Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

རྡོ་གདན་གྱི་ཚགས་པར་དང་དེབ།

Posted on 2012-01-162012-01-16 By ཁ་བརྡ་ 11 Comments on རྡོ་གདན་གྱི་ཚགས་པར་དང་དེབ།

ཨ་རིག་དགེ་མཐོང་།
ད་ལོའི་རྡོ་གདན་གསུང་ཆོས་སྐབས་ཀྱི་མཐོང་ཐོས་དག་ནི་བྲིས་ན་རྫོགས་མཐའ་མེད་པ་དང་ཡོད་ཚད་ཡིད་ནས་འདུག་དཀའ་བའི་ཚོད་རེད། དེ་དག་གི་ནང་ནས་ཉིན་ཐོ་ཁག་ཅིག་ནི་དྲ་ལམ་དུ་མིག་ཟུང་ཅེར་མཁན་གྱི་གྲོགས་པོ་ཚོ་ལ་ལེགས་སྐྱེས་ཤིག་གི་ཚུལ་དུ་འབུལ་འདོད་ཆེ། ཉིན་ཐོ་དག་ལས་དེ་རིང་བོད་ཡིག་གི་སྐོར་རགས་ཙམ་གླེང་བར་སྤྲོ དུས་དབང་སྐབས་སུ་བོད་ཀྱི་དུས་བབ་དང་བང་ཆེན་གཉིས་ཀྱིས་དམིགས་བསལ་འདོན་ཐེངས་རེ་བཏོན་པ་དང་། གལ་ཆེ་བའི་གསར་འགྱུར་ཁག་དང་ལྷག་དོན་དུས་དབང་ངོ་སྤྲོད་དང་རྒྱུད་རིམ། ད་དུང་གནས་ཡིག་མདོར་བསྡུས་ཤིག་ཀྱང་གནས་མཇལ་བ་ཚོའི་འདོད་མོས་ལྟར་གསར་ཤོག་ཏུ་སྤེལ་བ་ནི་ཧ་ཅང་གི་ལེགས་པོ་རེད། དེ་བས་ཀྱང་བོད་ཀྱི་དུས་བབ་དང་བང་ཆེན་ཟུང་གིས་ལས་ཁུངས་དམིགས་བསལ་བ་རེ་ཆེད་གཉེར་གྱིས་དཔེ་དེབ་རིགས་འགྲིམ་སྤེལ་བྱེད་བཞིན་པ་སོགས་ནི་ལེགས་ཆ་རྐྱང་རྐྱང་རེད། དུས་བབ་རྩོམ་སྒྲིག་པ་དོན་བཀྲ་དང་གསར་འགོད་པ་དོན་ཁོ་གཉིས་ཀྱིས་འབད་བརྩོན་བྱས་ཏེ་གསར་འགྱུར་བསྡུ་ལེན་དང་གསར་ཤོག་འགྲིམ་སྤེལ་བྱས་པ། མི་མང་གི་དཀྱིལ་དུ་ཉུལ་ཏེ་ཚགས་པར་འཚོང་བཞིན་པ་མཐོང་ན་སེམས་དགའ་ཞིང་རང་གི་ཆེད་ལས་ལ་འགན་འཁུར་འདུག་སྙམ་པའི་ཚོར་སྣང་སྐྱེས། ད་དུང་དུས་བབ་ཚགས་པར་ཚོན་ཁྲ་ཅན་ཞིག་བཏོན་པ་ནི་རང་ཉིད་དུས་བབ་ཀློག་པ་པོ་ཞིག་ཡིན་པས་དགའ་ཚོར་དཔག་མེད་སྐྱེས།

ཚགས་པར་ཐད་ནས་དུས་རྒྱུན་ལྟར་༼བོད་ཀྱི་སྐད་ཡིག༽་གི་ཡིག་ནོར་ཐེར་འདོན་དང་བོད་ཀྱི་སྐད་ཡིག་སྐོར་གྱི་རྩོམ་ཡིག་ཁག་ཅིག་ཁྱེར་ནས་བསླེབས་འདུག་ལ། ༼ལྗང་རླུང་༽གིས་ཀྱང་དུས་རྒྱུན་ལྟར་ལེ་ཚན་དག་ཁྱེར་ཡོང་འདུག ད་དུང་ས་རཱ་མཐོ་སློབ་ཁག་ཅིག་གིས་སྤེལ་བའི་༼ས་མཐའི་འོད་༽ཅེས་པ་དང་། དེ་ལས་གཞན་༼སློབ་མའི་ཚགས་པར༽་ཞེས་པ་ཞིག་ཀྱང་ཕྲན་གྱིས་ལག་ཏུ་འབྱོར། བོད་ནང་གི་ཚགས་པར་ཞིག་འདི་ནས་བསྐྱར་དཔར་བྱས་ཏེ་རིན་མེད་ཐོག་སྟེར་བཞིན་ཡོད་ཀྱང་ཁོ་བོས་ཚགས་པར་དེའི་མིང་མ་དྲན། ཚགས་པར་དག་ལས་འཁྲིག་ཆ་དང་གླེང་སློང་མང་བ། པར་གྲངས་མང་བ་བཅས་ནི་ད་ཐེངས་ཀྱི་༼ཆང་ས་༽ཚགས་པར་རེད། ཆང་ས་ཚགས་པར་གྱི་པར་གྲངས་ནི་ལྔ་སྟོང་དང་མདུན་ངོས་ཀྱི་བཟོ་ལྟ་ནི་རྒྱ་གར་གྱི་གསར་ཤོག་དང་མཐུན་པར་བྱས་འདུག་པ་མ་ཟད། བོད་ཀྱི་མཛེས་མ་གཡང་མོ་འབོད་པ་ཞིག་གི་པར་ཆེན་པོ་ཞིག་མདུན་ངོས་སུ་བཞག་པ་དང་ཆེ་ཆུང་སྔོན་མའི་ངྷ་སའི་དུས་བབ་དང་མཚུངས། དེའི་ནང་དུ་བཟའ་ཚང་གཉེན་སྒྲིག་དང་བུད་མེད་ཀྱི་ཟླ་མཚན། བོད་ནང་གི་བུད་མེད་ཚོའི་དཀའ་ངལ་བཅས་རྒྱུན་ཤེས་གལ་ཆེན་ཁག་ཅིག་ཀྱང་སྤེལ་འདུག ཡིན་ནའང་། ཉོ་མཁན་གྱི་ཆ་ནས་གྲྭ་བཙུན་ཚོས་ཉོ་བར་སྟབས་མ་བདེ་བའི་དཀའ་ངལ་ཞིག་དང་། བོད་རིགས་བུད་མེད་དག་གིས་མིག་གིས་ལྐོག་ལྟ་རེ་བྱས་ནས་ཕལ་ཆེར་ཉོ་འདོད་ཡོད་ལྟ་བུའི་སྲོལ་སྟོན། གང་ལྟར་ཆང་ས་ཚགས་པར་སྔོན་གྱི་སྤྱི་ཚོགས་མེ་ལོང་ལྟར་ད་ལྟ་བོད་ཀྱི་ཀློག་པ་ཚོས་དགའ་བོ་བྱེད་ཀྱིན་འདུག

དཔེ་དེབ་སྐོར་ཧ་ཅང་མང་བས་ཡོད་ཚད་བདག་གི་དྲན་པའི་ཡིད་དུ་མེད་ཀྱང་ཤེས་ཚོད་ཅིག་ངོ་སྤྲོད་བྱས་ན། དེ་ཡང་གསར་བ་ཚོ་ལས་རྙིང་བ་རིགས་གླེང་འདོད་མེད། སྒྱུར་རྩོམ་ལེགས་ཤོས་གཉིས་འདུག་ལ་གཅིག་ནི་འཕྲིན་ལས་རྒྱ་མཚོས་བསྒྱུར་བའི་བྱིས་དུས་ཀྱི་སློབ་གསོ་ཞེས་པ་དང་གཞན་པདྨ་ཆོས་སྒྲོན་གྱིས་བསྒྱུར་རྩོམ་རེད།

དེ་ནས་པེན་བོད་ཀྱི་རྩོམ་པ་པོའི་མཐུན་ཚོགས་ཀྱིས་བཙན་བྱོལ་བོད་མིའི་མི་ལོ་ལྔ་བཅུའི་སྙན་ངག་དང་དཔྱད་རྩོམ་ལེགས་ཤོས་རིགས་འདེམས་བསྒྲིགས་ཀྱིས་དེབ་གཉིས་བཏོན་འདུག་ལ་ཀུན་གྱིས་གདེང་འཇོག་དང་མཐོང་ཆེན་ལྟ་བུ་བྱེད་ཀྱིན་འདུག ལེགས་ཆ་མང་ལ་སྐྱོན་ཆ་ཡང་ཡོད་པ་ནི་ཆོས་ཉིད་ཡིན་པས་ལྡོག་ཐབས་མེད། འོན་ཀྱང་། ཡིག་གཟུགས་ཆུང་དྲགས་པའི་སྐྱོན་ནི་ཕྲན་གྱི་བསམ་འཆར་ཙམ་ཡིན། རྩོམ་ཡིག་གི་རིན་ཐང་ཐད་ནས་སྐད་ཆ་འགའ་རེ་ཡོད་ཀྱང་དེ་རིང་དེ་ཙམ་བྱ། མདོར་ན་དེ་ནི་ལས་དོན་རླབས་ཆེན་ཞིག་ཏུ་སེམས།

སྒེར་དེབ་མང་མོད། དེའི་ནང་གི་གངས་དཀར་རྒྱལ་སྲས་ཀྱིས་གངས་དཀར་དཔེ་ཚོགས་ཞེས་པའི་རང་ཉིད་སྒེར་གྱིས་དེབ་བཞི་འདུག་པ་ དེའི་ནང་དུ་སྒྱུར་རྩོམ་གཉིས་དང་བརྩམས་སྒྲུང་གཅིག སྙན་དེབ་གཅིག་བཅས་ལས་དབྱིན་བོད་ཤན་སྦྱར་མ་ཞིག་ཡོད་པ་དེ་ཀློག་མཁན་ཚོའི་དོ་སྣང་ཆེན་པོས་ཉོ་བཞིན་འདུག གཞན། ང་རོའི་དཔེ་ཚོགས་ཞེས་གསར་བ་ཞིག་འདུག་ལ། དེ་ནི་འབའ་བ་སྐལ་བཟང་འཕྲིན་ལས་དང་འཆར་ར་དྲི་མེད་རྒྱལ་མཚན། འཆི་མེད་ཅེས་པ་ལས་མིང་ཆ་ཚང་མ་དྲན་པར་དགོངས་སེལ་ཞུ།བཅས་གྱིས་བཏོན་པ་ཞིག་གོ། དེའི་ནང་གི་སྐལ་བཟང་འཕྲིན་ལས་ཀྱི་དེབ་དེ་ཕྲན་གྱིས་ཚར་གཅིག་བཀླགས་ཟིན། ཚིག་སྦྱོར་དང་དེབ་ཀྱི་མདུན་རྒྱབ་ཀྱི་སྤུས་ཀ་སོགས་གང་ཐད་ནས་ལེགས་པོ་འདུག་སྙམ་པའི་ཚོར་སྣང་དང་དེབ་གཞན་གཉིས་ད་དུང་ཀློག་མ་ཚར་བས་བཟང་ངན་གྱི་སྐད་ཆ་བཤད་འདོད་མེད།

ཕྲན་རང་ཉིད་ལ་མཚོན་ན་རེ་མདོ་སེང་གེ་ལགས་ཀྱིས་བརྩམས་པའི་བོད་ཀྱི་ཤེས་ཡོན་ལམ་ལུགས་དང་སྲིད་བྱུས་ཞེས་པའི་དཔེ་དེབ་དེ་ལ་རིན་ཐང་ཆེ་བར་མཐོང་བ་མ་ཟད་ཚར་གཅིག་བཀླགས་ནས་ད་དུང་ཀློག་འདོད་ཡོད། བོད་ཀྱི་ཤེས་ཡོན་སྲིད་བྱུས་ལ་འགན་འཁུར་མཁན་དང་དོ་སྣང་ཅན་ཚོས་ངེས་པར་ལྟ་དགོས་པར་མཐོང་། འོན་ཀྱང་ངས་སྐྱོན་མེད་ཀྱི་ལེགས་བཤད་རྨ་མེད་པ་ཞིག་རེད་ཟེར་བ་མིན་པར་ལེགས་ཆ་མང་བོ་འདུག་ཅེས་ཟེར་གི་ཡོད། མཁན་པོ་ཚུལ་ཁྲིམས་བློ་གྲོས་ཀྱི་གསུང་འབུམ་རིན་མེད་ཚོ་རིན་ཐང་ཡོད་མེད་མི་ཤེས། བདག་གིས་ཀྱང་རིན་མེད་དོ་སྙམ་ནས་ལག་ཏུ་ཨེ་ཡོང་གི་བསམ་བློ་བཏང་མེད། ཡིན་ནའང་། རྫ་ཚེ་རིང་བཀྲ་ཤིས་ཀྱིས་ཡི་གེར་ཕབ་པའི་མཁན་ཚུལ་བློའི་གསུང་བཤད་དུས་༼ཐོག་ཆར་པ༽་ཞེས་པ་ཕྲན་གྱིས་ལག་ཏུ་རག་སོང་ལ། དེའི་ནང་གི་ཚིག་སྦྱོར་སོགས་མི་ལེགས་ཀྱང་བོད་ཀྱི་གྲྭ་བཙུན་ཁག་ཅིག་དང་བོད་མི་ཞབས་འདྲེན་པ་རེ་ཟུང་གི་སྤྱོད་ངན་ཐེར་འདོན་ལྟ་བུའི་བཀའ་སློབ་དག་གིས་ཕྲན་གྱི་ཡིད་སེམས་འཕྲོགས།

ཝཱཎ་མཐོ་སློབ་ཀྱི་སློབ་མ་ཚེ་རིང་བདེ་སྐྱིད་ཀྱིས་༼རྒྱང་རིང་གི་སྦྲ་ནག༽་ཅེས་པའི་སྙན་དེབ་ཅིག་བཏོན་འདུག ཕྲན་གྱིས་གཅིག་ཉོས་ཏེ་རགས་རིམ་ཞིག་བཀླགས་ཟིན། སློབ་མ་དང་རྩོམ་རིག་གི་ལམ་ཁུར་གསར་དུ་ཞུགས་པ་ཞིག་གི་ངོས་ཐད་ནས་ཧ་ཅང་བཟང་གི་འདོད་མོད། ཡང་རྩོམ་ཡིག་གི་ཚིག་སྦྱོར་དང་ནང་དོན་གྱི་ཐད་ནས་ད་དུང་དེབ་འདོན་རྒྱུ་སྔ་སོང་སྙམ་པའི་ཚོར་སྣང་སྐྱེས།

དུས་དེབ་སྐོར་ལས་༼ཅང་ཤེས་རྨིག་སྒྲ༽་དང་༼གང་གཱའི་བཞད་སྒྲ༽། ༼དུས་ཀྱི་ངུར་སྨྲིག་༽དང་༼ནགས་ལྷའི་སྒྲོན་མེ་༽སོགས་རེད

གང་ལྟར་འདི་དག་ནི་བོད་ཡིག་གི་སྟེང་ནས་བྲིས་པའི་སྐད་ཆ་དང་རྩོམ་ཡིག་ཡིན་པས་ད་ལོའི་རྡོ་གདན་གྱི་བོད་ཡིག་འདི་དར་ཆེ་གི་བསམ། ཡིན་ནའང་།གསར་བསྒྲགས་དང་གསར་ཤོག སྒེར་དེབ་དང་གཞུང་དེབ་སོགས་ཀྱི་སྟེང་དང་ནང་གི་ཡིག་ནོར་རིགས་ན་བོད་ཡིག་འདི་ལས་ངན་ཞིག་རེད་སྙམ་པ་དང་སྡང་སེམས་ཤིག་ཚོད་ཚོད་མེད་པར་སྐྱེས། རྡོ་གདན་གྱི་དུས་དབང་སྐབས་སུ་བོད་ཀྱི་དུས་བབ་དང་བང་ཆེན་ཟུང་གིས་གསུང་ཆོས་སྐབས་སུ་ཐེངས་ཁ་ཤས་ཤིག་ལ་ཚགས་པར་སྤེལ་བ་མཐོང་ན་བོད་ཡིག་འདི་ཧ་ཅང་གི་དར་བཞིན་པ་རེད་བསམ་པ་དང་། བོད་པ་ཚོ་ཡང་དེང་དུས་དང་འགྲོགས་ནས་ལམ་ལ་ཆས་འདུག་སྙམ།

ད་དུང་ལག་འཕྲིན་ཁ་པར་ཕལ་ཆེ་བའི་ནང་དུ་བོད་ཡིག་ཡོད་པ་དང་རྡོ་གདན་གསུང་ཆོས་ཀྱི་སྐབས་སུ་ཡང་ངོ་དེབ་དང་ཟིན་བྲིས་སོགས་སུ་བོད་ཡིག་གི་ལམ་ནས་གནས་ཚུལ་མང་བོ་སྤེལ་བཞིན་པ་མཐོང་ན་བོད་ཡིག་འདི་དང་ལྷག་པར་ད་ལོའི་རྡོ་གདན་གྱི་བོད་ཡིག་འདི་ཁྱབ་ཆེ་གི་བསམ་སྟེ་དགའ་ནས་ཡོད། འདི་ནི་ངོ་སྤྲོད་ཙམ་ལས་ཚིག་སྦྱོར་དང་ཕྱོགས་གང་ཐད་ནས་ཡིད་ཚིམས་པ་ཞིག་བདག་གིས་འཇོན་མེད། གང་ལྟར་དོ་སྣང་ཅན་གྱི་རྩོམ་པ་པོ་དང་ཀློག་པ་པོ་ཚོ་ལ་ཁ་བརྡ་དང་ཡང་ན་ཁྱེད་ཅག་ལ་རྩོམ་ཡིག་གི་རྒྱུ་ཆ་ཙམ་གྱི་ཕྱིར་ཏུ་བྲིས་པའོ།།

སྣ་ཚོགས།

Post navigation

Previous Post: ༄།། སྡུག་བསྔལ་གྱི་མཐར་ཐུག་ནི། སྙིང་སྟོབས་ཀྱི་རྩེ་མོ་ཡིན།
Next Post: བོད་པ་ཚོ། ཁོང་ཁྲོ་ཟ་ན་ག་རེ་བྱུང་སྲིད།

Comments (11) on “རྡོ་གདན་གྱི་ཚགས་པར་དང་དེབ།”

  1. ཀརྡོ་གཉེར་ཕྱག་པ་ says:
    2012-01-16 at 7:33 am

    ་་་་ པར་གྲངས་མང་བ་བཅས་ནི་ད་ཐེངས་ཀྱི་༼ཆང་ས་༽ཚགས་པར་རེད། ཆང་ས་ཚགས་པར་གྱི་པར་གྲངས་ནི་ལྔ་སྟོང་དང་མདུན་ངོས་ཀྱི་བཟོ་ལྟ་ནི་རྒྱ་གར་གྱི་གསར་ཤོག་དང་མཐུན་པར་བྱས་འདུག་པ་མ་ཟད། བོད་ཀྱི་མཛེས་མ་གཡང་མོ་འབོད་པ་ཞིག་གི་པར་ཆེན་པོ་ཞིག་མདུན་ངོས་སུ་བཞག་པ་དང་ཆེ་ཆུང་སྔོན་མའི་ངྷ་སའི་དུས་བབ་དང་མཚུངས། དེའི་ནང་དུ་བཟའ་ཚང་གཉེན་སྒྲིག་དང་བུད་མེད་ཀྱི་ཟླ་མཚན། བོད་ནང་གི་བུད་མེད་ཚོའི་དཀའ་ངལ་བཅས་རྒྱུན་ཤེས་གལ་ཆེན་ཁག་ཅིག་ཀྱང་སྤེལ་འདུག ཡིན་ནའང་། ཉོ་མཁན་གྱི་ཆ་ནས་གྲྭ་བཙུན་ཚོས་ཉོ་བར་སྟབས་མ་བདེ་བའི་དཀའ་ངལ་ཞིག་དང་། བོད་རིགས་བུད་མེད་དག་གིས་མིག་གིས་ལྐོག་ལྟ་རེ་བྱས་ནས་ཕལ་ཆེར་ཉོ་འདོད་ཡོད་ལྟ་བུའི་སྲོལ་སྟོན། གང་ལྟར་ཆང་ས་ཚགས་པར་སྔོན་གྱི་སྤྱི་ཚོགས་མེ་ལོང་ལྟར་ད་ལྟ་བོད་ཀྱི་ཀློག་པ་ཚོས་དགའ་བོ་བྱེད་ཀྱིན་འདུག ་་་་ཟེར།

  2. ཐུབ་པ། says:
    2012-01-16 at 8:48 am

    ༡་དེ་ནས་པེན་བོད་ཀྱི་རྩོམ་པ་པོའི་མཐུན་ཚོགས་ཀྱིས་བཙན་བྱོལ་བོད་མིའི་མི་ལོ་ལྔ་བཅུའི་སྙན་ངག་དང་དཔྱད་རྩོམ་ལེགས་ཤོས་རིགས་འདེམས་བསྒྲིགས་ཀྱིས་དེབ་གཉིས་བཏོན་འདུག་ལ་ཀུན་གྱིས་གདེང་འཇོག་དང་མཐོང་ཆེན་ལྟ་བུ་བྱེད་ཀྱིན་འདུག ལེགས་ཆ་མང་ལ་སྐྱོན་ཆ་ཡང་ཡོད་པ་ནི་ཆོས་ཉིད་ཡིན་པས་ལྡོག་ཐབས་མེད། འོན་ཀྱང་། ཡིག་གཟུགས་ཆུང་དྲགས་པའི་སྐྱོན་ནི་ཕྲན་གྱི་བསམ་འཆར་ཙམ་ཡིན། རྩོམ་ཡིག་གི་རིན་ཐང་ཐད་ནས་སྐད་ཆ་འགའ་རེ་ཡོད་ཀྱང་དེ་རིང་དེ་ཙམ་བྱ། མདོར་ན་དེ་ནི་ལས་དོན་རླབས་ཆེན་ཞིག་ཏུ་སེམས།
    རེད། འདི་སྒུལ་སྐྱོད་གསར་བ་ཞིག་རེད་ལ་དོན་སྙིང་ལྡན་པ་ཞིག་ཀྱང་རེད། འདི་ནི་བཙན་བྱོལ་བོད་ཀྱི་རྩོམ་རིག་གི་ལམ་ཚད་རྡོ་རིང་ལྟ་བུ་ཞིག་ཡིན་རྒྱུ་རེད། དེའི་ནང་ན་སྐྱོན་ཆའང་ཡོད་སྲིད་ལ་ཡོད་ཆོག་པ་ཞིག་རེད།
    ཕྱིའི་རྒྱལ་ཁབ་ཁག་ནས་ཀློག་ཉོ་བྱེད་ཐུབ་མིན་མི་ཤེས། མྱུར་ཏུ་མཇལ་ཐུབ་པའི་རེ་བ་རྒྱག་གིན་ཡོད།

    ༢
    ཝཱཎ་མཐོ་སློབ་ཀྱི་སློབ་མ་ཚེ་རིང་བདེ་སྐྱིད་ཀྱིས་༼རྒྱང་རིང་གི་སྦྲ་ནག༽་ཅེས་པའི་སྙན་དེབ་ཅིག་བཏོན་འདུག ཕྲན་གྱིས་གཅིག་ཉོས་ཏེ་རགས་རིམ་ཞིག་བཀླགས་ཟིན། སློབ་མ་དང་རྩོམ་རིག་གི་ལམ་ཁུར་གསར་དུ་ཞུགས་པ་ཞིག་གི་ངོས་ཐད་ནས་ཧ་ཅང་བཟང་གི་འདོད་མོད། ཡང་རྩོམ་ཡིག་གི་ཚིག་སྦྱོར་དང་ནང་དོན་གྱི་ཐད་ནས་ད་དུང་དེབ་འདོན་རྒྱུ་སྔ་སོང་སྙམ་པའི་ཚོར་སྣང་སྐྱེས།
    རེད། ཝ་ན་ཚང་ལ་འདི་ལྟ་བུ་རང་ཚོད་མི་ཟིན་པ་གང་མང་ཞིག་ཡོད་པ་མཐོང་སོགས། རང་ཉིད་ཀྱི་སྦྱང་དེབ་དང་རང་ཉིད་རེག་ཟིག་དེབ་ཏུ་འདོན་པའི་ལུངས་སྲོལ་འདི་བེ་རི་འཇིགས་མེད་དབང་རྒྱལ་ལས་བྱུང་བར་འདོད་ལ། འདི་ཡང་དེ་ལས་བྱུང་བའི་འབྲས་བུ་ཞིག་མིན་འགྲོ་བསམས།

  3. ཨ་ར་དཀར་པོ says:
    2012-01-16 at 10:25 am

    ངས་ཀྱང་རྡོར་གདན་གྱི་གནས་ཚུལ་ཞིག་བཤད་ན་འདོད། དེ་ཡང་མཆོད་རྟེན་ཕྱི་ལོགས་ཀྱི་གནས་ཚུལ་མ་ཡིན་པར་མཆོད་རྟེན་ནང་ལོགས་ཀྱི་གནས་ཚུལ་ཡིན། ཉིན་ཞིག་སྐོར་བ་འགྲོ་སྐབས་རྒྱ་གར་སྐོར་སྲུང་བ་ཞིག་གིས་གྲ་བ་ཆུང་ཆུང་ཞིག་འཇུས་འདུག ཕྱིས་སུ་གནས་ཚུལ་ཧ་གོ་དུས་མཆོད་རྟེན་ནང་ལོགས་ན་སློང་མོ་བྱེད་བཞིན་པའི་གྲ་བ་དེ་ཚོས་སློང་མོ་བྱས་ནས་ལོག་སྐབས་རྒྱ་གར་སྐོར་སྲུང་འགོ་བ་དེར་སྒོར་བཅུ་རེ་སྤྲོད་དགོས་པ་ཉིན་དེར་མ་སྤྲད་ནས་བྲོས་འགྲོ་རྩིས་བྱས་པ་རེད་ཟེར། དེ་ནས་བཟུང་ངས་ཀྱང་སྐོར་བར་འགྲོ་བཞིན་དོ་སྣང་མང་ཙམ་བྱས་པ་ཡིན། མཆོད་རྟེན་གཡས་ཟུར་གྱི་སྐོར་ལམ་འགྲམ་ན་གྲ་བ་སྐོར་ཞིག་བསྡད་འདུག་པ་དུས་རྒྱུན་ནས་མཐོང་རྒྱུ་འདུག གསུང་ཆོས་འགོ་མ་ཚུགས་སྔོན་ནས་བསྡད་འདུག་ལ་གསུང་ཆོས་ཚར་ནས་ད་དུང་ཡང་དེ་བཞིན་རང་འཇགས་བསྡད་འདུག དུས་རྒྱུན་སྔ་དགོང་གཉིས་ལ་ཁོ་ཚོར་ཇ་དང་བག་ལེབ་སྐྱེལ་མཁན་ཡང་འདུག རྗེས་མ་རྙིང་མའི་སྨོན་ལམ་མ་ཚར་བར་དུ་ཡོད་པ་རེད་ཟེར། ཐེངས་ཤིག་ངས་སྐོར་བ་བྱས་ནས་དེར་སླེབས་པ་དང་དེ་གར་ངལ་གསོ་བྱེད་བཞིན་པར་ཁ་ཤས་བརྒྱབ། ཁོ་ཚོའི་མདུན་ན་གྲ་རྒན་ལོ་ལྔ་བཅུ་ཡས་མས་ཅན་ཞིག་གིས་ལག་ཏུ་ཤོག་སྒོར་ཆགས་པ་ཞིག་བཟུང་ནས་འབུམ་དང་བཀའ་འགྱུར་ལྐོག་གི་ཡོད། ཞལ་འདེབས་གནང་རོགས། ་དགེ་འདུན་པ་ཚོར་ཇ་དང་བག་ལེབ་ཆེད་དུ་་་་ཞེས་སྐད་རྒྱག་གིན་འདུག་ལ་ཞལ་འདེབས་འབུལ་མཁན་ཡང་མང་པོ་འདུག ཕྱི་ཉིན་ཞོགས་པ་ང་སླར་ཡང་དེར་སླེབས་དུས་བླ་རྒན་དེས་སྔར་བཞིན་སྒོར་ཆགས་པ་ཞིག་ལག་ཏུ་བཙིར་ནས་འཁྲིས་ཀྱི་ཇ་ལྡུག་མཁན་བུད་མེད་དེར་འཛུམ་ཤིག་ཤིག་གིས་ལྟ་བཞིན་ངག་ནས་ཅི་ཞིག་སྐྱོར་བཞིན་པ་དང་་བུད་མེད་དེས་ཀྱང་ཁོར་བལྟས་ཏེ་ཧབ་ཆ་བྱེད་བཞིན་འདུག་པས་ང་འགྲམ་དུ་བཅར་ནས་ཉན་པ་ཡིན། གྲ་བ་འདི་ཚོ་ཚང་མ་ངའི་འོག་ལ་རེད། ཁོ་ཚོ་ངས་ག་རེ་བྱས་བྱས་རེད། ཚང་མ་ང་འདྲ་བོ་རྩ་མ་ཚང་རྒྱུ་རྐྱང་རྐྱང་རེད། ཅེས་གླུ་ལེན་པའི་ཟོལ་གྱིས་གདངས་དང་བཅས་སྐྱོར་བཞིན་འདུག རྒྱུས་ཡོད་ཅིག་གིས་བཤད་ན་ཁོས་ལོ་ཁ་ཤས་སྔོན་ནས་མཆོད་རྟེན་ཟུར་དེར་ས་གླ་སྤྲད་དེ་གྲ་འཁྱམ་དག་བསྡུས་ནས་དེ་ལྟར་ཡོང་འབབ་འཚོལ་བ་རེད་ཟེར། ཞལ་འདེབས་གང་འཚམ་བྱུང་དུས་ཁོས་གྲ་བ་ཚོར་སྐུ་འགྱེད་ཕྲན་བུ་རེ་འགྱེད་པ་དང་ཇ་དང་བག་ལེབ་ཀྱང་ཉིན་ལྟར་མངགས་ཀྱིན་ཡོད་འདུག དེ་མིན་ད་དུང་ཨ་མ་ལ་ཞིག་གིས་ཀྱང་སངས་རྒྱས་ཀྱི་ཡུམ་གྱི་སྐུ་འདྲ་བཞུགས་སའི་མཆོད་རྟེན་ཆུང་ཆུང་དེའི་མཐའ་འཁོར་གྱི་ས་ཉོས་ཤིང་གྲ་འཁྱམ་འགའ་རེ་གླས་ཏེ་ཡོང་འབབ་འཚོལ་བཞིན་ཡོད་སྐད་ཐོས་པས་པར་ཞིག་རྒྱག་དགོས་བསམས་མོད། ཨ་མ་ལ་དེ་ངོ་མ་ཤེས་པས་པར་རྒྱག་ཐུབ་མ་སོང་།

  4. ལྗང་སྨྱུག says:
    2012-01-16 at 11:24 am

    ཨ་རིག་དགེ་མཐོང་ལགས་ཀྱིས། ད་ལོའི་རྡོར་གདན་དུས་དབང་སྐབས་ཀྱི་རྩོམ་དེབ་དང་། ཚགས་པར། དུས་དེབ་སོགས་ཀྱི་སྐོར་ངོ་སྤྲོད་ཡག་པོ་གནང་སོང་། ང་ཡང་དེར་སླེབས་ཏེ་དེབ་དང་ཚགས་པར་དུས་དེབ་སོགས་ཀྱི་ཚོང་རར་འགྲིམས་བཞིན་པའི་ཚོར་ཞིག་སྟེར་སོང་། ཐུགས་རྗེ་ཆེ།

  5. ཆོས་འཕེལ་དར་རྒྱས་ says:
    2012-01-16 at 2:26 pm

    ༄། དུས་དབང་ལ་ཆོས་མི་ཞུ་བར་ངན་མྱུག་བཙག་ནས་བསྡད་པ་འདྲ།

  6. བཙན་བྱོལ་བ་ says:
    2012-01-16 at 4:41 pm

    དུས་དབང་ནི་ངོ་མ་བོད་རིགས་མི་མང་འདུ་འཛོམས་ཆེ་ཤོས་ཀྱི་སྐབས་ཞིག་ཡིན། དེའི་སྐབས་སུ་རིགས་འདྲ་མིན་འདུ་ཀྱིན་ཡོད། ཆོས་རྣམ་དག་ཞུ་བློ་ཡོད་རིགས་དང་གསུང་ཆོས་ཁ་ལ་བཟུང་ནས་ཚོང་རྒྱག་མཁན་རིགས། ཡང་། ༸གོང་ས་མཆོག་ཞལ་མཇལ་དུ་ཡོང་མཁན་གྱི་རིགས་དང་། ༸གོང་ས་མཆོག་དང་བོད་རིགས་ཀྱི་སྐོར་ལ་མྱུལ་མ་བྱེད་མཁན་སོགས་སྣ་ཚོགས་འདུག གང་ལྟར་ག་རེ་བཤད་རུང་། མི་གྲངས་ནི་ཧ་ཅང་མང་ཆེས་ནས་གུར་གྱི་ནང་དུ་མ་ཤོང་བར་ཕྱི་ནང་དང་སྲང་ལམ་གང་སར་ཆོས་ཞུ་བ་ཁེངས་ནས་འདུག གསུང་ཆོས་གོ་སྒྲིག་ཚོགས་ཆུང་གི་གྲ་འགྲིག་གི་ཐད་ལ་མ་འོངས་པར་འཆར་གཞི་དང་ལྡན་པའི་སྒོ་ནས་ཕྱག་ལས་གནང་དགོས་པར་མཐོང་། དེ་མིན་མིང་ཙམ་འཁུར་ནས་མི་མང་གི་བདེ་སྡུག་ལ་བསམ་མནོ་མ་གཏང་ན་མི་རུང་བ་ཡིན།

  7. ལྷོ་པ་ལུང་རིགས། says:
    2012-01-16 at 5:05 pm

    རྩོམ་པ་པོའི་མཐུན་ཚོགས་ཀྱིས་བསྒྲིགས་པའི་དེབ་དེ་མཐོང་སོང་། ཐོག་མར་དཀར་ཆག་ལ་ཞིབ་བལྟ་ཞིག་བྱས་པ་ཡིན། རྒན་རབས་པའི་གྲས་གྲགས་ཆེ་བ་བར་ཞི་ཕན་དབང་། ཞེ་བོ་བློ་བཟང་དར་རྒྱས་དང་། བྲག་མཐོན་བྱམས་པ་རྒྱལ་མཚན། རི་འབུར་སྤྲུལ་སྐུ། གདོང་ཐོག་རིན་པོ་ཆེ། ནམ་མཁའི་ནོར་བུ། འགོད་པདྨ་རྒྱལ་མཚན། ཨ་ཅ་རྱ་བློ་བཟང་རྒྱལ་མཚན། བཀྲ་ཤིས་ཚེ་རིང་། མཁར་རྨེའི་བསམ་གཏན། ཚེ་རིང་དབང་ཕྱུག རི་ཁ་བློ་བསྟན། སྐུ་ངོ་བྱམས་བསྟན་སོགས་མང་པོ་ཞིག་གི་མཚན་ཙམ་ཡང་མི་འདུག དེ་ལ་བལྟས་ན། མིང་དོན་གཉིས་ལྡན་དག་མ་ཚང་བའི་ཚོར་བ་ཞིག་སྟེར།

    སྐུ་ངོ་ཞྭ་སྒབ་པའི་རྩོམ་༼འཁྱོག་བཤད་ཀྱི་རྣག་ཁྲག་འབྱིན་བྱེད་བདེན་པའི་གཙགས་བུ༽ཞེས་པ་དེ་ཁྱད་མཚར་པོ་ཞིག་བསྒྲིག་འདུག ངས་ཁྱད་མཚར་པོ་བསྒྲིག་འདུག་ཟེར་བ་ནི།

    ཤོག་ངོས་ ༦ པ་ན། ༼ཁྱེད་རང་ངལ་བ་དང༌། ངོ་ཚ་བའི་རྒྱུ་ལས། སུས་ཀྱང་མགོ་བོ་རྨོངས་ཀྱི་མ་རེད། ཡང་ན། ཁྲི་སྐོར་བཅུ་གསུམ་ས་སྐྱར་ཕུལ། དེ་ནས་ཚུར་བླངས། ཡང་རྗེས་སུ་ཕུལ་བའི་ཁུངས་སྐྱེལ་ཞིག་ཁྱེད་ལ་བྱེད་རྒྱུ་ཡོད་ན་ངེས་པར་ཁུངས་སྐྱེལ་གསལ་བཤད་ཡག་པོ་ཞིག་བྱེད་རོགས། དེས་མ་ཚད་ཡང་ཁྱེད་ཀྱིས་”དབང་ཆ་ལྡན་ཡོད་པ་དེས་ཏག་ཏག་བོད་འདི་ཡོན་རྒྱལ་རབས་ཀྱི་མངའ་རིས་སུ་གཏོགས་ཟིན་པ་ར་སྤྲོད་བྱས་པ་མ་རེད་དམ།”ཞེས་པ་འདིར་ངས་གོང་དུ་ཐེངས་མང་པོ་མཛུབ་སྟོན་བྱས་ཡོད་པ་ལྟར། ས་སྐྱ་པར་ཆོལ་ཁ་གསུམ་ཕུལ་བའི་དུས་དེར་ཀུབ་ལའི་ཁཱང་ཡོན་གྱི་གོ་མིང་བླངས་ཡོད་པའི་ར་སྤྲོད་ཀྱང་ཆབས་ཅིག་དགོས་ཀྱི་འདུག དེ་མིན་མཛུབ་མོ་རི་སྟོན་བྱས་པས་སུ་ཡང་མགོ་འཁོར་ཐུབ་ཀྱི་མ་རེད། དེ་ལ་འདི་སྐད་ཅེས་བརྗོད་པ་བྱ་སྟེ། ལྐུག་པས་སྤྱང་སྤྱོད་བྱས་ན། མངོན་ཚན་གཞན་ལས་དོད་པ་ཞེས་པའི་ཁ་དཔེ་དང་ཆེས་མཚུངས་པ་ཞིག་རེད།༽ ཅེས་ཚིག་དུམ་ཅིག་ཡོད་པ་དེ། ཤོག་ངོས་དེ་ག་རང་གི་གཤམ་ནས་ཡར་རྩིས་པའི་ཡིག་ཕྲེང་ ༢ ན་༼་་་་་་་་དེ་དག་ས་སྐྱ་པས་མཚམས་བཅད་པས༽ཞེས་པའི་ཚིག་མཇུག་གཏན་མེད་བྱས་ཏེ། དེའི་ཚབ་ལ༼ཁྱེད་རང་ངལ་བ་དང༌། ངོ་ཚ་བའི་རྒྱུ་ལས། སུས་ཀྱང་མགོ་བོ་རྨོངས་ཀྱི་མ་རེད། ཡང་ན། ཁྲི་སྐོར་བཅུ་གསུམ་ས་སྐྱར་ཕུལ། དེ་ནས་ཚུར་བླངས། ཡང་རྗེས་སུ་ཕུལ་བའི་ཁུངས་སྐྱེལ་ཞིག་ཁྱེད་ལ་བྱེད་རྒྱུ་ཡོད་ན་ངེས་པར་ཁུངས་སྐྱེལ་གསལ་བཤད་ཡག་པོ་ཞིག་བྱེད་རོགས། དེས་མ་ཚད་ཡང་ཁྱེད་ཀྱིས་”དབང་ཆ་ལྡན་ཡོད་པ་དེས་ཏག་ཏག་བོད་འདི་ཡོན་རྒྱལ་རབས་ཀྱི་མངའ་རིས་སུ་གཏོགས་ཟིན་པ་ར་སྤྲོད་བྱས་པ་མ་རེད་དམ།”ཞེས་པ་འདིར་ངས་གོང་དུ་ཐེངས་མང་པོ་མཛུབ་སྟོན་བྱས་ཡོད་པ་ལྟར། ས་སྐྱ་པར་ཆོལ་ཁ་གསུམ་ཕུལ་བའི་དུས་དེར་ཀུབ་ལའི་ཁཱང་ཡོན་གྱི་གོ་མིང་བླངས་ཡོད་པའི་ར་སྤྲོད་ཀྱང་ཆབས་ཅིག་དགོས་ཀྱི་འདུག དེ་མིན་མཛུབ་མོ་རི་སྟོན་བྱས་པས་སུ་ཡང་མགོ་འཁོར་ཐུབ་ཀྱི་མ་རེད། དེ་ལ་འདི་སྐད་ཅེས་བརྗོད་པ་བྱ་སྟེ། ལྐུག་པས་སྤྱང་སྤྱོད་བྱས་ན། མངོན་ཚན་གཞན་ལས་དོད་པ་ཞེས་པའི་ཁ་དཔེ་དང་ཆེས་མཚུངས་པ་ཞིག་རེད།༽ཅེས་ཤོག་ངོས་ ༧ པའི་སྟོད་དུ་འབྲེལ་མེད་དུ་བཀོད་འདུག་པ་ལ་ཟེར་གྱི་ཡོད། དེ་ནས་དེའི་མན་ཆད་ཀྱི་རྩོམ་ཡིག་དེ་ཚོའང་དེ་འདྲ་བྱས་ནས་བསྒྲིག་ཡོད་ལས་ཆེ་སྙམ་ནས་ཀློག་པའི་ངལ་བ་མ་བྱས།

    དཀར་ཆག་ནང་ལ་བལྟས་པ་ཡིན་ན། དགོས་རྒྱུ་འཛོམས་རྒྱུ་མང་པོ་ཞིག་ཆད་འདུག ལྷག་འདུག ཚད་ལྡན་མིན་པ་མང་པོ་ཞིག་འཚང་ཁ་བྱས་ནས་བཀོད་འདུག

  8. ཐུབ་པ། says:
    2012-01-16 at 5:17 pm

    ཞེ་བོ་བློ་བཟང་དར་རྒྱས་དང་། བྲག་མཐོན་བྱམས་པ་རྒྱལ་མཚན། རི་འབུར་སྤྲུལ་སྐུ། གདོང་ཐོག་རིན་པོ་ཆེ། ནམ་མཁའི་ནོར་བུ། འགོད་པདྨ་རྒྱལ་མཚན། ཨ་ཅ་རྱ་བློ་བཟང་རྒྱལ་མཚན། བཀྲ་ཤིས་ཚེ་རིང་། མཁར་རྨེའི་བསམ་གཏན། ཚེ་རིང་དབང་ཕྱུག རི་ཁ་བློ་བསྟན། སྐུ་ངོ་བྱམས་བསྟན་
    གདོང་ཐོག་གི་རྩོམ་ཅིག་འདུག་འདི་ལྷོ་པའི་མིག་ཞར་སོང་བ་ལན་པ་རེད། རང་ཉིད་ནང་དུ་མ་ཚུད་པས་ཕྲག་དོག་དང་སྐོ་ལོང་བྱེད་ཀྱིན་ཡོད་དམ།
    རང་ཉིད་ཀྱིས་རང་ཉིད་ལ་འགོས་ལོ་བཞི་བར་འབོད་པ་དེ་དང་རི་ཁ་བློ་བསྟན་སོགས་ལག་རྡུམ་རེད།
    པདྨ་རྒྱལ་མཚན་ཟེར་བ་དེས་ཅི་ཡང་འབྲི་མི་ཤེས། ད་རེབ་ཀྱི་དེབ་འདི་རྩོམ་ཡིག་འགོད་ས་ཅིག་ལས་གཏམ་བཤད་བཤད་ས་ཞིག་མ་རེད། གཏམ་བཤད་བཤད་སའི་སྡིངས་ཆ་རེ་ཡོད་ན་ཝ་ནའི་སྐྱག་ཕྲུག་དེ་ཚོས་ཐོ་ཅོ་སྒྲོག་ངེས་ཡིན།

  9. ཨ་རུ་རྣམ་རྒྱལ says:
    2012-01-17 at 5:58 am

    རྒྱབ་བསྐྱོར་ཡོད།

  10. བོད་ཡིག་སྐྱབས། says:
    2012-01-17 at 10:18 am

    བོད་ཡིག་གི་དེབ་ཅི་ཙམ་གྱིས་མང་ན་དེ་ཙམ་གྱིས་བོད་རིག་པ་དང་བོད་རིགས་ཀྱི་ལ་རྒྱ་ངོ་མ་དེ་མཚོན་ཐུབ། རྗེས་སུ་ཡི་རང་ཞུ།

  11. བོད་ལ་ཞེན། says:
    2012-01-18 at 7:34 am

    ཚགས་པར་འདོན་ཐེངས་མང་དུ་བཏང་བ་དང་སྐབས་ཐོག་གི་གནས་ཚུལ་སྤེལ་བ་སོགས་ལེགས་ཆ་མང་ཡང་ཟ་ཁང་དེ་ཚོ་དང་མཉམ་དུ་ཚགས་རིན་ཡང་ཆེ་རུ་བཏང་བ་ནི་སྐྱོན་ཆ་ཞིག་རེད་སྙམ། ཚགས་པར་ལས་ཁུངས་ནི་མིང་ཡོད་པའི་ཚོགས་པ་ཞིག་ཡིན་པས་ཟ་ཁང་ནང་བཞིན་མི་མང་སར་གོང་སྤར་ན་ག་ལ་འགྲིག དཔེར་ན་མིང་གྲགས་ཅན་གྱི་བཟོ་གྲྭ་རྣམས་ཀྱི་ཅ་དངོས་ཀྱི་རིན་པ་གཏན་འབེབས་ཐོག་ཚུལ་མཐུན་དུ་འགྲོ་བ་ལས་མི་ཏོག་ཙམ་མང་དུ་འགྲོ་ན་ལམ་སེང་གོང་སྤར་བ་དང་ཏོག་ཙམ་ཉུང་དུ་འགྲོ་ན་ལམ་སེང་གོང་མར་ཅག་པ་དེ་འདྲ་ཨ་ཡོད་ན།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ།
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ།
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (98)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (77)
  • ཨེ་ལི་སི། (54)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (39)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ། (6)
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ། (4)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme