Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

རྩོད་གླེང་གཙོ་སྐྱོང་པ།

Posted on 2022-10-06 By ཁ་བརྡ No Comments on རྩོད་གླེང་གཙོ་སྐྱོང་པ།

བསོད་ནམས་དབང་མོ།

 (དགེ་རྒན་དྲིན་གྱིས་ངས་འདི་ལྟར་བཤད་པ་ཡིན།)

ཨོཾ་སྭ་སྟི། སྙིང་རྗེའི་དབང་གིས་སྲིད་པར་བསམ་བཞིན་བྱོན། །
བསྟན་དང་འགྲོ་བའི་ལེགས་ཚོགས་ཀུན་སྤེལ་བྱེད། །
ཡང་དག་ལམ་མཁན་གོ་ཤྲི་རྒྱལ་ཚབ་པ། །
དྲིན་ཅན་རྩ་བའི་བླ་མ་གཙུག་ན་རྒྱལ། །

དེ་ཡང་ཆོས་དང་འཇིག་རྟེན་ལ་མཐོང་རྒྱ་ཡངས་ཤིང་བྱམས་བརྩེ་ཆེ་བའི་འགན་འཛིན་མཆོག་གིས་དབུས་བཙུན་དགོན་སྐྱེ་དགུ་བདག་མོའི་ཆོས་གླིང་གི་ལས་བྱེད་རྣམ་པ་དང་། ལྷག་བསམ་རྣམ་དག་གིས་གཞུང་རིག་གི་སློབ་ཁྲིད་ཉིན་མཚན་ལྷོད་མེད་གནང་བ་ལ་བརྟེན་ནས། བདག་ཅག་སློབ་ཕྲུག་རྣམས་ལ་འཁོར་འདས་ཀྱི་ཤེས་བྱ་སྣ་ཚོགས་མཐོང་བའི་བློས་གྲོས་ཀྱི་མིག་གནང་བའི་མཁན་དགེ་རྣམ་པ་དང་། ཤེས་བྱའི་བདུད་རྩི་མཉམ་དུ་འཐུང་ཞིང་། ཚངས་པ་མཚུངས་པར་སྤྱོད་པའི་མཆེད་གྲོགགས་རྣམ་པ་ཡོངས་ལ། ངས། ཐོག་མར་འཚམ་འདྲི་བཀྲ་ཤིས་བདེ་ལེགས་ཞུ་བགྱི་ཡིན། 

དེ་རིང་གི་རྩོད་གླེང་སྐབས་སུ། ང་རང་གཙོ་སྐྱོང་པ་ཡིན་པའི་ངོས་ནས་ཐོག་མར་མཚམས་སྦྱོར་ཞུ་བ་ལ། སྤྱིར་ལུས་སྟོབས་བུ་ཆེ་བ་ལ་རྟེན་ནས་ཕོ་མཆོག་མོ་དམན་དུ་འཛིན་སྲོལ་ཡོད་མོད། རྩོད་གླེང་ལ་བུད་མེད་ཤེས་རབ་རང་བཞིན་ནི་འོས་ཤིང་མཚམས་པ་ཞིག་ཏུ་མཐོང་གི་འདུག ། 

ད་ལྟར་འཛམ་གླིང་གི་ཐོག་ཏུ་ནང་པ་སངས་རྒྱས་པ་ལ། ལྷོ་བརྒྱུད་ནང་པ་དང་། རྒྱ་བརྒྱུད་ནང་པ་དང་། བོད་བརྒྱུད་ནང་པ་སྟེ་གསུམ་ཡོད་པ་ལས། ལྷོ་བརྒྱུད་ནང་པ་ཤྲི་ལངྐ་སོགས་དང། བོད་བརྒྱུད་ནང་པ་གཉིས་ཀྱི་ལུགས་སྲོལ་ལ་ཤ་ཟ་ཞིང་ཡོད་ལ། རྒྱ་བརྒྱུད་ནང་པ་རྒྱ་ནག་དང་འཇའ་པན་སོགས་ཀྱིས་ཤ་ཟ་ཡི་མེད་པས། ཕན་ཚུན་ཡོན་བདག་མཆོད་དུ་འབྲེལ་བ་བྱུང་བ་ན་རྙོག་སྒྲ་ཡོང་གི་ཡོད་པ་རེད། 

བགྲོ་གླེང་གི་བརྗོད་བྱ་ཤ་ཟ་ཆོག་མིན་ནི། ང་ཚོའི་འཚོ་གནས་དང་འབྲེལ་བ་ཡོད་ནས་ཤེས་གལ་ཆེ་བ་ཡིན་ཕྱིར། རྩོད་གླེང་པ་ཁྱེད་རྣམ་པས་ལུང་རིགས་ཀྱི་སྒོ་ནས་བགྲོ་གླེང་ལྷུག་པོ་གནང་བའི་རེ་བ་ཞུ་བགྱི་ཡིན་ལ། ཟུར་ཉན་པ་རྣམ་པའི་ངོས་ནས་ཀྱང་ཁ་ཡེངས་མིག་ཡེངས་ཀྱིས་སྡོད་པ་ཙམ་མིན་པར་གསན་བསམ་ཡག་པོ་གནང་བའི་རེ་བ་ཞུ་བགྱི་ཡིན། 

(རྩོད་གླེང་གྲུབ་རྗེས།) 

    ད་ནི་རྩོད་གླེང་གི་མཇུག་བསྡོམས་ཞུ་བ་ལ། ཁྱེད་རྣམ་པའི་རྩོད་གླེང་གི་བརྗོད་བྱ། ཤ་ཟ་ཆོག་དང་མི་ཆོག་ལ། སྔ་རྒོལ་དང་ཕྱི་རྒོལ་སོ་སོའི་ངོས་ནས། བཀའ་བསྟན་བཅོས་ཀྱི་ལུང་ཚད་མ་དང་། དངོས་ཡོད་གནས་ཚུལ་གྱི་རིགས་པ་རྣམ་དག་གིས་དགག་སྒྲུབ་གནང་བས། གང་ཟག་ཆེ་ཆུང་ཚང་མས་ཤེས་དགོས་པའི་གནད་འགག་ཅིག་ཏུ་མཐོང་བྱུང་། 

རྗོད་བྱེད་ཀྱི་ཚིག་སྦྱོར་ཡང་། རྒྱལ་སྲས་ཞི་བ་ལྷའི་སྤྱོད་འཇུག་ལས། སྨྲ་ན་ཡིད་ཕེབས་འབྲེལ་པ་དང་། །དོན་གསལ་ཡིད་དུ་འོང་བ་དང་། །ཆགས་དང་ཞེ་སྡང་སྤངས་པ་དང་། །འཇམ་ཞིང་རན་པར་སྨྲ་བར་བྱ། །ཞེས་པ་བཞིན། ཚིག་ཁ་གསལ་ཞིང་སྐབས་དོན་དང་འབྲེལ་ནས་སྨྲས་པའི་སྡེབ་སྦྱོར་བཟང་བ་ཤ་སྟག་ཏུ་འདུག ། 

རྩོད་གླེང་སྐབས་ཀྱི་རྣམ་འགྱུར་ནི། ས་བཅུ་པའི་མདོ་ལས། ཞི་བ་དུལ་བ་མི་གཡེང་དགེ་བའི་ཡིད། །རྒྱགས་དང་ང་རྒྱལ་ལྟ་བའི་ཉོན་མོངས་སྤངས། །ཞེས་སེམས་ཞི་བ། ལུས་དུལ་བ། དབང་པོ་གཞན་དུ་མ་ཡེང་བ། བློ་དགེ་བ་ལ་གཏད་པ་ལས། རྒྱགས་པ་དང་ང་རྒྱལ་གྱི་རྣམ་འགྱུར་མེད་པ། མདོ་ལས། ཐེག་པ་ཆེན་པོའི་དགེ་འདུན་ནི། ལེགས་པར་ཞུགས་པ། རིག་པར་ཞུགས་པ། དྲང་པོར་ཞུགས་པ། མཐུན་པར་ཞུགས་པ། ཐལ་མོ་སྦྱར་བའི་འོས་སུ་གྱུར་པ། ཕྱག་བྱ་བའི་འོས་སུ་གྱུར་པ། བསོད་ནམས་ཀྱི་དཔལ་གྱི་ཞིང༌། ཡོན་ཡོངས་སུ་སྦྱོང་བ་ཆེན་པོ། སྦྱིན་པའི་གནས་སུ་གྱུར་པ། ཀུན་ཏུ་ཡང་སྦྱིན་པའི་གནས་སུ་གྱུར་པ་ཆེན་པོའོ། །ཞེས་བསྔགས་པའི་ཆོས་རྣམས་ཡོངས་སུ་ཚང་བ་ཞིག་ཏུ་མཐོང་བྱུང་བས། ཁྱེད་རྣམ་པ་ཚང་མ་ལ། ངས། ཐུགས་རྗེ་ཆེ་དང་། བཀའ་དྲིན་ཆེ། ཞེས་ཞུ་བགྱི་ཡིན། 

ཤ་ཟ་ཆོག་མིན་ཐད་ལ་ང་རང་གི་བསམ་ཚུལ་ཡང་ཁ་ཤས་ཞུས་ན། སྤྱིར་བཏང་འཇིག་རྟེན་པ་ཕལ་མོ་ཆེས་ཤ་ཟ་ཞིང་ཡོད་ལ། ལྷག་པར་དུ་གཟུགས་པོ་སྐྱོ་བོ་ཆགས་པ་དང་། རླུང་གི་ན་ཚ་བྱུང་བ་སོགས་ལ་ནི་ཤ་ཡི་བཟའ་བཏུང་གིས་དཔེ་ཕན་པོ་ཡོད་པ་རེད། ནང་ཆོས་ཀྱི་སྐབས་སུ་ཡང་། སོར་བྱང་སྔགས་གསུམ་ག་ནས་ཤ་ཟ་ཆོག་པར་བཤད་པའང་ཡོད་དེ། སོ་ཐར་གྱི་སྡོམ་པའི་སྐབས་སུ། རྒྱ་གར་གྱི་སློབ་དཔོན་ཤཱཀྱ་འོད་ཀྱིས་མཛད་པའི་འདུལ་བ་སུམ་བརྒྱ་པ་ལས། ཡ་རབས་རྣམས་ལ་ཉ་དང་ཤ་གནང་གང་། །གནོད་དང་བརྩེ་མེད་རོ་སོགས་ལ་ཆགས་དང་། །ཡོངས་སུ་བཙལ་བའི་སེམས་ནི་སྤངས་ནས་ནི། །ལྷུང་བཟེད་འོངས་པ་དེ་ལ་བརྟགས་ཏེ་བཟའ། །ཞེས་སངས་རྒྱས་ཀྱིས་གནང་བ་ར་ལུག་དང་མ་ཧེ་ལ་སོགས་པའི་ཤ་རྣམས་ཟ་ཆོག་པར་གསུངས་ཡོད། བྱང་སེམས་ཀྱི་བསླབ་བྱའི་སྐབས་སུ། རྒྱ་གར་གྱི་སློབ་དཔོན་ལེགས་ལྡན་འབྱེད་ཀྱིས་མཛད་པའི་དབུ་མ་རྟོག་གེ་འབར་བ་ལས། རྣམ་གསུམ་དག་པའི་ཤ་གང་དག །ཟོས་ཀྱང་སྡིག་ཏུ་མི་འགྱུར་ཏེ། །དྭངས་མ་སོགས་སུ་འགྱུར་བའི་ཕྱིར། །སློང་མོའི་ཟས་ལ་སྡིག་མེད་བཞིན། །གང་ཡང་ཤ་ནི་ཟོས་པ་ཡིས། །སྡིག་པའི་རྒྱུར་ནི་མི་འགྱུར་ཏེ། །བཀྲེས་པ་ཟློག་པའི་རྒྱུ་ཡིན་ཕྱིར། །མ་བླངས་བྱིན་པའི་ཟས་སྐོམ་བཞིན། །ཞེས་རྣམ་གསུམ་དག་པའི་ཤ་ཟོས་ན་སློང་མོའི་ཟས་བཞིན་ཉེས་པ་མེད་པར་གསུངས་ཤིང་། སྔགས་ཀྱི་དམ་ཚིག་སྐབས་སུ། སངས་རྒྱས་ཀྱི་བཀའ། རྒྱུད་མཁའ་འགྲོ་རྒྱ་མཚོ་ལས། གཡུལ་ངོར་རང་ཉིད་འགྱེལ་བ་ཡི། །གལ་ཏེ་རྙེད་ན་ཁྲག་ཆེན་པོ། །ཐེ་ཚོམ་སྤངས་ནས་བཏུང་བྱ་ཞིང་། །དེ་ཡི་ཤ་ཡང་བཟའ་བར་བྱ། །ཡང་ན་གང་གི་ས་གནས་སུ། །འཆི་ལྟས་ཟད་ནས་སོང་བར་དུ། །བཟའ་བ་འོ་མས་བྱས་ན་བདེ། །ཡང་ན་ཤ་རྣམས་ཐམས་ཅད་དོ། །ཞེས་གཡུལ་དུ་བསད་པའི་ཤ་ལ་སོགས་པ་ཤ་ཐམས་ཅད་ཟ་དགོས་པར་གསུངས་སོ། ། 

ཤ་ཟ་མི་ཆོག་པ་ལ། མདོ་ཡི་སྐབས་སུ། ལང་ཀར་གཤེགས་པའི་མདོ་ལས། གླང་པོའི་རྩལ་དང་སྤྲིན་ཆེན་དང་། །མྱ་ངན་འདས་དང་སོར་ཕྲེང་དང་། །ལང་ཀར་གཤེགས་པའི་མདོ་ལས་ཀྱང་། །ངས་ནི་ཤ་ཡང་རྣམ་པར་སྨད། །སངས་རྒྱས་བྱང་ཆུབ་སེམས་དཔའ་དང་། །ཉན་ཐོས་རྣམས་ཀྱིས་སྨད་པ་ལ། །ངོ་མི་ཚ་བར་ཟ་བ་ནི། །རྟག་ཏུ་སྨྱོན་པར་སྐྱེ་བར་འགྱུར། །ཞེས་མདོ་མང་པོའི་ནང་ནས་ཤ་བཟའ་བ་ནི་ཤིན་ཏུ་སྨད་ཅིང་། སྐྱེ་བ་རྗེས་མ་རྣམས་སུ་སྨྱོན་པའི་ལུས་སུ་སྐྱེ་བར་གསུངས་ལ། སོར་ཕྲེང་ཅན་ལ་ཕན་པའི་མདོ་ལས། ཐོག་མ་དང་ཐ་མ་མེད་པའི་འཁོར་བར་འཁོར་བའི་ཚེ་རབས་དེ་དག་ལ་སེམས་ཅན་ཐམས་ཅད་མར་མ་གྱུར་པ་དང་། སྲིང་མོར་མ་གྱུར་པ་གང་ཡང་མེད་དོ། །ཁྱིར་གྱུར་པ་ཡང་ཕར་གྱུར་ཏེ། འཚོ་བའི་འཇིག་རྟེན་ནི་བྲོ་མཁན་བཞིན་ནོ། །དེ་བས་ན་བདག་གི་ཤ་དང་། གཞན་གྱི་ཤ་ཡང་ཤ་གཅིག་པ་ཡིན་པས། སངས་རྒྱས་རྣམས་ཤ་མི་གསོལ་ལོ། །ཞེས་བདག་གི་ཤ་བཞིན་བཟའ་མི་རུང་བ་ཡིན་པར་གསུངས་སོ། །སྔགས་ཀྱི་སྐབས་སུ། རིགས་ལྡན་པདྨ་དཀར་པོས་མཛད་པའི་དུས་འཁོར་འགྲེལ་བ་དྲི་མེད་འོད་ལས། སྲོག་བཅད་པ་མེད་པར་ནི་འགའ་ཞིག་གི་ཚེ་སྲིང་ངོ་། །གལ་ཏེ་ཟ་བ་པོ་མེད་ན་གསོད་པ་པོ་ཡང་མི་འབྱུང་ངོ་། །དེའི་ཕྱིར་ཟ་བ་པོ་དང་གསོད་པ་པོ་དག་སྲོག་གཅོད་པར་འགྱུར་རོ། །ཞེས་དང་། འཇམ་དཔལ་རང་གི་ལྟ་འདོད་མདོར་བསྟན་ལས། རྫས་ཐོབ་དོན་དུ་སྲོག་གཅོད་དང༌། །བཟའ་བའི་དོན་དུ་རིན་འཇལ་བ། །གཉིས་པོ་དག་ཀྱང་གསོད་པོ་སྟེ། །ངུ་འབོད་ལ་སོགས་རྣམས་སུ་འཚེད། །ཅེས་དང་། གསོད་པོ་ནོར་ལ་སྲེད་པ་དག །བསྐལ་པ་འབུམ་དུ་འཚེད་པའོ། །ཟ་བོ་ཤ་ལ་སྲེད་པ་དག །བསྐལ་པ་བྱེ་བར་འཚེད་པའོ། །ཞེས་སྲོག་བཅད་པའི་ཉེས་དམིགས་ཀྱིས་དམྱལ་བར་སྐྱེ་བའི་རྣམ་སྨིན་ལྕི་བ་ཡིན་ཕྱིར་བཟའ་མི་རུང་བར་གསུངས་སོ། ། 

ཤ་ཟ་ཆོག་པ་དང་མི་ཆོག་པའི་འགལ་བ་སྤོང་བ་ལ། གལ་སྲིད་ཤ་ཟ་ན་རང་ཉིད་ལ། ལང་ཀར་གཤེགས་པའི་མདོ་ལས། ཟས་ལ་སྨན་དང་འདྲ་བ་དང་། །བུ་ཡི་ཤ་དང་མཚུངས་པར་ཡང་། །རན་པ་དང་ནི་མི་འཕྲོད་པར། །རྣལ་འབྱོར་ཅན་གྱིས་ཟས་ལ་སྤྱོད། །ཅེས་མ་ཡིས་བུའི་ཤ་ཟ་བ་འདྲ་བའི་སྙིང་རྗེ་ཡོད་དགོས་པར་གསུངས་ཤིང་། སྙིང་རྗེ་དེ་འདྲ་བ་ནི་ང་ཚོ་ལ་མི་སྲིད་པ་ལྟ་བུ་ཡིན་པ་མ་ཚད། ང་ཚོའི་ཆོས་ལུགས་ནི་སངས་རྒྱས་ཆོས་ལུགས་རེད་ལ། སངས་རྒྱས་ཆོས་ལུགས་ཀྱི་སྙིང་དོན་ནི། སློབ་དཔོན་ཨརྱ་དེ་བའི་དབུ་མ་བཞི་བརྒྱ་པ་ལས། མདོར་ན་ཆོས་ནི་མི་འཚེ་བར། །དེ་བཞིན་གཤེགས་པ་རྣམས་ཀྱིས་གསུངས། །ཞེས་འཚེ་བ་སྤངས་པ་སྙིང་རྗེ་ཅན་གྱི་ཆོས་ལུགས་ཡིན་ཅིང་། ཤ་ཟ་བ་ནི་སྲོག་གཅོད་པ་དང་ཐད་ཀར་འབྲེལ་བས། ཆོས་ལུགས་ཡོད་མེད་ཀྱི་འཇིག་རྟེན་པ་རྣམས་ཀྱི་མཐོང་སྣང་ལ་མཛེས་པོ་མེད་ལ། འཇིག་རྟེན་དང་མི་མཐུན་པའི་སྤྱོད་པ་ནི། སྤྱོད་འཇུག་ལས། འཇིག་རྟེན་མ་དད་གྱུར་པ་ཀུན། །མཐོང་དང་དྲིས་ཏེ་སྤང་བར་བྱ། །ཞེས་སྤང་བྱ་ཡིན་པར་གསུངས་པའི་ཕྱིར། དོན་དུ་ཤ་ཟ་མི་མཆོག་པ་རེད། །

དེང་སང་གི་ཉམས་ཞིབ་ལྟར་ནའང་། ཤ་ཡི་ཆེད་དུ་དུད་འགྲོ་མང་པོ་གསོ་ཚགས་བྱེད་པ་དེས། གནམ་གཤིས་དྲོད་ཚད་འཕེལ་ནས་འཁོར་ཡུག་ལ་གནོད་ཀྱི་ཡོད་ཕྱིར་འཁོར་ཡུག་སྲུང་སྐྱོབ་ཚོགས་པས་ཤ་ཟ་མཁན་ལ་འཛམ་གླིང་རང་བཞིན་གྱི་ངོ་རྒོལ་བྱེད་བཞིན་ཡོད། དུད་འགྲོ་རྣམས་མ་བསད་པའི་སྔོན་ལ་དཀའ་སྡུག་ཚད་ལས་བརྒལ་བ་མྱོང་གི་ཡོད་ཕྱིར། དུད་འགྲོ་སྲུང་སྐྱོབ་ཚོགས་པས་ཀྱང་ཤ་ཟ་མཁན་ལ་འཛམ་གླིང་རང་བཞིན་གྱི་ངོ་རྒོལ་བྱེད་བཞིན་ཡོད། ཤ་ཕལ་མོ་ཆེ་ནི་ཞག་རྩི་མང་པོ་ཡོད་པའི་ཟས་རིགས་ཡིན་ལ། ཞག་རྩིས་ནི་སྙིང་རྩ་འགག་པ་སོགས་འཕྲོད་བསྟེན་ལ་ཆེས་གནོད་པས་སྨན་པ་རྣམས་ཀྱིས་ཤ་བཟའ་མི་རུང་བའི་ལམ་སྟོན་བྱེད་ཀྱི་ཡོད་ཕྱིར། ང་ཚོ་ཚང་མས་ཤ་ཟ་དགོས་ཐུག་ན་ཡག་ཤོས་སུ་མཐོང་གི་འདུག །ཚང་མ་བཀྲ་ཤིས་བདེ་ལེགས་ཡོང་བར་ཤོག །སརྦ་མངྒ་ལཾ། 

སྣ་ཚོགས།

Post navigation

Previous Post: མཁའ་དབྱིངས་སུ་བསྐྱུགས་པ།
Next Post: འཕན་ཡུལ་བཀའ་གདམས་པའི་གནས་ཆེན་ཁག་ཏུ་བསྐྱོད་པའི་དྲན་ཐོ། ༼སྨད་ཆ།༽

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme