Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

རྨི་ལམ་ཐུན་གཅིག

Posted on 2013-08-21 By ཁ་བརྡ་ No Comments on རྨི་ལམ་ཐུན་གཅིག

རས་ཆུང།

ང་འཇིག་རྟེན་འདིར་མ་སྐྱེས་པའི་གོང་རོལ་ནས་ངའི་ཉེ་འཁོར་གྱི་ཁོག་ཡུག་དག་དབྱར་གྱི་བུ་མོ་ཁྲུས་ལ་ཞུགས་མ་ཐག་པ་ལྟར། ལྟ་བས་མི་ངོམ་པ་ཞིག་ཡོད་རུང་། དོན་དམ་པར་དེ་ནི་སྣང་ཚུལ་གྱི་མཛེས་པ་ཙམ་ལས། དངོས་པོའི་གནས་ཚོད་དུ་དེ་ལྟར་ག་ལ་ཡིན་ཏེ། ང་སྐྱེས་ཟིན་པ་ནས་རིམ་བཞིན་ངའི་ཉེ་འཁོར་གྱི་ཁོར་ཡུག་དེ་དག་ལ་མྱུལ་དུས་ངའི་ཉེ་འཁོར་གྱི་ཁོར་ཡུག་དེ་དག་ནི་ཤུན་པགས་ཀྱིས་བཏུམས་པའི་འགྲོ་བ་མིའི་གཟུགས་བྱད་བཞིན་ལྟར་སྣང་དུ་མཛེས་པ་ཙམ་ལས། ནང་རོལ་དུ་འཇིགས་སུ་རུང་བའི་ཀེང་རུས་འབའ་ཞིག་ལས་མ་མཆིས་པ་ལྟར་དོན་སྙིང་གི་དབུལ་སྟབས། ང་རང་སྙིང་པོས་དབེན་པའི་དྲི་ཟའི་གྲོང་ཁྱེར་ཞིག་གི་སྒོ་ཁར་སླེབས་པའི་སྣང་བ་ཤར།

ཕྱི་རོལ་དུ་མངོན་པར་གསལ་བ་དང་མི་གསལ་བ་ཅི་རིགས་ཀྱི་སྒོ་ནས་ངའི་ཉེ་འཁོར་གྱི་ཁོག་ཡུག་དག་ལྕགས་ཀྱི་དྲ་བ་དུ་མ་ཞིག་དུས་གཅིག་ཏུ་སྤུངས་པ་ལྟ་བུའི་ཕར་བཅད་ཚུར་བཅད་ཀྱི་ས་མཚམས་མང་པོ་ཞིག་གི་རིས་གཅོད་ཟིན་པ་དེས། ང་རང་ནར་སོན་དུས་ཀྱི་ཁོར་ཡུག་དེ་འདོམ་གང་གྲུ་བཞི་ལྟ་བུའི་མུན་ནག་ཅིག་ལས་དགུང་སྔོན་ལྟ་བུའི་ཡངས་ཤིང་རྒྱ་ཆེ་བ་ཞིིག་མ་རེད།
དེའི་སྟབས་ཀྱིས་སྐབས་དང་མཚམས་ལ་ལར་ངས་ཀྱང་ཁོག་ཡུག་འདིའི་རླབས་ཤུགས་མ་བཟོད་པར་གཡས་ཀྱོག་གཡོན་ཀྱོག་བྱེད་བཞིན་པའི་གྲུ་གཟེངས་དེའི་དོ་ཟླར་མི་ཆས་ཀ་མེད་བྱུང་། འོན་ཀྱང་ང་རང་ད་དུང་ཡང་ཡངས་པའི་མཁའ་དབྱིངས་སུ་གདིང་བའི་རྒོད་པ་བཞིན་ཕྱོགས་དང་མཚམས་བྲལ་བའི་རང་དབང་གི་ཁོར་ཡུག་ཅིག་ཏུ་འཚོ་འདོད་ཀྱི་འདུན་པ་ནི་ངའི་ཕུགས་བསམ་གྱི་ཁ་ཕྱོགས་དེ་ཡིན་ལ། བདེ་སྐྱིད་ཀྱི་གཞི་མ་དེ་ཡང་ཅི་ལ་མིན་ཨང་།

ལམ་ཟུར་གཡས་གཡོན་གྱི་ས་གཞི་དག་ལ་སེམས་ཀྱི་མངོན་འདོད་བཞིན་ཕར་ཀྱོག་ཚུར་ཀྱོག་བྱེད་ས་མེད་པར་ལྕགས་ཀྱི་གཟེར་མས་བསྐོར་བའི་ལམ་ཆུང་དེ་དག་གི་ནང་ང་རང་འགྲོ་རྒྱུར་ཉོབ་སྣང་ཤིན་ཏུ་ཆེ་ལ། ལམ་དེར་འགྲོ་འོང་བྱེད་མཁན་གྱི་མི་སྣ་དེ་དག་མཐོང་ཡང་སེམས་ལ་སྐྱོ་སྣང་ཞིག་ངང་གིས་འཕེལ་བར་བྱེད། དེ་ལྟ་བུའི་གུ་དོག་པའི་ཁོར་ཡུག་ཅིག་ནས་འཚར་ལོངས་བྱུང་བའི་སྡོང་རྒན་ངའི་མཐའ་སྐོར་ན། རེག་ན་འཐོར་མི་འགྲོ་བའམ་སྙམ་པའི་ཟིལ་བ་ཁྲོམ་ཁྲོམ་ངང་སྐྱེད་སྲིང་བྱེད་བཞིན་པའི་མེ་ཏོག་འདི་དག་མཐོང་དུས། མེ་ཏོག་འདི་དག་ཀྱང་དེ་ལྟ་བུའི་ཁོར་ཡུག་ཅིག་ནས་འཚར་ལོངས་བྱུང་བར་དོགས་ནས་ང་རང་སེམས་ཁྲལ་གྱིས་ཀུན་ནས་མནར།

དེའི་སྟབས་ཀྱིས་ང་རང་ཇི་ལྟར་རྒས་པ་ཡང་མ་ཚོར་བར་གསར་སྐྱེས་མེ་ཏོག་དག་གིས་སྐབས་ལ་ལར་ང་ལ་པོ་ལགས་ཞེས་མིང་ནས་འབོད་འོང་དུས་ད་གཟོད་ངས་གཞི་ནས་རང་ཉིད་དེ་སྔོན་གྱི་ཕོ་ཉམས་དོད་པོའི་ན་གཞོན་དེ་མིན་པར་ཚོར་ལ། གནག་ཅིང་སྣུམ་པའི་སྐྲ་ལོ་ཡང་དགུན་དུས་ཀྱི་ལ་རྩེའི་དར་ལྕོག་དེའི་དོ་ཟླར་ཆས་ཡོད་པ་ཡང་གཞི་ནས་རྟོགས།
འོན་ཀྱང་ངས་ད་དུང་ཡང་དེའི་ཐོག་སྣང་བ་ཅི་ཡང་མ་བཞག་པར་མེ་ཏོག་འདི་དག་གི་མདུན་ལམ་ལ་བསམ་གཞིགས་བྱེད་ཞོར་དུ་ཞོགས་པའི་སྐྱ་རེངས་ཚུར་ལ་བསུ་བཞིན་དགོང་ཁའི་མཚམས་སྤྲིན་ཕར་ལ་བསྐྱལ་ཏེ་རེ་བའི་འཛུམ་མདངས་ཤིག་དང་ལྷན་དུ་མེ་ཏོག་འདི་དག་གི་ཁྲོད་ནས་ལོ་ཟླ་བསྐྱལ། ལང་ཚོའི་གཉོམ་ལག་རྒྱས་བཞིན་པའི་མེ་ཏོག་འདི་དག་ཆེས་ཐོག་མར་སྐྱེ་དུས་ནས་ཤིན་ཏུ་དྭངས་པའི་མཚེའུ་བཞིན་ས་རྡུལ་གྱི་དྲི་རོ་དང་བྲལ་རུང་། རིམ་བཞིན་ནར་སོན་དུས་སྤྱི་ཚོགས་ཀྱི་རླབས་ཤུགས་དེའི་ཁྲོད་དུ་ནག་ནོག་གི་དྲི་མས་སྦགས་འགྲོ་བ་ནི་ཇི་ལྟའི་གཟོད་དཀའ་བ་ཞིག་དང་ལྟ་མི་ཕོད་པ་ཞིག་རེད་ཨང་།

ང་རང་སྤྱི་ཚོགས་ཀྱི་རླབས་ཤུགས་དེའི་ཁྲོད་དུ་བརྟན་བརླིང་གི་འཚོ་བར་རོལ་སྐལ་ཞིག་མ་བྱུང་བའི་སྐྱོ་ངལ་དེ་ངའི་ལས་དབང་ཞིག་ཏུ་སྒོམ་བཞིན་ཡིན་རུང་། ངའི་མཐའ་སྐོར་ན་འཚར་ལོངས་བྱུང་བཞིན་པའི་མེ་ཏོག་འདི་དག་ཀྱང་དེ་ལྟ་བུའི་སྐྱོ་ངལ་ཞིག་གི་སྒོ་ཁ་འགྲིམ་དགོས་ན། ང་ལ་ཐོབ་པའི་ཉམས་མྱོང་དེ་དག་གིས་ང་ལ་སྤྲད་པའི་སྡུག་བསྔལ་འབའ་ཞིག་ལས་ང་ལ་ཐོབ་པའི་སློབ་གསོ་དེ་ཅི་ཞིག་ཡིན་ཨང་སྙམ་སྟེ། རང་ཉིད་ཀྱིས་རང་ཉིད་ལ་ཞུ་དག་ཐེངས་ཤིག་གཏོང་ཞོར་དུ་ངའི་མཐའ་སྐོར་གྱི་མེ་ཏོག་འདི་དག་ལ་གུ་ཡངས་པའི་མདུན་ལམ་ཞིག་སྟོན་ཐབས་བྱ་རྒྱུ་ནི་ངའི་ཕྲག་ཏུ་བབ་པའི་འོས་འགན་ཉག་གཅིག་ཡིན་པ་ཤེས།
དེའི་སྟབས་ཀྱིས་ཆར་རླུང་ཇི་ལྟར་འཚུབ་རུང་ངས་རང་ཉིད་ཀྱི་ཀུན་སློང་རྣམ་པར་དག་པར་བཅོས་ཏེ་མེ་ཏོག་འདི་དག་ལ་སློབ་གསོའི་ཆར་ཆུ་གཅིག་མཚུངས་དང་། ཉི་དྲོད་ཀྱི་ཚ་དྲང་སྙོམ་པོའི་འོག་ཏུ་འཚར་ལོངས་བྱེད་དུ་བཅུག་སྟེ། དབྱར་དགུན་གྱི་གནམ་གཤིས་གང་གིས་ཀྱང་བསྒྱུར་དུ་མེད་པའི་རི་སྐྱེས་མེ་ཏོག་བཞིན་རང་ཚུགས་ལྡན་པའི་ངང་སའི་གོ་ལ་མཛེས་བྱེད་ཀྱི་རྒྱན་དུ་གྱུར་པ་ཞིག་ལ་ཅིས་ཀྱང་འབད་དགོས་པར་སྙམ།

དེ་ལྟ་བུའི་འདུ་ཤེས་ཤིག་རུམ་དུ་བཅུག་ཏེ་མེ་ཏོག་དེ་དག་གི་ཁྲོད་དུ་ང་རང་ཕྱེ་མ་ལེབ་བཞིན་ཁོམ་ལོང་མེད་པར་མྱུལ་དུས་མེ་ཏོག་དེ་དག་གིས་ཀྱང་ཡུན་རིང་བྲལ་བའི་བྱིས་པས་བྱམས་ལྡན་གྱི་སྐྱེས་མ་མཐོང་བ་ལྟར་ང་ལ་བཅོས་མིན་གྱི་འཛུམ་མདངས་ཤིག་གིས་མདུན་ནས་བསུ་བར་བྱེད་ཅིང་། ངོམ་པ་མེད་པའི་དྲི་བསུང་ཞིག་གིས་ཕར་ལ་སྐྱེལ་བར་བྱེད། འོན་ཀྱང་འཕྲད་པའི་མཐའ་མར་བྲལ་དགོས་པའི་སྐྱོ་ངལ་འདི་འཇིག་རྟེན་གྱི་ཆོས་ཉིད་དུ་གྲུབ་ཟིན་སྟབས་ངའི་མངོན་འདོད་ལྟར་ལུས་དང་གྲིབ་མ་བཞིན་དུ་མེ་ཏོག་འདི་དག་དང་ཁ་མ་བྲལ་བར་སྡོད་དབང་ཞིག་ག་ལ་ཡོད་ཨང་།

དེའི་སྟབས་ཀྱིས་ང་རང་དམར་ལྷམ་ལྷམ་དུ་འབར་བཞིན་པའི་མེ་ལྕེ་དེའི་ཁྲོད་དུ་ཤིང་སྐམ་པོ་བརྒྱབ་པ་བཞིན་སྔར་ལས་ཀྱང་སེམས་ཁྲལ་ཇེ་ཆེ་ནས་ཇེ་ཆེར་གྱུར། ནམ་ཞིག་གི་ཚེ་གསར་སྐྱེས་ཀྱི་མེ་ཏོག་འདི་དག་ང་རང་དང་ཁ་གྱེས་པ་ནས་སྐྱུག་བྲོ་བའི་སྤྱི་ཚོགས་ཀྱི་མཁའ་རླུང་འབག་གཙོག་འདི་དག་རྔུབ་བཞིན་དུ་སྙིང་རྗེ་དང་གཞན་ཕན་གྱི་ནོར་བུས་དབུལ་ཤིང་། ཤ་ཁྲག་ལ་རྔམ་པའི་འབུ་སྲིན་སྟོང་ཕྲག་དུ་མས་གཏམས་པའི་སྤྱི་ཚོགས་ཀྱི་ཆུ་ཀླུང་མི་འདྲ་བ་དུ་མ་ཞིག་མི་འདོད་བཞིན་དུ་བརྒལ་དགོས་པ་མཐོང་དུས་ང་ལ་བཟོད་མི་ཐུབ་པའི་སྡུག་བསྔལ་ཞིག་གིས་རྒྱུན་པར་’’ཨཱ་ཁཱ’’ ཨཱ་ཁཱ”་ཞེས་མཚན་མོའི་རྨི་ལམ་དུ་ཡང་ངའི་རྣ་ལམ་དུ་ཡང་ཡང་གྲགས་འོང་གིན་འདུག

དེའི་སྟབས་ཀྱིས་ངས་གླིང་གཞན་དང་གཞན་དུའང་མེ་ཏོག་འདི་དག་ལ་འགྲོ་ལམ་གཞན་ཞིག་ཡོད་མེད་ལ་བརྩད་གཅོད་བྱས། འོན་ཀྱང་ཞིབ་ཏུ་དཔྱོད་འོང་དུས་གོ་ལའི་མཐའ་སྣེ་ཡོངས་རྫོགས་ལ་བ་ཚྭས་སྦགས་པའི་སྤྱི་ཚོགས་ཀྱི་ཆུ་ཀླུང་དེས་སྔ་ས་ནས་ཁྱབ་ཟིན་སྟབས་ངས་བསམ་གཞིགས་ཇི་ལྟར་བྱས་ཀྱང་སྔ་ཕྱི་མ་གཏོགས་མེ་ཏོག་འདི་དག་ཀྱང་སྤྱི་ཚོགས་ཀྱི་ཆུ་ཀླུང་དེ་དག་མ་བརྒལ་བར་བརྒྱུད་ལམ་གཞན་ཞིག་མེད་པ་ཤེས་དུས་ད་གཟོད་ངས་གཞི་ནས་གནས་སྐབས་གཅིག་མ་གཏོགས་ཁོ་ཚོ་སྐྱོབས་ཐབས་མེད་པ་གཞི་ནས་ཤེས།
དེ་ལྟར་ནའང་གནམ་ས་གཡོ་བ་ལྟ་བུའི་འགྱུར་བ་གང་ཞིག་ཡིན་རུང་དེའི་རྒྱུ་ཚོགས་དེ་དག་སྒོ་ང་ཤེེས་པའི་ཡུལ་དུ་མ་གྱུར་བའི་རྡུལ་ཕྲན་ཆེས་ཕྲ་མོའི་སྟེང་གི་འགྱུར་བ་ལ་བརྟེན་ནས་ཡོང་དགོས་པའི་གནས་ལུགས་དེས་ང་རང་ཉི་དྲོད་ཀྱི་ཚ་ཤུགས་མ་བཟོད་པར་རད་བཞིན་པའི་ལྗོན་པར་མཱ་ལ་ཡ་ཡའི་རི་བོ་ནས་ལྡང་འོང་བའི་བསིལ་རླུང་གི་རེག་བྱ་འཇམ་པོ་དེས་ཚེ་སྲོག་གསར་པ་ཞིག་ག ི་སྟོབས་ཤུགས་སྦྱིན་པ་དང་མཚུངས་པར། གནས་སྐབས་ཤིག་མ་གཏོགས་མེ་ཏོག་འདི་དག་ངས་སྐྱོབས་ཐབས་མེད་པ་ཤེས་རུང་གནས་སྐབས་དེ་ནི་རྡུལ་ཕྲན་ཆེས་ཕྲ་མོའི་སྟེང་གི་འགྱུར་བ་དེ་ཡིན་པར་ཤེས་ཏེ་མེ་ཏོག་འདི་དག་ལ་བཅངས་པའི་ངའི་བརྩེ་སེམས་ཀྱང་རླབས་སྒྲ་ལྟར་འཇགས་ཐབས་མེད་པར་གྱུར།

དེའི་སྟབས་ཀྱིས་ངས་མེ་ཏོག་འདི་དག་སྐྱོབས་དུས་དེ་སེ་གོལ་གཅིག་གི་ཡུན་ཚད་བཞིན་ཆེས་ཐུང་ཐུང་ཞིག་ལས་མ་མཆིས་རུང་གོ་སྐབས་དེ་ལྷོད་གཡེངས་སུ་གཏོང་བ་ནི་ངས་གཞན་ཕན་གྱི་བྱ་བ་བཟང་པོ་ཞིག་བློས་གཏོང་བྱས་པ་ཙམ་དུ་མ་ཟད། ངའི་ཕུགས་བསམ་གྱི་རྨི་ལམ་དེའི་རྗེས་སུ་མ་འབྲངས་པ་ཞིག་ཀྱང་ཡིན་པས་སྡོང་རྒན་ང་ལྷོད་པོར་གནས་འདོད་ཀྱང་། སེམས་ཀྱི་རླུང་ཤུགས་དེས་ག་ལ་ཞོག།
འོན་ཀྱང་མི་ལ་ལས་འདི་ནི་སྟོང་བསམ་རིང་ལུགས་པ་ཞིག་གིས་བསམ་བློའི་འཆར་སྣང་ཕབ་པའི་མཛེས་རིས་ཤིག་ཏུ་བསམ་སྲིད་ལ། སོ་སོ་རང་ཉིད་ལ་མཚོན་ན་ཡང་དྲག་ཏུ་རྒྱུགས་འོང་བའི་རླབས་ཤུགས་དེ་ང་ཁོ་ནས་འགོག་མི་ནུས་པའི་གནས་ལུགས་དེ་ངས་སྔ་ས་ནས་ཤེས་མོད། འོན་ཀྱང་སྤྱི་ཚོགས་ཀྱི་རླབས་ཤུགས་ཇི་ལྟར་ཆེ་རུང་རྡེའུ་སྟོང་ཕྲག་དུ་མས་རླབས་ཤུགས་དེ་ཕྱིར་ལྡོག་ཐུབ་རྒྱུར་དཀའ་ཚེགས་དེ་ཙམ་མེད་པ་དེ་ཡང་ངས་སྔ་ས་ནས་ཤེས་ཡོད། དེའི་སྟབས་ཀྱིས་དེ་རིང་གི་ངའི་འགུལ་བསྐྱོད་འདི་ནི་ངའི་ཕུགས་བསམ་དེའི་སླད་དུ་རྡེའུ་ཆུང་ཆུང་ཞིག་སྤྱི་ཚོགས་ཀྱི་རླབས་ཤུགས་དེའི་ཁྲོད་དུ་བླུགས་བཞག་པ་ཙམ་ཡིན། དེ་བས་ན་ཁྱེད་ཀྱིས་ཀྱང་ཆེ་ཆུང་ལ་མ་ལྟོས་པར་རྡེའུ་ཞིག་སྤྱི་ཚོགས་ཀྱི་ཆུ་ཀླུང་དེའི་ནང་བླུགས་ཐུབ་ཚེ་ནམ་ཞིག་དེའི་འབྲས་བུ་ནི་བྱིས་དུས་ཀྱི་འཚོ་བར་བསྐྱར་ལོག་བྱས་པ་དང་མཚུངས་པས་ཅི་འདྲའི་བདེ་སྐྱིད་ལྡན་པ་ཞིག་རེད་ཨང་།

དེའི་སྟབས་ཀྱིས་ང་རང་བྱིས་དུས་ཀྱི་འཚོ་བར་དགའ་ལ། ངའི་མཐའ་སྐོར་གྱི་ཁོག་ཡུག་དེ་དག་ལའང་། བྱིས་དུས་ཀྱི་སེམས་ཁམས་ཤིག་ལྡན་ན་ཅི་མ་རུང་སྙམ་སྟེ། བྲག་ཟུར་ཞིག་གི་སྣེ་ན་ང་རང་དབྱུགས་རིང་ཞིག་འཐེན་ཞོར་དུ། ལག་ཏུ་བཟུང་བའི་ཐ་མག་ལ་ཚག་སྒྲ་དང་བཅས་ཏེ་མེ་ཁ་ཞིག་སྒྲོན་ཁར་ང་རང་གཉིད་ལས་ཧོབ་སྟེ་སད་པས། ལྕགས་དྲའི་གསེང་ནས་ཤར་བའི་ཉི་འོད་ཀྱིས་ངའི་ཁང་ཆུང་དེ་འོད་ཀྱིས་གོང་བུར་གྱུར་ཡོད་པ་ཤེས་ལ། དེ་ནི་རྨི་ལམ་དེ་མངོན་འགྱུར་ཡོང་བའི་སྔ་ལྟས་སུའང་སེམས་ཤིང་ཉིན་དེའི་བྱ་བར་རྨི་ལམ་དེའི་ཁ་ཕྱོགས་ལྟར་རྗེས་སུ་ཞུགས་སོ། །

རྩོམ་རིག

Post navigation

Previous Post: བོད་ཕྱི་ནང་གི་མར་ཁི་སི་རིང་ལུགས་པའི་གསར་བརྗེ་བ།
Next Post: འཕྲིན་ཕྲན། ང་ཁྱོད་ལ་ཚིག་པ་ཟ་ཁུ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme