Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

རྣམ་ཐར་བསྡུས་དོན་མཆོད་པའི་རླབས་ཕྲེང་། ཆབ་མདོའི་ངག་ཕུན།

Posted on 2012-12-10 By ཁ་བརྡ་ No Comments on རྣམ་ཐར་བསྡུས་དོན་མཆོད་པའི་རླབས་ཕྲེང་། ཆབ་མདོའི་ངག་ཕུན།

 ནོ་ཝེལ་ཞི་བདེའི་གཟེངས་རྟགས་བཞེས་ནས་ལོ་ཉེར་གསུམ།  གསེར་གྱི་གཟེངས་རྟགས་བཞེས་ནས་ལོ་ངོ་ལྔ་འཁོར་བར་བཀའ་དྲིན་རྗེས་དྲན་དུ།

གངས་རི་ར་བས་སྐོར་བའི་ཞིང་ཁམས་འདིར།། ཕན་དང་བདེ་བ་མ་ལུས་འབྱུང་བའི་གནས།།

སྤྱན་རས་གཟིགས་དབང་བསྟན་འཛིན་རྒྱ་མཚོ་ཡི།། ཞབས་པད་སྲིད་མཐའི་བར་དུ་བརྟན་གྱུར་ཅིག།

ཅེས་གསོལ་བ་སྨོན་ལམ་རྟེན་འབྲེལ་གྱི་ཆེད་དུ་སྔུན་བསུས་ཏེ་འབྲི་བར་སྤྲོ་བར་བསྟས་སོ།།  དེ་ཡང་བོད་གངས་ཅན་ལྗོངས་ཀྱི་ལྷ་བསྐལ། འཕགས་མཆོག་སྤྱན་རས་གཟིགས་ཀྱི་རྣམ་འཕྲུལ། འགྲོ་བ་འདྲེན་པའི་བླ་མ། ཚེ་འདི་ཕྱི་གཉིས་ཀྱི་སྐྱབས་གནས། བོད་མི་རིགས་ཀྱི་ཆོས་སྲིད་ཀྱི་དབུ་ཁྲིད་བླ་ན་མེད་པ་༸རྒྱལ་བ་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་བོད་ཆོལ་ཁ་གསུམ་གྱི་ཁོངས་སུ་གཏོགས་པའི་ཡུལ་ལྗོངས་ཆེན་མོ་མདོ་སྨད་སྟག་འཚེར་ཞེས་པའི་ཡུལ་དུ་ཡབ་ཆོས་སྐྱོང་ཚེ་རིང་དང་ཡུམ་ཆེན་བསོད་ནམས་མཚོ་མོ་གཉིས་ཀྱི་སྲས་སུ་ཕྱི་ལོ་ ༡༩༣༥ ཟླ་ ༧ ཚེས་ ༦ ཉིན་མོར་བཀྲ་ཤིས་པའི་རྟགས་མཚན་དུ་མ་དང་བཅས་སྐུ་འཁྲུངས། མཚན་ལ་ལྷ་མོ་དོན་གྲུབ་ཅེས་གསོལ། བོད་སྐྱོང་ལྷ་སྲུང་ཁག་གི་ལུང་བསྟན་དང་། ལྷ་མོའི་ལྷ་མཚོའི་གཟིགས་སྣང་། ༸གོང་ས་མཆོག་གི་མཛད་སྤྱོད་སོགས་ཀྱི་རྩེ་མཐུན་བྱུང་སྟེ་རིམ་གྱིས་དབུས་ཕྱོགས་ཆོས་ཀྱི་ཞིང་དུ་གདན་འདྲེན་དྲངས་ཏེ་ཕྱི་ལོ་ ༡༩༣༩ ལོའི་བོད་ཟླ་ ༡༠ ཚེས་ ༡༣ ཉིན་ཇོ་བོ་ཤཱཀྱ་མུ་ནིའི་སྐུ་མདུན་དུ་རྒྱལ་ཚབ་རྭ་སྒྲེང་རིན་པོ་ཆེས་དབུ་སྐྲ་གཙུག་ཕུད་བཞེས་ཏེ་མཚན་ལ་རྗེ་བཙུན་འཇམ་དཔལ་ངག་དབང་བློ་བཟང་ཡེ་ཤེས་བསྟན་འཛིན་རྒྱལ་མཚོ་སྲིད་གསུམ་དབང་བསྒྱུར་མཚུངས་པ་མེད་པའི་སྡེ་དཔལ་བཟང་པོ་ཞེས་མཚན་སྙན་གསོལ་གནང་མཛད།

ཕྱི་ལོ་ ༡༩༤༠ བོད་ཟླ་ ༡ ཚེས་ ༡༤ ཉིན་མི་འཇིགས་གདོང་ལྔ་འབར་བའི་གསེར་ཁྲི་ཆེན་མོའི་སྟེང་དུ་བཟའ་སྐར་འཕྲོད་སྦྱོར་ཉིན་མོར་མངལ་གསོལ་མཛད་ཅིང། གངས་ལྗོངས་ལྷ་མི་སྡེ་ཡོངས་ཀྱི་བཀྲ་ཤིས་པའི་དགའ་བའི་དུས་སྟོན་ལ་དཔག་ཏུ་མེད་པ་རོལ་བ་དང་། དེ་ནས་རིམ་གྱིས་དགེ་བའི་གཤེས་གཉིན་ཆེན་པོ་དུ་མའི་དྲུང་དུ་སྐད་གཅིག་ཀྱང་ལྷོད་པ་མེད་པའི་རྟག་ཏུ་ངུའི་ཆོས་འཕགས་བསྟེན་ཚུལ་ལྟར་གཞུང་ལུགས་ཆེན་མོ་མཐའ་དག་ལ་རྣམ་གཡེང་གི་ལེ་ལོ་ཆ་ཕྲ་མོ་ཙམ་ཞིག་མེད་པའི་རིས་སུ་མ་མཆིས་པའི་གཞུང་ལུགས་ཁག་བུམ་པ་གང་བྱོའི་ཚུལ་དུ་མཛད་ནས་དགུང་ལོའི་ ༢༥ ཐོག་ལྷ་གདན་སྨོན་ལམ་ཆེན་མོའི་མཁས་དབང་བརྒྱ་ཕྲག་འཛོམས་པའི་དབུས་སུ་དགེ་བཤེས་ལྷ་རམ་པའི་དམ་བཅའ་འཇོག་གནང་མཛད། དེ་ཡང་ཇི་སྐད་ལས། སྐར་མའི་ཚོགས་ཀྱིས་མཁའ་ལ་ཟླ་བ་བཞིན།། རྒྱལ་སྲས་དཔའ་བོ་རྣམས་ཀྱིས་ཀུན་ནས་བསྐོར།། བ་ལང་ཁྱུ་ཡི་ཐོག་མར་ཁྱུ་མཆོག་བཞིན།། དགྲ་བཅོམ་འཁོར་གྱི་ཚོགས་ཀྱིས་མདུན་དུ་བདར།། ཞེས་བསྔགས་པ་མཛད་པ་ལྟར། ལུང་རིགས་གི་བརྒལ་བརྟག་མཐིལ་ཕྱིན་པ་མཛད་པའི་ཁོང་གི་མཁྱེན་དཔྱོད་ལ་མཁས་དབང་རྣམ་པ་ཡིད་ཀྱི་པད་མོ་དབང་མེད་དུ་འཕྲོག་ནས་ངེས་དོན་གྱི་གངས་ཅན་མཁན་པའི་གཙུག་རྒྱན་ཞེས་བསྔགས་བརྗོད་ཀྱི་མེ་ཏོག་ཐོར། ཇི་སྐད་ལས། ཁྱོད་ནི་འགྲོ་བའི་དོན་གྱི་སླད།། ཅུང་ཟད་ཟམ་ཡང་མི་ངལ་ཞིང།། འགྲོབ་རྣམས་ཀྱང་ཁྱོད་ཀྱི་ནི།། ཡོན་ཏན་བརྗོད་ལ་ངལ་མ་གྱུར།། ཞེས་གསུང་པ་ལྟར། མགོན་པོ་ཁོང་གི་མཁྱེན་བརྩེ་ནུས་གསུམ་གྱི་ཡོན་ཏན་དང་བོད་མི་རིགས་ལ་བཀའ་དྲིན་བཅས་ནི་བདག་འདྲ་བའི་བརྗོད་པ་ག་ལ་ནུས། ཡིན་ནའང་མགོན་པོ་མཆོག་གི་མཛད་འཕྲིན་རྒྱ་ཞིང་གཏིང་ཟབ་པའི་རྒྱ་མཚོའི་ནང་ནས་ཆུ་ཐིགས་ཙམ་ཞིག་གལ་པོ་ཆེ་ལ་ནན་ཏན་ཞེས་པའི་དཔེ་ལྟར་བདག་གི་བཀའ་དྲིན་རྗེས་དྲན་གྱི་ཚུལ་དུ་བརྗོད་པར་བྱའོ།།

དེ་ཡང་སྐབས་དེར་བོད་ཀྱི་ཆབ་སྲིད་ནང་ཁུལ་སྲིད་ཀྱི་སྣེ་མོ་བ་རྭ་སྟག་རྣམ་གཉིས་ནང་ཁུལ་ཐུགས་སྣང་མ་མཐུན་པ་བྱུང་བའི་གནས་སྟངས་དང་། ཕྱི་ནས་རྒྱ་མི་རིམ་པས་བཙན་འཛུལ་བཅས་ཀྱིས་བོད་ཀྱི་ཆབ་སྲིད་ཀྱི་བརྟན་ལྷིང་ཧ་ཅང་རྙོག་འཛིང་ཆེ་བའི་དུས་དེར་སྲིད་ཀྱི་སྣེ་བ་ཚོའི་བོད་ཀྱི་ཆབ་སྲིད་ཀྱི་འགན་དབང་ལ་གཡོལ་གང་ཐུབ་བྱེད་པ་ལས་ནུས་སྟོབས་བསྐྱེད་ནས་རྒྱ་དམར་ལ་གདོང་ལེན་བྱེད་བསམ་པའི་ཆོད་སེམས་ཉམས་དམན་གྱིས་བོད་ཀྱི་ཆབ་སྲིད་སྣུམ་ཟད་མར་མེ་ལྟ་བུ་གྱུར་བའི་ཚད་ལ་སླེབས་ཤིང་། ཧ་ཅང་གི་དུས་སྐབས་ཛ་དྲག་ཅན་གྱི་གནས་སྟངས་འོག་ནས་ལྷ་ལུང་ལ་ཁ་བཏགས་ནས་གཞོན་ནུ་ཞིག་གི་ལག་ཏུ་བཙན་གྱིས་རྩིས་སྤྲད་པ་རེད།

དེ་འདྲ་བོད་ཀྱི་བསྟན་སྲིད་ཆག་འཇིགས་མཚམས་སུ་ཁོང་གིས་སྙིང་སྟོབས་ཀྱི་གོ་ཆ་བཙན་པོ་བཞེས་ནས་ཕྱི་ལོ་ ༡༩༥༠ ལོའི་ཟླ་ ༡༡ ཚེས་ ༡༧ ཉིན་མོར་བོད་རྒྱལ་ཁབ་ཀྱི་ལུགས་གཉིས་ཀྱི་ཆབ་སྲིད་ཀྱི་ཐུགས་འགན་ཆ་ཚང་འབུལ་བཞེས་མཛད་འཕྲལ་མགོན་པོ་མཆོག་གིས་བོད་ཀྱི་ཆབ་སྲིད་སྐྱོངས་སྟངས་དུ་མ་ཞིག་ནོར་འཁྲུལ་ཡོད་པ་གཟིགས་ནས་ཐུགས་དགོངས་བླ་མེད་དུ་བཞེས་ནས་གོམ་པ་ཐོག་མ་དེ་སྔོན་རྫོང་གཞིས་ཁག་གིས་མི་སེར་ཉམ་ཆུང་ལ་ཡང་ཡང་བརྡབ་གསིག་ཡོང་གི་ཡོད་པ་དེ་དག་ལེགས་བཅོས་ཀྱི་ཆེད་སྤྱི་ཚོགས་ལེགས་བཅོས་ལས་ཁུངས་ཟུར་འཛུགས་ཀྱིས་བོད་ཀྱི་སྔར་སྲོལ་ཁྲལ་བསྡུའི་ལམ་ལུགས་རིགས་ལ་དུས་བསྟུན་ལེགས་བཅོས་གུ་ཡངས་དང་། བུན་རྙིང་རྩ་ཆག་བསྩལ་བ་སོགས་ཉམ་ཐག་པའི་གངས་ལྗོངས་མི་དམངས་རྣམས་ལ་བདེ་སྐྱིད་ཀྱི་དབུག་དབྱུང་བསྩལ། ཉེས་ཅན་གཙོན་པ་དུ་མ་ཞིག་ཀྱང་གྲོད་བཀྲོལ་བཏང་སྟེ་བདེ་བའི་གོ་སྐབས་གསར་པ་ཞིག་གནང་བ་མཛད། དེ་ཡང་ཇི་སྐད་ལས། དེ་ཚེ་རིང་ནས་བསྐྲུན་པའི་བཟང་པོའི་ལས།། ཡོངས་སུ་སད་པའི་ལྷ་མི་སྟོང་ཕྲག་བརྒྱ།། ཁྱོད་ཞལ་མཐོང་བའི་མོད་ལ་མི་བསྲུན་ཡིད།། ཉིས་བརྒྱའི་འཆིང་བ་ཀུན་ནས་ལྷོད་པ་གྱུར།། ཞེས་པ་ལྟར་མི་ཚང་ཁ་ཤས་ཁྲལ་བུན་དུ་ལྷུང་ནས་དཀའ་སྡུག་མྱོང་བཞིན་པ་དེ་དག་དགྲ་ཅན་གཟའ་ཡི་འཛིན་ནས་ལྷོད་པ་ལྟར་གྱུར་ནས་དགའ་བདེའི་རབ་ཏུ་སྨྱོས་པར་གྱུར། འོན་ཀྱང་ལས་ཀྱི་སྣེ་མོ་འགའ་ཤས་ཀྱི་ད་དུང་འཛམ་གླིང་གི་ཆབ་སྲིད་ཀྱི་འཕོ་འགྱུར་གྱི་གནས་སྟངས་མི་ཤེས་པའི་དབང་གིས་སྔར་གྱི་ལམ་ལུགས་ལྟར་འགྲོ་རྒྱུའི་འདོད་ཚུལ་བཟུང་ནས་༸རྒྱལ་བ་རིན་པོ་ཆེའི་བཅོས་བསྒྱུར་གྱི་ལམ་ལུགས་དེ་དག་ལ་རྫོང་འགོ་བསྐམ་ཆགས་འགའ་ཤས་ཀྱིས་མི་འདོད་པ་རྣམ་འགྱུར་སྟོན་མཁན་བྱུང་ཡོད་ནའང་མང་ཆེ་བ་དགའ་སྨོན་བྱུང་ཡོད་པ་རེད།

ཀྱོག་ཀྱོག་ཆེ་བའི་རྐང་ལམ་ཕྲ་མོ་ནས། འོད་སྣང་འབར་བའི་དམངས་གཙོའི་ལམ་དུ་ཁྲིད།

 ལྷག་པར་བོད་ཀྱི་ཆབ་སྲིད་ཛ་དྲག་གི་གནས་སྟངས་འོག་ནས་ཐུགས་སྟོབས་ཞུམ་མེད་ཀྱིས་བོད་ཀྱི་བསྟན་སྲིད་མི་རིགས་དང་བཅས་པ་སྐྱོབས་ཐབས་སུ་སྐུ་ངལ་འཛེམས་མེད་ཀྱིས་ལེ་བར་བརྒྱ་ཕྲག་བརྒལ་ནས་ཕྱི་ལོ་ ༡༩༥༠ ལོར་༸རྒྱལ་བ་རིན་པོ་ཆེ་མཆོག་དང་སྐུ་འཁོར་ཁག་གཅིག་རྒྱ་ནག་ཏུ་ཕེབས་གནང་མཛད་ཡོད་ཅིང་། མགོན་པོ་མཆོག་རྒྱ་ནག་ལ་ཆིབས་བསྒྱུར་གནང་བ་དེས་རྒྱ་ནག་དམར་པོའི་རིང་ལུགས་ཀྱི་མགོ་ཁྲིད་ཚོའི་མཐར་ཐུག་གི་དམིགས་ཡུལ་གང་ཡིན་པ་དེ་མཁྱེན་པར་ཕན་ཐོགས་ཆེན་པོ་བྱུང་ཡོད། ཡིན་ནའང་ཕྱིར་བོད་དུ་ཕེབས་ནས་བོད་རྒྱ་ཞི་མཐུན་མཉམ་གནས་ཡོང་ཐབས་ལ་ལྷག་བསམ་རྣམ་དག་གི་མི་ལོ་དགུ་ཙམ་རིང་ལ་སྐུ་ལས་ཚད་མེད་སྐྱོན་གནང་མཛད་ཀྱང་རྒྱ་ཕྱོགས་ནས་ཁ་ཞེ་མི་མཚུངས་པས་བོད་མི་ཉམ་ཆུང་ཐོག་ཏུ་དྲག་གནོན་མདོ་སྟོད་སྨད་ཕྱོགས་ནས་རིམ་གྱིས་བྱས་པ་དང་དབུས་ཕྱོགས་ལའང་བྱ་རྒྱུའི་རྣམ་འགྱུར་གདུག་རྩུབ་སྟོན་པ་སོགས་ཀྱིས་བོད་མི་རྣམས་ཉིན་བཞིན་རྒྱ་གཞུང་ལ་མི་དགའ་བས་མཐར་ཕྱི་ལོ་ ༡༩༥༩ ལོར་ཟླ་ ༣ ཚེས་ ༡༠ ཉིན་མོར་བོད་མི་རྣམས་ཐབས་ཟད་འུ་ཐུག་གི་ངོ་རྒོལ་ཆེན་མོ་དེ་བྱུང་བ་རེད། མཐར་བོད་རྒྱ་མཉམ་གནས་ཡོང་བའི་དོན་འབྲས་མ་གསོན་པའི་གནས་སྟངས་ཛ་དྲག་འོག་ནས་༸རྒྱལ་བ་རིན་པོ་ཆེ་མཆོག་གིས་གཙོས་སྐུ་འཁོར་ཧྲག་བསྡུས་ཤིག་གནས་སྐབས་རིང་དུ་ངལ་བ་བརྒྱ་ཕྲག་དང་དུ་བཞེས་ཏེ་བོད་མི་རིགས་དང་ཡང་སྒོས་སངས་རྒྱས་བསྟན་པའི་དོན་དུ་ ༡༩༥༩  ལོའི་ཟླ་ ༣ ཚེས་ ༡༧ ཉིན་གྱི་དགོང་དྲོ་རང་སྐྱོང་ཡུལ་དང་ཁ་བྲལ་ནས་ཆགས་གཞི་གོ་རིམ་ལྡན་པས་བོད་གཞུང་བཀའ་ཤག་དང་བཅས་པ་རྒྱ་གར་འཕགས་པའི་ཡུལ་དུ་བཙན་བྱོལ་དུ་ཕེབས་བཞུད་གནང་དགོས་བྱུང་། རྒྱ་གར་འཕགས་པའི་ཡུལ་དུ་ཕེབས་གྲུབ་ནའང་ངོ་ཤེས་པདང་་ས་གཞི་ལས་མེད་པའི་སྐད་ཡིག་དང་གོམས་གཤིས་མི་གཅིག་པའི་མི་རིགས་ཤིག་གི་དཀྱིལ་ནས་”གྲ་སྒྲིག་སྡུག་ས་དང་། རེ་བ་བཟང་ས་”གནང་བའི་དྲིན་གྱིས་བཙན་བྱོལ་བོད་གཞུང་ལས་ཁུངས་མ་ལག་དང་བཅས་པ་ཆགས་གཞི་གོ་རིམ་ལྡན་པའི་གསར་འཛུགས་གནང་ཐུབ་པ་བྱུང་བ་དེ་ནི་༸རྒྱལ་བ་རིན་པོ་ཆེའི་མཆོག་གི་རྨད་བྱུང་གི་མཛད་འཕྲིན་དང་ཐུགས་རྗེའི་བྱམས་བརྩེ་བཀའ་དྲིན་ཁོ་ན་ལས་བྱུང་བ་ཞིག་ཀྱང་ཡིན།

ཡང་སྒོས་མ་འོངས་བོད་མི་རིགས་ཀྱི་སོན་རྩར་གྱུར་པའི་ན་གཞོན་རྣམས་ཡིན་གཤིས་དེ་དག་ལ་གནའ་དེང་གི་ཡ་མ་བྲལ་བའི་སློབ་སྦྱོང་སྤྲད་ཐབས་བྱ་རྒྱུ་དེ་ནི་ཁ་ཚ་དགོས་གཏུགས་ཡིན་པར་དགོངས་པ་བླ་མེད་དུ་གཟིགས་ནས་དང་ཐོག་མ་སུ་རིར་ཕྱི་ལོ་ ༡༩༦༠ ཟླ་ ༣ ཚེས་ ༣ ཉིན་བོད་ཕྲུག་ལྔ་བཅུ་ཡོད་པའི་སློབ་གྲྭ་ཐོག་མ་དབུ་འབྱེད་གནང་བ་དང་འབྲེལ་ཐུགས་སྨོན་མཛད་གནང་ཞིང་། དེ་ནས་རིམ་གྱིས་རྒྱ་བལ་འབྲུག་གསུམ་དུ་སློབ་གྲྭ་ཁག་ ༧༧ ལྷག་གསར་འཛུགས་ཀྱི་འཐུས་ཤོར་མེད་པའི་འཛིན་སྐྱོང་སྤེལ་གསུམ་གནང་བས་རྒྱལ་ཁབ་ཡོད་པ་ལས་ལྷག་ཙམ་ཞིག་བོད་ཕྲུག་རྣམས་ལ་སློབ་སྦྱོང་གི་གོ་སྐབས་བཟང་བ་ཐུབ་པ་བྱུང་ཡོད་པ་དང་།  བོད་མི་རིགས་སྐད་ཡིག་རྒྱུན་འཛིན་གྱིས་མི་རིགས་རང་ཉིད་ངོ་བོར་ས་བརྟན་རྒྱུན་འཛིན་སླད་བོད་མི་རྣམས་ཁ་ཐོར་གནས་སྡོད་དགོས་པ་མ་ཡིན་པར་ཟུར་དུ་གཞིས་ཆགས་གསར་འཛུགས་དང་། བོད་མིའི་ཁེར་གཙང་གཏན་ཉིད་སློབ་གྲྭ་ཆེ་འབྲིང་ཆུང་རིམ་འཛུགས་དང་། ཆོས་བརྒྱུད་ཆེན་པོ་བཞི་དང་། གཡུང་དྲུང་བོན་དང་བཅས་པའི་ཆོས་རྒྱུད་བརྒྱ་ཕྲག་བརྒལ་བ་རིམ་འཛུགས་གནང་ཐུབ་པ་བྱུང་པ་དེས་བོད་མི་རིགས་ཀྱི་ཆོས་དང་རིག་གཞུང་དང་མི་རིགས་བཅས་རྒྱུན་གནས་ཐུབ་པར་ཕན་ཐོགས་བླ་མེད་བྱུང་ཡོད།

༡༩༦༡ ལོའི་ཟླ་ ༣ ཚེས་ ༡༠ ཉིན་མ་འོངས་བོད་ཀྱི་རྩ་ཁྲིམས་ཆེན་མོ་གསོལ་སྩལ་གྱིས་ཐོག་མ་འགྲེམས་སྤེལ་གནང་བ་མ་ཟད། དེང་དུས་དང་མཐུན་པའི་ ༡༩༦༠ ལོའི་ཟླ་ ༩ ཚེས་ ༢ ཉིན་མོར་ཆོལ་གསུམ་ཆོས་ལུགས་དང་བཅས་པ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་གསར་འཛུགས་གནང་སྟེ་མང་གཙོ་ལམ་བཟང་ཐོག་ཏུ་བསྐྱོད་ནས་མང་གཙོའི་རིང་ལུགས་ཀྱི་ལེགས་ཆ་ཡོངས་སུ་ཚང་བའི་གནས་བབ་བཟང་པོ་ཞིག་བསྐྲུན་གནང་མཛད། དེ་ནས་ཕྱི་ལོ་ ༡༩༦༩ ལོ་ནས་ཕྱིའི་རྒྱལ་ཁབ་ནང་ཆིབས་བསྒྱུར་གནང་སྒོ་ཚུགས་ཏེ་བྱམས་བརྩེ་དང་ཞི་བདེའི་ཕོངས་པའི་འཛམ་གླིང་གི་སྐྱེ་བོ་བརྒྱ་ཕྲག་དུ་མ་ཞིག་ལ་ཉེ་རིང་ཆགས་སྡང་མེད་པའི་བྱམས་བརྩེའི་འཛུམ་རླབས་ཀྱིས་བླང་དོར་བཀའ་སློབ་ཟབ་མོའི་འོག་ནས་སྐྱེ་བོ་འབུམ་ཕྲག་དུ་མ་ཞིག་ལ་ནང་སེམས་ལ་ཞི་བདེའི་འོད་སྣང་སྦྱིན་ཞིང་།

འགྲོ་བའི་གཞན་དོན་ཁོ་ན་མཛད་པ་བསྐྱངས། ཞི་བདེའི་འོད་སྣང་ས་ཆེན་ཀུན་ཏུ་ཁྱབ།

 སྐྱེ་བོ་གྲངས་ལས་འདས་པ་ཞིག་ལ་ཕན་བདེའི་ལམ་བཟང་སྐྲུན་ཡོད། བོད་ཀྱི་གནད་དོན་ཡང་རང་རྒྱལ་གཞན་ཕམ་གྱི་ལྟ་བ་མ་ཡིན་པར་རྒྱ་གར་བདག་ཉིད་ཆེན་པོ་གྷན་དྷེའི་བཞེད་དགོངས་བཟང་པོ་གཞི་བཟུང་ཐོག་བོད་དོན་བདེན་མཐའ་ཡང་འཚེ་མེད་ཞི་བའི་ཁོ་ནར་བརྟེན་ནས་འཐབ་རྩོད་གནང་རྒྱུའི་བཞེད་དགོངས་ལ་འཛམ་གླིང་གི་བློ་ཟུར་བོར་གནས་པའི་གནད་ཡོད་དུ་མའི་ཡིད་ཀྱི་དབང་པོ་དབང་མེད་དུ་འཕྲོག་ནས་ཕྱི་ལོ་ ༡༩༨༩ ལོའི་ཟླ་ ༡༢ ཚེས་ ༡༠ ཉིན་འཛམ་གླིང་ནང་ཆེས་སྙན་གྲགས་ཆེ་བའི་ནོ་ཝེལ་ཞི་བདེའི་གཟེངས་རྟགས་འབུལ་བཞེས་མཛད་པས་མཚོན། གཟེངས་རྟགས་བརྒྱ་ཕྲག་བརྒལ་བ་འབུལ་བཞེས་མཛད་ཡོད།

ལྷག་པར་བོད་རྒྱ་གཉིས་ཀྱི་དཀའ་རྙོག་དེ་ཕན་ཚུན་འབྲེལ་མོལ་གྱི་ལམ་ནས་ཐག་གཅོད་བྱེད་དགོས་པའི་ཐུགས་དགོངས་བླ་མེད་དུ་སྔོན་ནས་ཡོད་པ་ལྟར་སྐུའི་གཅེན་པོ་རྒྱ་ལོ་དོན་གྲུབ་བརྒྱུད་དེ་ཏེང་ཞའོ་ཕིང་ནས་བོད་རང་བཙན་གཙང་མ་མ་བཤད་ན། དེ་མིན་གྱི་དོན་གནད་གཞན་དག་ཅི་འདྲ་ཡིན་ཀྱང་ང་ཚོ་གོ་བསྡུར་བྱས་ཏེ་དཀའ་ངལ་སེལ་ཐུབ་ཅེས་བརྗོད་དོན་ལྟར་༸རྒྱལ་བ་རིན་པོ་ཆེས་བོད་རང་བཙན་བསྐྱར་གསོའི་སྲིད་བྱུས་ནས་དབུ་མའི་ལམ་གྱི་སྲིད་བྱུས་སུ་འགྱུར་བ་གཏོང་རྒྱུའི་ཐག་གཅོད་གནང་ཡོད། དེ་ཡང་བབ་ལྷིང་བརྟན་གསུམ་གྱིས་བོད་མི་མང་སྤྱི་འཐུན་དང་། བཀའ་ཤག །མཁྱེན་རྒྱ་ཡངས་པའི་མི་སྣ་བཅས་པར་བཀའ་བསྡུར་རིམ་པ་གནང་ནས་ཐག་གཅོད་གནང་བ་ཞིག་ལས་གློ་བུར་དུ་བྱུང་བ་ཞིག་མིན་ཞིང་། འཛམ་གླིང་ནང་གི་བློ་ཟུར་བོ་གནས་པ་རྣམས་ཀྱི་བསྔགས་བརྗོད་ཀྱི་མེ་ཏོག་ཡངས་པའི་ས་ཆེན་སྟེང་དུ་འཐོར་བཞིན་ཡོད་པ་དང་། འཛམ་གླིང་ནང་མིག་དཔེ་ལྟ་འོས་པའི་ལམ་སྟོན་བཟང་པོ་བསྐྲུན་ཐུབ་པ་བྱུང་ནས་མཚན་སྙན་གྱི་གྲགས་པ་ས་གསུམ་ཀུན་ཏུ་ཁྱབ་པར་གྱུར། གནས་སྟངས་དེ་དག་ལ་བརྟེན་ནས་ཨ་རིས་ཀྱི་སྙན་གྲགས་ཆེ་བའི་གསེར་གྱི་གཟེངས་རྟགས་ཕྱི་ལོ་ ༢༠༠༨ ཟླ་ ༡༠ ཚེས་ ༡༧ ཉིན་མོར་འབུལ་བཞེས་མཛད་ཅིང་། ཉིན་མོ་དེར་མཚོན་ན་གཞིས་བཞུགས་གངས་ཅན་པ་རྣམས་ཁྲག་དང་མིག་ཆུའི་འོག་ཏུ་ལོ་ཟླ་འཁྱོལ་དཀའ་བས་གནས་སྟངས་འོག་ལས་དབང་གིས་སྡོད་དགོས་ཐུགས་ཀྱི་ཡོད་ནའང་༸རྒྱལ་བའི་མཚན་སྙན་ཐོས་ཙམ་གྱིས་ལག་ཟུང་སྙིང་ཁར་སྦྱར་ནས་གསོལ་བ་སྨོན་ལམ་འདེབས་ཤིང་། དམར་པོས་བསླུ་ཁྲིད་ཀྱི་སློབ་གསོ་ག་ཚད་ཅིག་སྤྲད་ནའང་བོད་མི་རིགས་ནམ་ཡང་དམར་པོའི་འོག་ཏུ་ཁྲིད་ཐུབ་མེད་ཅིང་། གངས་ཅན་པ་རྒས་དར་གཞོན་གསུམ་གྱིས་མགོན་པོ་མཆོག་ལ་ཨ་རིས་ཆེས་སྙན་གྲགས་ཆེ་བའི་གསེར་གྱི་གཟེངས་རྟགས་འབུལ་བཞེས་མཛད་པ་ཐོས་པ་མ་ཐག་ཡོད་ཚད་བློས་བཏང་གི་དགའ་སྤྲོའི་པདྨ་གཉེན་ལ་ཉི་འོད་ཕོག་པ་ལྟར་ཀི་བསྭོའི་ལྷ་རྒྱལ་གྱིས་ས་གཞི་ཆེན་པོ་འུར་གྱིས་ཁེངས་ཤིང་། དམར་པོའི་སྲིད་གཞུང་གི་མི་ལོ་དྲུག་ཅུ་ལྷག་ཙམ་རིང་ལ་བོད་མི་རིགས་རྣམས་བློ་ཡིད་འགུག་ཐབས་ལ་འཇལ་རྩུབ་ཀྱིས་ལས་འགུལ་སྣ་ཚོགས་ཤིག་སྤེལ་ཡོད་ནའང་བོད་མི་རིགས་བསླུ་ཁྲིད་ཐུབ་མེད་པའི་བརྡ་དོན་གསལ་པོ་སྤྲད་ཡོད་ལ།

ལྷག་པར་གོ་ལའི་སྟེང་དུ་གནས་པའི་སྐྱེ་འགྲོ་ཀུན་གཅིག་བརྟེན་གྱིས་འཚོ་དགོས་པས་ཕན་ཚུན་ཚད་མེད་ཞི་བའི་ཐོག་གནས་དགོས་པའི་བཀའ་སློབ་ལམ་སྟོན་སོགས་ལ་འཛམ་གླིང་ཀུན་གྱིས་བློ་ཟུར་བོ་གནས་པའི་སྐྱེས་བོའི་ཡིད་སེམས་དབང་དུ་འཕྲོག་སྟེ། ”ཏཱ་ལའི་བླ་མ་མཆོག་ནི་ཡིད་ཆེས་འཕེར་བ་དང་། ལྷག་བསམ་ཟོལ་མེད། ཞི་འདུལ་ཅན་ཡིན་པ་“སོགས་ཀྱི་ཡིད་ཆེས་དང་ངོས་འཛིན་གནང་གི་ཡོད་པ་དེ་རེད། དེ་ཡང་ཇི་སྐད་ལས། མཁའ་ལྡིང་དབང་པོས་མཁའ་ལ་གོམ་བགྲོད་ནས།། ནམ་ཞིག་རང་སྟོབས་བྲི་བས་ལྡོག་འགྱུར་གྱི།། ནམ་མཁའ་ཟད་པས་ལྡོག་པར་མི་འགྱུར་བཞིན།། ཁྱོད་ཀྱི་ཡོན་ཏན་བརྗོད་པའང་དེ་ལྟར་ལགས།། ཞེས་གསུང་བ་ཇི་བཞིན་ཁྱེད་ཀྱི་བོད་མི་རིགས་ལ་བཀའ་དྲིན་ནི་སྟོང་གསུམ་རིན་ཆེན་སྣོད་ཀྱིས་བཀང་ནའང་སྐོང་མི་ཐུབ་པའི་བཀའ་དྲིན་བསྐྱངས་ཡོད།

ལྷག་པར་ཕྱི་ལོ་ ༢༠༠༡ ལོར་བོད་མིའི་ཆབ་སྲིད་ཀྱི་འགོ་ཁྲིད་མི་མང་གི་ཐད་ཀར་འོས་འདེམས་བྱེད་དགོས་པའི་བཀའ་སློབ་ལམ་ལྟོན་གནང་དོན་ལྟར་ལག་བསྟར་ཐད་ཀར་མི་མང་གི་བཀའ་ཁྲི་འོས་འདེམས་ཐེངས་གཉིས་བྱས་ཡོད་པ་དང་། དེ་ནས་སླར་ཕྱི་ལོ་ ༢༠༡༡ ཟླ་ ༣ ཚེས་ ༡༡ ཉིན་མོར་བོད་མི་མང་སྤྱི་འཐུས་སྐབས་བཅུ་བཞི་པ་ཚོགས་དུས་བཅུ་གཅིག་པའི་ཐོག་ཏུ་༸རྒྱལ་བ་རིན་པོ་ཆེ་མཆོག་གིས་ད་ཆ་རང་རེའི་མང་གཙོའི་འཕེལ་རིམ་ཡོངས་སུ་རྫོགས་པའི་ཆེད་དུ་༸རྒྱལ་བ་རིན་པོ་ཆེས་བོད་ཀྱི་ཆབ་སྲིད་ཀྱི་འགན་འཁུར་མ་དགོས་པར་མི་མང་གིས་འོས་འདེམས་བྱས་པའི་འགོ་ཁྲིད་སོ་སོས་ཆབ་སྲིད་ཀྱི་དབང་ལུང་ཡོངས་རྫོགས་འགན་ཁུར་དགོས་པ་སོགས་ཀྱི་ཚོགས་ཆུང་ཟུར་འཛུགས་ཀྱི་ཚོགས་དུས་འདི་རང་དུ་གཏན་འབེབས་ལག་བསྟར་ངེས་པར་བྱེད་དགོས་ཞེས་ཆེས་རིན་ཐང་བྲལ་བའི་བཀའ་སློབ་ཕེབས་དོན་ལྟར་བོད་མི་མང་སྤྱི་འཐུས་སྐབས་བཅུ་བཞི་པའི་ཚོགས་དུས་བཅུ་གཅིག་པའི་བགྲོ་གླེང་མཐིལ་ཕྱིན་པ་གནང་ནས་མཐར་བོད་མིའི་བཅའ་ཁྲིམས་ལ་བསྐྱར་བཅོས་གནང་ནས་མི་མང་གི་འོས་འདེམས་གནང་བའི་མགོ་ཁྲིད་ལ་རྩིས་སྤྲོད་གནང་ཡོད་པ་རེད།

དེ་ནི་ཕྱི་ལོ་ ༡༦༤༢ ལོར་གཞུང་ས་དགའ་ལྡན་ཕོ་བྲང་དབུ་བརྙེས་ཏེ་༸རྒྱལ་མཆོག་སྐུ་ཕྲེང་ལྔ་པ་ཆེན་པོས་བོད་ཀྱི་ཆོས་སྲིད་ཀྱི་སྐུ་དབང་བཞེས་ནས་ད་ལྟ་བར་མོ་ལོ་ ༣༦༩ ཙམ་གྱི་རིང་ལ་༸རྒྱལ་བ་སྐུ་ཕྲེང་ན་རིམ་གྱིས་ཆོས་སྲིད་ཀྱི་ཐུགས་འགན་བླ་མེད་བཞེས་གནང་མཛད་ཡོད་ཅིང་། དེ་འདྲའི་ལོ་རྒྱུས་ཡུན་རིང་ལྡན་པའི་སྲིད་དབང་དེ་ཆེས་གཟི་བརྗིད་ལྡན་པའི་ངང་མི་མང་གི་འོས་འདེམས་གནང་བའི་མགོ་ཁྲིད་ལ་རྩིས་སྤྲོད་གནང་བ་དེ་རེད། དེ་སྔོན་བོད་ཀྱི་ལོ་རྒྱུས་ནང་དུ་བྱུང་མྱོང་མེད་པའི་འགྱུར་བ་ཆེན་པོ་ཞིག་ཀྱང་ཡིན། བཀའ་ཁྲིའི་དམ་འབུལ་ཉིན་མོར་༸རྒྱལ་བ་རིན་པོ་ཆེ་མཆོག་གིས་”རིང་ནས་སྙིང་ལ་བརྣག་པའི་འདོད་དོན་དེ་རིང་དངོས་སུ་འགྲུབ་སོང་”ཞེས་ཐུགས་དགྱེས་ཚོར་ཆེན་པོའི་བཀའ་སློབ་ལམ་སྟོན་ཕེབས་དོན་སོགས་བོད་མི་སྐྱེ་བོ་ཡོངས་ཀྱི་བཀའ་དྲིན་རྗེས་དྲན་སྙིང་དབུས་སུ་བཟུང་ནས་སྐད་གཅིག་ཀྱང་ལྷོད་གཡེང་མེད་པའི་ཉམས་ལེན་ཚུལ་བཞིན་ལྟར་དགོས་པས་སོ།

མཇུག་བསྡུའི་གཏམ།

སྐྱིད་པའི་ཕ་ཡུལ་བྲལ་ནས།། མི་ཡུལ་ཕེབས་དགོས་བྱུང་ཡང་།། ཆགས་གཞི་གོ་རིམ་ལྡན་པའི།། ཆབ་དཔལ་རིག་གསུམ་ཚང་བའི།། བོད་མིའི་སྒྲིག་འཛུགས་བསྐྲུན་པའི།། བཀའ་དྲིན་སྙིང་ནས་ཞུ་འོ།། མི་ཡུལ་བཞུགས་དགོས་བྱུང་ཡང་།། སྙན་གྲགས་ཤིན་ཏུ་ཆེ་བའི།།

ནོ་ཝེལ་ཞི་བདེའི་གཟེངས་རྟགས།། འབུལ་ནས་བགྲང་བྱ་ཉེར་གསུམ།། འཁོར་བའི་བཀའ་དྲིན་ཞུ་འོ།། ༸རྒྱལ་མཆོག་ན་རིམ་རྣམས་ཀྱི།། ཆོས་སྲིད་ཐུགས་འགན་བཞེས་ནས།། ལོ་ངོ་སུམ་བརྒྱ་རེ་དགུ།། འཁོར་བའི་བཀའ་དྲིན་ཞུ་འོ།། མ་འོངས་ཕུག་རྒྱང་གཟིགས་ནས།། མི་མང་འོས་འདེམས་གནང་བའི།། སྲིད་དབང་རྩིས་སྤྲོད་གནང་བས།། རང་དབང་ཡོད་པ་ལྷག་གཅིག བཙན་བྱོལ་མང་གཙོ་སྐྲུན་བྱུང་།། བཀའ་དྲིན་སྙིང་ནས་ཞུ་འོ།།

དཔྱད་རྩོམ།

Post navigation

Previous Post: ས་སྒང་གི་མགྲོན་པོ། གངས་རིའི་ཉི་མ།
Next Post: འོད་སྣང་ལ་སྨིན་པའི་ཁྱོད། ཁ་བ་སྐམ་པོ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ།
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ།
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (98)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (80)
  • ཨེ་ལི་སི། (54)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (40)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ། (14)
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ། (8)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme