Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

རྨི་ལམ་ནང་གི་བླ་མ།

Posted on 2020-07-21 By ཁ་བརྡ 2 Comments on རྨི་ལམ་ནང་གི་བླ་མ།

གངས་དཀར་སེམས།

དེ་རིང་སྟེ་ ༢༠༢༠ ལོའི་ཟླ་ ༧ ཚེས་ ༢༡ ཉིན་གྱི་ཞོགས་པའི་མཚམས་སུ་ངས་༸གོང་ས་༸རྒྱལ་བ་རིན་པོ་ཆེ་རྨི་ལམ་དུ་མཇལ་བྱུང་། རྨི་ལམ་རྨིས་སྟབས་དེ་རིང་ང་རང་ཕྱི་ཙམ་གཉིད་ཤོར་འདུག་མོད། ངའི་བཟའ་ཟླའི་རྔུབ་སྒྲའི་ཟུར་ནས་ང་རང་ཡར་ལངས་བརྩིས་བྱེད་དུས་གྱང་ཐོག་བསྐལ་བཞག་པའི་ཆུ་ཚོད་ལ་ལྟ་ཙམ་བྱས་པས་ཞོགས་པ་ཆུ་ཚོད་ ༨ དང་སྐར་མ་ ༣༠ ཡོལ་ཟིན་ཙམ་རེད་འདུག

ངས་མལ་ས་ནསམིག་གཉིས་བཙུམ་ཞིང་ལག་གཉིས་སྙིང་ཁར་ཟུམ་ནས་སྐུ་མདུན་གཙོས་སངས་རྒྱས་བསྟན་པའི་རྗེས་འཇུག་དམ་གཙང་བླ་སློབ་ཡོངས་སྐུ་ཁམས་བདེ་ཞིང་འཛམ་གླིང་ཞི་བདེ་ཡོང་བ་དང་། ངའི་བརྩེ་ཆེན་གྱི་མ་ཡུམ་དང་ཕ་མ་སྤུན་མཆེད་གཙོས་འགྲོ་བ་རིགས་དྲུག་སེམས་ཅན་ཐམས་ཅད་ལ་བདེ་སྐྱིད་ལྡན་ཞིང་སྡུག་བསྔལ་མི་འབྱུང་བའི་སྨོན་ལམ་འདེབས་ཞོར་མིག་ནས་མཆི་མའང་ཤོར།

དེ་ནས་ང་ཡར་ཙོག་པུར་བསྡད་དེ་ག་ལེར་བཟའ་ཟླའི་ཐོད་པར་འོ་ཞིག་བྱས་ནས་མལ་ས་ནས་ལངས་ཏེ་ཕྱིར་ལུས་སྦྱོང་ཏོག་ཙམ་དང་ཞོགས་ཟས་ཚ་པོ་བཟོས་ནས་ཟས་རྗེས་ཕྱིར་མདུན་ཅོག་ཏུ་འཁོར་ནས་སེམས་ཚོར་གྱི་རྩོམ་དུམ་འདི་འབྲི་དུས། སྒེའུ་ཁུང་ཕྱིའི་ནམ་མཁའ་ནི་ཧ་ཅང་སྔོ་ཞིང་དྭངས་ལ་ཉི་འོད་དྲོད་ཅིང་འཇམ་བའི་གནམ་གཤིས་ཧ་ཅང་ལེགས་པའི་དགུན་དུས་ཀྱི་ཉིན་མོ་ཞིག་རེད། སྒེའུ་ཁུང་ཕྱིར་གཞུང་ལམ་ཁ་གཏད་དུ་ཕྱོགས་སུ་གྲོང་པ་མགོ་སེར་རྒས་པོས་སྤང་ཁར་གཅིག་ལས་བཞིན་པ་དང་། གཞན་ཡང་རྒན་མོ་གཅིག་ང་ཚོའི་སྒོ་འགྲམ་ནས་ཡར་ལ་མགོའི་ཕྱོགས་སུ་དལ་པོའི་ངང་གོམ་བགྲོད་ལ་སོང་བའང་མཐོང་།

དེ་སྔོན་ཕ་ཡུལ་དུ་ལ་ལས་ཟེར་ན་བླ་མ་དང་གྲྭ་པ། ད་དུང་དགོན་པ་འདྲ་རྨི་ལམ་རྨིས་ན་ཆམ་པ་རྒྱག་གི་རེད་ཟེར་ནས་ཆོ་མེད་ཅིག་བཤད་སྲོལ་ཡོད་པ་དེ་ཡིད་ལ་འཆར་ཙམ་བྱུང་། འོན་ཀྱང་བླ་མ་དང་སངས་རྒྱས། དེ་བཞིན་གྲངས་ཀར་བགྲང་རྒྱུ་ཡོད་པའི་ལྟོས་བཟང་པོ་མང་པོ་རྨི་ལམ་རྨིས་ན་རྟེན་འབྲེལ་བཟང་ལུགས་བཟང་སྟངས་ཀྱང་བཤད་སྲོལ་ཡོད་པ་སོགས་གང་ལྟར་ཡང་ང་རང་གིས་དེ་རིང་བླ་མ་རྨི་ལམ་རྨིས་པ་དེར་སེམས་གཏིང་ནས་དགའ་ཚོར་ཞིག་སྒོམ་ནས་ཡོད།

རྨི་ལམ་དུ་ང་རང་གིས་བླ་མའི་གཟིམ་ཁང་དུ་ཞབས་ཞུ་སྒྲུབ་བཞིན་པའི་རྣམ་པ་འདྲ་སྣང་། ངས་བླ་མ་༸རྒྱལ་བ་རིན་པོ་ཆེ་མལ་ཁྲིར་བཞུགས་འདུག་པའི་མདུན་ནས་དེ་སྔོན་ངས་རྐང་མཐིལ་འཕུར་གཉེར་བྱེད་སྟངས་ཤིག་དྲ་ལམ་ནས་སྦྱོང་བས་དེ་ཁོང་གི་ཞབས་ལ་སྤྱོད་འདོད་ཆེན་པོ་ཡོད་སྐོར་དང་། དེའང་བླ་མའི་ཞབས་ཏོག་ཙམ་རྒྱུན་དུ་ནས་བསྙུན་བཞིན་པ་དེ་ལ་ཕན་ཤེས་ཆེ་ལུགས་བཅས་ཞུ་བཞིན་འདུག སྐབས་དེར་བླ་མའང་ང་ལ་ཐུགས་ཧ་ཅང་བསྙེས་ཤིང་འཛུམ་མུལ་མུལ་གྱིས་དེ་ལུས་འགྲིག ཁྱོད་ཀྱི་ཅི་ཤེས་ན་དེ་བྱོས་ཤོག་གསུངས། ང་རང་དགའ་ཐག་ཆོད་ནས་སྐུ་མདུན་གྱི་མལ་ཁྲིའི་ཟུར་དུ་སྤུས་མོ་བཙུགས་ནས་ཞབས་འཕུར་གཉེར་ཞུ་བརྩིས་སྐབས་གློ་བུར་དུ་ཞབས་ལ་བྱུག་དགོས་པའི་སྣུམ་ཞིག་དགོས་ཀྱི་ཡོད་པ་དེ་དྲན། ང་ལམ་སེང་ཡར་ལངས་ནས་ཕྱོགས་གཞན་ཞིག་གི་སྤ་ཁྲིའི་ཐོག་ལྟ་དུས་དེར་གློག་གི་མཆོད་མེ་འགའ་བང་བསྒྲིགས་བཞག་པ་ལས་བྱུག་སྣུམ་ཞིག་མི་འདུག དེ་ནས་ངས་ངའི་སོ་སོའི་ཁང་པ་འདྲ་སྣང་བའི་ཁང་མིག་ཅིག་ནང་བྲེལ་འཚུབ་ཀྱིས་ཡར་འཛུལ་ནས་ལྟ་སྐབས་སྣུམ་རྩིའི་ཤེལ་དམ་དེ་མཐོང་བས་དེ་མུར་ལག་ཏུ་བཟུང་ནས་ཕྱིར་སྐུ་མདུན་གྱི་གཟིམས་ཁང་དུ་སླེབས། ང་རང་དགའ་ཚོར་དང་བཅས་ཏོག་ཙམ་མ་གཏོགས་སྣུམ་རྙེད་མ་སོང་། འདིའང་སྣུམ་ཡག་ཤོས་དེ་འདྲ་ཡིན་ས་མ་རེད་དེ་གཙོ་བོ་ལག་པས་རེག་ན་སྟབས་བདེ་ཡོང་ཆེད་རེད་ལགས་ཅེས་ཞུས་པར་སྐུ་མདུན་ནས་ཧ་ཧ་ཧ་ཧ་ཞེས་ཞལ་འཛུམ་དང་བཅས་ང་ལ་གེ་ཡོད་མ་རེད། སྣུམ་ག་རེ་ཡིན་ཡང་འགྲིག་འགྲོ་གི་རེད། གཙོ་བོ་དེ་ཁྱོད་རང་གི་འཕུར་གཉེར་གྱི་ལག་ཤེས་དེ་རེད་ཅེས་གསུངས། ཡང་སྐབས་དེར་ངའི་སེམས་ནང་ང་ལག་རྩལ་ཡག་ཤོས་དེ་མིན་པ་བླ་མས་མཁྱེན་ཡོད་ཤག་རེད་དེ་ང་རང་གིས་ཨ་མའི་གསུང་པ་བཞིན་ལྷག་བསམ་རྣམ་དག་ཅིག་ཞུས་ན་ངོ་མ་ཕན་ངེས་བསམ་བཞིན་སྤོབས་པ་འདྲ་སླེབས་ནས་ཞབས་ཟུར་མར་བསྡད་དེ་ལག་གཉིས་ལ་སྣུམ་བྱུག་ནས་སྤྲོ་སེམས་འཕེལ་བའི་སྒོ་ནས་བླ་མའི་རྐང་མཐིལ་དུ་བློ་གཅིག་སེམས་གཅིག་གཏད་དེ་འཕུར་གཉེར་འགོ་བརྩམས།

སྐབས་དེར་རྒྱ་མོ་འདྲ་བ་འགའ་མཇལ་ཁར་བཅར་བ་རེད་ཟེར་ནས་གཟིམ་ཆུང་དུ་ཡར་འཛུལ་བྱུང་། ངས་སེམས་ནང་དེ་མུར་འདི་གཟིམ་ཁང་ཡིན་པ་ལས་སྐུ་མགྲོན་སྣེ་ལེན་བྱེད་ས་མིན་པས་རྒྱ་མོ་འདི་ཚོ་གང་འདྲ་བྱེད་དེ་འདིར་འཛུལ་ཡོང་བ་ཡིན་ནམ་བསམ་ནས་འདུག སྐབས་དེར་རྒྱ་མོ་གཅིག་གིས་ང་ལ་མཛུབ་མོ་བཙུགས་སྟེ་བུ་མོ་རང་ཕྱི་ལ་ཏོག་ཙམ་འགྲོ་རོགས་བྱོས། ང་ལ་བླ་མར་གསང་ཞུ་བྱ་རྒྱུ་ཡོད་ཟེར། ངའི་སེམས་ནང་དེ་མུར་འདི་འདྲ་ཁྱད་མཚར་ལ། མཇལ་ཁ་ཞུ་ས་སྣེ་ལེན་ཁང་པ་རེད་མ་གཏོགས་གཟིམ་ཁང་དུ་མ་རེད། མ་གཞི་ནས་ལས་བྱེད་ཚོས་རྒྱ་མོ་འདི་ཚོ་འདིར་གང་འདྲ་ཟེར་བཏང་ཡོང་བ་ཡིན་ནམ་སྙམ་བཞིན་བླ་མའི་ཞལ་ལ་ལྐོགས་མཇལ་ཞིག་ཞུས་པས་བླ་མ་ཞལ་འཛུམ་འཛུམ་གྱིས་ང་ལ་དབུ་ལྕོག་འདེམས་ཙམ་འདེམས་ཙམ་གནང་སོང་། དེ་ནས་ངས་ཀྱང་བླ་མས་ང་ལ་བརྡ་ཞིག་སྤྲོད་དེ་ཁྱོད་ཀྱིས་ཐག་གཅོད་བྱ་ན་འགྲིག་པའི་ཚུལ་ཞིག་ངོ་མ་སྟོན་བྱུང་སྙམ་ཞིང་ངས་རྒྱ་མོ་དེ་དག་ལ་ཁ་ཕྱིར་འཁོར་ནས་དེང་སང་བླ་མའི་ཞབས་བསྙུན་ནས་རྒྱུན་རིང་པོ་སོང་བས་ད་ལྟ་ངལ་གསོའི་དུས་ཚོད་ནང་མཇལ་ཁ་ཞུ་ལེ་མ་རེད། ཁྱོད་ཚོ་ཚང་མ་ཕྱི་ལ་སོང་། ངས་ལས་བྱེད་ལ་བཤད་ནས་བླ་མའི་ཞབས་འཕུར་གཉེར་ཚར་བ་དང་། ཞོགས་ཇ་མཆོད་གྲུབ་རྗེས་ལས་བྱེད་ཀྱིས་ཁྱོད་ཚོར་དུས་ཚོད་གོ་བསྒྲིགས་བྱ་མདོག་ཁག་པོ་རེད་ཅེས་ཧམ་པ་འདྲ་པོ་ཏོག་ཙམ་སྦྲགས་བཤད། དེ་ནས་དེའི་ནང་གི་རྒྱ་མོ་གཅིག་དེ་སྔོན་ངས་ངོ་ཤེས་ཀྱི་ཡོད་འདྲ་ཞིག་ངའི་མདུན་དུ་ཡོང་ནས་ཁྱོད་ངེད་གཉིས་ངོ་ཤེས་རྙིང་པ་རེད་པ། འདིར་བླ་མ་དང་ཁྱོད་གཉིས་མ་གཏོགས་མི་འདུག ང་ལ་གོ་སྐབས་ཅིག་སྤྲོད་རོགས་ཟེར། ང་རང་མོའི་སྐད་ཆར་ཧོན་འདྲ་འཐོར་ནས་འདི་སྐུ་སྒེར་གྱི་གཟིམ་ཁང་རེད་མ་གཏོགས་སྣེ་ལེན་ཁང་མ་རེད། ང་ལ་དབང་ཆ་དེ་ག་ནས་ཡོད་དམ། ཁྱོད་ཚོ་གཞུང་ལས་ཁང་དུ་ཕེབས་དང་། དེར་ཟམ་གདོང་རིན་པོ་ཆེ་བཞུགས་ཡོད་རེད། ཁོང་གིས་ཁྱོད་ཚོར་འགྲེལ་བརྗོད་གསལ་པོ་གནང་གི་རེད། ཅེས་བཤད་རྗེས་ངས་རྒྱ་མོ་དེ་ཚོ་སྒོ་ཕྱི་ལ་ཕུད་རྗེས་རྔང་འཚབ་དང་བཅས་ཕྱིར་གཟིམ་ཁང་དུ་བྲེལ་འཚུབ་ཀྱིས་རྒྱུགས་སོང་བ་ཡིན།

དེ་ནས་ངས་སྐུ་མདུན་ལ་ད་འགྲིག་སོང་། ཁོང་རྣམས་པ་ཡིག་ཚང་ལ་གཏོང་བཞག་ཡོད་ལགས། ཅེས་ཞུས་རྗེས་སྐུ་མདུན་གྱི་ཞབས་འཕུར་གཉེར་འགོ་བརྩམས། དེ་ནས་ངས་སེམས་ནས་དང་པོ། རྐང་མཐིལ་རྒྱབ་ནས་འགོ་བརྩམས་མཐིལ་དུ་འཕུར་དགོས།
གཉིས་པ། སོ་སོའི་ལག་གཉིས་ཚ་པོ་བཟོས་ནས་སྐར་མ་བཅུ་ཙམ་འཕུར་དགོས།
གསུམ་པ། དལ་ལྷོད་སྒོ་ནས་ཁུར་ཚུར་བཅིངས་ནས་རྐང་མཐིལ་གནོན།
བཞི་པ། རྐལ་མཐིང་ལག་གཉིས་ཀྱིས་འཇུས་ནས་འོག་ནས་གོང་གི་གོ་རིམ་ལྟར་འཕུར།
ལྔ་པ། ལག་པའི་མཛུབ་མོ་སྤྱོད་དེ་རྐང་མཐིལ་དུ་འཕུར་ཞིང་སྣོན་དགོས།
ཅེས་ཡིད་གཟབ་ཀྱིས་ངག་སྐྱོར་བྱེད་བཞིན་འཕུར་བས་བླ་མ་ཧ་ཅང་ཐུགས་བསྙེས་པོ་གནང་སོང་བ་མཇལ། ང་རང་ཡང་དགའ་ཐག་ཆོད་དེ་དེ་མུར་ངའི་ཨ་མར་སྐད་འཕྲིན་བརྒྱུད་དེ་ཨ་མ་མ་གཡང་མ། ངས་རྒྱལ་བ་རིན་པོ་ཆེའི་རྐང་མཐིལ་ལ་འཕུར་གཉེར་ཞུས་པ་ཡིན་ཞེས་སྤོབས་པ་ཆེན་པོ་བྱེད་ཀྱི་འདུག

ངེད་མ་སྨད་གཉིས་དགའ་ཐག་འདྲ་ཆོད་དེ་དེ་འདྲ་གླེང་མོལ་མང་པོ་བྱས། ངའི་མ་ཡུམ་གྱིས་ངའི་སྐད་ཆ་དེ་དག་གསན་དུས་ཐུགས་སྤྲོ་པོ་ཧ་ཅང་གནང་སོང་བས་ང་རང་ཡང་དགའ་ཐག་འདྲ་ཆོད་ནས་འདུག ཡུན་ཙམ་རྗེས་སུ་ངས་བླ་མའི་ཞབས་ལ་འཕུར་བའི་སྐོར་དེ་མཇུག་གང་འདྲ་ཟེར་བསྒྲིལ་མིན་དང་། གཟིམ་ཁང་ནས་ཕྱིར་གང་འདྲ་དོན་མིན། དེ་རྗེས་ངས་ཅི་ཞིག་བྱས་མིན་སོགས་ཅིའང་དྲན་སོས་ཀྱི་མི་འདུག་པས་བློ་ཕུག་ན་ཡིད་མུག་པོ་འདྲའང་ཏོག་ཙམ་འབྱུང་བཞིན་འདུག

དེ་ནས་སླར་ང་ད་ལྟ་སྡོད་སའི་ཁང་པའི་ཕྱིའི་ལ་ཐོག་དེར་སྤང་ཁ་ཆེན་པོ་ཞིག་ཡོད་པ་དེར་སླེབས་འདུག་མོད། ངས་སོ་སོས་བླ་མའི་ཞབས་ལ་འཕུར་ནས་བསྙུན་གཞི་བཅོས་ཐབས་བྱས་སྐོར་གྱི་ཁེངས་སྤོབས་དེ་ངའི་བཟའ་ཟླར་ངེས་པར་གང་མགྱོགས་བཤད་འདོད་ཀྱིས་ཁོང་ལ་ཁ་པར་ཞིག་གཏོང་། ཁོང་གིས་ཁ་པར་ནང་ང་ལས་ཀ་ལ་ཡོད། ནང་ལ་དོ་དགོང་ལོག་ཡོང་དུས་བཤད་ཤོག་ཨ་ཟེར་བས་ང་རང་གཅིག་པུར་སྤང་ཁར་བསམ་བློ་གཞན་གཏོང་ནས་བསྡད།

ཡང་སྐབས་དེར་ངས་སེམས་ནང་དེ་སྔོན་སྐུ་མདུན་ཟུར་དུ་ཞབས་ཞུ་བ་གྲྭ་པ་སྐུ་གཟུགས་རིང་པོ་ངོ་ལ་ཡག་གཤིས་དོད་པ་ཞིག་ལ། བླ་མས་བཀའ་ཆོས་གནང་དུས་ཁྲིའི་རྒྱབ་ཀྱི་བརྐོས་བརྒྱབས་བཞག་པའི་རྒྱབ་གཉེར་དེ་མཐོང་སྣང་ཧ་ཅང་རྫིག་པོ་འདྲ་ཡོད་ཀྱང་བླ་མས་རྒྱུན་རིང་པོར་བཀའ་ཆོས་གནང་ན་སྐེད་པ་བསྙུན་དུས་རྒྱབ་ཕྱོགས་སུ་ཕར་ཏོག་ཙམ་བསྙེས་ནས་ངལ་གསོ་ཆོག་པ་ཞིག་བཟོ་དགོས་ཀྱི་འདུག དེའང་རྒྱབ་གཉེར་བརྐོས་བརྒྱགས་བཞག་པ་དེ་དང་བླ་མ་བཞུགས་སའི་དབར་ཧེ་བག་ཡོད་སྟབས་དེའི་དབར་དུ་ཤིང་དང་འགྱིག་གིས་རྒྱབ་བསྙེས་ས་ཤིག་བཟོས་ན་ལེགས་ཚུལ་ཞུས་པ་དྲན། གྲྭ་པ་དེས་ངའི་བསམ་འཆར་ལ་དེ་དུས་ངོས་ལེན་གནང་གི་འདུག་མོད། དེ་རྗེས་ངས་བླ་མས་བཀའ་ཆོས་གནང་དུས་ཞབས་ཞུ་བས་ཁོང་གི་སྐུ་རྒྱབ་ཕྱོགས་སུ་བསྙེས་མགོ་སོབ་སོབ་འདྲ་རེ་གཉིས་བཞགས་ཀྱི་འདུག་པ་དོ་སྣང་བྱུང་། འོན་ཀྱང་དེ་འདྲ་བཞག་པ་དེ་ནི་ཆོས་ཞུ་བའི་མིང་སྣང་དུ་སྐུའི་རྒྱབ་ལ་གཅིག་བཞག་འདུག་བསམ་པ་ཙམ་ལས། བསྙེས་མགོ་དེས་བླ་མའི་རྒྱབ་ཕྱོགས་སུ་ཕར་ཁེན་ནས་ངལ་གསོ་ཆོག་པ་ཞིག་རྩ་བ་ནས་རེད་མི་འདུག ང་ནི་གྲྭ་པ་སྐུ་གཟུགས་དང་སྐེའང་རིང་པོ་ཅན་དེར་དེ་དུས་ནས་སེམས་ཉེ་པོ་འདྲ་ཚོར་སོང་བ་དེ་ནི་ཞོར་འཕྲོས་ཙམ་རེད། ད་ཆ་བླ་མའི་སྐུ་འཁོར་ཚོས་མཚམས་རེར་དོན་དག་ཆུང་ཙག་རིགས་སམ་ཁ་ཡོད་ལག་ཡོད་ཀྱི་གནས་ཚུལ་དེ་འདྲ་ལ་སྣང་ཆུང་ཡང་ཤོར་སྲིད་པ་རེད་དེ་ཁོང་ཚོས་བླ་མར་གང་དྲག་གང་ལེགས་གཅིག་དང་ཞུ་གི་ཡོད་ཤག་རེད་ཀྱང་བསམ་སོང་། འོན་ཀྱང་བསམ་བློ་དེ་དག་ནི་ང་རང་གི་རི་བོང་གནམ་བརྡིབ་ཀྱི་སེམས་ཁྲལ་ཡིན་གཤིས་ཆེའང་སྙམ་ནས་བྱུང་།

ངས་དེ་རིང་ཞོགས་པར་བླ་མ་རྨི་ལམ་རྨིས་རྗེས་འདི་དག་ཡིག་ཐོག་ཏུ་ཕབ་པ་ཡིན།

༢༠༢༠ ལོའི་ཟླ་ ༧ ཚེས་ ༢༡ ཉིན་གྱི་ཞོགས་པར་ཨོ་གླིང་རང་ཤག་ཏུ་ཆུ་ཚོད་ ༡༡ དང་སྐར་མ་ ༤༦ ཐོག་ཚར་བ་བྲིས།

སྣ་ཚོགས།

Post navigation

Previous Post: ཆོས་ལུགས་ཀྱི་མཚམས་ལས་འདས་པའི་འཇིག་རྟེན་སྤྱི་སྨན་གྱི་བཟང་སྤྱོད་བཀླགས་པའི་བརྗེད་བྱང་། ( 1 )
Next Post: དགུ་གཏོར་ཞིང་སྐྱོང་།

Comments (2) on “རྨི་ལམ་ནང་གི་བླ་མ།”

  1. ཚེ་བརྟན་འགྱུར་མེད། says:
    2020-07-25 at 4:57 pm

    ༑ གནས་དཀར་སེམས་ལགས་ཀྱི་རྨི་ལམ་ནང་གི་བླ་མ་ཞེས་པའི་རྩོམ་དེ་རྒྱས་ཤིང་སྤྲོ་བ་བྲིས་གནང་འདུག དེ་ཡང་ཁྱེད་ཀྱི་རྨི་ལམ་དེ་དག་གྲ་རྒྱས་ཤིག་རྨིས་པ་ལས་ལོས་ཡིན། མཐའ་དེར་འོན་ཀྱང་བསམ་བློ་དེ་དག་ནི་ང་རང་གི་རི་བོང་གནམ་བརྡིབ་ཀྱི་སེམས་ཁྲལ་ཡིན་གཤིས་ཆེའང་སྙམ་ནས་བྱུང་། ཅེས་བ་རི་བོང་གནམ་བརྡིབ་དེ་མིན། ཁྱེད་ཀྱི་རྨི་ལམ་ནང་གི་དོན་ཚན་གཉིས་ནས་དང་ལོ་ཞབས་མཐིལ་འཕུར་ཚུལ་དང་གཉིས་པ་སྐུ་རྒྱབ་བསྙིལ་སའི་གནད་དོན་གཉིས་ཀ་ཁྱེད་ལ་དངོས་སུ་སེམས་ནང་བསམ་འཚོར་ཞིག་ཡོད་པ་ལས་བྱུང་རེད་ལ་དེ་གཉིས་སྐུ་ངལ་ཤིག་དངོས་སུ་ཡིན་མོད་ཀྱང་ཐབས་ལམ་དེ་ངས་ཞུ་མི་ཚོད། ཡང་། དགའ་ཐག་འདྲ་ཆོད་ཅེས་པའི་ཚིག་དེ་ང་རང་ལ་འཇུག་མ་སོང། ཕྲན་བུས་བཅོས་ཚུལ་ལྟ་བུ་ལས་དེའི་ཚབ་དགའ་ཐག་ཆོད་ནས་ཅེས་བྲིས་ལ་མི་ལེགས་སམ།། ཕྱི་ལོ་ ༦༠ ནང་ང་རང་སློབ་གྲྭར་ཡོད་སྐབས་༸རྒྱལ་དབང་མཆོག་རྨི་ལམ་ནང་མཇལ་གྱི་ཡོད་པས་གནས་དོན་ཇི་ཡིན་རྩད་ཞིབ་སྐབས་སློབ་གྲྭའི་འཁྲིད་ཀྱི་ཇ་ཁང་བདག་པོ་ནས་མ་ཎི་མང་པོ་འདོན་པ་ལས་བྱུང་བ་ཡིན་གནས་བཤད་མྱོང། ཕྱིས་སུ་རྨི་ལམ་ནང་ཞལ་མཇལ་མ་བྱུང་བས་རྒྱུན་རིང་སོང་བས་རྒྱུ་རྐྱེན་ཨ་མ་གང་ཡིན་མི་ཤེས་ཀྱང་འདི་འདྲ་མིན་ནམ་བསམ་པ་ཞིག་འདུག

  2. ཀརྡོ་རབ་འབྱམས་པ་ says:
    2020-07-27 at 4:07 pm

    མ་མཇལ་གསོལ་འདེབས་བྱིན་རླབས་ལས། །
    དངོས་མཇལ་བྱིན་རླབས་ཆེ་བ་ཡོད། །
    དངོས་མཇལ་བས་ཀྱང་རྨི་ལམ་དུ། །
    མཇལ་བ་བྱིན་རླབས་ཆེ་བར་མངོན། །
    རྒྱ་མཚན་སད་དུས་བསམ་པ་ལས། །
    གཉིད་དུས་སེམས་དེ་ཕྲ་བས་རེད། །
    སྔགས་ལམ་དེ་ཡང་དེ་ལས་བྱུང་། །
    རྨི་ལམ་བཟང་རྨིས་རྗེ་ཡི་རང་། །

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme