Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

རྡོ་ཡི་ཁང་བ། མདའ་ཚན་པར་གསལ་བཤད།

Posted on 2010-07-282010-07-28 By དགེ་རབ་ 15 Comments on རྡོ་ཡི་ཁང་བ། མདའ་ཚན་པར་གསལ་བཤད།

མདའ་ཚན་པས་ཕྲན་གྱི་རྩོམ་ཐུང་ “འབྲེལ་སྒྲ་ཉམས་བཞིན་པ་ཡིན་ནམ།”ཞེས་པ་ལ་མཆན་གཉིས་བཏབ་འདུག་ཅིང་། དང་པོ་དེ་ནི་མཆན་བཅོ་བརྒྱད་པ་དེ་རེད། འདི་ལྟར། “རྩོམ་དང་མཆན་ཚང་མ་ཐེངས་ གཅིག་ཀློག་པ་ཡིན། ད་གསར་པ་ཅང་བཤད་རྒྱུ་མེད། ཁང་གསར་རྡོ་རྗེ་ལགས་ཀྱིས། རབ་གསལ་དང་སྟག་སྨྱོན་གཉིས་ཀྱི་ལོག་བཤད་ཀྱི་ལྕེ་བཅད་ནས་ཐང་ལ་གཡུག་འདུག་པར་ དཔའ་དར་ཡོད།”ཅེས་གསུངས་འདུག ང་དྲ་ཐོག་ལ་ཡོང་ནས་བསམ་ཚུལ་རེ་ཟུང་ཆད་མེད་དུ་སྤེལ་བཞིན་ཡོད་པ་ལ་རྒྱུ་མཚན་འགའ་ཡོད། འོན་ཀྱང་རྒྱུ་མཚན་དེ་དག་གི་ཁོངས་སུ་རྒྱལ་ཕམ་དང་ཐོབ་ཤོར་གྱི་བསམ་ཚུལ་ཞིག་ཁྱོན་ནས་མེད། ཕ་ཡུལ་ཤོར་ཚར་སོང་། ཕ་མ་དང་ཁ་བྲལ་སོང་། འཛམ་གླིང་གི་རྒྱལ་པོ་ཆགས་པའི་རེ་བའང་ང་ལ་མེད། དེ་བས་ང་འདིར་ཡོང་ནས་ཐོབ་ཤོར་རྩོད་དགོས་པའི་རྒྱུ་མཚན་གཏན་ནས་མེད། ཐོབ་སོང་ན་ལེན་རྒྱུ་ཞིག་ཀྱང་མེད་ལ། ཤོར་སོང་ན་འཆོར་རྒྱུ་ཞིག་ཀྱང་མི་འདུག སྐད་ཆ་འདི་དམངས་ཁྲོད་འདིར་བཤད་དགོས་དོན་ཡང་མི་འདུག་མོད། རྒྱལ་ཕམ་གྱི་གཡུལ་ས་ན་མེད་ཅེས་བཤད་ཕྱིར་འདི་མ་བྲིས་ཀ་མེད་ལྟ་བུ་ཞིག་ཆགས་སོང་། འདི་ནི་ཐོག་མའི་གསལ་བཤད་དོ༎
དེ་ནས་གོང་སྨྲོས་ཀྱི་རྩོམ་དེ་ལ་བརྟེན་ནས་ཁང་གསར་དང་ལྷན་དུ་ལན་འདེབས་རེས་ལན་འགའ་བྱས་པ་ཡིན། མཚམས་རེར་རྟ་ལ་ཞོན་ནས་རྟ་བཙལ་བའི་དཔེ་ལྟར། དོན་ཆུང་དེ་འདྲ་ཡང་སེམས་ངོས་ནས་ཡལ་འགྲོ་བ་ཞིག་འདུག དེ་བས། བགྲོ་གླེང་ཐན་ཐུན་འདི་ཚོས། བརྗོད་གཞིའི་སྐོར་གྱི་གླེང་སློང་དེ་ཚོ་སེམས་ངོས་ལ་འཇགས་པར་བྱེད་རྒྱུར་ཕན་ཐོགས་ཆེན་པོ་འདུག་ལ། བློ་སྐྱེད་ཀྱང་ཡོང་བ་འདུག འདི་ནི་བར་གྱི་གསལ་བཤད་དོ༎
ད་ནི། མདའ་ཚན་པས་བཀའ་བཀྱོན་དང་སྦྲགས་ནས་མཆན་ ༨༢ ཅན་དེ་བཏབ་ཅིང་། དེར་ “མཇུག་སྡོམ་”ཡིན་ཞེས་མིང་དང་། མིང་དང་མིང་གི་ཁྱད་ཆོས། འབྲེལ་སྒྲ དེ་སྒྲ་དང་འདི་སྒྲ་བཅས་ལ་ཚིག་ཉུང་བའི་ངོ་སྤྲོད་རེ་མཛད་འདུག དེ་ལ་ཐུགས་རྗེ་ཆེ་ཞུ་བ་ཡིན། འོན་ཀྱང་། ཁྱེད་ཀྱི་འགྲེལ་བཤད་དེ་རྣམས་ཀློག་དེབ་ཁག་ན་ཡོད་བཞིན་པ་དེ་ཚོ་རེད། དེའི་ཁྲོད་ན་སྐད་ཆ་གསར་པ་གང་ཡང་མི་འདུག ངས་མ་ཤེས་ནས་གསར་པ་མ་མཐོང་བ་ཡིན་ན། དང་ཐོག་རང་ནས་དགོངས་དག་ཞུ་གི་ཡིན།
ད་ནི་འདི་བཤད་པར་བྱ་སྟེ། བོད་ཀྱི་བརྡ་སྤྲོད་པའི་བསྟན་བཅོས་འདི་འཛམ་གླིང་གི་སྐད་ཡིག་གཞན་དང་བསྡུར་ནས་འགྲོ་ཐུབ་པ་ཞིག་དགོས་ཚེ། ཡི་གེའི་ཚོགས་དང་མིང་གི་ཚོགས། ཚིག་གི་ཚོགས་འདི་དག་མི་ཉམས་གོང་འཕེལ་དང་ཉམས་པ་སླར་གསོ་ཞིག་མ་བྱས་ཐབས་མེད་རེད། འདིའི་ཚོར་བ་དེ་སྔོན་གྱི་མཁས་པ་དག་ལའང་བྱུང་འདུག སྔོན་མ་སྣར་སྐྱིད་ངག་དབང་དོན་གྲུབ་ཀྱིས་ཀྱང་ང་ལ་འདི་འདྲ་ཞིག་བཤད་མྱོང་། བོད་ཀྱི་སུམ་ཅུ་པ་ཡོངས་རྫོགས་ཀྱིས་ Particle རྐྱང་རྐྱང་མ་གཏོགས་བཤད་ཐུབ་ཀྱི་ཡོད་པ་མ་རེད། དེས་བརྡ་སྤྲོད་པ་ཚང་མ་ཁ་ཚང་བར་བསྟན་གི་ཡོད་པ་མ་རེད། ཅེས་གསུངས་མྱོང་། མི་རབས་རྒན་པའི་ཁོངས་སུ་ཁོང་ནི་སྐད་ཡིག་རིག་པ་ལ་སློབ་སྦྱོང་ཐོན་མཁན་དང་པོ་དེ་ཡིན་སྲིད། དེ་ཡང་དོན་ཚན་གཅིག་ཡིན། གང་ལྟར་ད་ཆ་ཡོད་པའི་མིང་གི་སྐོར་དང་ཁྱད་ཆོས་ཀྱི་སྐོར། འབྲེལ་སྒྲའི་སྐོར་འདི་དག་ལ་བསམ་བློ་གསར་པ་རེ་འཁྱེར་ནས་རྟོག་ཞིབ་བྱེད་དགོས་ངེས་རེད། རྟོག་ཞིབ་དེའི་ཁོངས་སུ་ཁང་གསར་གྱིས་བང་སྒྲིག་ནས་བཤད་པ་དེ་ཚོ་ཡང་དོ་སྣང་བྱེད་དགོས་པའི་གནད་འགག་ཅན་ཤ་སྟག་རེད། དེ་ཚོ་མིང་རྐྱང་རེད་ཅེས་གཡུགས་བཞག་ན་ཁ་མ་ཚང་བ་རང་རེད། རྡོ་ཡི་ཁང་པ་ཞེས་པ་དེ་སྐད་ཡིག་གཞན་ལྟར་ན། རྡོ་དེ་ཏན་ཏན་ཁྱད་ཆོས་ཀྱི་ཁོངས་ལ་ཡོད་པ་རེད། ད་བོད་སྐད་ལ་དེ་ཁྱད་ཆོས་ཀྱི་ཁོངས་ལ་མེད་པར་མིང་རྐྱང་གི་ཁོངས་ལ་ཡོད་པ་ཡིན་ན། དེ་ལུགས་ཀྱི་རིགས་པའི་རྣམ་གཞག་དགོས་པ་རེད། དེ་མིན། བློ་བཟང་གི་མགོ་དང་རྡོ་ཡི་ཁང་པ་གཉིས་ལ་བརྡ་སྤྲོད་ཀྱི་མིག་གིས་ལོགས་སུ་མཐོང་གི་མ་རེད།
ད་མིང་གི་ཁྱད་ཆོས་སྐོར་དེ། མིང་གི་ཁྱད་ཆོས་ལ་ཁ་དོག་དང་ཨང་གྲངས། དབྱིབས། སྤུས་ཀ སོགས་དབྱེ་བ་ཡོད་ན། སོགས་མང་ངོ་ཙམ་གྱིས་འགྲིག་གི་མི་འདུག ང་ཚོ་ལ་གྲངས་ཀ་བགར་ནས་ཁུངས་གཏུགས་ཏེ་ཤོད་རྒྱུ་ཞིག་དགོས་པ་འདུག
ད་ནི་འབྲེལ་སྒྲ་དེ་རེད། འབྲེལ་སྒྲ་ལ་འཇུག་ཡུལ་སུམ་ཅུ་བའི་འགྲེལ་བ་དག་ན་ཡོད་པ་དེའི་ཁར་གཞན་གང་དང་གང་ཡོད། ངས་དཔེ་མཚོན་འགའ་འབྲི། གཟིགས་ཨ།
༡ རྩྭ་ཐང་ནས་ཡོང་བའི་འབྲོག་པ་སྣ་ལུག་དེ་གང་ན་འདུག
༢ ང་འགྲོ་སའི་དགོན་པ་དེ་ན་གྲྭ་བ་གསུམ་འདུག
༣ དེ་རིང་བྱེད་རྒྱུའི་ལས་ཀ་དེ་དག་ད་དུང་ཡང་གྲུབ་མ་སོང་།
༤ ཆོས་གསུངས་མཁན་གྱི་བླ་མ་དེ་ལ་སྡོམ་པ་མེད་པ་འདྲ།
༥ ཨ་མར་སྤྲོད་རྒྱུའི་ཡི་གེ་དེར་པར་འདི་འཇོག་རོགས།
༦ ང་འགྲོ་མ་མྱོང་བའི་ས་ཆ་ཞིག་མེད།
འདི་དག་ལྟ་བུ་རེད། འདིའི་ནང་ན་ཚིག་གྲུབ་ནོར་བ་གཅིག་ཀྱང་མེད། ད་ང་ཚོ་ལ་འདི་དག་འབྲི་དགོས་པ་དང་བཤད་དགོས་པའི་བཤད་ལུགས་བཤད་སྟངས་འདི་ཡིན་ཟེར་བ་ཞིག་དགོས་ཀྱི་ཡོད་པ་རེད། ཁྱེད་ཀྱིས་བྱ་བ་དང་བྱ་བ་ཅན་གྱི་འབྲེལ་བ་ཞེས་གསུངས་འདུག འདི་ཡང་མིང་མཛེས་པོ་ཞིག་རེད། ད་མིང་འདི་བརྡ་སྤྲོད་ཀྱི་གཞུང་ལུགས་སུ་ཞོག དེ་ནས་འདི་དུས་གསུམ་ལ་སྦྱོར་ནས་ཤོད། ད་འདི་སྐྱེས་བུ་ཕོ་མོ་བྱེད་པ་པོ་རང་གཞན་ལ་སྦྱོར་ནས་ཤོད། ད་འདི་བྱ་ཚིག་བྱེད་ཡོད་བྱེད་མེད་ལ་སྦྱོར་ནས་ཤོད། དེ་ལྟ་བུ་ཞིབ་ཚགས་པོ་ཞིག་དགོས་པ་འདུག
མཐའ་མ་དེ་ལ། ཁྱེད་ཀྱིས་དེ་སྒྲའི་སྐོར་གསུངས་སྐབས་ མིང་ཚབ་ཅེས་བྲིས་འདུག ད་ནི་ང་ཚོ་ལ་མིང་ཚབ་ཅེས་པའི་སྡེ་ཚན་ཞིག་དགོས་པ་རེད། མིང་ཚབ་ལ་རྣམ་གཞག་ཅིག་དགོས་པ་རེད། སྔོན་མ་ཡོད་ཡོད་པ་དེ་ཚོའི་ནང་ནས་ཚུར་དྲངས། སྔར་སྲོལ་མེད་པ་དེ་ཚོ་ལ་སྲོལ་གསར་པ་ཞིག་བཟོས། དེ་འདྲ་བྱེད་དགོས་པ་རེད། ཐུགས་བསམ་བཞེས་དང་། དེ་འདྲ་ཞིག་མ་རེད་དམ།

རྩོམ་རིག

Post navigation

Previous Post: ནུབ་བྱང་བོད་མིའི་རིག་གནས་ཚོགས་པས་གོ་སྒྲིག་གནང་བའི་བཀའ་ཁྲིའི་བགྲོ་གླེང་།
Next Post: བཀའ་ཁྲིའི་འོས་འདེམས་སྐོར་གྱི་གློག་བརྙན།

Comments (15) on “རྡོ་ཡི་ཁང་བ། མདའ་ཚན་པར་གསལ་བཤད།”

  1. མདའ་ཚན་པ། says:
    2010-07-28 at 10:16 pm

    བཀྲ་ཤིས་བདེ་ལེགས། རབ་གསལ་ལགས།
    འབྲེལ་སྒྲ་ཉམས་བཞིན་པ་ཡིན་ནམ་ཟེར་བའི་རྩོམ་དེ་ཁྱེད་རང་གིས་བྲིས་པ་ཡིན་ནམ། སུས་བྲིས་པར་ངས་དོ་སྣང་མ་བྱས། ངས་ཐོབ་ཤོར་དང་རྒྱལ་ཕམ་ཅང་བཤད་མེད། ཁང་གསར་གྱིས་དེ་ལོ་དང་འདི་ལོ་སོགས་དབྱིན་བསྒྱུར་མིན་པར་བོད་སྐད་ཡིན་པའི་སྐོར་བཤད་པ་དེ་ལ་དེ་བཞིན་ནོ་ཟེར་ནས་གཟེངས་བསྟོད་ཅིག་བྱས་པ་ཙམ་ཡིན། ཁོང་ལ་གཟེངས་བསྟོད་ཅིག་བྱས་པ་ཙམ་གྱིས་དེ་ཐོབ་ཤོར་རམ་ཡང་ན་རྒྱལ་ཕམ་གང་རུང་ཞིག་ཡིན་དགོས་པ་ཡོད་མ་རེད། ལྕེ་བཅད་ནས་ཐང་ལ་གཡུག་པ་ཡིན་ནའང་སླར་སྒྲུག་སྟེ་ཁབ་སྐུད་ཁ་ཤས་བླངས་ནས་ལྕེ་འབྱོར་བ་དང་ཡང་སྐྱར་ད་མུས་བཞིན་བཤད་ཆོག་གི་འདུག་ག

    རེད། ངའི་འགྲེལ་བཤད་དེ་ཚོ་གསར་པ་ཅང་མ་རེད། བོད་ཀྱི་བརྡ་སྤྲོད་ནང་འགྲེལ་བཤད་ཡོད་པ་ཞིག་ལས་འདས་ཏེ་། མིང་གི་ཁྱད་ཆོས་སྔོན་ལ་སྦྱོར་དགོས་པ་ལྟ་བུ། འབྲེལ་སྒྲ་དང་དེ་སྒྲ་སོགས་ཀྱང་ཡག་པོར་ཤེས་མེད་པར་འགྲེལ་བཤད་རྒྱག་པ་ལྟ་བུ་མང་པོ་ཞིག་མཆན་གྱི་ནང་སླེབས་འདུག་པས། གསར་སློབ་པ་ཚོ། རྩ་བའི་བོད་ཀྱི་བོད་ཀྱི་བརྡ་སྤྲོད་ཀྱི་འགྲོ་སྟངས་ལ་མགོ་མ་རྨོངས་པའི་ཆེ་གསལ་བཤད་ཅིག་བྱས་པ་ཡིན། གསེར་བུམ་དང་རྡོ་ཁང་སོགས་རྗེས་གྲུབ་སྐབས་ཡོད་པ་ཞིག་རེད་ལ། འབྲེལ་སྒྲའི་ཕྲད་བསྡུས་མ་བསྡུས་སྐབས་ཀྱང་ཡོད་པ་ཞིག་རེད། མིང་གི་གྲུབ་ཚུལ་དང་འབྲེལ་སྒྲ་སོགས་ཀྱི་སྐབས་ད་རུང་དབྱེ་བ་མང་དུ་དང་ཞིབ་ཚགས་སུ་གཏོང་དགོས་པ་ཡོད་ན་དེ་དེ་བཞིན་ནོ་ཞུ་ཡ་ཡིན། མིང་དང་ཡི་གེ ཚིག་གི་ཚོགས་ལ་ཉམས་པ་སླར་གསོ་དང་མི་ཉམས་གོང་འཕེལ་བྱེད་དགོས་ས་ཡོད་ནའང་དེ་དེ་བཞིན་ནོ།
    འབྲེལ་སྒྲའི་སྐོར་བསམ་བློ་གསར་པ་གཏོང་རྒྱུ་ཡོད་ནའང་ལོ་ལེགས་སོ་ཞུ་ཡ་ཡིན། དཔེ་བཞག་ན། གི་ཡིན། གི་རེད། ལྟ་བུ་དང་། སྐད་རང་ལ་གཞིར་བཞག་ན། ལ་དོན་གྱི་དེ་ཉིད་དང་དགོས་ཆེད་དེ་ཚོའང་སྐད་འགའ་རེ་ལྟར་ན། གི་སྒྲ་ཡིན་དགོས་པ་འདུག གཞན་ཁ་གསབ་ཡོད་ན་ལོ་ལེགས་སོ་ཞུ་ཡ་ལས་མེད།
    རྡོ་ཡི་ཁང་པ་ལ་རྡོ་ཁང་སོགས་རྗེས་གྲུབ་སྐབས་ཡོང་གི་ཡོད་པ་རེད། བསྡུ་བ་རྣམ་པ་དྲུག་བཤད་སྐབས་ཀྱང་ཡོང་གི་ཡོད་པ་རེད། ད་དེ་ལ་རྣམ་གཞག་གསར་པ་ཞིག་དགོས་ཀྱི་འདུག་ཟེར་ན་ཁྱེད་ཚོས་ཕྲིས་དང་དེ་ནས་ངས་བལྟ་གི་ཡིན། བསམ་ཚུལ་བརྗོད་གི་ཡིན། ཡིན་ནའང་། དབྱིན་ཡིག་དང་བོད་ཀྱི་བརྡ་སྤྲོད་ལོགས་ཀ་རེད། ང་ཚོས་ཁ་གསབ་བྱེད་དགོས་ས་ཡོད་ན་ངེས་པར་བྱེད་དགོས་པ་རེད། ད་ལྟའི་མིང་གི་ཁྱད་ཆོས་སམ་རྒྱན་ཚིག་ཟེར་བ་དེ་ཚོའང་རྩོད་གཞི་ཡོད་མེད་ལ་མ་ལྟོས་པའི་ཁ་གསབ་རེད། ད་རུང་ཁ་གསབ་བྱས་ན་དགའ་བསུ་ཡོད།
    ཁྱེད་ཀྱི་དཔེ་འཇོག་དེ་ཚོར་བོད་ཀྱི་བརྡ་སྤྲོད་ཀྱིས་འགྲེལ་བཤད་རྒྱག་མ་ཐུབ་པ་གཅིག་ཀྱང་མི་འདུག དབྱིན་ཡིག་ལའང་ཚིག་གྲུབ་རིང་པོ་གཅིག་གི་ནང་ཕྲད་མ་འདྲ་བ་ཁ་ཤས་ཤིག་ཡོང་གི་ཡོད་པ་ལྟར་རེད།
    ༡ནས་སྒྲ་འབྱུང་ཁུངས། ཡོང་བའི་འབྲོག་པ་ནི་བྱ་བ་དང་བྱ་བ་ཅན་གྱི་འབྲེལ་བ། དེ་སྒྲ་ངེས་བཟུང་། གང་ན་ནི་སྤྱི་སྒྲ་དང་ནང་གསེས་སུ་དྲི་བར་འཇུག
    ༢ འགྲོ་སའི་དགོན་པ་ནི་བྱ་བ་དང་བྱ་བ་ཅན། དེ་སྒྲ་ཐ་སྙད་འདས་མ་ཐག་པ། ན་སྒྲ་རྟེན་གནས།
    ༣ བྱེད་རྒྱུའི་ལས་ཀ་ནི་བྱ་བ་དང་བྱ་བ་ཅན་གྱི་འབྲེལ་བ། ནང་གསེས་དབྱེ་བ་ཕྱེ་ཡང་ཆོག དེ་སྒྲ་ཐ་སྙད་འདས་མ་ཐག་པ། དག་སྒྲ་མང་ཚིག ཡོངས་གྲགས་ལྟར་ཡིན། ཡང་སྒྲ་སྡུད་པ། མ་སྒྲ་འདས་པ། ད་དུང་སོགས་ལ་དགོས་པར་མཐོང་ན་རྣམ་གཞག་གསར་པ་བཞག་ཀྱང་ཆོག
    ༤ ཆོས་གསུང་མཁན་གྱི་བླ་མ་ནི་བདག་ཉིད་གཅིག་པའི་འབྲེལ་བ། དེ་སྒྲ་ངེས་བཟུང་། ལ་སྒྲ་མཐར་དགག་སྒྲ་ཡོད་པ་དེ་རྣམ་དབྱེ་དེ་དང་དེའི་ཁུངས་སུ་བསྡུ་བར་བརྡ་སྤྲོད་འགའ་རེར་གསུངས། མིང་བཤད་དུ་མེད།
    ༥ ར་སྒྲ་གཉིས་པ། འི་སྒྲ་བྱ་བ་དང་བྱ་བ་ཅན་གྱི་འབྲེལ་བ། ར་རྗེས་མ་དེ་ལས་སུ་བྱ་བ། འདི་སྒྲ་ངེས་བཟུང་།
    ༦ མ་སྒྲ་དགག་སྒྲ་འདས་པ། འི་སྒྲ་བྱ་བ་དང་བྱ་བ་ཅན་གྱི་འབྲེལ་བ་དགག་པ། མེད་ནི་དགག་སྒྲ།
    ཁྱོད་ལ་དགོས་པ་དེ་འདི་འདྲ་ཞིག་ཡིན་ནམ་གཞན་ཞིག་ཡིན། དབྱིན་ཡིག་གི་ཕྲད་མང་པོ་པང་སྒྲིག་ཡོད་པ་དེ་ལའང་རེ་རེ་བཞིན་འགྲེལ་བ་ཨེ་ཡོད། ཕྲད་ཀྱི་འགྲོ་སྟངས་ཚང་མ་དབྱིན་ཡིག་ནང་བཞིན་བཟོ་དགོས་རེད་ཟེར་ན་ངས་ད་རུང་བསམ་བློ་མི་ཐོངས་གི རྗེས་མ་ཞིག་ལ་ཕྲད་ཚང་མ་རྒྱ་ནག་ནང་བཞིན་བཟོ་དགོས་ཀྱི་འདུག་ཟེར་སྲིད། ཡང་ཉིན་གཅིག་ཕྲད་ཚང་མ་རྒྱ་གར་ནང་བཞིན་བཟོ་དགོས་རེད་ཟེར་སྲིད། རྒྱལ་ཁབ་རེ་རེའི་བརྡ་སྤྲོད་ཀྱི་འགྲོ་སྟངས་མི་འདྲ་བ་རེད། ཡིན་ནའང་། ང་ཚོའི་བརྡ་སྤྲོད་དེ་ཆ་ཡོངས་སུ་ཚང་བ་ཞིག་མིན་པར་ངས་ངོས་ལེན་བྱེད་གི་ཡིན། དེ་ལ་ཁ་གསབ་མང་པོ་ཞིག་ཏན་ཏན་བྱེད་རྒྱུ་འདུག་སྙམ། མ་དགོས་པའི་ཐལ་བ་ཡོད་པ་དང་། དགོས་པ་མང་པོ་ཞིག་མི་འདུག་སྙམ། ཡི་གེ་དང་སྐད་ཀྱི་བརྡ་སྤྲོད་གཉིས་ཀྱི་བར་ལའང་ཁྱད་པར་གནམ་ས་ལྟ་བུ་ཡོད་ས་འདུག དེ་ལ་ག་རེ་བྱེད་དགོས་རེད།

  2. གཅན་བཟོད་རྒྱམ། says:
    2010-07-28 at 11:46 pm

    རྒན་པའི་བགྲོ་གླེང་གཞོན་པའི་བསླབ་གཞི་ཡིན། རྣམ་པ་གཉིས་ལ་ཐུགས་རྗེ་ཆེ་ཞུ།
    “ང་འགྲོ་མ་མྱོང་བའི་ས་ཆ་ཞིག་མེད། “ང་སོང་མ་མྱོང་བའི་ས་ཆ་གཅིག་ཀྱང་མེད། འདི་གཉིས་ལ་ཁྱད་པར་འདུག་གམ། འགྲོ་མ་མྱོང་དང་སོང་མ་མྱོང་། གང་ཞིག་གང་བརྡ་སྤྲོད་དང་མཐུན་ཆེའམ།

  3. ཁ་ཕྱོགས་མེད says:
    2010-07-29 at 4:18 am

    བཀུར་བར་འོས་པའི་སྐུ་ཞབས་རྣམ་པ་གཉིས་ཀྱིས་བོད་ཀྱི་བརྡ་སྤྲོད་ཕྱོགས་ནས་གླེང་མོལ་བྱས་པ་མཐོང་དུས་བློ་སྐྱེད་རེ་རེག་གི་རེད་བསམ་ནས་འདིར་འོང་བ་ཡིན། སྤྱིར་འདི་བགྲོ་གླེང་ཡིན་པ་གང་ཞིག་ལ་གླེང་སྟངས་ཀྱི་ཆ་གཞན་ཞིག་རེད།
    གང་ལྟར་འདིར་འཇུག་མཁན་དག་ལ་ཕན་པ་ཡོང་བར་ཤོག

    སྤྱིར་འབྲེལ་སྒྲའི་སྐོར་ཞིབ་ཕྲ་བརྗོད་རྒྱུ་དཀའ་མོ་ཞིག་རེད། དེ་སྔའི་བོད་ཀྱི་བརྡ་སྤྲོད་མཁན་པོ་དག་གིས་ཀྱང་འདོད་ལུགས་གཅིག་གྱུར་མེད། འབྲེལ་སྒྲའི་ནང་དོན་གྱི་ཆ་ལ་བལྟས་ནས་མིང་ཡང་འདྲ་མིན་མང་བཏགས་དང་འདོགས་བཞིན་ཡོད།
    དཔེར་ན། རྩ་ཐང་ནས་ཡོང་བའི་འབྲོག་པ་ཞེས་པའི་འབྲེལ་སྒྲར།
    མདའ་ཚན་པ་ལགས་ཀྱིས། བྱ་བ་དང་བྱ་བ་ཅན་གྱི་འབྲེལ་སྒྲ་ཞེས་བརྗོད་འདུག་པ་ལྟ་བུ།
    རྩ་ཐང་ནས་ཡོང་བའི་འབྲོག་པ་ལྟ་བུའི་འབྲེལ་སྒྲ་དེ་སྔོན་དུས་ནས་བོད་ཀྱི་བརྡ་སྤྲོད་གཞུང་ལུགས་རྣམས་སུ་བརྗོད་སྲོལ་གཏན་ཆགས་སུ་ཡོད་པའི་འབྱུང་ཁུངས་དང་འབྱུང་ཁུངས་ཅན་གྱི་འབྲེལ་བའི་ཁོངས་སུ་བསྡུས་ཀྱང་འགྲིག་གི་འདུག་སྙམ།

  4. ཀརྡོ་རབ་འབྱམས་པ་ says:
    2010-07-29 at 6:44 am

    ༡ རྩྭ་ཐང་ནས་ཡོང་བའི་འབྲོག་པ་སྣ་ལུག་དེ་གང་ན་འདུག
    ༡ རྩྭ་ཐང་ནས་ཡོང་མཁན་གྱི་མི་འབྲོག་པ་སྣ་ལུག་དེ་གང་ན་འདུག

    ༢ ང་འགྲོ་སའི་དགོན་པ་དེ་ན་གྲྭ་བ་གསུམ་འདུག
    ༢ ང་འགྲོ་ས་ས་ཆ་དེ་ཡི་དགོན་པ་དེ་ན་གྲྭ་བ་གསུམ་འདུག

    ༣ དེ་རིང་བྱེད་རྒྱུའི་ལས་ཀ་དེ་དག་ད་དུང་ཡང་གྲུབ་མ་སོང་།
    ༣ དེ་རིང་བྱེད་རྒྱུ་ལྷག་བསྡད་པ་དག་གི་ལས་ཀ་དེ་དག་ད་དུང་ཡང་གྲུབ་མ་སོ།

    ༤ ཆོས་གསུངས་མཁན་གྱི་བླ་མ་དེ་ལ་སྡོམ་པ་མེད་པ་འདྲ།
    ༤ ཆོས་གསུངས་མཁན་༼༽བླ་མ་དེ་ལ་སྡོམ་པ་མེད་པ་འདྲ།
    ༤ ཆོས་གསུངས་མཁན་གྱིས་ཆོས་གསུངས་ཀྱང་། བླ་མ་དེ་ལ་སྡོམ་པ་མེད་པ་འདྲ།

    ༥ ཨ་མར་སྤྲོད་རྒྱུའི་ཡི་གེ་དེར་པར་འདི་འཇོག་རོགས།
    ༥ ཨ་མར་སྤྲོད་ཡའམ། རྒྱུ་ཡི་གེ་དེར་པར་འདི་འཇོག་རོགས།

    ༦ ང་འགྲོ་མ་མྱོང་བའི་ས་ཆ་ཞིག་མེད།
    ༦ ང་འགྲོ་མ་མྱོང་ས་ས་ཆ་ཞིག་མེད།

    སྦྲེལ་སྒྲ་མ་འཐོབ་སར་འབྲེལ་སྦྲ་བེད་སྤྱད་ནས་མ་རེད་པེ།

  5. ཀརྡོ་རབ་འབྱམས་པ་ says:
    2010-07-29 at 7:27 am

    ༡ རྩྭ་ཐང་ནས་ཡོང་བའི་འབྲོག་པ་སྣ་ལུག་དེ་གང་ན་འདུག
    ༡ རྩྭ་ཐང་ནས་ཡོང་མཁན་”གྱི་”མི་འབྲོག་པ་སྣ་ལུག་དེ་གང་ན་འདུག
    2 རྩ་ཐང་ནས་ཡོང་མཁན་འབྲོག་པ་སྣ་ལུད་དེ་གང་ན་འདུག

  6. མདོ་ལྷ་ཁམས་པ། says:
    2010-07-29 at 11:24 am

    རེད།
    ཤེས་ཡོན་ཅན་རྒན་པ་ཚོས་འདི་ལྟར་བགྲོ་གླེང་གི་ཚུལ་མཛད་དེ་ལེགས་བཤད་རེ་སྤེལ་ན་ཕན་ཐོགས་ཆེ།
    ཁ་སང་གི་སྐད་ཆའི་མཇུག་སྐྱོངས་ཏེ་མུ་མཐུད་ནས་གླེང་ན་བློ་སྐྱེད་འདུག
    དེ་རིང་གི་ལས་ཀའི་མཇུག་བསྡུས་ནས་ཁ་བརྡ་དྲ་ཐོག་ཏུ་ཕེབས་པར་དགའ།
    སང་ཉིན་གྱི་བྱ་བའི་གྲབས་རྩོམ་ལ་གྲ་སྒྲིག་ཨང་སར་ཡིན་མིན་སྟ་གོན་གྱིས།
    མི་རྒན་པའི་ཁ་ལ་ཉོན་ཟེར་བའི་སྐད་ཆ་དེ་ཡིད་ལ་དམ་པོར་ཆོངས་ཤིག

  7. གཡུ་འབྲུག says:
    2010-07-29 at 11:49 am

    འབྲེལ་སྒྲ་ཉམས་བཞིན་པ་ཡིན་ནམ་ཞེས་པའི་རྩོམ་འདིའི་གླེང་གཞི་ནི་“according to a Dharamsala-based Tibetan human rights group” ཞེས་པ་འདི་ནས་འཕྲོས་པ་ཞིག་རེད། དེ་ལ་ད་སྐབས་ཡོངས་གྲགས་སུ་ “རྡ་རམ་ས་ལར་རྟེན་གཞི་བྱས་པའི་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་ཞིག” ཅེས་སྒྱུར་སྟངས་ཞིག་ཡོད་པ་ལྟར། འདི་ལས་རྟེན་གཞི་ཟེར་བ་དེ་དོར་ནས་དེའི་ཚབ་ཏུ་“རྡ་རམ་ས་ལའི་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་ཞིག” ཅེས་བཤད་ན་འབྲེལ་སྒྲའི་ནུས་པ་ཚུལ་བཞིན་དུ་བེད་སྤྱོད་བྱས་ཡོད་པའི་བསམ་ཚུལ་བཤད་སོང་།
    གླེང་གཞི་འདི་རང་གི་ཐོག་ནས་བལྟས་ན། རྩོམ་འདིར་བཏབ་པའི་མཆན་དང་པོ་སྟེ། ༡༽ ཁང་གསར་རྡོ་རྗེ་ནས།
    སྤྱི་ལོ་ ༢༠༡༠ ཟླ་ ༧ ཚེས་ ༢༡ གི་ཆུ་ཚོད་ ༢༣ སྐར་མ་ ༢༤
    དྷ་རམ་ལ་སར་རྟེན་གཞི་བྱས་པའི་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་ཟེར་དུས། རྟེན་གཞི་དེ་ལ་བྱས་པ་མ་གཏོགས། དེའི་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་མིན་པ་ཞིག་གསལ་པོ་གོ་ཐུབ་ཀི་འདུག “རྡ་རམ་ས་ལའི་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་ཞིག” ཟེར་དུས། བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་དེ་དྷ་རམ་ས་ལ་རང་གི་ཡིན་པ་འདྲ་ཞིག་གོ་གི་འདུག་ག་ཅེས་པ་འདི་ནས་གསལ་བོ་ཆགས་སོང་བསམ།
    གསལ་བོ་ཅི་ཞིག་ཆགས་སོང་ཟེར་ན། རྟེན་གཞི་ཟེར་བའི་ཚིག་གསར་དེ་བཀོལ་མ་བཀོལ་གྱི་བར་ནས་མ་ཚིག་གི་ནང་དོན་ལ་གོ་བ་ལེན་སྟངས་ཀྱི་ཁྱད་པར་ཅི་ཙམ་ཤོར་གྱི་ཡོད་པ་གསལ་བོར་བསྟན་སོང་བསམ། ལྷ་སའི་ཇོ་ཁང་ཞེས་བཤད་པ་དང་། ལྷ་སའི་རྒྱ་མི། ལྷ་སར་ཡོད་པའི་རྒྱ་མི། ལྷ་སར་གནས་སྡོད་བྱེད་པའི་རྒྱ་མི་ཞེས་བཤད་སྟངས་འདི་དག་གི་བར་ན་ཁྱད་པར་འདྲ་གོ་རྒྱུ་འདུག་གམ། སྒྲ་ནི་བརྗོད་འདོད་རྗེས་འབྲངས་ཕྱིར་ཞེས་ཟེར་བ་ལྟར། དེ་ནི་ལོབས་མ་ལོབས་ཀྱི་ཁྱད་པར་ཞིག་ཀྱང་ཡོད་པ་རེད་མོད། ཡིན་ནའང་། འབྲེལ་སྒྲའི་སྐོར་གྱི་རྩོམ་འདི་སྤེལ་བའི་སྐབས་དེ་ཉིད་དུ། རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པ་ཞིག་གིས་ ༢༠༠༨ ལོའི་བོད་ཀྱི་ཞི་རྒོལ་ཆེན་མོའི་སྐོར་ལ་སྙན་ཐོ་ཞིག་བཏོན་པ་ལྟར། གནས་ཚུལ་འདི་བོད་ཀྱི་དུས་བབ་ཏུ། ང་རང་གི་མིག་གིས་དངོས་སུ་མཐོང་བྱུང་ཞེས་པའི་ཁ་བྱང་འོག་ནས་འདི་ལྟར་སྤེལ་སོང་།
    འདོན་སྤེལ། ༢༠༡༠/༠༧/༢༣

    “ནེའུ་ཡོག་གི་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པས་ ༢༠༠༨ ལོའི་ཟླ་ ༣ པའི་བོད་མིའི་ཞི་རྒོལ་སྐབས་རྒྱ་དམག་གིས་བོད་མི་ཚོར་ཚད་ལས་བརྒལ་བའི་དྲག་གནོན་དམར་གསོད་དང་གདུག་རྩུབ་མནར་གཅོད་བཏང་ཡོད་པ་གསལ་འདོན་བྱས་འདུག”

    རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་འདི་ནི་ནེའུ་ཡོག་ཏུ་ཡོད་པ་ཙམ་མ་གཏོགས། ནེའུ་ཡོག་གི་ཚོགས་པ་ཞིག་ཏུ་གོ་བ་ལེན་མི་རུང་བར་འདོད། དེས་ན། xy -based ཞེས་པ་འདི་ནི་xy ལ་རྟེན་གཞི་བྱས་པའི་ཟེར་བའི་ཡོངས་གྲགས་ཀྱི་སྒྱུར་སྟངས་དེ་དང་ཡང་ན། xy ལ་ཡོད་པའི་ཞེས་གནས་སའམ་རྟེན་གཞི་དེ་དམིགས་སུ་བཀར་ནས་སྒྱུར་ན་དོན་ཇི་བཞིན་དུ་སྟོན་ཐུབ་པར་འདོད་པས་འདིའི་ཐོག་ནས་རབ་གསལ་གྱི་བསམ་ཚུལ་དེར་འཐད་པ་མེད།

    གཞན་ཁྱད་ཆོས་ཞིག་ཁྱད་གཞིའི་སྔ་རྗེས་གང་རུང་དུ་སྦྱོར་སྟངས་ལས། ཤ་ལ་ལུག་ཤ། གཡག་ཤ། ཕག་ཤ། རི་ལ་བྲག་རི། རྫ་རི། ནགས་རི། ཞིང་ལ་གྲོ་ཞིང་། ནས་ཞིང་། སྲན་ཞིང་སོགས་དང་། ཁང་པ་ལ། རྡོ་ཁང་། ཤིང་ཁང་། ས་ཁང་སོགས་ནི་འབྲེལ་སྒྲ་བསྡུས་པའི་མིང་གཉིས་གཞི་གཅིག་ཏུ་གྲུབ་པའི་མིང་ཚོགས་ཞིག་སྟེ། དེ་ཡང་དཔེར་ན། གྲོ་ནས་སྲན་གསུམ་དང་ས་རྡོ་ཤིང་གསུམ་ནི་ཞིང་དང་ཁང་པའི་རིགས་དང་རྣམ་གྲངས་ཙམ་བཤད་པ་མ་གཏོགས། དེ་དག་ནི་ཁྱད་ཆོས་ཀྱི་ཚིག་ཏུ་བགྲངས་མི་རུང་པར་འདོད་པས་འདིའི་ཐོག་ནས་ཁང་གསར་གྱི་བསམ་ཚུལ་དེར་འཐད་པ་མེད།

    ཇ་ལ་མངར་ཇ། དཀྲུགས་ཇ། འོ་ཇ། ཨམ་ཇ་ཞེས་འབོད་སྐབས་གོང་གི་མིང་ཚོགས་དེ་དག་དང་མི་འདྲ་བར། ཇ་ཡི་བྲོ་བ་དང་། རྣམ་པ། ངོ་བོ། ས་ཁོངས་བཅས་ཀྱི་ཁྱད་ཆོས་སྟོན་སྟངས་མི་འདྲ་བ་ཞིག་འདུག་ལ། ས་ཁོངས་ཀྱི་ཆ་ནས་སྐད་ལ། གཙང་སྐད། དབུས་སྐད། ཁམས་སྐད། འབྲོག་སྐད། རོང་སྐད་བཅས་མང་པས། ཁྱད་ཆོས་ཀྱི་ཚིག་གི་ཁོངས་སུ་ཚིག་གི་རིགས་ལས་སྟོང་དཔོན་ལྟ་བུ་གྲངས་ཀ་དང་། ཨམ་ཇ་ལྟ་བུ་ས་ཆ། དབྱར་སྟོན་ལྟ་བུ་དུས་ཚོད། མངར་ཇ་ལྟ་བུ་བྲོ་བ། དམར་དམག་ལྟ་བུ་ཚོན་མདོག་བཅས་འདི་དང་འདི་ལྟ་བུའི་རིགས་གང་དག་འདུ་མི་འདུ་དང་ཡང་བསྡུ་རྒྱུ་ཡིན་མིན་ལ་པྲ་ཊིའི་ལུགས་དང་སི་ཏུའི་ལུགས་ཞེས་པའི་བཤད་སྲོལ་ལྟར། ང་ཚོའི་དུས་སྐབས་སུའང་མུ་མཐུད་དུ་རང་རང་གི་འདོད་ཕྱོགས་ཨུ་ཚུགས་མཐར་སྐྱེལ་བྱས་ནས་འགྲོ་རྒྱུ་ཡིན་ནམ།

    ཁྱད་གཞི་ལ་སྲོག་ལྡན་སྲོག་མེད་ཀྱི་དབྱེ་བའི་ཐོག་ནས་ཁྱད་ཆོས་སྦྱོར་སྟངས་ལ་གཙོ་བོར་གྲངས་ཀ་དང་། ཆེ་ཆུང་། ཁ་དོག ཡང་ལྕི། མཉེན་མཁྲེགས་སོགས་ཀྱི་ངོ་བོ་དང་རྣམ་པ་སྟོན་གྱི་འདུག་པ་ནི། དཔེར་ན།

    ནག་པོ་རྡོ་
    དཀར་པོ་དུང་
    སྲ་མོ་ལྕགས་
    གྲང་མོ་ཆུ་ལྟ་བུ་བཅས་ནི་ཁྱད་གཞི་སྲོག་མེད་དང་།

    གཡང་དཀར་ལུག
    བྲེ་སེར་འབྲོང་
    དམར་ཡག་སྟག་ལྟ་བུ་ནི་ཁྱད་གཞི་སྲོག་ལྡན།

    སྟོང་དཔོན།
    བརྒྱ་དཔོན།
    ཁྲི་སྡེ།
    སྟོང་མཆོད་ལྟ་བུ་བཅས་ལས་གྲངས་ཀ་ཁྱད་ཆོས་སུ་གྲུབ་པ།

    མཐའ་ཡས་རྩྭ་ཐང་།
    དཀར་གསལ་ཟླ་བ།
    ཞིམ་མངར་སྦྲང་རྩི་ལྟ་བུ་བཅས་ལས་རྒྱ་ཁྱོན་དང་ཚོན་མདངས། བྲོ་བ་བཅས་ཁྱད་ཆོས་སུ་གྲུབ་པ།

    ཡང་དམག་ལ་སྐྱ་དམག རྐང་དམག མཚོ་དམག དམར་དམག བཅིངས་འགྲོལ་དམག རི་པིན་འདྲེ་དམག་ཅེས་བཤད་སྐབས། དམར་དམག་གི་དམར་ནི་ཚོན་མདོག་གི་ཆ་ནས་དམག་གི་རིགས་སུ་བགར་བ་ཞིག་ཡིན་པ་འདྲ་བས། རྣམ་པ་ཚོས་སུ་ཐོབ་སུ་ཤོར་གྱི་རྩོད་པ་མི་གནང་བར། མིང་ཚོགས་དང་ཚིག་ཚོགས་འདི་དག་གི་རྣམ་དབྱེ་ཇེ་ཞིབ་ཏུ་བཏང་སྟེ། འབྲེལ་སྒྲ་འཇུག་མི་འཇུག་དང་བསྡུ་ཆོག་མི་ཆོག་བཅས་ཀྱི་དགོངས་འཆར་གནངས་ན་དགེ་མཚན་ཆེ་སྙམ།

  8. Gedun says:
    2010-07-29 at 11:50 am

    མདའ་ཚན་པ་ལགས།

    ཁྱེད་ཀྱིས་འདི་ལ་བཏབ་པའི་མཆན་དེ་བཀླགས་སྐབས། ཁྱོད་དང་ང་གཉིས་གདན་དཀར་གཅིག་གི་སྟེང་ན་སྐྱིལ་མོ་ཀྲུང་གཅིག་བྱས་ནས་བསྡད་པ་མཐོང་བྱུང་། ང་གཉིས་ལ་འགལ་བ་ཡང་ཧ་ལམ་མེད་པ་འདྲ། འགལ་བ་གཅིག་ནི། འདི་ལོ་དང་དེ་ལོའི་སྐོར་དེ་རེད། ཁྱོད་ཀྱང་ཚིག་འདི་དག་ལ་འཐད་པ་མེད་འདྲ། དེ་བཞིན། གསེར་བུམ་གྱི་གསེར་དེ་ཁྱད་ཆོས་མིན་པའང་ཁྱེད་ཀྱིས་ཁས་བླངས་འདུག དེས་ན། ཁང་གསར་གྱི་གྲི་དེས་རབ་གསལ་གྱི་ལྕེ་ཆོད་ལ་ཁྱོད་ཀྱི་ལྕེ་མ་ཆོད་པ་དེ་ལ་ང་ཡ་མཚན་བཞིན་ཡོད་དོ།།

    ད་ནི་ཁྱེད་ཀྱིས་བཀའ་བཀྱོན་གཏོང་ངེས་པའི་བརྗོད་གཞི་འདི་གླེང་བར་བྱ་སྟེ། ཕལ་ཆེར་དགེ་འདུན་ཆོས་འཕེལ་ཡིན་ནམ་བྷ་བྷུ་མཐར་ཕྱིན་ཡིན། ཁོང་ཚོའི་སྐབས་དེ་ནས་བོད་སྐད་ཀྱི་བསླབ་དེབ་འགའ་སྒྲིག་འདུག དེ་ནས་བཙན་བྱོལ་གྱི་མགོ་དེ་ཙམ་ནས་ཤེས་རིག་དང་དཔེ་མཛོད་ཀྱིས་བསླབ་དེབ་འགའ་སྒྲིག་འདུག འདི་དག་ནི་ཧ་ལམ་བོད་སྐད་མི་ཤེས་མཁན་ཚོར་བོད་སྐད་སློབ་ཐབས་ཤིག་ལོས་ཡིན་དྲན། དེ་མཚུངས་རྒྱ་མི་ལ་བོད་སྐད་སློབ་ཆེད་ལྷ་སའི་ཁ་སྐད་སློབ་དེབ་དང་ཨ་མདོའི་ཁ་སྐད་སློབ་དེབ་སོགས་མང་པོ་ཞིག་བྱུང་འདུག ཆེས་ཉེ་ཆར་གྱི་ཀློག་དེབ་ལ་མཚོན་ན། ༢༠༠༣ ལོར་ཕྱི་རྒྱལ་བ་ནི་ཁོ་ལ་སེ་དང་བོད་མི་གསང་བདག་རྡོ་རྗེས་བརྩམས་པའི་བོད་ཀྱི་སྤྱི་སྐད་སློབ་དེབ་ཟེར་བ་དང་། ༢༠༠༥ ལོར་སྐལ་བཟང་ཉི་མ་དང་ལྷ་བྱམས་རྒྱལ་གྱིས་བསྒྲིགས་པའི་ཨ་མདོའི་ཁ་སྐད་ཅེས་པ། ༢༠༠༠ ལོར་ ཉི་མ་སྒྲོལ་མ་དང་ ཨེ་ལེན་ བཱར་ཏེ་ཞེས་པས་བྲིས་པའི་ལྷ་སའི་སྐད་ཀྱི་རྨང་གཞི་སློབ་དེབ་ཟེར་བ་བཅས་རེད། ད་ངས་འདི་ཅིའི་ཕྱིར་དྲངས་པ་ཡིན་ཞེ་ན། འདི་དག་ན་བོད་པར་སློབ་མི་དགོས་མོད་ཕྱི་མི་ལ་སློབ་དགོས་པའི་སྡེ་ཚན་སྐོར་ཞིག་བཀོད་འདུག་ལ། དེ་བཞིན་བརྡ་སྤྲོད་པའི་སྡེ་ཚན་ཇེ་གསལ་དུ་བཏང་བའི་ཁྲོད་དུའང་། དཔེར་ན། ཙང་། བྱ་ཚིག་གི་སྟེང་ རྩིས་དང་འཆར་སོགས་བསྣན་ནས་འགྲོ་འཆར་དང་འགྲོ་རྩིས་ལྟ་བུ། འདྲ་ཞེས་པ་བྱ་ཚིག་དང་སྦྱར་ནས་སྤེལ་སྟངས་དཔེར་ན་ཕྱིན་པ་འདྲ་དང་མེད་པ་འདྲ། དུས་འདས་པ་དཔེར་ན། ངས་རྡོ་འཕངས་པ་ཡིན་དང་ངས་རྡོ་འཕངས་ཡོད་ཀྱི་ཁྱད་པར་སོགས་འདུག དཔེ་མཚོན་ཙམ་ཡིན། དྲངས་ཀྱིས་མི་ལང་། ད་འདི་ཚོ་བོད་ཀྱི་བརྡ་སྤྲོད་པའི་ནང་ཅིའི་ཕྱིར་མ་འོངས་པ་རེད། འདི་དག་ནི་དྲི་བ་རང་ཡིན། ངས་མི་ཤེས། གཅིག་བྱས་ན་མགྱོགས་པོར་ཡོང་གི་རེད།
    ད་སྐྱོན་ཞིག་ཀྱང་འདུག གོང་དུ་དྲངས་པའི་དེབ་དེ་ཚོའི་སྐོར་གཅིག་ལ་དག་ཆ་ཡག་པོ་མི་འདུག ད་དག་ཆ་ཡག་པོ་མི་འདུག་ཅེས་བཤད་མཁན་ཡང་མི་འདུག ལྷ་སའི་བྱ་ཚིག་ཟེར་བའི་དེབ་གཅིག་འདུག དཔེ་ཡག་པོ་འདུག ཀློག་རྒྱུ་དང་ཉན་རྒྱུ་གཉིས་ཀ་འདུག བོད་དབྱིན་ཀྱི་སྐད་གཉིས་ཀ་འདུག ལྷག་པར་དུ་བོད་ཀྱི་བྱ་ཚིག་གི་འགྲོ་སྟངས་ཧ་ཅང་ཁ་གསལ་བ་ཞིག་ལྷན་ཐབས་སུ་བཀོད་འདུག འོན་ཀྱང་ཧ་ལམ་དག་ཆ་བརྒྱ་ཆ་ ༥༠ ལྷག་ནོར་ནས་བྲིས་འདུག ད་འདི་འདྲ་རེད།
    ད་ཁྱེད་ལྟ་བུ་ཉལ་ནས་འདུག་རན་མ་རེད། ཕ་ས་ལ་བདག་པོ་རྒྱག་རན་འདུག གོང་གི་ཁྱེད་ཀྱི་མཆན་དུ་ངའི་ཚིག་གྲུབ་ཚོར་ཚིག་འདེད་འབྲུ་འདེད་ཀྱིས་འགྲེལ་བཤད་བརྒྱབ་པ་དེ་དག་ནི། ཕུན་ཚོགས་ནི་ཕུན་ཚོགས་སོ། དགེ་ལེགས་ནི་དགེ་ལེགས་སོ།། བྱེ་བ་ནི་ གྲོ་ཕྱེ་ཡིན་པ་འདྲ་ཟེར་བ་ལྟ་བུའི་དཔེར་སོང་འདུག ང་ལ་དགོས་པ་ནི། དངོས་གནས། མགོ་བརྗོད་ལ། བྱ་བ་དང་བྱ་བ་ཅན་གྱི་འབྲེལ་བ། ཞེས་བྲིས་ཡོད་ན། དེའི་ཁོངས་ན་གང་དང་གང་ཡོད་ཞིབ་ཚགས་པོ་འགྲེལ་བཤད་དང་བཅས་པ་དགོས་གི་ཡོད། ད་ཉ་ཉོག་མང་ཐ། ཁྱོས་ང་ལ་ཆང་མི་སྟེར། ཤ་མི་བཙོད། མི་དགོས་ས་ན་བཀའ་བཀྱོན་ཞེ་གཅིག་བཏང་ན་ད་་་་་

  9. Gedun says:
    2010-07-29 at 11:59 am

    གཡུ་འབྲུག་ལགས་ཀྱིས་ཞིབ་གསལ་ཅིག་གསུངས་འདུག ད་ལས་ཀ་ཡོད། རྗེས་སུ་བསམ་ཚུལ་ཞུ་གི་ཡིན་ད། མུ་མཐུད་ནས་ཡིན་ད།

  10. ཁང་གསར་རྡོ་རྗེ། says:
    2010-07-29 at 12:45 pm

    ད་ང་བརྡ་སྤྲོད་ཀྱི་རྣམ་གཞག་མི་ཤེས་མཁན་ཞིག་གིས། གང་དྲན་ཐོལ་བྱུང་དུ་བསམ་ཚུལ་ཁ་ཤས་བཀོད་པར། ཁྱེད་ཚོ་ལ་འོ་རྒྱལ་འདི་ཙམ་བཟོས་འདུག གང་དྲག སེམས་ནང་མ་བདེ་བ་འདྲ་ཞིག་འདུག ད་ངས་མུ་མཐུད་དོགས་སློང་ཞུ། གཅིག་བྱས་ན། ཁྱེད་ཅག་མཁས་དབང་བརྒྱ་ཕྲག་གི་དགོངས་པར་མ་འཁོར་བ་དེ་འདྲ། ང་གླེན་རྒན་གཅིག་གི་སེམས་ལ་འཆར་སྲིད་པའི་སྲིད་མཐའ་འདི་མ་འགག་པ་ཞིག་རེད། གཤམ་གསལ་ནི་དོགས་སློང་ཙམ་ཡིན། ང་རང་ལའང་འདིའི་ཐད་རང་ཚུགས་ཐུབ་པའི་ལྟ་བ་མེད།

    ཁྱེད་ཅག་གིས་རྡོ་ཁང་སོགས་ནི། རྡོ་ཡི་ཁང་པའི་བསྡུས་ཚིག་རེད། བྱས་ཙང་ཁྱད་ཚིག་མ་རེད་སོགས་ཟེར། ཚིག་དེ་འབྲེལ་གཞི་འབྲེལ་ཆོས་སྟོན་པ་ཡིན་ནའང་འདྲ། ཚིག་དེས་རྟེན་དང་བརྟེན་པ་མཚོན་པ་ཡིན་ནའང་འདྲ། དེ་ལ་ཁྱད་པར་མི་འདུག ངས་མ་རེད་ཟེར་གྱི་མེད། འོ་ན་འབྲེལ་སྒྲ་བསྡུས་ཏེ་གྲུབ་པའི་མིང་ཡིན་ན། མིང་ཡིན་མི་དགོས་པ་དང་། འབྲེལ་གཞི་འབྲེལ་ཆོས་སོགས་སྟོན་ན། ཁྱད་ཆོས་སྟོན་པའི་ཚིག་མིན་དགོས་སམ། ཁྱབ་པ་ཡོད་དམ།

    འབྲེལ་སྒྲ་ཙམ་དུ་མ་ཟད། འབྲུ་མང་པོ་བསྡུས་ཏེ་མིང་དུ་གྲུབ་པ་དཔེར་ན། ཤེས་རབ་ཀྱིས་ཕ་རོལ་དུ་ཕྱིན་པ་བསྡུས་ཏེ། ཤེར་ཕྱིན་ཞེས་པའི་མིང་གྲུབ་པ་དང་། ཕ་རོལ་ཏུ་ཕྱིན་པ་བསྡུས་ཏེ། ཕར་ཕྱིན་ཞེས་པའི་མིང་གྲུབ་འདུག་ག ད། ཤེར་ཕྱིན་ཞེས་པ་མིང་མ་རེད་ཅེས་དང་། ཤེར་ཕྱིར་ཞེས་པ་ཁྱད་གཞི་ཁྱད་ཆོས་སྟོན་པའི་ཚིག་མ་རེད། རྒྱུ་མཚན། ཤེས་རབ་ཀྱིས་ཕ་རོལ་དུ་ཕྱིན་པའི་བསྡུས་ཚིག་རེད་ཟེར་ན། རྒྱུ་མཚན་དུ་འགྲོ་ས་རེད་དམ། རྒྱུ་མཚན་དུ་འགྲོ་ས་རེད་ན། ང་ལ་བཤད་རྒྱུ་ཅང་མེད། དེ་མིན། རྡོ་ཁང་དང་གཟན་ཁང་སོགས་ནི། མིང་རེད། མིང་འདི། རྡོ་ཡི་ཁང་པ་ཞེས་པའི་འབྲེལ་སྒྲ་བསྡུས་ཏེ་གྲུབ་པ་ཡིན་དང་། རྡོ་བརྩེགས་ཏེ་བསྐྲུན་པའི་ཁང་པ་ལྟ་བུའི་བསྡུས་ཚིག་ཡིན་ངས་ཐག་མི་ཆོད། དེ་གཙོ་བོ་ཡང་མ་རེད། གཙོ་བོ། རྡོ་ཁང་ཞེས་པ་འདི་མིང་དུ་གྲུབ་ཟིན་པ་རེད། ཁྱད་གཞི་ཁང་པ་དེའི་ཁྱད་ཆོས་རྡོ་ལས་གྲུབ་པ་དེ་རེད། ཁྱད་གཞི་མཇུག་ཏུ་ཡོད་རེད། ཁྱད་ཆོས་སྔོན་ན་ཡོད་རེད། དེ་མིན། དཀར་རྩི་དང་དམར་རྩི་སོགས་ཀྱང་དེ་བཞིན་རེད། ནག་པང་ཡང་དེ་ག་རང་རེད། འདི་ཚོ་བོད་ཚིག་རེད་པ། ཡང་འདི་ལ་མཐའ་གཅིག་ཏུ། ཞིམ་མི་ཞིམ་དང་། ཆེ་ཆུང་། ཁ་དོག་སོགས་ཀྱི་ཁྱད་པར་སྟོན་པ་ཞིག་དགོས་ཟེར། ངས་དཔེར་བརྗོད་འགའ་འཇོག མངར་ཟས། དམར་ཟས། དཀར་ཟས། དཀར་སྐྱོང་༼དེ་རིང་དགེ་འདུན་པ་ཚོ་དཀར་སྐྱོང་རེད།༽ ནག་མོ། དམར་ཤོག ནག་ཚོགས། ནག་ཅན། སྡིག་ལས། དགེ་འདུན། ཁྲ་ཐིག་མེ་ཏོག ཐག་འཁྱུད་མེ་ཏོག ཆེན་མ་སོགས་མི་འདུག་གམ།

  11. གཡུ་འབྲུག says:
    2010-07-29 at 4:42 pm

    ཁང་གསར་ལགས།
    ནག་པང་དང་དམར་དམག་ལ་སོགས་བོད་ཚིག་ཡིན་མིན་རྩོད་མི་དགོས་པར། དེ་དག་ནི་མང་ཚོགས་ཀྱི་ཁ་ལ་འཇགས་ཤིང་། ལག་ཏུ་གོམས་ཚར་བར་བརྟེན། བོད་ཚིག་མ་རེད་ཅེས་རྩོད་པ་བྱེད་མཁན་སུ་བྱུང་རུང་ཁོང་ཚོའི་ཁ་ན་རོགས་རེད། སྔར་སྲོལ་གྱི་ངག་བརྒྱ་མཁས་གཅིག་གི་རྗེས་སུ་འབྲངས་པའི་དུས་ཚོད་དེ་ཡལ་ཚར་བ་རེད།
    ཁྱེད་རང་གི་བསམ་པར་ཁྱད་གཞིའི་སྔོན་དུ་མིང་གི་ཆ་ནས་ཁྱད་ཆོས་སྟོན་པ་ནི་དཔེར་ན།
    ལུག་ཤ ཕག་ཤ ཉ་ཤ།
    རྡོ་ཁང་། ས་ཁང་། ཤིང་ཁང་།
    གྲོ་ཞིང་། ནས་ཞིང་། སྲན་ཞིང་།
    གསེར་བུམ། དངུལ་སྒོར། ཟངས་དེམ། ལྕགས་རྟ་སོགས་ཡོད་ཅེས་བཤད་ཀྱི་འདུག

    དེས་ན། ཆེ་ཆུང་། ཚ་གྲང་། ལྟོགས་སྐོམ། ཡར་མར། སྟོད་སྨད། ཡག་སྡུག དགེ་སྐྱོན། དཀར་ནག་གི་དབྱེ་བ་ལྟ་བུའི་མིང་འདི་དག་ལས་གང་ཞིག་ཁྱད་གཞི་དང་གང་ཞིག་ཁྱད་ཆོས་སུ་ངོས་འཛིན་བྱེད་དགོས་སམ།

    གཤམ་དུ་ཁྱད་གཞིའི་སྔོན་དུ་ཁྱད་ཆོས་སྟོན་པའི་ཚིག་གི་ཁོངས་སུ་ཚིག་གི་རིགས་གང་དག་ཡོད་པར་དབྱེ་བ་རགས་མོ་ཞིག་ཕྱེས་ན།

    ཁ་དོག་གི་ཆ་ནས་ཁྱད་ཆོས་སྟོན་པ་ནི་དཔེར་ན།
    དཀར་ཟས།
    དམར་དམག
    ནག་པང་།

    བྲོ་བའི་ཆ་ནས་ཁྱད་ཆོས་སྟོན་པ་ནི་དཔེར་ན།
    མངར་ཟས།
    ཚྭ་ཇ།
    སྐྱུར་ཚལ།

    གྲངས་ཀའི་ཆ་ནས་ཁྱད་ཆོས་སྟོན་པ་ནི་དཔེར་ན།
    བརྒྱ་ཚར།
    སྟོང་མཆོད།
    ཁྲི་སྡེ།
    སྟོང་སྡེ།
    བརྒྱ་བཤད་སྟོང་བཤད།

    ཚད་གཞིའི་ཆ་ནས་ཁྱད་ཆོས་སྟོན་པ་ནི་དཔེར་ན།
    མཐོ་སློབ།
    མཐོ་བླ་མ།
    དམའ་སྤྲང་པོ།

    ཁ་ཕྱོགས་ཀྱི་ཆ་ནས་ཁྱད་ཆོས་སྟོན་པ་ནི།
    སྟོད་རྒྱ་གར།
    སྨད་རྒྱ་ནག
    བར་དབུས་གཙང་།
    ཤར་དུང་རི།
    ལྷོ་འཛམ་བུ་གླིང་།
    བྱང་ཨ་རི།བྱང་སྒྲ་མི་སྙན།
    ནུབ་བ་ལང་སྤྱོད།

    དུས་ཀྱི་ཆ་ནས་ཁྱད་ཆོས་སྟོན་པ་ནི།
    ནངས་ཇ།
    དགུང་ཟས།
    དབྱར་སྟོན།
    དགུན་ཟླ།

    ད་དུང་་་་
    དྲྭ་གྲོགས་ཚོས་མུ་མཐུད་དུ་ཁ་སྣོན་བྱེད་རོགས།

  12. ཁང་གསར་རྡོ་རྗེ། says:
    2010-07-29 at 10:22 pm

    ཆེ་ཆུང་། ཚ་གྲང་། ལྟོགས་སྐོམ། ཡར་མར། སྟོད་སྨད། ཡག་སྡུག དགེ་སྐྱོན། དཀར་ནག་སོགས་ལ། ཁྱད་གཞི་ཁྱད་ཆོས་ལོགས་སུ་བརྩི་རྒྱུ་ཅང་ཡོད་ས་མ་རེད། འདི་ཚོ་ཚད་སྟོན་བྱེད་ཀྱི་མིང་ཡིན་་ས་རེད། དེ་ཡང་བོད་རང་གི་ཐུན་མོང་མ་ཡིན་པའི་ཚིག་སྦྱོར་གྲུབ་སྟངས་ཤིག་ལ། ཡག་ཉེས་སོགས་ལྡོག་ཕྱོགས་ཀྱི་ཚིག་གཉིས་ཀྱིས་ཚད་སྟོན་པའི་མིང་གྲུབ་པ་དང་། གསུང་བཤད་དང་། འགྲོ་སྐྱོད་སོགས་དོན་གཅིག་པའི་ཚིག་གཉིས་ཀྱིས་མིང་གཅིག་གྲུབ་པ་འདི་ཚོ། སྐད་ཡིག་གཞན་ལ་མེད་པའི་ཁྱད་ཆོས་ཤིག་ཡིན་འདུག གང་ལྟར་ཆེ་ཆུང་སོགས་ལ་ཁྱད་གཞི་ཁྱད་ཆོས་བརྩི་རྒྱུ་ཡོད་རེད་ཅེས་བདག་གིས་བཤད་མེད་པས། འདིར་ཁ་མཆུ་བོགས་མར་ལེན་གྱི་མིན།

    ཁྱེད་རང་གིས་རྡོ་ཁང་ཤིང་ཁང་སོགས་ཁྱད་གཞི་ཁྱད་ཆོས་སྟོན་པའི་མིང་དུ་ཁས་བླངས་པར་མ་ཟད། ནག་པང་སོགས་བོད་ཚིག་འཁྲུལ་མེད་དུ་ཞལ་བཞེས་གནང་བས་དགའ་ཡོད།

    ད་རྡོ་ཁང་ཁྱད་ཚིག་ཡིན་ན། ལུག་ཤ་ཁྱད་ཚིག་མ་ཡིན་པའི་རྒྱུ་མཚན་ཞིག་འདུག་གམ། རྡོ་ཡི་ཁང་པ། ལུག་གི་ཤ།

  13. དགེ་འདུན་རབ་གསལ་ says:
    2010-07-29 at 11:26 pm

    དེ་རིང་རླུང་རྟ་རྒྱུགས་ནས་བརྡ་སྤྲོད་པའི་དེབ་སྐོར་ཅིག་ལ་བསྐྱར་ལྟ་ཞིག་བྱེད་རྒྱུ་བྱུང་། སྐད་ཆ་གསར་པ་ཡང་མི་འདུག ད་ཤོད་རྒྱུ་གཉིས་ཡོད།
    དང་པོ་དེ། མིང་གི་སྐོར་རེད། ད་འདི་མདའ་ཚན་པས་བཤད་པ་དེའི་ཕྱོགས་ལ་འགྲོ་གི་འདུག འདོད་རྒྱལ་དང་རྗེས་གྲུབ་ཀྱི་སྐོར་དེ་ཚོ་རེད། དེ་ནས་བསྡུ་བ་དེ་ཚོའི་སྐོར་རེད། མཐའ་དོན་འབབ་ས་དེ་གསེར་བུམ་དང་ནས་ཞིང་སོགས་གང་ཡིན་ཀྱང་མིང་འགྲུབ་སྟངས་ཤིག་ལས་མི་འདུག མིང་འགྲུབ་སྟངས་ལ། ཁང་པ་གསར་པ་ལ་ཁང་གསར་ཟེར་བ་དང་། ལྷ་ཡི་ཁང་པ་ལ་ལྷ་ཁང་སོགས་ཁ་ཤས་གོ་རིམ་སྣ་ཚོགས་འདུག འདི་ལ་ཁྱད་གཞི་དང་ཁྱད་ཆོས་སྦྱོར་འོས་དང་མི་འོས་མཐའ་མ་ཆོད།
    ད་ནས་བྱ་བ་དང་བྱ་བ་ཅན་ཟེར་བ་དེ་ཡིན། བོད་ཀྱི་འབྲེལ་སྒྲའི་དཔེར་བརྗོད་ཡོད་ཚད་ཀྱི་ནང་དུ་ཧ་ལམ་འདིའི་མིང་ཙམ་ཡང་མི་འདུག འོན་ཀྱང་། དཔའ་རིས་སངས་རྒྱས་ཀྱིས་བརྩམས་པའི་བརྡ་སྤྲོད་གསལ་བྱེད་ངག་སྒྲོན་ཞེས་པ་ན། ལས་གཅིག་པའི་འབྲེལ་བ་ཞེས་པ་ཞིག་དྲངས་ནས་དེའི་དཔེ་མཚོན་ལ། ང་ལ་དྲི་རྒྱུའི་དོགས་གཞི་མང་། སོགས་བཀོད་འདུག
    ད་ མིང་གི་ཁྱད་གཞི་ཁྱད་ཆོས་དང་། མིང་གི་ཆ་ཤས་སུ་གྱུར་པའི་ཁྱད་གཞི་ཁྱད་ཆོས་ཟེར་ན་མ་གཏོགས་ཅི་ཟེར།

  14. ཁ་ཕྱོགས་མེད says:
    2010-07-30 at 5:18 am

    ཁང་གསར་ལགས། གལ་ཏེ་ཁྱེད་ཀྱིས་བཤད་ཀྱང་སྐྱོན་མེད་སྙམ།
    དཀར་དམར་དང་ཆེ་ཆུང་སོགས་ཀྱི་རིགས་རྒྱན་ཚིག་ཡིན་ལ།
    ཁྱད་ཆོས་ཀྱང་རེད་མིང་འདིའི་རིགས་ཁྱད་གཞི་ཞིག་ལ་བརྟེན་ནས་ཡོད།
    དཔེར་ན། དཀར་བོ་ཞེས་བརྗེད་ཚེ་སྤྲིན་དང་རས་སོགས་ཁྱད་གཞི་གང་ལ་རུང་བ་ཞིག་གི་ཁྱད་ཆོས་སྟོན་གྱི་ཡོད། དེ་མིན་ཁྱད་གཞི་ལ་མ་བརྟེན་པའི་དཀར་རྐྱང་ཞིག་གྲུབ་མི་ཐུབ་པས་སོ།
    མིང་གཞན་རྣམས་ཀྱང་འདྲ་མཚུངས་རེད།

  15. མདའ་ཚན་པ། says:
    2010-07-31 at 9:32 am

    རབ་གསལ་ལགས།
    ང་ལ་དྲི་རྒྱུའི་དོགས་གཞི་མང་ཟེར་བ་དེ་དང་། ངས་གོང་དུ་བྲིས་པ། བོས་པའི་མགྲོན་གཉིས་ལ་མཚོན་ན་ཁྱད་པར་ཅུང་ཟད་ཡོད་པ་འདྲ།
    དྲི་རྒྱུ་ཟེར་ན་བྱ་བ་མིན་པར་བྱ་ཡུལ་ཡིན་པ་རེད། དྲི་བྱ་དང་གཅིག་པ་རེད། བོས་པ་ཟེར་ན་བྱ་བ་ཡིན་པ་རེད།
    རེ་ཟུང་གིས། གོང་གི་གསེར་བུམ་སོགས་ཀྱི་འབྲེལ་སྒྲ་བསྡུས་ནས་མིང་དུ་གྲུབ་པ་རེད་ཟེར། དེ་ཡང་མི་ཤེས། རྒྱུ་གསེར་དང་། ཡིན་པ་བུམ་པ་ཡིན་པས་གསེར་བུམ་ཟེར་ནས་བཏགས་པ་རེད་ཟེརནའང་འདྲ། གསེར་གྱིས་བཟོས་པའི་བུམ་པ་ཡིན་པས་གསེར་བུམ། འབྲེལ་སྒྲ་བསྡུས་ནས་གྲུབ་པའི་མིང་ཡིན་པས་གསེར་བུམ་ཟེར་ནས་ག་ཚོད་འགྲེལ་འགྲེལ་རེད།
    གསེར་བུམ་སོགས་ཀྱི་མིང་གི་ཆ་ཤས་ལ་ཁྱད་ཆོས་ཟེར་ནས་བརྗོད་པ་དེ་ཚོ་དགོད་ཤོར་བའི་ལས་ཀ་རེད། ཁང་གསར་རྡོ་རྗེ་ལ་སྤྲད་པའི་དཔའ་དར་དེ་སླར་བླངས་ནས་རབ་གསལ་ལ་སྤྲད་ཀྱི་ཡིན། ཁོས་མིང་གི་ཁྱད་ཆོས་སྐོར་ལ་ལོག་བཤད་ཞེ་དྲག་བྱས་སོང་། བོད་ཀྱི་བརྡ་སྤྲོད་ཀྱི་ཐང་ག་དེ་ཆི་མིན་འདི་མིན་བཟོས་སོང་།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme