Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

རླབས་ཆེ་བའི་དགེ་རྒན་ཞིག་ལ་རྗེས་དྲན།

Posted on 2018-02-132018-02-13 By ཁ་བརྡ No Comments on རླབས་ཆེ་བའི་དགེ་རྒན་ཞིག་ལ་རྗེས་དྲན།

ཆབ་མདོ་ངག་ཕུན།
 

—མི་ལོ་ཉི་ཤུ་ལྷག་དགེ་རྒན་གནང་བ་དང་། གསོག་དངུལ་འབུམ་བཅུ་གཅིག་གདན་ས་གསུམ་ལ་འབུལ་གནང་མཛད་མཁན་བོད་དགེ་ཞིག་ལ་རྗེས་དྲན།

དེ་རིང་ངས་མི་སྣ་ཞིག་ངོ་སྤྲོད་ཞུ་བ་འདོད་ཅིང་། ཁོང་ནི་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ནང་ལ་དགེ་རྒན་གྱི་ཞབས་ཕྱི་མི་ལོ་ཉི་ཤུ་ལྷག་གནང་མཁན་གྱི་མི་སྣ་ཉམ་ཆུང་ཞིག་རེད། ཁོང་ནི་བོད་ཤར་ཕྱོགས་མ་ཡུལ་ལྕགས་ཀ་ཚང་ཞེས་པའི་ཞིང་པའི་ཁྱིམ་ཚང་ཞིག་ཏུ་སྐྱེས་ཤིང་འཚར་ལོངས་བྱུང་བ་དང་། མིང་ལ་བློ་བཟང་བཟོད་པའམ་བློ་བཟང་ཆོས་དར་ཞེས་འབོད་ཅིང་། ཁོང་གི་ཁྱིམ་ལ་རིག་གནས་གསར་བརྗེ་སྐབས་བོད་མི་སྤྱི་མཚུངས་ལྟར་དཀའ་སྡུག་དུ་མ་ཞིག་མྱོང་དགོས་བྱུང་ཡོད་པ་ནི་བརྗོད་མ་དགོས། རིམ་པའི་བོད་ནང་ལ་ཆབ་སྲིད་ཕྲན་བུ་གུ་ཡངས་ཕྱིན་ནས་ཕན་ཚུན་ཉེ་འཕྲད་འགྲོ་འོང་ཆོག་པའི་གོ་སྐབས་བཟང་པོ་ཤར་བ་དང་བསྟུན་དམ་པ་ཁོང་ཡང་རྒྱ་གར་འཕགས་པའི་ཡུལ་དུ་བོད་མི་རིགས་ལ་བཀའ་དྲིན་བླ་མེད་དུ་ཆེ་བའི་༧རྒྱལ་བ་རིན་པོ་ཆེའི་ཞལ་མཇལ་དང་།

ཡང་སྒོས་སློབ་སྦྱོང་བཅས་ལ་དམིགས་ཡུལ་འཛིན་ནས་ལ་ལུང་དུ་མ་བརྒལ་ནས་བཙན་བྱོལ་དུ་ཡོང་ཞིང་། ལྷག་དོན་སྐབས་དེ་དུས་བོད་ནང་སློབ་སྦྱོང་བྱེད་སའི་ཁོར་ཡུག་ཧ་ཅང་དཀོན་པ་དང་། དེ་བཞིན་ལུས་སེམས་ལ་བདེ་བ་མེད་པ་སོགས་ལ་བརྟེན་རྒྱ་གར་རང་དབང་ལུང་བར་ཡོང་དགོས་བྱུང་ཡོད། ཁོང་འཕགས་ཡུལ་ལ་འབྱོར་བ་དང་༧རྒྱལ་བ་རིན་པོ་ཆེས་གཙོས་པའི་རང་གཞུང་གི་ཐུགས་རྗེ་བཀའ་དྲིན་འོག་བོད་ནས་འབྱོར་མཁན་རྣམས་དང་ཐོག་མ་སུ་རི་བོད་ཁྱིམ་སློབ་གྲྭར་བཏང་བ་དང་། མ་སུ་རི་སློབ་གྲྭ་ནང་ལ་བོད་ནས་འབྱོར་ཏེ་སློབ་གྲྭར་འཛུལ་ཞུགས་གནང་མཁན་ཐོག་མའི་གྲས་གཅིག་ཡིན་པ་ཁོང་གིས་ངག་ནས་ཐོས་མྱོང་། མ་སུ་རི་བོད་ཁྱིམ་སློབ་གྲྭའི་ནང་ལ་འཛིན་རིམ་དགུ་པ་བར་སློབ་སྦྱོང་གནང་མྱོང་བ་དང་། དེ་ནས་ཤེས་རིག་ལས་ཁུངས་ཀྱི་བོད་དགེ་ས་མིག་གསལ་བསྒྲགས་གནང་དོན་ལྟར་དམ་པ་ཁོང་ཡིག་རྒྱུགས་ནང་འཛུལ་ཞུགས་གནང་སྟེ་དགེ་རྒན་འདེམས་ཐོན་བྱུང་བ་རེད་ལ། དེ་ནས་བཟུང་སྟེ་ཤེས་རིག་ལས་ཁུངས་ཀྱི་ཁོངས་གཏོགས་གཏན་ཉིན་སློབ་གྲྭ་ག་བ་གནས་སྤོར་བཏང་བ་ཡིན་ན་ཀར་ཀོར་སོགས་ཅི་ཡང་མེད་པར་ཕེབས་རྐྱང་གནང་མཁན་གྱི་གྲས་ཤིག་ཡིན་འདུག དྷ་ས་མཚན་ཉིད་གྲྭ་ཚང་གི་གོ་སྒྲིག་འོག་དགེ་རྒན་འོས་སྦྱོང་ཐོག་མ་གནང་སྐབས་དེའི་འཛུལ་ཞུགས་གནང་སྟེ་དགེ་འོས་སློབ་མཐར་ཕྱིན་པ་དང་བསྟུན་མུ་མཐུད་དེ་གཏན་སློབ་ཀྱི་དགེ་རྒན་གནང་ནས་བཞུགས།

མཐར་གཟུགས་གཞི་བདེ་མིན་གྱིས་སྨན་ཁང་ནང་ལ་ཡུན་རིང་ལྷག་ཅིང་ཕྱི་ལུགས་སྨན་པས་སྨན་བཅོས་མེད་ལུགས་སོགས་ཚིག་ཐག་བཅད་ཀྱང་དམ་པ་ཁོང་གིས་སེམས་ཞུམ་ནས་མ་བཞུགས་པར་བོད་སྨན་བསྟེན་གཏུགས་གནང་ནས་དྲག་སྐྱེད་བྱུང་བ་དང་རྩ་བའི་བླ་མའི་མདུན་དུ་སྡོམ་པ་ཕུལ་ནས་ཞོགས་དགོང་དུས་ཚོད་ནམ་ཡོད་ཕྱག་དཔེ་གཟིགས་པ་དང་། ཁ་འདོན་དགེ་སྦྱོར་ཁོ་ནར་བརྩོན་གྱི་ཡོད་ཅིང་། ཞལ་ལག་དུས་གཉིས་ལས་བཞེས་ཀྱི་མེད། དུས་དེས་ནས་བཟུང་སྟེ་འཇིག་རྟེན་འཁོར་བའི་ལོངས་སྤྱོད་ལ་ཆོག་ཤེས་ཁོ་ན་འཛིན་ནས་གྲྭ་པ་དཀྱུས་མའི་མི་ཚེའི་འཚོ་བ་རོལ་གྱི་ཡོད། རང་ཉིད་ཀྱི་རྩ་བའི་བླ་མས་གང་གསུང་བ་རྡོ་ལ་རི་མོ་བྲིས་པ་ལྟར་གནང་མཁན་ཞིག་སྟབས། ཉིན་གཅིག་རྩ་བའི་བླ་མ་འདན་མ་བློ་ཆོས་རིན་པོ་ཆེའི་མདུན་དུ་བཅར་ནས་དགེ་རྒན་ནས་དགོངས་པ་ཞུས་ཏེ་སྒོམ་སྒྲུབ་ཉམས་ལེན་བྱེད་དགོས་དྲན་ཚུལ་ཞུས་སྐབས། འདན་མ་བློ་ཆོས་རིན་པོ་ཆེ་ནས་”ཁྱོད་རང་མི་ཚེའི་གཅིག་སྒོམ་སྒྲུབ་གནང་བ་ལས་དགེ་རྒན་གྱི་ཕྱག་ལས་གནང་ནས་སློབ་ཕྲུག་དེ་དག་ལ་ཤེས་ཡོན་གྱི་སློབ་ཁྲིད་གནང་ཐུབ་ན་ཕན་ཡོན་ཆེ་”ཚུལ་དང་། རྩ་བའི་བླ་མས་”མུ་མཐུད་དེ་དགེ་རྒན་གྱི་ཕྱག་ལས་གནང་ཤོག་”ཅེས་བཀའ་ཕེབས་དོན་ལྟར། དུས་དེ་ནས་བཟུང་སྟེ་ཕྱིར་ལོག་མ་མཛད་པར་དཀའ་སྡུག་ཁག་ལ་གདོང་ལེན་གནང་སྟེ་མི་ཚེ་མ་རྫོགས་བར་དགེ་རྒན་གྱི་ཞབས་ཕྱི་རླབས་ཆེན་ཞུ་རྒྱུ་བྱུང་ཡོད་པ་རེད་ལ། ཤེས་ཡོན་གྱི་སྲི་ཞུ་རླབས་ཆེན་བསྒྲུབས་ཡོད་ཅིང་། ད་ལྟ་ང་ཚོའི་སྤྱི་ཚོགས་ནང་ལ་ཤེས་ཡོན་ཐོག་ལ་ལས་དོན་གནང་མཁན་དེ་དག་ལ་དྲན་གསོ་ཙམ་ཡང་མེད་པར་གོ་མེད་འཚོ་མེད་ལྟ་བུ་གནང་སྟངས་དེ་དག་མཐོང་དུས། སྐབས་རེར་ཨ་ཁ་སྙམ་པའི་ཚོར་སྣང་སྐྱེ་ཡོང་གི་འདུག

གཅིག་བྱས་ན་རང་ཉིད་ལྟ་རྒྱ་དང་མཐོང་རྒྱ་ཆུང་བའི་སྐྱོན་ཡིན་སྲིད། མི་ལོ་ཉི་ཤུ་ལྷག་གི་རིང་ལ་དགེ་རྒན་གྱི་ཞབས་ཕྱི་བསྒྲུབས་མཁན་དང་། གསོག་དངུལ་ཚང་མ་བོད་མི་རིགས་ཀྱི་ཆོས་དང་རིག་གཞུང་མི་ཉམས་སྲུང་འཛིན་གནང་མཁན་གདན་གསུམ་གྱི་སློབ་གཉེར་བའི་ཆེད་དུ་ཕུལ་གནང་མཛད་མཁན་ཞིག་ཡིན་པས་དམ་པ་ཁོང་ལ་རྗེས་དྲན་ཞུས་ན་མི་འོས་པ་ཞིག་ག་ལ་ཡོད་སྙམ། རྒྱུ་མཚན་དེ་དག་ལ་བརྟེན་དགེ་རྒན་ཉམ་ཆུང་ཁོང་ལ་ངས་རྗེས་དྲན་ཞུ་ཡི་ཡོད། ལོ་ཡུན་དེ་དག་ནང་ལ་འཚོ་བ་སྟབས་བདེ་ཁོ་ན་མཛད་ནས་བཞུགས། དགེ་རྒན་གྱི་གསོལ་ཕོགས་གང་ཡོད་པ་དེ་དག་སྲི་ཚགས་གནང་ནས་མཐར་སྐུ་ཚེ་རྫོགས་ཁ་གདན་གསུམ་ལ་དངུལ་རྐྱང་འབུམ་བཅུ་གཅིག་ཕུལ་སོང་བ་དང་། སྐབས་དེར་དགེན་དམ་པ་ཁོང་གིས་གདན་ས་ནང་ལ་གྲྭ་རྐྱང་དུ་མ་ཞིག་གིས་གཞུང་ཆེན་ཁག་ལ་ཉིན་མཚན་ལྟོས་མེད་ཀྱིས་སློབ་གཉེར་གནང་གི་ཡོད་ཅིང་། དངུལ་ཕྲན་བུ་ཡོད་པ་དེ་དག་ལས་ལྷག་ཡོད་མ་རེད་ཅེས་ཚིག་ཐག་ཆོད་པོས་གསུངས་པ་དེ་དག་མཐོང་དུས་དགེན་ཁོང་ལ་རང་བཞིན་མེད་པར་ཡིད་སྨོན་སྐྱེས་བྱུང་། རྒྱུ་མཚན་ནི་བོད་མི་རིགས་ཀྱི་ལོ་རྒྱུས་ནང་ལ་གཞིས་བྱེས་གཉིས་སུ་གྱར་ནས་དུས་ཚོད་ཧ་ཅང་གཉན་འཕྲང་འདི་འདྲ་ཞིག་གི་སྐབས་ཁོང་གི་མི་ཚེ་ཕལ་ཆེ་བ་སློབ་གསོའི་ཐོག་བཏང་བ་དང། དེ་བཞིན་དངུལ་དངོས་ཚང་མ་འདས་ཁར་གདན་ས་གསུམ་གྱི་སློབ་གཉེར་བའི་ཆེད་དུ་ཕུལ་བ་དེ་དག་ནི་དགེན་ཁོང་ལ་རྗེས་དྲན་ཞུས་ན་མི་འགྲིག་པ་ཞིག་ག་ལ་ཡོད།

དམ་པ་ཁོང་དང་ངེད་གཉིས་ངོ་ཤེས་འགྱུར་བའི་བརྒྱུད་རིམ་ནི་ཨ་ཞང་ངེད་གཉིས་རྡོར་གླིང་ནས་དྷ་སར་ཕྱི་ལོ་ ༡༩༨༩ ཡན་མན་ལ་ཐོག་མར་འབྱོར། སྐབས་དེར་ཨ་ཞང་ལ་གཞུང་ཞབས་ཀྱི་ཐོབ་ཐང་རྒས་ཤག་མ་རག་བར་ཨ་ཞང་གི་ངོ་ཤེས་དཀོན་མཆོག་རྡོ་རྗེའི་ནང་ལ་བསྡད། སྐབས་དེ་དུས་དཀོན་མཆོག་རྡོ་རྗེ་དང་སྤྱིར་བཏང་གི་སྐད་ཆའི་ཞོར་འཕྲོས་ལ་ཁོང་གིས་ཡིད་སེམས་འགུལ་བའི་ཐོག་ནས་ང་ལ་མ་ཡུ་ལྕགས་ཀ་ཚང་གི་བུས་སློབ་གྲྭ་ནང་ལ་སློབ་སྦྱོང་ཡག་པོ་གནང་གི་ཡོད་ལུགས་བཤད་མྱོང་བར་བརྟེན། དེ་ནས་བཟུང་སྟེ་ཁོང་ལ་དོ་སྣང་བྱུང་ལ། སྐབས་རེར་དགེན་དམ་པ་ཁོང་དཀོན་མཆོག་རྡོ་རྗེའི་ནང་ལ་ཡོང་གི་འདུག་པ་དང་། དེ་ནས་བཟུང་སྟེ་ངེད་གཉིས་ཕན་ཚུན་ངོ་ཤེས་པར་གྱུར་བ་རེད། ཁོང་ནི་ཤེས་ཡོན་ལ་དོ་སྣང་ཆེ་བ་དང་། རང་ཚུགས་བརྟན་ལ་མི་གཤིས་ཧ་ཅང་བཟང་པོ་ཡོད་ཅིང་། གོང་ཞུས་ལྟར་མཚན་ཉིད་གྲྭ་ཚང་གི་སྐབས་དང་པོའི་དགེ་རྒན་འོས་སྦྱོང་ནང་ལ་འཛུལ་ཞུགས་གནང་ཞིང་དེ་དུས་རྩམ་པ་དུས་དེབ་འདོན་ཐེངས་དང་པོའི་སྟེང་ལ་དགེན་འདས་པོ་དམ་པ་ཁོང་གིས་བོད་ཀྱི་སྦྲང་དཀར་རྩམ་པ་སྐོར་གྱི་རྩོམ་ཡིག་སྤུས་ལེགས་གཅིག་ཀྱང་སྤེལ་འདུག་ཅིང་། ཐེངས་གཅིག་བཀླགས་རྒྱུའི་གོ་སྐབས་བྱུང་ཞིང་སྐབས་དེ་དུས་ནས་དགེན་དམ་པ་ཁོང་ལ་ཡིད་སྨོན་སྐྱེ་མྱོང་ཡོད།

རྩོམ་ཡིག་དེ་ལས་གཞན་དགེན་དམ་པ་ཁོང་གི་རྩོམ་ཡིག་མཇལ་མྱོང་མེད་ཅིང་། དུས་རྒྱུན་དུས་ཚོད་ནམ་ཁོམ་ལ་ཕྱག་དཔེ་ལ་གཟིགས་ཞིབ་གནང་ནས་ཐོས་བསམ་སྒོམ་གསུམ་ལ་འབད་བརྩོན་གནང་བ་ལས་རྩོམ་འབྲིའི་ཐོག་ལ་དེ་ཙམ་ཞིག་དོ་སྣང་མི་གནང་། ལྷག་དོན་རྒྱུན་དུ་སློབ་ཕྲུག་རྣམས་ལ་དེང་རབས་འཁྲུག་ཆ་ཆེ་བའི་སྤྱི་ཚོགས་ནང་ལ་བག་མེད་ཀྱི་འཚོ་བ་རོལ་ཏེ་མི་ཚེའི་འཕྲོག་ལྷག་གཏོང་མི་ཉན་ཚུལ་དང་། སློབ་སྦྱོང་ལ་འབད་བརྩོན་བྱེད་དགོས་པ། ནང་ཁུལ་ལ་ཕན་ཐོགས་མེད་པའི་འཁྲུག་འཛིང་བྱེད་མི་ཉན་ཚུལ་སོགས་ཀྱི་སློབ་གསོ་གནང་གི་ཡོད། དེར་བརྟེན་དམ་པ་ཁོང་གི་སློབ་ཁྲིད་གནང་སའི་མི་རབས་གསར་པ་རྣམས་ལ་བག་ཆག་རླབས་ཆེན་འཇོག་ཡོད་པ་ནི་བརྗོད་མ་དགོས། དེ་འདྲའི་མི་ལོ་ཉི་ཤུ་ལྷག་གི་ཤེས་ཡོན་གྱི་ཞབས་ཕྱི་ཞུ་མཁན་དགེན་དམ་པ་ཁོང་འདས་གྲོངས་ཕྱིན་པ་རེད། ཁོང་ལ་རྗེས་དྲན་ཞུ་བའི་མཚོན་དོན་དུ་སེམས་ནང་གང་ཤར་རྣམས་མྱུར་བཏབ་ཀྱིས་བྲིས་པ་ཞིག་ཡིན་ན་སྐྱོན་དང་ནོར་འཁྲུལ་མཆིས་ཚེ་བློ་གཟུ་བོར་གནས་པའི་ཀློག་པ་པོ་ཡོངས་ལ་བཟོད་གསོལ་ཞུ་རྒྱུ་ལས་མ་འདས། མཐའ་དོན་བོད་མི་རིགས་ལ་བཀའ་དྲིན་བླ་མེད་དུ་ཆེ་བའི་༧རྒྱལ་བ་བསྟན་འཛིན་རྒྱལ་མཚོ་མཆོག་སྐུ་ཚེ་ཡུན་རིང་བརྟན་པ་དང་། བོད་མི་རིགས་ཀྱི་བདེན་མཐའ་མྱུར་དུ་གསལ་བ། དགེན་དམ་པ་ཁོང་གི་བྱས་བསགས་སྡིག་སྒྲིབ་ཐམས་ཅད་དག་ཅིང་། འཕགས་མཆོག་སྤྱན་རས་གཟིགས་ཀྱི་འདུལ་ཞིང་ལ་མི་ལུས་བཟང་པོ་ཞིག་སྐྱེ་བའི་སྨོན་ལམ་ཞུ།

ལྷུག་རྩོམ།

Post navigation

Previous Post: བོད་ཡིག་སྟབས་བདེ་རུ་གཏོང་ཐབས་ཡོད་དམ།
Next Post: ཆིག་སྒྲིལ་གྱིས་ནུས་སྟོབས།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme