འགྲོ་གི་འདུག རི་ཁ་ན་ཉུལ་བའི་ལུག་རྫི་ཚོའི་གླུ་སྐད་ནི་ཁུ་ཡུག་གི་མགྲིན་དབྱངས་་དང་འགྲོགས་ནས་གྲགས་ཡོང་གིན་འདུག
གཅན་ཚའི་རྩ་ཐང་ནི་ན་བུན་དང་ཕན་ཚུན་འདྲེས་ནས་ཡོད་པས་གང་ལ་སོང་ན་ཡང་ན་ཆུ་དང་འདམ་ཡིན། སྨུག་ལོང་དང་འདམ་རྩའི་ཁྲོད་འགྲོ་འོང་བྱེད་མཁན་ནི་ཟོག་རྫི་ཚོ་གཅིག་པུ་མིན་པར་ང་ཚོ་སློབ་ཕྲུག་མང་བོའི་རྐང་རྗེས་ཀྱང་བཞག་མྱོང་ཡོད། ང་དང་བྱིས་པ་མང་བོ་ཞིག་གིས་དཔེ་ཁུག་རྒྱབ་ཏུ་ཁུར་ནས་སློབ་གྲྭ་ལ་འགྲོ་དུས་ལམ་ཁར་གླུ་དབྱངས་ཤིག་ཀྱང་ལེན་རྒྱུ་ཡོད།
གཅན་ཚ་ཐང་ནི་གཅན་ཚ་རྫོང་གི་ཕྱུགས་ཟོག་ཁོ་ནར་བརྟེན་པའི་འབྲོག་པའི་ཡུལ་ཚོ་གཅིག་པུ་དེ་ཡིན།

ང་ཚོ་སྡེ་བ་ལ་ཐུན་མོང་གི་སློབ་གྲྭ་ཞིག་ཡོད་པ་ནི་ཉིན་སློབ་ཡིན། དབྱར་ཁ་སྦྲ་གུར་ཕབ་ནས་སློབ་ཐུན་འཚོགས་ནི་རེད། སྔ་དྲོ་ཆུ་ཚོད་དགུ་དང་སྐབས་རེར་བཅུ་ནས་སོང་ན་ཡང་ཆོག་ནི་རེད། ཕྱི་དྲོའི་ཆུ་ཚོད་ལྔ་བའི་སྔོན་ལ་འཆར་ཅན་དུ་སློབ་སྐལ་གྲོལ་ངེས་ཡིན། སློབ་ཚན་འདི་ཡིན་ཟེར་བ་ཞིག་གཏན་ནས་མེད། དགེ་རྒན་གྱིས་ཅི་བཤད་ན་དེ་ཡིན། རྒྱ་ཡིག་མ་གཏོགས་མི་སློབ། རྟ་འཚེར་བ་ལྟ་བུའི་སྐད་འཛེར་བོ་དང་གཡག་འདྲོགས་པ་ལྟ་བུའི་དབྱིབས་རབ་སེ་གཟེང་ཡོད་པའི་ཡི་གེ་དེ་ཚོ་ཤེས་ཁ་རྩ་མོ་ཞིག་མིན།
ང་ཚོའི་སྡེ་བ་ལ་ཁྱིམ་ཚང་ལྔ་བརྒྱ་ཙམ་ལས་མེད་མོད། གཞན་ལ་བལྟས་ན་ཞི་མོ་མང་ཤོས་ང་ཚོའི་རུ་སྐོར་ཡིན། ང་ཚོའི་རུ་སྡེ་ན་ང་ལ་ན་ཟླ་ཡིན་པ་ཞི་ལི་བཅུ་གཉིས་ཡོད། ཚང་མ་ནི་སློབ་གྲྭར་འགྲོ་ནི་མ་རེད། ངའི་འགྲོ་རོགས་དང་འདུག་རོགས་ནི་བསམ་ཁོ་ཡིན། བསམ་ཁོའི་རྩག་ཧྲུལ་གྱི་ཚིལ་དྲགས་མཐིག་པོ་ཡོད་ན་ཡང་འཛེམ་གཟོན་མེད་པར་ཚང་མས་ལག་པས་ཕུར་བ་དང་། ངག་འཇམ་པོ་དང་ཡ་རབས་ཡིན་ཟེར་ནས་ཁོ་ལ་བརྩེ་འདང་ཆེ་ནི་རེད།

སྐབས་དེར་སློབ་ཕྲུག་བདུན་བཅུ་ལྷག་ཅིག་ཡོད་པ་དེ་ཚོའི་གྱབས་ན་གཡག་གི་ཚབ་ལ་ཡོང་མཁན་ཡང་ཡོད། དཔལ་ཁར་རྡོ་རྗེ་ཡང་གཡག་འཚབ་ལ་སློབ་གྲྭར་ཡོང་ཡོད་ནི་རེད། ཁོ་ནི་ངེད་ཚང་གི་ཁྱིམ་མཚེས་ཨ་མྱེས་རྭ་གྱོང་ཚང་གིས་བུ་གཅོད་པའི་ཚབ་ལ་གཡག་བྱིན་ནས་ཉོས་པ་རེད། དཔལ་ཁར་རྡོ་རྗེ་ཚང་ནི་མེད་པོ་ཚང་ཞིག་ཡིན་ནི་རེད།
བསམ་ཁོ་ནི་ངའི་སློབ་གྲོགས་ཡིན་པ་མ་ཟད་རྫི་རོགས་དང་བློ་མཐུན་གྱི་གྲོགས་པོ་ཡང་ཡིན། ངེད་གཉིས་ལ་ལས་ཀ་ཁ་བསྣོན་གཞན་ཞིག་ཡོད་པ་ནི་ནངས་པར་ནོར་ལུག་རི་ལ་བརྒྱག་དགོས་པ་དང་དགུང་ཁར་ཕྱིར་འདེད་དུ་སོང་ནས་ཟོག་ལུག་རུ་འདབས་སུ་བསྡུ་རྒྱུ་དེ་རེད། དགུན་དཔྱིད་ལ་ང་རུ་ཉུལ་བརྒྱག་གི་སོང་སྟེ་ཁོ་ཚང་ནས་མཚམས་རེར་ཉལ་ནས་ཞགས་འདུག་ཀྱང་བྱས་མྱོང་ང་།
དབྱར་སར་ངེད་ཚང་གཉིས་ཀྱི་བར་ལ་ཐག་རིང་བོ་དེ་ཙམ་མེད་ན་ཡང་བར་ན་རི་ཆུང་ཆུང་ཞིག་གིས་བཅད་ཡོད། རི་དེའི་མིང་ལ་ཨ་མྱེས་སྲས་ཆེན་ཟེར་ར། ཆེས་རྒྱུ་མེད་ཀྱང་མགོ་ན་ལབ་རྩེ་ཞིག་ཡོད་པ་དེ་ཟླ་དྲུག་པའི་ཚེས་བཞི་ཉིན་སྡེ་བ་མང་བོས་ཕོ་གསར་ཚོས་མཉམ་དུ་གཏོད་སྲོལ་ཡོད།

བསམ་ཁོ་ངེད་གཉིས་ཕན་ཚུན་ཅི་ལྟར་ངོ་ཤེས་པ་དང་ཅི་ལྟར་གྲོགས་པོར་གྱུར་བ་ངས་གསལ་བོར་མི་དྲན་གི ངས་ཅི་ལྟར་ཕྱིར་འདང་རེ་བརྒྱབ་ན་ཡང་ལོ་བཅུའི་ཡར་སྔོན་ཙམ་མ་གཏོགས་ངོ་མ་ཡིད་ལ་མི་འཁོར་གི་ཡ། ངེད་གཉིས་མཉམ་དུ་ཁོ་ཚང་ལ་ཁྱི་ཕྲུག་ལེན་གི་སོང་དུས་ལོ་བཅུ་ལ་བུད་མ་ཐག་ཡིན། དབྱར་ཁ་དེར་ངེད་གཉིས་ཀྱིས་ཁོ་ཚང་ལ་ཁྱི་ཕྲུག་ཞིག་འཁྱེར་ནས་ཡོང་བ་ངས་གསལ་བོར་དྲན་གསོ་ཐུབ་གྱིན་འདུག དེ་དུས་ནི་ས་རུབ་ལ་ཉེ་བའི་དགོང་མོ་ཞིག་ཡིན།།

བརྩམས་སྒྲུང་།

Post navigation

Previous Post: གོ་རིམ་མེད་པའི་དྲན་ཚུལ།
Next Post: རྒྱ་གཞུང་གིས་དྲ་ཐོག་ནས་བོད་མིའི་སྤྱི་ཚོགས་ལ་གཏོར་བཅོམ་གཏོང་གི་ཡོད།

Comments (5) on “ལ་ཁའི་ཆིག་ལབ། ༼སྒྲུང་གཏམ༽”

  1. ཐབས་ཇུས་ཅན says:
    2013-06-13 at 11:25 pm

    ཁ་སྐད་ལུང་སྐད་རྐྱང་རེད། བོད་ཆོལ་ཁ་གསུམ་ལ་ཁྱབ་པའི་བོད་ཡིག་དེ་མིན་པ་འདྲ།

  2. དགེ་འདུན་རྒྱ་མཚོ། says:
    2013-06-14 at 1:41 am

    ཕ་ཡི་བུ་སུ་ཞིག་ཡིན་ཡང་རང་ཉིད་ལ་ཕ་སྐད་གཙང་མ་བཤད་པའི་རང་དབང་དང་ཐོབ་ཐང་ཡོད་རེད།
    མ་ཟད་ཕ་སྐད་སྲུང་སྐྱོབ་བྱེད་པའི་འགན་ཁུར་ལྗིད་མོ་ཞིག་རང་གི་ཕྲག་སྟེང་དུ་བབས་ཡོད་པ་སྔར་ནས་ཤེས་ཡོད།
    བརྗོད་བྱ་དང་རྗོད་བྱེད་གང་ལ་ཡང་བསམ་ཚུལ་མི་མཐུན་པ་ཡོང་སྲིད་པ་ཞིག་རེད། བསམ་ཚུལ་བརྗོད་ཆོག་པ་ནི་སྨྲ་བརྗོད་རང་དབང་གི་ཆ་ཤས་ཤིག་ཡིན་པར་ངེད་ནས་ངོས་འཛིན་བྱེད་ཀྱིན་ཡོད། དྲྭ་གྲོགས་ཚོའི་དགོངས་ཚུལ་ལྷུག་པོར་གནང་བའི་རེ་བ་ཡང་ཡོད། ཕྱོགས་ཡོངས་ནས་དག་བཅོས་དང་དགོངས་ཚུལ་གསུངས་མཁན་ལ་བཀའ་དྲིན་ཆེ་ཞུ་རྒྱུ་དང་བསྟོད་སྨད་གང་ཞིག་བྱས་ཀྱང་དགའ་བསུ་ཞུ་ཡ་ཡིན།

  3. བན་དེ་བ། says:
    2013-06-14 at 2:08 am

    འོ་དགོངས་དག་ཀློག་པའི་ཚུལ་བྱས་ཡིན་ཏེ་ཕ་སྐད་དྭངས་མ་དང་ཡུལ་སྐད་གཙང་མ་གཉེར་བའི་ཚུལ་དུ་བྲིས་པའི་ཨམ་སྐད་དེ་དག་གོ་ཁག་པོ་བྱས་སོང། བྱས་ཙང་རྗེས་སུ་གྲོགས་པོ་ཨ་མདོ་བ་ཞིག་ཐུག་ན་སྐད་བསྒྱུར་རོགས་ཞུ་དགོས་བསམ་པ་ཡོད།

  4. ས་སྒོ་ཚང་བསམ་གཏན་སྒྲོལ་མ། says:
    2013-06-14 at 4:14 am

    ང་རང་གིས་བསམ་ན་རྩོམ་འདི་འདྲ་ཀློག་མཁན་གྱི་མི་མང་བོ་ཞིག་ཡོད་ཀྱི་རེད་སྙམ། ཡིན་ན་ཡང་ཚང་མས་ཀློག་དགོས་པས་ངེས་པ་ཡོད་ཀྱི་མ་རེད། མི་འགའ་ཤས་ལ་ཏན་ཏན་ཕན་གྱི་རེད།
    ང་རང་གི་བསམ་ཚུལ་བཤད་པ་ཡིན་ན།
    ཁ་སྐད་དང་ཡུལ་སྐད་ནི་ཡིག་སྐད་དང་ཆོས་སྐད་ཀྱི་རྨང་གཞི་ཡིན།
    བོད་ས་ཡོངས་རྫོགས་ཀྱི་ཁ་སྐད་ལས་མིང་ཚིག་གི་མཛོད་ཆེན་པོ་ཞིག་འགྲུབ་ངེས་ཡིན།
    བོད་ཀྱི་མིང་མཛོད་ཕྱུག་པོ་བཟོ་བསམ་ན་ངེས་པར་དུ་ཕ་སྐད་ལ་བདག་པོ་བརྒྱག་དགོས་ངེས་རེད།
    ང་ཚོ་ལ་མིང་ཚིག་གིས་འདང་གི་མེད་པའི་རྒྱུ་མཚན་གཅིག་ནི་ཁ་སྐད་དང་ཡུལ་སྐད་ལ་དགག་བྱ་བྱེད་པ་མང་དྲག་པས་རེད།
    ཆོལ་གསུལ་གྱི་ཡུལ་སྐད་གསུམ་ཡོད་ཀྱང་ད་དུང་ཉུང་དྲག་པ་རེད།
    རྒྱ་གར་བའི་ཉི་མ་གཅིག་པུ་ལ་མིང་བརྒྱ་ལྷག་ཡོད་པ་གོ་མྱོང་།
    ཡུལ་སྐད་ལ་སྣང་ཆུང་གནང་ནས་ཡིག་སྐད་གཅིག་པུར་འཇུས་ན་ཉིན་ཞིག་ཡིག་སྐད་དེ་ཡང་ཆོས་སྐད་ཁོ་ནར་འགྱུར་སྲིད་ལ། དེ་ཡང་མཆོད་ཁང་དུ་ལྷག་པའི་ཉེན་ཁ་ཡོད་རེད།
    དེ་དུས་འགན་སུས་ཀྱང་འཁུར་ཐུབ་ཀྱི་མ་རེད་ལགས།།

  5. བཀྲ་ཤིས་ཆོས་སྒྲོན། says:
    2013-06-14 at 4:21 am

    མུ་མཐུད་ནས་འབྲི་རོགས་གནང་།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (93)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (62)
  • ཨེ་ལི་སི། (53)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (35)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme