Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

རྩོམ་ཡིག་འབྲི་ཐབས།

Posted on 2010-08-022010-08-02 By བེ་རི་འཇིགས་མེད 27 Comments on རྩོམ་ཡིག་འབྲི་ཐབས།

[དབུ་མ་འོག་མ་ལོ་རིམ་དང་པོའི་དབྱར་ཆོས། ཕྱི་ལོ་༢༠༡༠ཟླ་བ་༨ཚེས་༡ནས་༣བར།]

____བེ་རི་དགེ་བཤེས་འཇིགས་མེད་དབང་རྒྱལ།

སྔོན་དུ་གླེང་བ།
མཁས་པའི་མདུན་སར་ངོམས་པའི་རྒྱན་གྱི་མཆོག།
ལག་ལེན་གསེར་གྱི་ཐིགས་པའི་ཉིང་ཁུ་གང༌།།
རིག་པ་དཔེ་ཐོག་འགོད་པའི་ལག་ལེན་གྱི།།
རྩོམ་ཡིག་འབྲི་ཐབས་མདོར་བསྡུས་བརྗོད་ལ་སྤྲོ།།
དེ་ལ་རྩོམ་རིག་ནི་ངག་གི་རིག་བྱེད་དང་འབྲེལ་བའི་སྒྱུ་རྩལ་གྱི་རྣམ་གྲངས་ཤིག་ཡིན་ལ། རྣམ་གྲངས་འདི་ཉིད་མཁས་པའི་དཔང་རྟགས་དང༌། མཛངས་པའི་ལག་རྗེས་ཤིག་ཀྱང་ཡིན། མཁས་པའི་བྱ་བ་ལ་འཆད་རྩོད་རྩོམ་གསུམ་ཉིད་དུ་བགྲང་ཞིང༌། དེ་དག་གི་ནང་ནས་ཀྱང་རྩོམ་པ་ནི། མཁས་པའི་བྱ་བ་ཀུན་གྱི་ནང་ནས་ཆེས་གལ་ཆེའི་རང་བཞིན་ལྡན་པ་ཞིག་ཡིན།
རིག་པའི་རྣམ་གྲངས་འདི་ཉིད་ནུབ་ཕྱོགས་པའི་རྒྱལ་ཁབ་ནང༌། དང་པོ་ཇི་ལྟར་བྱུང་བ་དང༌། བར་དུ་ཇི་ལྟར་དར་བ། ད་ལྟར་ཇི་ཙམ་འཕེལ་བའི་བྱུང་རིམ་ནི་ཤིན་ཏུ་རིང་ལ། དེ་བཞིན་ཤར་ཕྱོགས་པའི་ནང་དུའང་རྩོམ་རིག་གི་བྱུང་དར་འཕེལ་གསུམ་གྱི་ལོ་རྒྱུས་ནི་ཤིན་ཏུའང་རིང་པོ་ཡིན། བྱེ་བྲག་བོད་ཀྱི་རྩོམ་རིག་གི་བྱུང་རིམ་ནི། བོད་ཀྱི་འགྲོ་བ་མིའི་འཕེལ་རིམ་མགོ་བཙུགས་པ་ནས་ད་ལྟའི་བར་ཇི་ལྟར་བྱུང་ཞིང་དར་བ་དང༌། འཕེལ་ཞིང་རྒྱས་པའི་ལོ་རྒྱུས་ཀྱི་རྒྱུད་རིམ་ཐུང་ཐུང་མིན་ལ། ཉུང་ཉུང་ཡང་མིན། བྱུང་རིམ་དེ་རིགས་ཕྱོགས་བསྡོམས་བརྒྱབ་ནས་ཞུ་ན། བོད་ཀྱི་གདོད་མའི་རྩོམ་རིག་དང༌། སྲོལ་རྒྱུན་རྩོམ་རིག རང་མོས་རྩོམ་རིག་གསུམ་དུ་འདུ་བ་ཡིན།
རྩོམ་རིག་གང་ཞིག་ཡིན་ཡང་དེའི་གཞི་བཅོལ་ས་རིག་པའི་གཞུང་ལུགས་ཤིག་དགོས་པ་ནི། བཤད་མ་དགོས་པར་ཆོས་ཉིད་ཀྱི་རང་བཞིན་ལྡན་པ་ཞིག་ཡིན། རིག་པའི་གཞུང་ལུགས་ཀྱི་སྒྲོམ་གཞི་ལྡན་པའི་རྩོམ་རིག་ལ་ནང་གསེས་ཀྱི་དབྱེ་བ་ནི་རྟ་མོག་གི་སྤུ་ལྟར་མང་ལ། དེ་དག་རེ་རེ་ལའང་ཐུན་མོང་མིན་པའི་ཁྱད་ཆོས་ལྡན་པའི་སྒྱུ་རྩལ་གྱི་ཉམས་འགྱུར་དང༌། བྲོ་བའི་ཁྱད་པར་མི་འདྲ་བ་རེ་རེ་ལྡན་པའང་བཤད་མ་དགོས་པ་རེད། ང་ཚོས་རང་རང་ལ་ལྷན་སྐྱེས་སུ་ལྡན་པའི་སེམས་ཁམས་ཀྱི་ཁ་ཕྱོགས་དང༌། དབང་པོའི་མཐོང་སྣང་མི་འདྲ་རེ་ཡོད་པའི་ཡུལ་ཅན་གྱི་སྒེའུ་ཁུང་དེ་དག་ནས། རང་ཡུལ་གང་དང་གང་ཞིག་ལ་འཇལ་བའི་སྐབས། མཐོང་སྣང་དང་བསམ་སྣང་མི་འདྲ་རེ་ཡོང་གི་ཡོད་ལ། མཐོང་སྣང་དང་བསམ་སྣང་མི་འདྲ་བའི་བརྗོད་པ་རེ་རེ་ཡང་ངག་ལམ་ནས་རང་བཞིན་གྱིས་བརྡོལ་འོང་བ་དེ་ནི། སྡེབ་བསྒྲིགས་མ་བྱས་པའི་རྩོམ་རིག་གི་ཆ་ལག་ཡིན་ལ། དེ་ནི་གཡོས་སྦྱོར་མ་བྱས་པའི་ཁ་ཟས་ཀྱི་རྒྱུ་ཆ་དང་ཡང་མཚུངས་པ་ཡིན། དེ་ཉིད་ཡིག་ཐོག་ཏུ་བསྒྲིགས་པའི་རྩོམ་རིག་གི་རྒྱུད་རིམ་ནི། རྩོམ་རིག་གི་གཞི་རྐང་དང་པོ་འཛུགས་ས་དེ་ཡིན། རྐང་པ་འཛུགས་ས་འདི་ནས་འགྲོ་ཐུབ་པ་དང༌། འགྲོ་བ་ནས་རྒྱུག་པ། རྒྱུག་པ་ནས་མཆོང་བའི་རྒྱུད་རིམ་གྱི་མགོ་འཛུགས་བྱེད་ས་ལྟེ་བ་དེ་ཡང་འདི་ཉིད་ཡིན། དེར་བརྟེན་ང་ཚོས་རྩོམ་རིག་གི་ལམ་བུ་ལ་སྒྱུ་རྩལ་གྱི་གོམ་པ་རྒྱག་དགོས་ན། མགོ་འཛུགས་བྱེད་ས་དང་དབུ་ཁྱུད་འབྲི་ས་དེ་འདི་ནས་ཡིན།

རྩོམ་ཡིག་འབྲི་ཐབས་དངོས།

མཁས་པའི་བྱ་བ་ལ་མུ་མཐའ་མེད་ཅིང་བཟང་པོའི་བྱ་བཞག་ལ་ས་མཚམས་མེད། བྱ་བཞག་དང་མཛད་རྗེས་ཇི་འདྲ་ཞིག་གིས་ཀྱང་བསྒྲུན་དུ་མེད་པ་ནི་རྩོམ་རིག་ཁོ་ན་ཡིན། འོ་ན་རྩོམ་ཡིག་འབྲི་བར་མགོ་གང་ནས་འཛུགས་དགོས་སམ། མཇུག་ཇི་ལྟར་བསྐྱལ་དགོས་སམ། ཞེས་པའི་འདྲི་བ་འདི་གཉིས་ཆེད་དུ་མངགས་ནས་འདྲི་མི་དགོས་པར་རང་བཞིན་གྱིས་སླེབས་འོང་བའི་རང་བྱུང་གི་འདྲི་བ་རྡོག་རྡོག་གཉིས་ཡིན།
ཁྱོད་ཀྱིས་རྩོམ་ཡིག་འབྲི་བའི་མགོ་ཇི་ལྟར་འཛུགས་དགོས་སམ། ཁྱོད་ཉིད་རྩོམ་རིག་གི་འཇིག་རྟེན་ཉུལ་བའི་ཐོག་མར་དབྱངས་གསལ་སོ་བཞིའི་འགྱུར་ཁུག་ལ་བྱང་ཆུབ་པ་ནས། སུམ་རྟགས་དག་གསུམ་གྱི་ཕ་ཁྱིམ་ལའང་ནང་བྱན་ཆུབ་པའི་ཆ་རྐྱེན་ལྡན་པ་ནི་བཤད་མ་དགོས་པའི་ཐོག ཁྱོད་རང་རྩོམ་རིག་གི་འཇིག་རྟེན་ལ་ལྟ་འདོད་ཀྱི་མིག་དང་འགྲོ་འདོད་ཀྱི་རྐང་པ་ལྡན་དགོས།
གལ་ཏེ་ཁྱོད་རང་རྩོམ་རིག་ལ་དུངས་ན། ལྷོད་མེད་པའི་སྤྲོ་བའི་དུངས་སེམས་དེ་ནམ་ཡང་མི་འདོར་བར་སྒྱུ་རྩལ་གྱི་མཛེས་བཀོད་ལ་ཚོར་སྣང་གི་གསོན་ཤུགས་སྦར་དགོས། ཁྱོད་ཀྱིས་གསོན་ཤུགས་འཕར་བའི་ཚོར་བའི་མྱོང་བྱང་ཐོག་མར་དགོད་ས་དེ། ཁྱོད་རང་རྩོམ་རིག་གི་འཇིག་རྟེན་འགྲིམས་པའི་ཐག་ཟམ་ཕྲ་མོ་དེ་ཡིན། ཐག་ཟམ་དེའི་ཐོག་ནས་ཁྱོད་ཀྱི་གོམ་པ་དང་པོ་སྤོ་ཐབས་ཉག་གཅིག་ནི། ཤོག་ཐོག་ཏུ་ཕབ་པའི་ཚོར་བའི་ནག་རིས་དེ་ཡིན། ཚོར་བའི་ནག་རིས་ཀྱི་སྣང་བརྙན་འདི་བསྐྲུན་པར་ཐོག་མར་བྱིས་པ་གོག་ནས་ལངས་པ་དང༌། བྱེའུ་ཚང་ནས་འཕུར་པའི་གདེང་ཆ་ནི། ཁྱོད་ཀྱི་ཉིན་རེའི་ཚོར་བ་དང་འབྲེལ་བ་ཡོད་པའི་རྩོམ་རིག་ཐུང་ཐུང་དང༌། ཆུང་ཆུང༌། ཉུང་ཉུང་འབྲི་བའི་ངལ་བ་དང་དུ་ལེན་རྒྱུ་དེ་ཡིན།
ཁྱོད་ཀྱིས་རྩོམ་རིག་གི་ཞིང་ཁམས་ཉུལ་བར་འདོད་ན་རང་ཉིད་ཀྱི་ཉིན་རེའི་འཚོ་བ་དང་འབྲེལ་བའི་སྒྱུ་རྩལ་གྱི་མཚན་མདངས་བཀྲ་བའི་ཉིན་ཐོ་བྲིས་དང༌། ལྐོག་འགྱུར་དང་རྟོག་བཟོས་ཉམས་འགྱུར་གྱི་འདྲ་འབག་གཡོག་པའི་ཉིན་ཐོ་བྲིས་དང༌། ད་བཟོད་སྣག་ཤོག་གི་བར་དུ་འཚང་བའི་ཁྱོད་ཀྱི་གྲིབ་གཟུགས་ལ་གསོན་ཤུགས་ཀྱི་གཡོ་འགུལ་ལྡན་པའི་རྣམ་ཤེས་གསར་པ་ཞིག་ཞུགས་པ་ཡིན།
ཁྱོད་ཀྱིས་རྩོམ་རིག་གི་འཇིག་རྟེན་ལ་གཟིགས་མོ་སྤྲོ་ན། མཐོང་ཐོས་དངོས་བྱུང་གི་སྙན་ཚིག་བྲིས་དང༌། རྟོག་འཆར་དང་ཚོར་སྣང་འདྲེས་པའི་སྒྱུ་རྩལ་གྱི་མཛེས་བཀོད་བྱོས་དང༌། ད་བཟོད་ཁྱོད་ཉིད་འཁྲུལ་སྣང་དང་དངོས་བདེན་བར་གྱི་སྒྱུ་རྩལ་མཁན་པོའི་གོ་ས་ལ་རེག་པ་ཡིན་ལ། སྨྱུག་རྩེ་དང་ཤོག་ངོས་བར་ནས་ཉམས་དང་འགྱུར་གྱི་གསོན་ཤུགས་གསར་པ་ཞིག་ཀྱང་འཕར་ངེས་ཡིན།
ཁྱོད་རང་རྩོམ་རིག་གི་རོལ་དབྱངས་ཉན་པར་འདོད་ན། འཚོ་བ་དངོས་ཀྱི་སྙོག་འཛིང་ལ་ཞིབ་འདང་ཐེབས་ངེས་ཀྱི་སྒྲུང་ཐུང་བྲིས་དང༌། འཆལ་ཡན་དང་འཁྲུལ་རྟོག་གི་འབག་གོས་བཀླུབས་པའི་སྒྲུང་རྩོམ་བྲིས་དང༌། ད་བཟོད་ཁྱོད་ཉིད་ཚོར་བ་དངོས་ལ་རེག་པའི་མྱོང་བྱང་དང༌། རྟོག་འཆལ་ཀློང་ན་རྩེན་པའི་རྨི་ལམ་འགུག་མཁན་གྱི་མིག་འཕྲུལ་བ་དང་སྒྱུ་མ་མཁན་ཞིག་འགྱུར་ངེས་ལ། དེ་ནི་ཁྱོད་ཉིད་རྩོམ་རིག་གི་རོལ་དབྱངས་ཉན་པའི་གདེང་ཆ་དང་ཁོ་ལག་ཡག་ཤོས་དེ་ཡིན།
གལ་ཏེ་ཁྱོད་རང་རྩོམ་རིག་ལ་ཐོས་པའི་བག་ཆགས་འཐུག་པ་དང་བསམ་པའི་རིག་ཚུལ་ཟབ་པའི་ཚོར་རྟོག་རྣོན་པོ་ཞིག་དགོས་ན། ཁྱོད་ཀྱི་གོམ་པའི་རྡོག་སྣེ་གཙུག་ལག་གཏེར་དུ་འཁྱིལ་པའི་དཔེ་མཛོད་ལ་གཏོད་དང༌། ཁྱོད་ཀྱི་མིག་ཟུང་གནའ་དེང་གི་མཁས་པས་བསྐྲུན་པའི་དཔེ་ཚོགས་ཀྱི་ཁོག་པའི་ནང་འཛུལ་དང༌། ད་བཟོད་ཁྱོད་ལ་སྔར་ན་མེད་པའི་མཐོང་ཐོས་ཀྱི་བག་ཆགས་གསར་པ་ཞིག་བསག་འོང་ལ། ཕྱིན་ཆད་ཕན་པའི་ཚོར་བའི་མྱོང་བྱང་གི་ཁ་བྱང་གསར་པ་ཞིག་རྙེད་འོང༌།
གལ་ཏེ་ཁྱོད་རང་འཇིག་རྟེན་དངོས་དང་རྟོག་འཆར་གྱི་སྣོད་བཅུད་མཐའ་དག་མཛེས་བཀོད་ཀྱི་སྣང་བརྙན་དུ་བསྡུས་ནས། རྩོམ་རིག་གི་བྱ་བཞག་ཅིག་བསྐྲུན་འདོད་ན། ཁྱོད་ཀྱིས་སྔ་ཕྱི་བར་གསུམ་དང༌། ཉིན་མཚན་དུས་དྲུག འགྲོ་འདུག་སྤྱོད་གསུམ། ཐ་ན་དུས་ཀྱི་རྒྱུ་བ་ཕྲ་མོ་ཚུན་ཆད་དུའང་མཐོས་ཐོས་མྱོང་གསུམ་གྱི་དངོས་པོ་རེ་རེ་བ་ཚུན་ཆད་ཀྱི་ཁྱད་ཆོས་དང་བྱེད་ལས། ངོ་བོ་དང་ནུས་པ། རྒྱུ་རྐྱེན་དང་མཇུག་འབྲས་བཅས་ལ་དོན་དངོས་དང་རྟོག་བཟོ་ཟུང་དུ་འབྲེལ་བའི་རྟོག་ཞིབ་ཀྱི་མིག་ཟུང་ཕྱེ་དགོས་ལ། དབྱེ་ཞིག་ཀྱི་དཔྱོད་སྒོ་འབྱེད་དགོས། རྩོམ་རིག་གི་ཞིང་ཁམས་འགྲིམས་པའི་སྒོ་ཆེན་འདི་ནས། རྩོམ་རིག་གི་འཇིག་རྟེན་ཉུལ་པའི་ལམ་ཁྱེར་འདི་ནས། ཁྱོད་རང་གོམ་པ་དལ་གྱིས་སྤོས་ན། ད་བཟོད་ཁྱོད་ཉིད་རྩོམ་རིག་གི་ཞིང་ཁམས་ལ་སླེབས་ངེས་ཡིན་ལ། སྒྱུ་རྩལ་གྱི་ལྟད་མོ་དངོས་གནས་དེ་མཐོང་ངེས་ཡིན།
རྩོམ་རིག་གི་འཇིག་རྟེན་ཉུལ་བའི་བཙན་ས་ཟིན་པའི་ཉིན་མོ་དེར་ཁྱོད་ཀྱིས་ཅི་ཞིག་བྱེད་དགོས་སམ། འདི་ནི་ཁྱོད་ཀྱིས་དཀའ་བ་བརྒྱ་ཕྲག་སྤྱོད་པའི་རྒྱལ་ཁའི་མཐའ་མཇུག་གི་དྲི་བ་དེ་ཡིན། དྲི་བ་འདི་སླེབས་དུས་ཁྱོད་ཉིད་རྩོམ་རིག་གི་འཇིག་རྟེན་དུ་སྒྱུ་རྩལ་གྱི་གླུ་དབྱངས་ལེན་མཁན་གླུ་པ་གྲགས་ཅན་དེ་ཆགས་ཟིན་པ་ཡིན་ལ། རྟོག་བཟོའི་འཇིག་རྟེན་བསྐྲུན་པའི་འཆལ་ཡན་གྱི་མིག་འཕྲུལ་མཁན་པོའི་གོ་ས་ཡང་ཐོབ་ཟིན་པ་ཡིན། སྐབས་དེར་ཁྱོད་ཉིད་ཤིང་སྡོང་བཞིན་ཙོག་གེར་སྡོད་པའི་དུས་མིན་ལ། འབག་སྐུ་བཞིན་གསོན་ཤུགས་མི་དགོས་པའི་དུས་དེ་བས་མིན། སྐབས་དེར་ཁྱོད་རང་མང་ཚོགས་ཀྱི་རྨོངས་པ་སེལ་བའི་ཆེད་ཞུན་མར་བཞིན་འབར་དགོས་ལ། སྐབས་དེར་ཁྱོད་རྗེས་ལུས་ཀྱི་བཀག་རྡོ་གཏོར་བའི་ཆེད་འབར་རྫས་བཞིན་འགད་དགོས། སྐབས་དེར་ཁྱོད་རིག་གཞུང་གི་སྐྱེད་ཚལ་ཆེད་མེ་ཏོག་བཞིན་བཞེད་དགོས་ལ། སྐབས་དེར་ཁྱོད་མང་ཚོགས་ཀྱི་བསམ་བློའི་མྱུ་གུའི་ཆེད་ཆར་པ་བཞིན་འབབ་དགོས།
མཐའ་བསྡོམས།
རྩོམ་རིག་ལ་དགའ་བའི་ན་གཞོན་ཚོ། ཁྱོད་ཅག་རྩོམ་རིག་ལ་འཇུག་པའི་གྲུ་ག་ཆུང་ཆུང་ཞིག་འདི་ནས་བསྐྲུན་ཡོད་པའི་རེ་བ་ཞུ་རྒྱུ་ཡིན་ལ། གྲུ་ག་ཆུང་ཆུང་འདི་ནས་གོམ་པའི་རྡོག་སྣེ་དང་པོ་དེ། ཉི་མ་དེ་རིང་ནས་འཇོག་སྟེ་རྩོམ་རིག་གི་དབུ་ཁྱུད་གསར་པ་ཞིག་འབྲི་རྒྱུའི་རེ་བ་ཞུ་རྒྱུ་ཡིན།
མཚམས་དང་ཚད་ལས་འགངས་པའི་སྒྱུ་རྩལ་གྱི།།
སྣང་བརྙན་འབུམ་ཕྲག་འཆར་བའི་མེ་ལོང་ནི།།
གནའ་དང་དེང་གི་རྩོམ་རིག་འཕྱུར་བའི་རླབས།།
གཙུག་ལག་རྒྱ་མཚོ་མཛེས་པའི་རྒྱན་གྱུར་ཅིག།
ཤིས་སྨོན་བཅས་དགེ་མིང་ཟུར་ཙམ་འདྲེན་པ་བེ་རི་འཇིགས་མེད་ཀྱིས་ཝཱཎའི་ཆེས་མཐོའི་གཙུག་ལག་སློབ་གྲྭའི་ཆེན་མོའི་མགྲོན་ཁང་མགོན་མེད་ཟས་སྦྱིན་གྱི་ཡང་ཐོག་རང་ཤག་ཏུ་༢༠༡༠།༨།༡ཉིན་ཤར་མར་སྤེལ་བ་དགེ་ལེགས་འཕེལ།། །།

རྩོམ་རིག

Post navigation

Previous Post: ཉིན་གུང་གི་རྨི་ལམ།
Next Post: དྭང་བླང་དགེ་བསྐོས།

Comments (27) on “རྩོམ་ཡིག་འབྲི་ཐབས།”

  1. ཀརྡོ་རབ་འབྱམས་པ་ says:
    2010-08-02 at 10:26 am

    ཐོག་མར་ཡི་གེ་འབྲི་ཀློག་ནས། །
    སུམ་རྟགས་དག་ཆ་སྙན་ངག་སྦྱོངས། །
    དེ་ནས་བྱིས་སྒྲུང་བཀའ་བསྟན་དང་། །
    གཏམ་རྒྱུད་བཀླགས་ནས་འབྲི་འགོ་རྩོམས། །

    སྔར་བརྩམས་བར་བསྩམས་ཕྱིས་སུ་བརྩམས། །
    རང་རྩོམ་གཞན་རྩོམ་འགྱུར་རྩོམ་དང་། །
    ཚིགས་བཅད་ཚིག་ལྷུག་སྤེལ་མའི་ནང་། །
    མ་བསྡུས་རྩོམ་ཞིག་ཡོད་མ་ཡིན། །

  2. རོང་རྒན says:
    2010-08-02 at 11:50 am

    རྩོམ་རིག་རྒྱ་མཚོ་རྒྱས་གྱུར་ཅིག།

  3. རོང་རྒན says:
    2010-08-02 at 11:51 am

    རྩོམ་རིག་རྒྱ་མཚོ་རྒྱས་གྱུར་ཅིག

  4. བེ་རི་འཇིགས་་མེད says:
    2010-08-02 at 12:20 pm

    མཁས་པའི་དབང་པོ་སྒམ་སྡེ་ལྷ་རམས་པ་ལགས། ཁྱོད་བཞུགས་ཡོད་པ་བཀའ་དྲིན་ཆེ།
    ཁ་ནག་འདི་ཚོས་ཁ་བརྡ་ནང་དུ་ཁ་ངན་གང་བྱུང་སྨྲས་པ་དེར།།བདེན་པར་བཟུང་ནས་བློ་ཕམ་ཆེན་པོས་གྲོགས་པོ་འགའ་ལའང་དེ་དོན་བཤད།། ད་ལྟར་ཁ་བརྡ་ཚང་གི་གསལ་བཤད་གསར་དུ་གོ་བས་སེམས་པ་སྤྲོ།། མྱུར་དུ་མཇལ་འོང་མཁས་དབང་ཆེན་མོ་དེ་དུས་གཏམ་གྱི་སྒོ་མོ་ཕྱེ།།
    བཀྲ་མ་ཤིས་པ་འདི་ཚོས་ཁ་བརྡ་ནང་གི་མི་ངོ་མ་རྐང་གཅིག་ཡོད་པ་དེ་ཤི་སྒུག་རྒྱག་དོན་ག་རེ་ཡིན་ནམ།

  5. མེ་ཏོག་དཀར་པོ། says:
    2010-08-02 at 12:27 pm

    བོད་ཀྱི་གདོད་མའི་རྩོམ་རིག་དང༌། སྲོལ་རྒྱུན་རྩོམ་རིག ཅེས་གསུངས་འདུག་པར་འདི་གཉིས་ཀྱི་ཁྱད་པར་དང་། ས་མཚམས། དཔེ་མཚོན་བཅས་གསུངས་རོགས།
    བེ་རི་ལགས།

  6. བེ་རི་འཇིགས་་མེད says:
    2010-08-02 at 1:00 pm

    མེ་ཏོག་དཀར་པོ་ལགས། ད་ང་དྲ་རྒྱ་སྒོ་བརྒྱབ་ནས་འགྲོ་གྲབས་ཡོད། ངའི་ཤག་ལ་དེང་སང་དྲ་རྒྱ་མེད། སང་ཉིན་དུས་ཚོད་རག་ན་ངས་ལན་ཕུལ་འོང་། གཟིམས་འཇགས་གནང་།

  7. དུས་ཆར། says:
    2010-08-02 at 7:18 pm

    རྩོམ་འབྲི་ཐབས་སྐོར་གྱི་རྩོམ་འདི་སྙན་ངག་ལྟར་ཤར་མར་སྐྱུགས་པ་ཞིག་རེེད་འདུག།

  8. འབྲོང་བུ་ཟླ་བ་ཚེ་རིང། says:
    2010-08-02 at 11:29 pm

    བརྗོད་གཞི་ཡག་པོ་ཞིག་གླེང་འདུག་པས་ཡོང་ནས་བསྡད་ཡོད། གནས་ཚུལ་ཁག་ཅིག་ད་དུང་ཡང་ཁ་གསལ་མི་འདུག་པས། དགོངས་ཚུལ་གསུངས་བའི་རེ་བ་ཡོད།
    ཁྱེད་ཀྱིས་ཉམས་མྱོང་མང་པོ་གསོག་ནས་མཐོང་ཐོས་དྲན་རེག་དང་ཚོར་སྣང་རྩོམ་ཡིག་ཏུ་འགོད་དགོས་ཞེས་གསུངས་ཡོད་པ་མ་གཏོགས། རྩོམ་ཡིག་ཏུ་ཇི་ལྟར་འགོད་དགོས་པ་གསུངས་མི་འདུག གོ་རིམ་དང་འཆར་གཞི་ཅི་འདྲ་ཞིག་ལ་བརྟེན་ནས་འབྲི་དགོས་པ་རེད་དམ། རྩོམ་ཐབས་གང་འདྲ་ཞིག་བསྟེན་དགོས་པ་རེད་དམ། དཔེར་ན། དབྱིན་ཡིག་ཏུ་༼ལེགས་རྩོམ་དུམ་མཚམས་ལྔ་ལྡན།༽ ཞེས་པ་ཞིག་ཡོད། འདིའི་འབྲི་ཐབས་ཧ་ཅང་ཁ་གསལ་པོ་ཡིན། དང་པོ་བརྗོད་གཞི་འདེམས་གསེས་བྱས་ཏེ་དུམ་མཚམས་དང་པོར་ངོ་སྤྲོད་དང་སྦྲགས། བརྗོད་གཞི་འདི་ཉིད་ལེགས་པོར་འགྲེལ་ཐུབ་པའི་རྒྱུ་མཚན་གལ་ཆེན་གསུམ་བགྲང་བ་ཡིན། དུམ་མཚམས་གཉིས་པ་དང་གསུམ་པ། བཞི་པ་བཅས་སུ། རྒྱུ་མཚན་རེ་རེ་རྒྱས་པར་འགྲེལ་བཤད་རྒྱག་དགོས་པ་ཡིན། མཐའ་མའི་དུམ་མཚམས་ཏེ་དུམ་མཚམས་ལྔ་པར་གོང་དུ་བགྲང་པའི་རྒྱུ་མཚན་གསུམ་དང་འབྲེལ་ནས་རྩོམ་ཡིག་ལ་མཇུག་སྡོམ་རྒྱག་དགོས་པ་ཡིན། འདི་ལྟར་བྱས་ཚེ་རྩོམ་ཡིག་གི་འགོ་མཇུག་བར་གསུམ་འབྲེལ་བ་དམ་ཟབ་ཡོད་པ་མ་ཟད། ནང་དོན་འཁྱོལ་འགྲོ་བའི་ཉེན་ཁ་ཆུང་བ། དོན་མེད་ཀྱི་རྒྱུ་མཚན་མི་བགྲང་བ་བཅས་ལ་ཕན་པ་ཡིན། བསམ་ཚུལ་ཙམ་ཡིན།
    ཁྱེད་ཀྱི་དགོངས་ཚུལ་ལ་སྒུག་ནས་འདུག་གི་ཡིན།

  9. ནགས་ཤོད་སད་མི། says:
    2010-08-02 at 11:40 pm

    རྒན་བེ་རེ་ལགས། དེང་སང་གང་དུ་ཡོད། མཐོང་ས་ན་མི་འདུག

  10. གཅན་བཟོད་རྒྱམ། says:
    2010-08-03 at 1:01 am

    ཐོག་མར་རྩོམ་རིག་གང་ཡིན་པ་དང་རྩོམ་སྲོལ་གང་ཡིན་དེ་བྱུང་། དེ་ནས་དེའི་ཐབས་ལམ་དང་རང་བཞིན་ནམ་གྲུབ་མཐའ་རེ་བྱུང་བར་སྙམ། དེ་མིན་ཐོག་མ་ནས་གྲུབ་མཐའ་ཞིག་གམ་རྣམ་གཞག་ཅིག་བྱས་ཏེ་རྩོམ་འབྲི་བ་དཀའ་མོ་རེད་སྙམ།

  11. Rabtan says:
    2010-08-03 at 2:37 am

    བེ་རི་བླ་རྒན་འདི་ནི
    བཙན་བྱོལ་ནང་གི་བླ་ན་མེད་པའི་རྩོམ་པ་པོ་ཞིག་རེད
    ལྷ་མོ་སྐྱབས་དང་། ཧོར་འཇིགས་ཟེར་ཡང་། རྩོམ་རྩལ་དང་། སྒྱུ་རྩལ་ཐད་ནས་ཁོང་ལ་དོ་ཟླ་གཏན་མེད།

    འོན་ཀྱང་ཁོང་གི་ལོ་རྒྱུས་རྩོམ་སྒྲིག་བྱས་པ་དག་ལ། དྲང་ཐད་ཀྱི་གནས་ལུགས་མེད་པ་དང་།
    སྙན་ངག་དེབ་དག་ལ་སྐད་ཆའི་སྒྱུ་རྩལ་དེ་ཙམ་མེད།

    ཡིན་ནའང་ཁོང་མཁས་པ་ཞིག་དང་། གྲགས་ཆེན་ཞིག་རེད།
    བོད་ཀྱི་རྩོམ་རིག་འདི་ད་དུང་སྤྱི་ཚོགས་གཞན་གྱི་རྩོམ་རིག་དང་བསྡུར་ན་རྗེས་ལུས་ཆགས་འདུག་པའི་རྒྱུ་མཚན་དང་།

    བཙན་བྱོལ་ནང་གི་རྩོམ་པ་པོ་ཚོ་ལྟོགས་ཤི་ཐེབས་གྲབས་བྱེད་ཀྱིན་པའི་ཚོད་འདི་གང་ལས་བྱུང་བ་རེད།
    དེ་སེལ་ཐབས་གང་འདྲས་དགོས
    སུས་ཐབས་ལམ་དེ་དང་གོ་སྐབས་དེ་བསྐྲུན་དགོས

  12. ཤ་ཀླན་བུ says:
    2010-08-03 at 5:40 am

    བེ་རི་བླ་རྒན་ནི་ཅི་ཡང་མི་ཤེས་མཁན་ཞིག་དང་བཤད་རྒྱུར་དགའ་མཁན་ཞིག་རེད་འདུག
    འདི་ངས་ཁོ་ལས་བླངས་པའི་སྤྱི་སྡོམ་ཡིན།
    གོང་གི་རྩོམ་ཆག་འདིར་གཟིགས་དང་དྲ་གྲོགས་རྣམ་པས་མཁྱེན་ཡོང་ངེས་ཡིན།

  13. གཡུ་མཚོ། says:
    2010-08-03 at 5:58 am

    བཀའ་དྲིན་ཆེ།

  14. ཁ་རུ་ཁ་ཐུག says:
    2010-08-03 at 11:20 am

    བེ་རི་དགེ་བཤེས་ཁྱོད་རང་གིས་རྩོམ་ཡིག་ཡག་པོ་ག་ཚོད་བྲིས་ཀྱང་། ས་ཆ་འདི་འདྲ་ལ་ཡོང་ན། འདི་ཚོས་ཁ་རུབ་བརྒྱབ་ནས་སྐྱིད་འཇུག་གི་མ་རེད་ལ། རྩོམ་ཇི་འདྲའི་དོན་སྙིང་ཅན་ཞིག་བྲིས་ཀྱང་འདི་ཚོས་ཁས་ལེན་བྱེད་ཀྱི་མ་རེད། དེ་ལས་བེ་རི་དགེ་བཤེས་ཁ་བརྡ་ནས་ཕྱིར་འཐེན་བྱས་ནས་རང་ས་ལ་ཕེབས་ན་དགའ་གི་རེད།

  15. ཁ་རུ་ཁ་ཐུག says:
    2010-08-03 at 11:21 am

    འདི་ཚོས་སྐྱོན་ཞིག་འཛུགས་རྒྱུ་མ་རག་ནས་བསྡད་ཡོད་པ་ཁྱེད་ཀྱིས་མི་མཁྱེན་ནམ།

  16. རྟོག་སད། says:
    2010-08-03 at 9:48 pm

    སྤྱིར་བེ་རི་འཇིགས་མེད་ཟེར་བ་ནི། རང་རེའི་བཙན་བྱོལ་ནང་གི་རྩོམ་བྲིས་པ་རྒན་པ་དང་ཁོང་གི་རྩོམ་ཡིག་མང་པོར་ཀློག་མཁན་དུམ་མས་གདེངས་འཇོག་ཐོབ་མྱོང་ལ། རང་བཞིན་སྒམ་ཚུགས་ཅན་གྱི་གྲྭ་བ་ཡང་དག་པ་ཞིག་ཏུ་བསམ། ཡིན་ན་ཡང་ལོ་སྔོན་མར་ཁོང་གི་ཁོག་ཏུ་གདོན་ཞུགས་པ་ལྟར། ཆོལ་ཁའི་ཕྱོགས་ལྷུང་གི་རལ་གྲི་ཀླད་ལ་བསྐོར་བ་དེས་བོད་མི་ཤེས་ཡོན་ཅན་ཕལ་ཆེ་བའི་སྙིང་ཁར་ཆུ་འཁྱག་ཕོར་བ་གང་རེ་བླུགས་པ་ལས་མ་འདས་པར་གྱུར། གང་ལྟར་ཁོང་གི་རྩོམ་བྲིས་ལ་གཞན་གྱིས་འགྲན་ཟླ་བྲལ་བའི་ཉམས་ཤིག་ཡོད་པར་སུས་ཀྱང་བསྙོན་དུ་མི་འདུག་སྙམ།

  17. མེ་ཏོག་དཀར་པོ། says:
    2010-08-04 at 9:44 am

    བེ་རི་ཕེབས་རྒྱུ་མིན་འདུག
    ེམེ་ཏོག་སྒུགས་ཚོད་མིན་འདུག

  18. བེ་རི་འཇིགས་མེད། says:
    2010-08-05 at 2:50 am

    མེ་ཏོག་དཀར་པོ་ལགས། བོད་ཀྱི་གདོད་མའི་རྩོམ་རིག་ནི། བོད་ཀྱི་སྤྱི་ཚོགས་ཐོགསད་མར་ཚུགས་པའི་སྐབས་ནས་ངག་ཐོག་་ནས་བརྡ་སྤྲོད་པའི་སྐད་ཀྱི་རྒྱུ་བདེ་ག་རང་གདོད་མའི་རྩོམ་རིག་གི་རྨང་གཞི་ཡིན། སྤྱི་ཚོགས་འཕེལ་རིམ་དང་འགྲོགས་ནས་སྐད་ཆའི་འཕེལ་རིམ་དེ་ཉིད་རྩོམ་རིག་འཕེལ་རིམ་གྱི་འགྲོས་ཡིན། སྐད་ཆའི་བེད་སྤྱོད་དེ་ཉིད་རྡོ་དང་ཤིང་གི་ངོས་སུ་རི་མོའི་ཟོལ་དུ་ཕབ་པའི་བསམ་བློ་བྱུང་བ་ནས་རི་མོའི་རྩོམ་རིག་གི་འཕེལ་རིམ་མགོ་འཛུགས་བྱས་པ་རེད། དེ་རྗེས་དེས་ཀྱང་མ་ཚིམས་ནས་སྐད་ཆ་ཆ་ཚང་མཚོན་ཐུབ་པའི་ཡི་གེ་བཟོས་པ་ནས་རྩོམ་རིག་དེ་ཉིད་རྩོམ་ཡིག་གི་རྨང་གཞི་ཆགས་པ་རེད། འཕེལ་རིམ་འདི་དང་འགྲོགས་ནས་བྱུང་བའི་ཏུང་ཧུང་ཡིག་རྙིང་དང་། དུས་ཕྱིས་ཀྱི་མི་ལའི་མགུར་འབུམ་ལྟ་བུ་རྣམས་གདོད་མའི་རྩོམ་རིག་རེད། སྲོལ་རྒྱུན་རྩོམ་རིག་ནི། རྒྱ་གར་བའི་རིག་གཞུང་བོད་བསྒྱུར་བྱས་པ་ནས་མགོ་བཙུགས་ཏེ།་ས་པཎ་སོགས་ཀྱིས་རྩོམ་གཞུང་མེ་ལོང་མ་བོད་བསྒྱུར་བྱས་པ་ནས་རིག་པའི་གཞུང་ལུགས་ཡོད་པའི་རྩོམ་གཞུང་གསར་པ་ཞིག་གྲུབ་པ་རེད། ལུགས་སྲོལ་དེའི་རྩོམ་རིག་གི་རྒྱུན་ད་ལྟའིབར་གནས་པ་དེ་ལ་སྲོལ་རྒྱུན་རྩོམ་རིག་ཟེར། དཔེར་ན། ས་པཎ་དང་རྗེ་ཙོང་ཁ་པ། ཞང་གཞུང་བའི་སྙན་ངག་ལྟ་བུ་སྟེ་ཤིན་ཏུའང་མང་། འདིའི་ཕྲན་གྱིས་བྲིས་པ་མི་ཉུང་བ་ཞིག་དྲ་ཚིགས་ཐོག་ལ་ཡོད་ངེས་་ཀྱང་ཁ་བྱང་མི་དྲན། རྗེས་ནས་ཁ་བྱང་འཚོལ་ཆོག། ད་དུས་ཚོད་མི་འདུག་ དེ་རིང་ནས་དགེ་འོས་འཛྀན་གྲྭ་མགོ་འཛུགས་བྱེད་རྒྱུ་ཡིན་པས་དུས་ཚོད་ཅི་བས་ཉུང་། རྗེས་་ནས་མཇལ་འོང་། ཞུ་དག་བྱེད་ལོངས་མ་བྱུང་།

  19. བེ་རི་འཇིགས་མེད། says:
    2010-08-05 at 2:54 am

    ནགས་ཤོད་སད་ལགས།་ང་ད་ལྟར་ཝཱ་ཎར་མཐོ་སློབ་ཏུ་ཡོད། རྩོམ་རིག་ལོ་རྒྱུས་གྱི་ཉམས་ཞིབ་བྱེད་པའི་ཞོར་ལ་མཐོ་སློབ་འཛྀན་གྲ་ཞིག་ལ་སྙན་ངག་ལེའུ་གསུམ་པ་སློབ་འཁྲིད་དང་། ད་ལྟར སློབ་ཐོར་ཨ་ཅརྱ་སོགས་ཁག་གཅིག་དགེ་འོས་འཛྀན་གྲ་ཚུགས་པར་སློབ་འཁྲིད་མགོ་འཛུགས་བྱེད་བཞིན་ཡོད་ལགས།

  20. བེ་རི་འཇིགས་མེད། says:
    2010-08-05 at 2:59 am

    ཁ་རུ་ཁ་ཐུག་ལགས། ལམ་སྟོན་གནང་བ་ཐུགས་རྗེ་ཆེ། ཡིན་ནའང་། ངས་འདིར་བཀོད་པ་དེ་ཁྱོད་དང་ཁྱོད་འདྲ་བའི་མི་དང་མིའི་རིགས་གཏོགས་རེ་གཉིས་ཀྱིས་བཀླགས་གནང་ན་དེ་གས་འགྲིགས་པར་བསམ་ནས་བཀོད་པ་ཡིན། གཞན་མི་སྐད་གོ་དུང་ཁྱི་ཕྲུག་ངུ་བར་ཡ་ང་རྒྱུ་གང་ཡང་མེད་པས། ཁྱི་དང་ཁྱིའི་རིགས་གཏོགས་རེ་གཉིས་ངུ་དགོད་ག་རེ་གནང་ནའང་འགྲོ་བ་མིའི་སེམས་ཁམས་པ་འཕོ་འགྱུར་གཏོང་མི་ནུས་པ་སྔ་ས་ནས་ཤེས་པའི་སྒོ་ནས་བཀོད་པ་ཡིན་ལགས། ༼རྩོམ་ཡིག་འདི་མཐོ་སློབ་གསར་ཞུགས་པ་ཚོར་རྩོམ་རིག་གི་ཟབ་སྦྱོང་དུ་འཁྲིད་ཁུལ་བྱས་པ་ཡིན། ཞིབ་ཆ་བཟོ་ལོངས་མ་བྱུང་། ཐོལ་བྱུང་རང་ལ་འབྲི་དགོས་བྱུང་། ༽

  21. བེ་རི་འཇིགས་མེད། says:
    2010-08-05 at 3:09 am

    འབྲོང་བུ་ཟླ་བ་ཚེ་རིང་ལགས།
    སྐུ་ཉིད་རྩོམ་རིག་ལ་དོ་སྣང་དང་མཐོང་རྒྱ་ཡོད་མཁན་ཞིག་ཡིན་པ་ཤེས་ནས་གུས་འདུད་ཞུ་རྒྱུ་ཡིན། ང་རང་ལ་དེ་སྔོན་འདིའི་སྐོར་རྒྱུས་མེད། ༢༠༠༧ ལོར་ཝཱ་ཎར་རྩོམ་རིག་ཆེད་དགེར་གདན་ཞུས་སྐབས། ཟམགདོང་ཚ་མོ་འདི་གར་དབྱིན་དགེ་ཡིན་པ་ཁོང་ལ་ནུབ་ཕྱོགས་པའི་རྩོམ་རིག་སྐོར་བཀའ་འབྲི་ཞུས་པ་ཡིན། ཁོ་མོས་དེའི་སྐོར་དེབ་ཆེན་པོ་ཞིག་བསྣམས་ཕེབས་ནསནུབ་ཕྱོགས་པའི་རྩོམ་རིག་ལོ་རྒྱུས་དང་བྱུང་རིམ། རྣམ་གྲངས་སོགས་མང་པོ་ཞིག་གསཡུངས་བྱུང་་། གཞི་ནས་ཕྱོགས་འདིར་རྟོག་སད་ཀྱི་མྱུ་གུ་གསར་པ་ཞིག་འབུས་མགོ་ཚུགས་སོང་། ་དེ་རྗེས་ཕྲན་༢༠༠༩འདི་གར་ཆེད་མངགས་རྩོམ་རིག་ལོ་རྒྱུས་ཞིབ་འཇུག་ཏུ་སླརབས་དུས། ཟམ་གདོང་ཚ་མོ་ཕྱི་གླིང་ལ་ཕེབས་ཚར་འདུག་པ་བློ་ཤིན་ཏུ་ཕམ་པོ་བྱུང་། ད་ལྟར་འདི་དབྱིན་དགེ་རྒྱ་གར་སྨོ་ཏོ་ཞིག་འདུག་པ་ཁོ་མོ་ཉམས་མྱོང་ངེས་ཅན་ཞིག་ཡོད་པ་འདྲ། ཁོ་མོ་སར་གཞི་ན་ས་བཅར་རྒྱུ་ཡིན། རྗེས་ནས་རིམ་བཞིན་ཞུ་ཆོག།

  22. དབང་ཆེན། says:
    2010-08-05 at 3:25 am

    བེ་རི་ལགས། སྙན་དངགས་སློབ་ཁྲིད་བོད་ཀྱི་རིག་གཞུང་དར་སྤེལ་བྱེད་པ་ཡིན་པས་ཤིན་ཏུ་ལེགས། དེ་དང་ཆབ་ཅིག་ཆོལ་ཁ་དང་ཆོས་ལུགས་ཀྱི་ཕྱོགས་རིས་ཀྱི་དུག་ཆུཁོལ་མ་མི་རབས་གསར་བའི་སྙིང་ནང་དུ་མི་འཇུག་པའི་སྨོན་ལམ་ཞུ། ལྷག་པར་ཡབ་རྗེ་རྒྱལ་བ་གཉིས་པའི་ཆོས་རྒྱུན་འཐུས་མི་ཞིག་གི་མིང་ཡོད་ཚེ། འཇམ་མགོན་ཆོས་ཀྱི་རྒྱལ་པོའི་ཞལ་ནས། འདོད་ཆུང་ཆོག་ཤེས་ཞི་ཞིང་དུལ་བར་གནས། །སྙིང་ནས་ཐར་བ་དོན་གཉེར་གསོང་པོར་སྨྲ། །བག་ཡོད་ལ་སྦྱོར་གྲོགས་མཆོག་བརྟེན་བྱེད་ཅིང་། །དག་སྣང་ཕྱོགས་མེད་སྐྱེ་བར་བྱིན་གྱིས་རློབས། །ཅེས་པ་ལྟར་ཆོས་གོས་གྱོན་ནས་མོ་བསྟོད་དང་། སྐྱེ་བོ་ཕྲག་དོག་དང་གཡོ་སྒྱུའི་ཆང་གིས་སྨྱོས་པ་རྣམས་ཀྱི་རྗེས་ཁུ་ཚུར་བཅང་སྟེ་ཅི་མི་སྙམ་པར་འཇུག་པ་བླང་བྱའི་གཙོ་བོར་མི་བསྟེན་པར་ཞུ། །

  23. འབྲོང་བུ་ཟླ་བ་ཚེ་རིང། says:
    2010-08-05 at 4:52 am

    བེ་རི་འཇིགས་མེད་ལགས།
    སྐུ་ཉིད་ཀྱིས་གསལ་བཤད་དང་འབྲེལ་གུས་པར་བཀའ་ལན་ཞིག་གནང་བར་ཐུགས་རྗེ་ཆེ།

  24. འཆི་མེད་སྒྲོལ་དཀར says:
    2010-12-09 at 5:42 am

    བོད་ཀྱི་རྩོམ་རིག་ནམ་ཡང་རྒྱལ་གྱུར་ཅིག།
    གཙུག་ལག་རིག་པའི་མངའ་ཏང་རྒྱས་གྱུར་ཅིག།
    བེ་རི་དགེ་བཤེས་ཐུགས་སེམས་སྤྲོ་གྱུར་ཅིག།
    སྒྱུ་རྩལ་རིག་པའི་ལང་ཚོ་དར་གྱུར་ཅིག།

  25. འཆི་མེད་སྒྲོལ་དཀར says:
    2010-12-09 at 5:44 am

    རྒན་ལགས་བཀྲ་ཤིས་བདེ་ལེགས།
    ང་ཡང་ཝཱ་ར་ཎཱ་སི་ལ་ཡོད།

  26. འཆི་མེད་སྒྲོལ་དཀར་སྨན་རམས་པ། says:
    2011-03-01 at 9:15 am

    བེ་རི་དགེ་བཤེས་སྐུ་ཚེ་རིང་གྱུར་ཅིག།

  27. རིན་གླིང་བ། says:
    2011-06-05 at 6:48 am

    རྩོམ་ཡིག་འདི་ནི་བཤད་ཡུལ་གྱི་སློབ་མའི་སེམས་ཁམས་དང་བསྟུན་ཏེ་ཐབས་མཁས་ཆེད་དམིགས་ཀྱིས་ལྗགས་རྩོམ་གནང་བ་ཞིག་ཡིན་པས། བཤད་ཡུལ་གྱི་ཤེས་ཚད་དང་བསྟུན་པ་མ་ཤེས་པར་སྐྱོན་བརྗོད་ར་ཐོན་ལུག་ཐོན་དུ་བྱེད་པ་ནི། ཕྲག་དོག་གིས་སེམས་པ་དཀྲུགས་པ་ལས་ཤོར་བའི་ཚིག་སྟོང་ཁོ་ནར་མཐོང་ངོ་། དེས་ན། གྲོགས་པོ། ཀླད་པ་ཡོད་ན་བསམ་བློ་ཐོངས། བརྟག་དཔྱད་བྱོས། གཟོད་གཏམ་སྨྲ་ན་མཛེས་པ་མ་ཡིན་ནམ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme