Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཨ་མེ་རི་ཁའི་གཞུང་ཚབ་ཁང་གི་ཤེལ་སྒོ་བཅག་ཉིན།

Posted on 2010-11-222010-11-22 By སྤོབས་པ་མཐའ་ཡས། 75 Comments on ཨ་མེ་རི་ཁའི་གཞུང་ཚབ་ཁང་གི་ཤེལ་སྒོ་བཅག་ཉིན།

སྤོབས་པ་མཐའ་ཡས།

གང་ལྟར་ཡང་གྲྭ་རྒན་སྟོད་འགག་སེར་པོ་ཅན་ཞིག་གིས་རྡི་ལི་གསར་པར་ཡོད་པའི་ཨ་མེ་རི་ཁའི་གཞུང་ཚབ་ཁང་གི་ཐོང་མཆན་འདྲི་རྩད་བྱ་སའི་སྒེའུ་ཁུང་གི་ཤེལ་ཁྲ་གཅིག་སིལ་བུར་བཏང་འདུག ལོ་དེ་ནི་རྒྱ་ནག་ཏུ་ཨོ་ལིམ་ཕིག་རྩེད་འགྲན་ཆེན་མོ་ཚུགས་ལོ་དང་བོད་ཆོལ་ཁ་གསུམ་གྱི་མི་མང་གི་བའི་ངོ་རྒོལ་ལ་དྲག་གནོན་ཐེབས་པའི་ལོ་དེ་རེད། ང་ནི་ནམ་ཡིན་ཡང་ལམ་འགྲོ་མེད་ས་ཞིག་ལ་སླེབས་འགྲོ་མཁན་ཞིག་ཡིན་སྟབས་ཉིན་དེར་ཡང་ངའི་གྲོགས་པོ་ཡིན་ཟེར་མཁན་ཞིག་ལ་ལམ་རོགས་བྱས་ནས་ཨ་མེ་རི་ཁའི་གཞུང་ཚབ་ཁང་ལ་སོང་། རྡི་ལིགསར་པའི་ཤན་ཏི་པ་ཏི ཅ་ནག་ཡ་པུ་རི་ན་ཡོད་པའི་ཨ་མེ་རི་ཁའི་གཞུང་ཚབ་ཁང་ནི་རྒྱ་གར་བ་བརྒྱ་ཕྲག་ཁ་ཤས་ཤིག་གིས་འཚངས་ཁ་ཤིག་ཤིག་ཡིན་ཐོག་བོད་མི་དང་ནུབ་ཕྱོགས་པའི་བཟོ་ལྟ་ཅན་ཡང་མི་ཉུང་བ་མཐོང་རྒྱུ་འདུག
ལག་ཁྱེར་སྤྱན་འབུལ་དང་མཛུབ་རིས་དཔར་ཉར་སོགས་བརྟག་དཔྱད་ཀྱི་རིམ་པ་དུ་མ་སོང་རྗེས་གཞི་ནས་ལས་ཁུངས་ངོ་མའི་ནང་དུ་སླེབས་ཐུབ་པ་བྱུང་། ངེད་གཉིས་ཐོང་མཆན་ལས་ཁུངས་ཀྱི་སྒེའུ་ཁུང་རྩར་འབྱོར་སྐབས་ལས་སྣེ་བ་དེ་ལ་ངའི་གྲོགས་པོའི་ཡིག་ཆ་ཚང་མ་སྤྱན་འབུལ་ཞུས། ལས་སྣེ་རྒྱ་གར་བ་བུད་མེད་དེས་ཡིག་ཆ་དེ་ཚོ་རེ་རེ་བཞིན་རགས་ལྟ་ཞིག་བྱས་རྗེས་ཡིག་ཆ་ཁ་ཤས་ཤིག་གི་པར་སློག་ཉར་དགོས་པ་དང་ལ་ལ་ཞིག་ལ་དྲུང་ཆེའི་མཚན་རྟགས་རྒྱག་དགོས་སྟབས་ཉིན་གུང་རྒྱབ་ཆུ་ཚོད་བཞི་དང་ཕྱེད་ཀྱི་སྟེང་ལ་ལེན་དུ་ཤོག་ཟེར། ངེད་གཉིས་ཕྱི་རོལ་དུ་འཁྱམས་ཉུལ་གྱི་བཟོ་ལྟ་བུར་དུས་ཚོད་སྐྱེལ་ཆེད་དུ་སོང་། ཆུ་ཚོད་བཞི་པ་མ་ཟིན་ཙམ་ལ་སླར་ཡང་གཞུང་ཚབ་ཁང་གི་སྒོ་དྲུང་དུ་འབྱོར་ནས་ལག་ཁྱེར་སྤྱན་འབུལ་དང་མཛུབ་རིས་དཔར་ཉར་སོགས་བརྟག་དཔྱད་ཀྱི་རིམ་པ་ཚང་མ་བྱེད་མགོ་ཚུགས། ངེད་གཉིས་ཀྱི་སྔུན་དུ་མིའི་གྲལ་ཕྲེང་རིང་པོ་ཞིག་ཡོད་སྟབས་ཆུ་ཚོད་ཕྱེད་ལ་ངེད་གཉིས་ཐོང་མཆན་ལས་ཁུངས་ལ་འབྱོར་ཐུབ་མིན་གྱི་སེམས་ཁྲལ་ཞིག་ཀྱང་སླེབས། ཏག་ཏག་ངེད་གཉིས་མཛུབ་རིས་དཔར་ཉར་བྱ་སར་སླེབས་སྐབས་ཁྱད་མཚར་བ་ཞིག་ལ་གཡས་གཡོན་གྱི་མི་ཚང་མ་འུར་ཆིལ་ལེར་སོང་། ངེད་གཉིས་ཡོད་ས་དེ་ནས་ཤེལ་སྒོ་བརྒྱུད་ནས་ལས་ཁུངས་ལྟེ་བ་དེ་ཅུང་ཟད་ཅིག་མཐོང་གིན་འདུག ལས་ཁུངས་ནང་གི་མི་ཚང་མ་ཡང་ཟང་ཟིང་ལང་ལོང་འདྲ་ཞིག་ཏུ་གྱུར་སོང་། ཚང་མས་རྐེ་བསྲིངས་ནས་སྦུགས་ཤིག་ལ་ཡར་ལྟ་བཞིན་པ་མཐོང་བ་ཙམ་ལས་ངེད་གཉིས་ཡོད་ས་དེ་ནས་གསལ་བོ་གང་ཡང་མཐོང་ཐུབ་ཀྱི་མི་འདུག
སྐབས་དེར་མི་ཚང་མས་རྐེ་བསྲིངས་མིག་ཅེར་ནས་བལྟས་ཡོད་སའི་ས་མིག་དེ་ནས་མར་མི་ཁ་ཤས་ཤིག་ཐོན་བྱུང་། བོད་པའི་གྲྭ་བའི་ཆས་གྱོན་མཁན་རེ་གཉིས་ཀྱང་འདུག མི་སྐྱའི་ཆས་ཅན་རེ་ཟུང་ཡང་འདུག གང་ལྟར་མི་ཚང་མས་ཁོང་ཚོ་མིག་འདེད་བྱེད་ཀྱིན་འདུག མི་ཚང་མའི་ལྟ་སྟངས་ལ་ཧ་ལས་པའི་ཉམས་ཤིག་འདུག ཡག་པོ་ཞིག་མ་བྱུང་བ་ཤེས་ནུས་པ་ཙམ་རེད།
ཡིན་ན་ཡང་མར་ཐོན་ཡོང་མཁན་གྱི་མི་དེ་ཚོས་ཉམས་སྣང་གང་ཡང་མེད་མདོག་གིས་ཡོང་གིན་འདུག ལས་ཁུངས་ལྟེ་བ་དང་མཛུབ་རིས་ཉར་ས་དེའི་བར་ན་ཤེལ་སྒོ་ཞིག་ཡོད་པ་དེ་འཕུད་རྒྱག་གིས་ཕྱེ་ནས་ངེད་ཚོའི་རྩར་སླེབས་བྱུང་། ཞིབ་ཏུ་ལྟ་སྐབས་ཁོང་ཚོ་ཡང་བྲེལ་སྟབས་དང་འཚུབ་ཆའི་ངང་ནས་ཡོང་གིན་འདུག ངས་ཁོང་ཚོ་བོད་མི་ཡིན་པ་ཤེས་རྗེས་ག་རེ་བྱུང་མིན་གྱི་སྐད་ཆ་ཞིག་འདྲི་དགོས་བསམ་ཡང་ཁོང་ཚོ་བྲེལ་བའི་སྒོ་ནས་གཡས་གཡོན་གང་ལ་ཡང་མི་ལྟ་བར་གཞུང་སྒོ་ལ་གཏད་ནས་གཤར་སོང་སྟབས་སྐད་ཆ་འདྲི་བའི་གོ་སྐབས་ཤིག་མི་འདུག དགེ་བཤེས་ཤིག་ཡིན་ནམ་སྙམ་པའི་མགོ་གཙོ་ལྟ་བུའི་གྲྭ་རྒན་སྟོད་འགག་སེར་པོ་ཅན་དེའི་གདོང་ལ་ཁྲོས་ཉམས་དང་འཇིགས་ཉམས་གང་ཡིན་མི་ཤེས་པའི་བཟོ་ལྟ་ཞིག་མངོན་ཐོག་བཅོས་མའི་འཛུམ་ལྟ་བུ་ཞིག་སྟོན་ཞོར་ལ་རོགས་པ་དེ་ཚོར་སྐད་ཆ་ཐར་ཐོར་ཞིག་ཤོད་ཀྱིན་ཕྱིན་སོང་།
“ཁོ་ཚོ་སྐྱག་པ་རེད། ཁོ་ཚོས་ག་རེ་བྱེད་ཐུབ། ང་ཡང་ཨ་མེ་རི་ཁའི་མི་སེར་རེད་པ།”
ངས་གོང་གི་ཚིག་འབྲུ་དེ་ཙམ་ཐོས་སོང་།
སྐབས་དེར་རྒྱ་གར་བ་ཉེན་རྟོག་མི་སྣའི་ཆས་ཅན་ཁ་ཤས་ཤིག་ཀྱང་ཡར་རྒྱུག་མར་རྒྱུག་བྱེད་ཀྱིན་འདུག ལས་སྣེ་བ་ཚོས་ལས་ཁུངས་ལྟེ་བའི་ནང་དུ་ལས་ཀ་མཚམས་འཇོག་བྱ་རྒྱུ་ཡིན་པས་ལས་ཀ་མ་ཚར་མཁན་ཚང་མ་སང་ཉིན་ཡོང་དགོས་ཟེར།
གང་ནས་སླེབས་མིན་མ་ཤེས་མོད་དབྱིན་རྒན་ལོ་ན་དྲུག་ཅུ་ཡས་མས་སུ་སོན་ཡོད་དམ་སྙམ་པ་ཞིག་གིས་ཁོང་ཁྲོའི་ངང་ནས་སྐད་ཆེན་པོས་”ཁྱོད་ཚོ་ཚང་མ་སང་ཉིན་ཡོང་རོགས། ངེད་ཚོ་འདིར་བདེ་འཇགས་མི་འདུག མི་འདི་ཚོ་སྐྱབས་བཅོལ་བ་ཡིན་ཟེར་ནས་འཛམ་གླིང་གང་སར་ཞལ་འདེབས་བསྡུ་གི་ཡོད་རེད། ནང་པ་སངས་རྒྱས་པའི་གྲྭ་བ་ཡིན་ཟེར་གྱིན་ཡོད་རེད། ཏཱ་ལའི་བླ་མའི་ལས་ཁུངས་ཀྱི་རྒྱབ་གཉེར་བཟུང་འདུག མི་འདི་ཚོས་ངེད་ཚོའི་ལས་ཁུངས་ལ་གཏོར་བཅོམ་བྱེད་ཀྱིན་འདུག དེ་རིང་ལས་ཀ་མཚམས་འཇོག་དགོས་བྱུང་སོང་། ཚང་མ་སང་ཉིན་ཡོང་རོགས།” ཟེར།
སྐབས་དེར་ངེད་ཚོ་དང་མཉམ་དུ་ཡོད་པའི་དབྱིན་ཇིའི་བུད་མེད་གཉིས་མི་རྒན་བཀའ་བཀྱོན་གཏོང་མཁན་དེའི་གདོང་དུ་བུད་ནས་ཁོ་མོ་གཉིས་ཀྱི་ལས་ཀ་དེ་ཉིན་དེ་རང་ལ་མ་བསྒྲུབས་ཐབས་མེད་ཡིན་ཚུལ་དང་ཡང་སྙིང་ལས་ཁུངས་ནང་ལ་ཉེན་ཚབ་ཆེན་པོ་ག་རེ་བྱུང་སོང་ཟེར་བ་ལྟ་བུའི་འདྲི་རྩད་དང་འཁང་ར་མང་པོ་ཞིག་བྱས་སོང་།
སྐབས་དེར་དབྱིན་རྒན་དེས་རྒྱ་གར་བ་ལས་བྱེད་ཅིག་ལ་བལྟས་ནས། “ཤེལ་སྒོ་ཆག་རོ་དེ་ཚོ་འདིར་ཁྱེར་ཤོག” ཟེར།
སྐར་མ་གཅིག་ཀྱང་མ་འགོར་བར་རྒྱ་གར་བ་ཕོ་གསར་དེས་གད་སྙིགས་བླུགས་སྣོད་ལྕགས་གཞོང་ཞིག་གི་ནང་ལ་ཤེལ་སྒོ་ཆག་རོ་ཆེ་ཆུང་དུམ་བུ་མང་པོ་ཞིག་བླུགས་ནས་སླེབས་སོང་། དབྱིན་རྒན་དེས་ལྕགས་གཞོང་ནང་གི་ཤེལ་ཆག་དེ་ཚོ་ང་ཚོ་ཚང་མ་ལ་བསྟན་ནས་བོད་ཀྱི་གྲྭ་བ་ཁ་ཤས་ཤིག་གིས་ཐོང་མཆན་ལས་བྱེད་པའི་འདྲི་རྩད་ལ་སྒུག་ལོངས་མ་ཐུབ་པར་བརྙས་དམོད་དང་བརྡེགས་འཚོགས་བྱེད་གྲབས་ཀྱིས་མདུན་གྱི་ཤེལ་སྒོ་བཅག་ཚུལ་འགྲེལ་བཤད་གསལ་ལ་ཞིབ་པ་ཞིག་བརྒྱབ་སོང་།
ལས་ཁུངས་ལྟེ་བའི་ནང་གི་མི་ཚང་མ་འཚངས་ཁ་ཤིག་ཤིག་གིས་ཕྱིར་སླེབས་བྱུང་། རྒྱ་གར་བ་བདེ་སྲུང་མི་སྣ་ཁ་ཤས་ཤིག་གིས་ངེད་ཚོ་ཚང་མ་འཕྲལ་དུ་ཕྱིར་ཐོན་དགོས་ལུགས་བཤད་སྟབས་ཚང་མ་ཕྱིན་ཐོན་དགོས་བྱུང་།
ངའི་གྲོགས་པོ་དང་ངེད་གཉིས་ནི་ཁོང་ཁྲོ་དང་ངོ་ཚ་འདྲེས་མ་ཞིག་གི་ངང་རང་རང་གིས་གོམ་པ་ཇི་ལྟར་འདོར་དགོས་པ་ཡང་མི་ཤེས་པའི་ཚོད་དུ་སླེབས་འདུག གཞུང་ཚབ་ཀྱི་ཕྱི་སྒོར་བུད་མ་ཐག་ཏུ་ཤར་རྒྱག་གིས་གླ་འཁོར་རྐང་གསུམ་མ་ཞིག་གི་ནང་ལ་འཛུལ།
གླ་འཁོར་ཁ་ལོ་བ་དེས་ཕལ་ཆེར་ངེད་གཉིས་གང་དུ་འགྲོ་དགོས་པ་དེ་ཤེས་ཀྱིན་འདུག ཁོས་ངེད་གཉིས་ལ་བལྟས་ནས། “མན་ཇུ་ནུ་ཀ་ཏྲི་ལ།” ཟེར།
ངེད་གཉིས་ཀྱང་གཞི་ནས་གཉིད་ལས་སད་པ་ལྟར། “ཡིན། ཡིན། མན་ཇུ་ནུ་ཀ་ཏྲི་ལ།” ཞེས་མཉམ་དུ་བརྗོད།
ངེད་གཉིས་ཞག་སྡོད་བྱ་ཡུལ་ཞི་བདེ་མགྲོན་ཁང་གསར་པར་སླེབས་སྐབས་ཐང་ཆད་ཡོད་ཐོག་ཉིན་དེར་མི་མཐོང་དགུ་མཐོང་བླ་མས་ཤེལ་ཁྲ་བཅག་པ་མཐོང་བ་དེས་སེམས་ཁམས་ཀྱང་ཟང་ཟིང་ཞིག་བཟོས་འདུག ཞོགས་པ་ངེད་གཉིས་ལམ་ལ་ཞུགས་སྐབས་ངས་ནང་གྱོན་དཀར་པོ་གསར་རྐྱང་ཞིག་གྱོན་ཡོད་མོད་ཕྱི་དྲོ་ཕྱིར་འབྱོར་སྐབས་དུད་དྲེགས་དང་༎ རྔུལ་ནག་དང་། ཐལ་རྡུལ་ནག་པོས་གོས་ནས་བཀྲུས་ཀྱང་མི་དག་པའི་ཚོད་དུ་སླེབས་འདུག ཨ་ཁ།

བརྩམས་སྒྲུང་།

Post navigation

Previous Post: ཚོར་བའི་སྐད་ཆ།
Next Post: བོད་མི་ཚོས་ཞིབ་ཚགས་པོ་དང་གཏིང་ཟབ་མོ་བལྟ་བའི་དུས་རེད།

Comments (75) on “ཨ་མེ་རི་ཁའི་གཞུང་ཚབ་ཁང་གི་ཤེལ་སྒོ་བཅག་ཉིན།”

  1. རིག་འབྱུང་རྒྱ་མཚོ། says:
    2010-11-22 at 9:52 am

    ང་ཚོས་ཁ་ནས་དགེ་འདུན་དང་ནང་ཆོས། ཞི་བདེ་དང་དྲང་བདེན་ཟེར་ཡང་གདན་ས་ཁག་གིས་གནའ་བོ་ལྟར་དགེ་སྐོས་ཀྱིས་གྲྭ་ཚོར་བྱུག་པས་རྡུང་བརྡེགས་པ་མཐོང་ཚེ་ཕྱི་གླིང་བ་རྣམས་གཞི་ནས་གཉིད་སད་པ་ལྟར་ཧང་སང་བཞིན་ཡོད་ལ། སྐྱུག་དང་ཞེ་སྣང་གི་འཚོར་བ་ཞིག་གིས་འབྱུང་བཞིན་ཡོད་པ་གོ་མྱོང་དང་ཐུག་མྱོང་མང་དུ་ཡོད། དེ་འདྲའི་རྩོམ་ཡིག་མང་དུ་འབྲི་བ་ཐུགས་རྗེ་ཆེ། ཡག་པོ་འདུག

  2. ལ་སྟོད་བུ། says:
    2010-11-22 at 10:28 am

    ནང་པ་སངས་རྒྱས་པ་ང་ཚོས་ངེས་པར་དུ་དོ་སྣང་གནང་དགོས།
    ཁ་ནས་ཅིག་བཤད་ལག་ཏུ་གཞན་ཞིག་བླངས་ན་གནས་ཚུལ་འདི་ལས་ལྷག་དོན་མེད།
    དེ་བཞིན་ང་ཚོས་ཆོས་ལུགས་དང་མི་རིགས་ཕན་ཚུན་དབར་༧གོང་ས་༧མ་ཅོག་གིས་བཀའ་སློབ་ཡང་ཡང་གནང་དང་གནང་བཞིན་པ་ལྟར་ལག་ལེན་ཏུ་བཞུགས་དགོས་པ་ལས་ཆགས་སྡང་རྨོང་གསུམ་གྱིས་འདི་ལྟར་གནས་ཚུལ་ལྷག་དུས་ཕྱིས་ཚར་བ་རེད།

  3. ལྷ་སྨོན་པ། says:
    2010-11-22 at 10:55 am

    དེའི་སྐོར་གོ་སོང་། དགེ་བཤེས་དེའི་མིང་ཡང་གོ་སོང་མོད། སྐབས་དེ་དུས་ཧང་སངས་པ་ཙམ་ལས་ཡིག་ཐོག་ཏུ་མ་བྲིས་པས་ད་ལྟ་བརྗེད་ཚར་འདུག བླ་རྒན་དེ་ལ་ཆོས་ཚོགས་ཤིག་ཀྱང་ཡོད་འདུག དངོས་གནས་བྱས་ན་གནད་དོན་ཚོ་ནི་དངོས་བློ་ཕམ་དགོས་པ་ཞིག་རེད། དེའི་ལོ་ཁ་ཤས་ཀྱི་སྔོན་ལ་ཡང་ཨ་རིའི་གཞུང་ཚབ་ཀྱི་ཤེལ་སྒོ་བོད་པའི་བུད་མེད་ཅིག་གིས་བཅགས་པའི་ལོ་རྒྱུས་འདུག མ་འོངས་པར་ཨ་རིའི་གཞུང་ཚབ་ཀྱི་ཤེལ་སྒོ་རྡོ་ཕར་ཞོག མེ་མདས་བརྒྱབ་ཀྱང་མི་ཆོག་པ་ཞིག་བཟོ་དགོས་པ་འདྲ།

  4. བློ་གྲོས་མཐའ་ཡས། says:
    2010-11-22 at 11:15 am

    ཨ་རོགས་གྲོགས་པོ་སྤོབས་པ་ལགས།   ཁྱོད་འདི་འདྲེ་ཞིག་ཡིན་ནི་མིན་ནམ།   རྙོག་དྲ་ཆེ་རུ་ཆེ་ཚད་ཚང་མའི་ས་ལ་ཁྱོད་སླེབས་འདུག    གདན་ས་ཆེན་མོའི་དགེ་བཤེས་ལ་ཁ་མ་གཏོང་མ་གཏོགས།   ཁོང་ཚོའི་མིང་ལ་དགེ་བཤེས་ཟེར་ནི་རེད་ཡ།    དགེ་བཤེས།   དགེ་བཤེས། དགེ་བའི་བཤེས་གཉེན།

  5. མེ་ཏོག་དཀར་པོ། says:
    2010-11-22 at 11:20 am

    སྤོབས་པ་མཐའ་ཡས་ལགས། དངོས་གནས་སྙན་པོ་བྲིས་འདུག འདི་ཡང་ཁ་སང་གི་བརྗེད་མི་ཐུབ་པའི་མི་བསད་དོན་རྐྱེན་དེ་དང་འདྲ་བར་དངོས་བྱུང་ལ་གཞི་བྱས་ནས་སྨན་སྣ་བཏབ་ནས་བྲིས་པ་ཞིག་ཡིན་སྣང་།

    འདིའི་ལོ་རྒྱུས་ཀྱང་སྔོན་ནས་ཐོས་ཟིན་སོང་། སྤོབས་པས་འདི་ལྟ་བུ་མུ་མཐུད་བྲིས་ཤིག བྲིས་རོགས།

  6. ཀརྡོ་རབ་འབྱམས་པ་ says:
    2010-11-22 at 11:31 am

    སྤོབས་པ་མཐའ་ཡས་ལས། དྭོགས་སློང་མཐའ་ཡས་ཞེས། བཏགས་ན་རན་པ་འདུག ཨ་ཁ་བཀླགས་ཐལ་ཤོར་སོང་།

  7. ནོར་བུ says:
    2010-11-22 at 11:40 am

    དེའི་འདྲ་དགེ་བཤེས་་་་ཧའི་་

  8. ཐོན་མའི་བུ། says:
    2010-11-22 at 11:45 am

    རེད། རེད། འདི་འདྲའི་བོད་མི་རེ་ཟུང་གིས་བཟོས་པ་འདྲ། ད་ལྟའི་ཆར་ལྡི་ལི་ཨ་རིའི་དོན་གཅོད་ནས་ཐོང་འཆན་སྤྲད་པ་ཆེས་ཉུང་དུ་སོང་ཡོད་ལ། སྔར་ལྟར་ཨ་རིའི་ནང་གི་བོད་ཀྱི་ཆོས་ཚོང་ཁང་དག་གིས་མགྲོན་ཤོག་ཐབས་ཤེས་ཇི་ལྟར་བྱས་ཀྱང་། དེ་ཙམ་གྱིས་ཕན་ཐོགས་མེད་པ་ཞིག་ཆགས་ཡོད་འདུག སྤྱིར་ཐོང་མཆན་ད་ཐོང་མཆན་རེད་དེ། འཛམ་གླིང་མི་མང་གི་སྔོན་དུ་བོད་མི་ཁག་ཅིག་གིས་བོད་མིར་ཞབས་འདྲེན་ཞུས་དང་ཞུ་བཞིན་པ་འདི་ཆེས་ཐབས་སྐྱོ་བ་ཞིག་རེད།

  9. མེ་ཏོག་དཀར་པོ། says:
    2010-11-22 at 11:48 am

    ད་དུང་གཅིག་གིས་ཐོངས་མཆན་མ་རག་པས་ལས་བྱེད་ད་གའི་མདུན་དུ་ལག་ཁྱེར་སེར་པོ་དེ་དུམ་བུ་དུམ་བུར་ཧྲལ་ཏེ་བཏོར་སོང་ཟེར་བའི་ལོ་རྒྱུས་དམ་དུམ་ཞིག་ཐོས།

  10. འབུམ་དྲུག་ཚེ་རིང says:
    2010-11-22 at 1:27 pm

    གོང་གི་སྒྲུང་བཀླགས་རྗེས་ངས་ཀྱང་འདས་པའི་བྱུང་དོན་ཁ་ཤས་ཤིག་དྲན།

    ༩༨་ལོར་རེབ་གོང་མཐིལ་ན་སློབ་གཉེར་བྱེད་སྐབས་ཀྱི་གཟའ་ཉི་མའི་ཉིན་ཞིག རོང་བོ་བཞི་མདོ་ཡི་ཁང་ཆག་ཞིག་ནང་ཐེ་ཆིག་རྩེ་སྡོད་པའི་སྐབས། བོད་པ་དང་ཁ་ཆེ་ཕོ་གསར་བར་ཁ་རྩོད་དྲག་པོ་ཞིག་བྱུང་ནས། ཁ་ཆེ་བ་ཞིག་ནས་དེར་ཡོད་བོད་པའི་ཕོ་གསར་ཚོར ༼ཨ་མར་འཚགས་མཁན་ཁྱོད་ཚོ། བུ་ངར་ན་ད་ཐོན་ཤོག བྱ་དེ་གཙབས་གཙབས་མི་བྱེད་ན་ཅིག་བལྟ་ཞོག ༽་ཟེར་ནས་སྐད་ཅོར་བརྒྱབ་པ་ན། བོད་པའི་ཕོ་གསར་གཡག་རོ་འདྲ་བ་ཚོ་རྟོལ་ལི་ནང་བཞིན་སྐྲག་ནས་གང་ཡང་བྱེད་མི་ཐུབ་པར་སྡོད། སྐབས་དེར་ བོད་པའི་གྲྭ་བ་ཕོ་གསར་གཉིས་ནང་དུ་འཛུལ་ཡོང་ནས། ༼བོང་བུ་འཛགས་མཁན་ཁྱི་ལི་ཁྱོད་ཚོ་ག་རེ་ངར་ངར་རྫིག་རྫིག་བྱེད་ཀི་ཡོད། དེ་རིང་ཁྱོད་ཚོའི་ཁ་ནང་དུ་ཕག་ཤ་ཚིལ་ལི་བརྫོངས་མ་ཐུབ་ན་ཨ་མའི་བུ་མིན༽་ལབ་བཞིན་ཁ་ཆེ་བ་ཚོ་ཤ་ཉོག་རུས་ཉོག་བཟོས་ནས། ཕོ་གསར་གཡག་རོ་འདྲ་བ་ཚོ་ལ་མི་རིགས་ཀྱི་ཞབས་འདྲེན་རེད་ཟེར་ནས་གཤེ་གཤེ་གཏོང་བཞོན་ཐོན་སོང་། དེ་ནས་བཟུང་ཐེ་ཆིག་ཁང་གི་ཁ་ཆེ་ཚོ་འཇམ་ཇག་གེར་འགྲོ་སོང་།

    ༩༥་ལོར་རྒྱ་གར་དུ་འགྲོ་བསམ་ནས་ནང་གི་བྱུ་རི་སྐྱ་མ་གསུམ་བརྐུས་ནས་སྐུ་འབུམ་དུ་ཕྱིན། དེར་ཁ་ཆེ་ཕོ་གསར་ཁ་ཤས་ཀྱི་ལག་ཏུ་ཕམ་ཚོང་བྱས་ནས་ཤོར་མ་ཤོར་གྱི་བར་དེར།བདག་གི་ཕ་རྒན་ཡང་སླེབས། ཕ་རྒན་གྱིས་ཨ་ཧ་བོ་ན་ཧ་བོ་ཁྱོད་ཆི་མི་བྱི་ལི་བསམ་མེད་ཟིག འུ་ཚང་གི་མྱི་རིང་མྱི་རྒྱུད་ཀྱི་བྱི་རི་འདི་མོ་རྩ་ཆེན་ཟིག་སྒོར་རྡོག་ཁ་ཤས་ལ་བཙོང་ནི་ཞ་ཟིག་གང་ན་ཟེར་བཞིན། ཁ་ཆེ་དེ་ཚོའི་ལག་ནས་བྱི་རུ་ཚུར་ལེན་ཐབས་བྱས་པར། ཚུར་སློག་རྒྱུ་ཕར་བཞག་ཕ་རྒན་དང་ངེད་གཉིས་ལ་རོ་འདྲ་ཟིག་རྡུང་བའི་སྐབས། གྲྭ་བ་ཕོ་གསར་ཁྱུ་གཅིག་ཡོང་ནས། ཁ་ཆེ་དེ་ཚོ་ཞི་མིའི་སྔུན་གྱི་ཙི་ཙི་འདྲ་ཞིག་བཟོས་སོང་།

    ༩༩་ལོའི་དགུན་ཁ་གངས་བརྒྱུད་ནས་རྒྱ་གར་དུ་བྲོས་ཡོང་བའི་ཉིན་ཞིག། གངས་ཧ་ཅང་མཐུག་པོ་བབས། རླུང་ཆེན་པོ་ལྡང་ནས་མདུན་གྱི་འགྲོ་ལམ་ཡང་རིག་མི་རིག་བྱེད་ལ། སྐབས་དེར་ལོ་ན་ཅུང་རྒས་པའི་ཨ་མ་དེ་དབུགས་ཟད་ནས་རྗེས་སུ་ལུས། བར་སྐབས་ཤིག་ལ་གངས་ནང་དུ་ཟུག་ནས། ད་ཁྱེད་ཚོ་ཕེབས། ང་ཤི་བ་ལས་མི་འདུག་ཟེར་བཞིན་ང་ཚོའི་གཞུག་ལ་མིག་ཁྲུམ་ཁྲུམ་བྱེད་པའི་སྐབས། ཁ་ཤས་ཀྱིས། ད་འགྲོ སྒུག་ལོང་མི་འདུག ང་ཚོ་ཡང་གངས་ཀྱི་མནན་ས་རེད་ཟེར་བཞིན་ཐོན་འགྲོ་བའི་སྐབས། གྲྭ་བ་ཕོ་གསར་དེས། དཀོན་མཆོག་གསུམ སྙིང་རྗེ་ཟེར་བཞིན་ང་ཚོ་དང་ཁྲ་བྲལ་ནས་ཕྱིར་ཨ་མ་རྒན་མོ་དེ་སྐྱོབ་ཏུ་འགྲོ་སོང་།

  11. ཨོ་རིག says:
    2010-11-22 at 1:59 pm

    སྤོབ་པ་མཐའ་ཡས་ལགས།
    གཞུང་ཚབ་ཁང་གི་དབྱིན་རྒན་དེའི་སྐད་དེ་དོན་
    དངོས་དང་མཐུན་པོ་མི་འདུག
    ཁོའི་བོད་པའི་རྒྱུས་དེ་ང་ལས་ཆེ་བ།
    ཧ་ཧ་ཧ་ཧ།

  12. ཧོར་བུ་ཡེ་ཤེས says:
    2010-11-22 at 2:08 pm

    ང་རང་ཚོ་ལ་དགྲ་ཆེ་ཤོས་དེ་རྒྱ་སྤྲང་ཚང་རེད་མ་གཏོགས་ཨ་རི་བ་མ་རེད།ཨ་རི་བ་ནི་ང་ཚོ་ལ་འདས་དང་ད་ལྟ་གཉིས་ལ་རོགས་པ་ཅི་ཐུབ་བྱེད་མཁན་གྱི་རྒྱལ་ཁབ་ཅིག་རེད།སྤྱི་དེང་སང་སྤྱོད་ངན་བྱེད་མཁན་གྱི་བོད་མི་མང་པོ་འདུག་པའི་ཚང་མའི་ང་རང་ཚོ་སྐྱབས་བཅོལ་བ་ཡིན་པ་ཤེས་རྒྱུ་དང་།ད་ལྟ་སྐྱིད་པོ་གང་འཚམས་ཡོད་པ་དེ་རྒྱལ་བ་རིན་པོ་ཆེས་བཀའ་དྲིན་ཡིན་པ་ལས་སོ་སོས་འཇོན་པ་ཞིག་མིན་པ་ཤེས་པ་བྱེད་དེ་འགྲོ་འདུག་སྤྱོད་གསུམ་ལ་གང་གཟབ་གཟབ་བྱེདརྒྱུ་དེ་ཧ་ཅང་གི་གལ་ཆེན་པོ་ཞིག་རེད།ཅེས་་ངའི་བོད་ཀྱི་སྐྱ་སེར་ཕོ་མོ་ཡོངས་ལ་ཞུ།

  13. འབུམ་དྲུག་ཚེ་རིང says:
    2010-11-22 at 2:50 pm

    ཁ་རྒྱགས་པ་མ་བཤད། ཧ་ལས་རྒྱུ་ཅི་ཡོད།
    གྲྭ་བ་ཟེར་ན་སངས་རྒྱས་མ་རེད། སངས་རྒྱས་ཟེར་བའི་ལམ་ལ་ཚོད་བལྟ་བྱེད་མཁན་རེད། ཚོད་བལྟ་ལམ་འགྲོ་ཡོང་དང་མ་ཡོང་གཉིས་ཀ་ཡོད་རེད། བོད་པས་བྱས་ན་ཧང་སངས་མདོག་དང་། བོད་པ་མ་ཡིན་པ་ཞིག་གིས་བྱས་ན་ཡིན་ཤག་ཤག ཁྱད་མཚར་བོ།

  14. བོད། ལྷ་ཀླུ་གཉན་གསུམ། says:
    2010-11-22 at 3:18 pm

    སྤོབས་པ་མཐའ་ཡས་ལགས། གོ་དགོས་མཁན་ཚོས་མི་གོ་ཡ། གང་ལྟར། ཉིད་ནས་དངོས་ནས་སུན་འབྱིན་རང་ལུགས་ཀྱི་སྒྲུང་འདི་འདྲ་མུ་མཐུད་དུ་འབྲི་རོགས་ཞུ། དངོས་ནས་ཡག་པོ་འདུག

  15. བསེ་རུ། says:
    2010-11-22 at 3:26 pm

    བཅོས་སྒྲུང་དེ་ཚར་གཅིག་བཀླགས་པས་གཞུང་ཚབ་ཁང་དུ་མདུན་དུ་ཁྱོད་དང་ལྷན་དུ་ཡོད་པ་ལྟ་བུའི་ཚོར་སྣང་བྱུང་། འོན་ཀྱང་། ངེད་གཉིས་ཀ་སྐབས་དེར་མེད་སྟབས། ཁྱེད་རང་སྐྱག་རྫུན་མཁས་ཅན་ཞིག་རེད་འདུག་སྙམ་བྱུང་། ཧ་ཧ་ཧ།
    དངོས་གནས་རྟོག་བཏགས་ཙམ་མ་ཡིན་པར་དངོས་སྒྲུང་དེ་བཅོས་སྒྲུང་དུ་བསྒྱུར་ནས་ཀློག་པ་པོའི་ཡིད་ངོར་འཆར་ཐུབ་པ་ཞིག་བྲིས་འདུག།

    ད་ཚང་མས་དགེ་བཤེས་ལགས་ཁོང་བཞིན་གནང་ན། བོད་པ་ཟེར་བ་དེ་རླུང་རྟ་རིམ་པར་ཆགས་རྒྱུ་ཡིན་པ་ཉག་ཅིག་མ་རེད་དམ།

  16. མི་ says:
    2010-11-22 at 3:48 pm

    ཧོར་ཚང་ལེགས་བཤད་ཁོང་དབྱིན་མོ་ཞིག་གི་མག་པ་བྱས་ནས་འཇར་མིན་ལ་ཉིས་སྟོད་བརྒྱད་གྱི་སྔོན་ལ་བསྐྱོད་ཚར་བ་ཡིན་པས་ལྡི་ལི་ནས་ཨ་རིིའ་གཞུང་ཚབ་ཁང་ལ་ཐོན་དགོས་དོན་མེད། གཅིག་བྱས་ན་སྤུན་ཉེ་རེ་ལ་ཨ་རིའི་བེ་ཟ་རེག་ཆེད་སོང་བ་ཡིན་སྲིད་ལ། ཡང་ན་ཁོང་གིས་་དངོས་བྱུང་གི་གནས་ཚུལ་དེ་བཅོས་སྒྲུང་ལ་བྲིས་བ་ཡིན་སྲིད།

  17. ཅོ་རི་ཉི་མ། says:
    2010-11-22 at 3:59 pm

    བྷིང་ལག་ལྡན་དང་ཁ་ཆེ་བས་ཨ་རི་ཡི་ཁང་ཆེན་གཉིས་དེར་གཏོར་ཀྱང་ཁ་ཆེ་བའི་མཐོང་ཆག་མི་འདུག བོད་པའི་གྲྭ་བ་ཞིག་གིས་ཤེལ་སྒོ་ཞིག་བཅག་པས་བོད་པ་མཐོང་ཆག་འགྲོ་དོན་ཨེ་ཡོད་ན།་་ཧཧཧ
    བོད་པ་ལ་ཤེལ་སྒོ་ཞིག་གི་མཐོང་ལས་མེད་ན་ནི་ཡིན་དང་ཡིན་ཨ།

  18. སྦྲ་ནག་ཚང་། says:
    2010-11-22 at 5:48 pm

    སྤོ་བ་མཐའ་ཡས་ལེགས་ནས། ཡག་པོ་ཞིག་བྲིས་འདུག། འོན་ཀྱང་ང་ཚོ་ཚང་མས་གློག་བརྙན་ཁང་ཏུ་ལྟད་མོ་ཐེང་གཅིག་ལྟོས་བ་ལྟར་དངོས་རྩོམ་དེ་ཐེང་གཅིག་ཀློག་རྗེ་། རང་འཇག་དུ་བཞག་ན་། དགོས་དོན་གང་ཡང་མི་འདུག། བཟང་བོ་བཟང་སྟོད་ངན་པ་སྐྱོན་འཛུགས་བྱེད་ཐུབ་ན་། ང་ཚོའི་སྤྱི་ཚོགས་འདི་ལ་ཕན་ཐོག་ཆེ་བས་། གོང་དེར་
    ལྷ་སྨོན་པ་ནས། བླ་རྒན་དེས་མིང་དང་ཆོས་ཚོགས་སོགས་ཡོད་པ་སོགས་ཤེས་གིན་གསུང་གི་ཡོད་པ་། དྲ་ཐོག་འདི་ར་ཁྱེར་ཡོང་རྒྱ་གལ་ཆེན་པོ་རེད།

  19. དྲངས་བདེན་སྨྲ་བ་ says:
    2010-11-22 at 6:20 pm

    གྲ་རྒན་དེའི་མིང་ལ་ ངག་དབང་ཕུན་ཚོགས་ཟེར་ ཁོང་གིས་ ཆོས་ཚོགས་དང་སྡིག་ཚོགས་གང་ཡིན་ན་འདྲ་ བྱང་ཨ་རིའི་ཁ་ལི་ཕྷོར་ནི་ཡར་ཡོད་པ་འདྲ་ དེ་བློ་གསལ་གླིང་གི་ཡིན་འདྲ་ ད་གང་ཤེས་ དངོས་གནས་ཧོང་སང་ཡ་རེད་བཞག

  20. ཟླ་བ་ཆོས་འཛོམས་། says:
    2010-11-22 at 6:24 pm

    ཚང་མར་བཀྲ་ཤེས་བདེ་ལེགས་ཞུ།

  21. མདོ་ལྷ་ཁམས་པ། says:
    2010-11-22 at 6:53 pm

    ཨ།
    འཛམ་གླིང་གི་མི་རིགས་སོ་སོར་རང་རང་གི་ཁྱད་ཆོས་དམིགས་བསལ་རེ་ཡོད་པ་རེད། དེ་ནི་དཔེར་ན་འཛམ་གླིང་དམག་ཆེན་གཉིས་པའི་སྐབས་དང་འདྲ་བར་རྒྱལ་ཁབ་སོ་སོའི་དམག་དཔུང་ཁག་གིས་རང་རང་གི་མཚོན་ཆ་མེ་མདའ། མེ་སྒྱོགས། སྒྱོགས་ཆེན། མེ་ཤུགས་འཕུར་མདའ། གནམ་གྲུ། མཚོ་གྲུ། ཐད་འཕུར་གནམ་གྲུ། ལྕགས་ཁྲབ་འཁོར་ལོ། འགད་རྫས། ལག་འབོམ། ཐ་ན་རྡུལ་ཕྲན་མཚོན་ཆ་སོགས་ཀྱང་མངོན་རྒྱུ་ཡོད་པ་རེད། རང་རེ་བོད་མི་ཚོར་ཅིག་ཡོད་པ་ནི་བོད་མདའ་དང་འུར་རྡོ་རེད། དེང་སང་བོད་མི་ཚོའི་བོད་མདའ་དེ་ཡང་ཁ་གྲག་རྒྱུ་མེད་པའི་བཙའ་རོ་མ་ཞིག་ཏུ་གྱུར་འདུག་ན་གཞན་པ་ག་རེ་ག་རེ་ཡོད་རེད།
    དོན་དངོས་ཐོག་དཔེ་དེ་ནི་ཨ་ཁུ་བ་ལིས་ཨ་མ་རི་བོང་འཛིན་པའི་སྒྲུང་ཡིན།

  22. སྤོབས་པ་མཐའ་ཡས། says:
    2010-11-22 at 7:39 pm

    ཅོ་རི་ཉི་མ་ཟེར་བ་དེས་བྷིན་ལ་ཌིན་ཀྱིས་ནུའུ་ཡོག་གི་ཁང་ཆེན་གཏོར་བའི་བྱེད་ལས་དེ་དང་སྐབས་འདིར་ངའི་སྒྲུང་ནང་གི་མི་སྣ་གྲྭ་རྒན་དེས་རྡི་ལིར་ཡོད་པའི་གཞུང་ཚབ་པའི་ཤེལ་སྒོ་བཅག་པ་གཉིས་གཤིབ་བསྡུར་བྱས་པ་དེར་བསམ་བློ་ཞིག་བཏང་བ་ཡིན། དེ་གཉིས་ལ་འདྲ་ས་དང་མི་འདྲ་ས་མང་པོ་འདུག
    ཁང་བརྩེགས་གཏོར་མཁན་བྷིན་ལ་ཌིན་ཡིན་མིན་ད་དུང་དོག་གཞི་རེད། ཡིན་ན་ཡང་བྷིན་ལ་ཌིན་གྱིས་བཀོད་སྒྲིག་འོག་གཏོར་བའི་གནས་ཚུལ་དེས་ཁ་ཆེ་བའི་མཚན་མཐོང་ལ་གནོད་མེད་ཟེར་བ་དེ་མི་བདེན། གནས་ཚུལ་དེས་རྐྱེན་བྱས་ནས་ཁ་ཆེ་བ་མང་པོས་ཁ་ཆེའི་ཆོས་ལུགས་དོར་བའི་གནས་ཚུལ་བྱུང་ཡོད་པ་རེད། དཔེར་ན། དེང་སང་ཨ་མེ་རི་ཁའི་ཝིར་རྗི་ནི་ཡ་ན་ཡོད་པའི་རྩོམ་པ་མོ་སྐད་གྲགས་ཅན་ཨ་ཡན་ཧར་སི་ཨ་ལི་ལྟ་བུ་ཡིན་ན་ཡང་ཨ་ཕྷེ་རི་ཁའི་སོ་མ་ལི་ཡ་ནས་སྐྱེས་པའི་ཁ་ཆེའི་ཆོས་པ་ཞིག་རེད། ཡིན་ན་ཡང་ནུའུ་ཡོག་གི་ཁང་བརྩེགས་གཏོར་བའི་གསར་འགྱུར་ཐོས་ཉིན་ནས་ཨི་ཟི་ལམ་གྱི་ལུགས་ལ་ཞེན་པ་གཏིང་ནས་ལོག་སྟེ་དེང་སང་ཆོས་མེད་སྨྲ་བར་གྱུར་ཡོད་པ་རེད། མོའི་མི་ཚེའི་ལོ་རྒྱུས་ཆོས་མེད་སྨྲ་བ(Infidel)ཞེས་པ་ཀློག་དང་དེའི་སྐོར་ཧ་ཅང་ཞིབ་པར་བྲིས་འདུག མོས་ཉེ་ཆར་བཏོན་པའི་དེབ་འགྲུལ་བཞུད་པ་Nomad—A personal Journey Through The clash Of civilizationཞེས་པ་དེའི་ནང་དུ་ཡང་ཧ་ཅང་ཉམས་འགྱུར་གསལ་བོ་བཏོན་ནས་བྲིས་འདུག
    ང་ཚོ་བོད་པའི་བླ་མ་གྲྭ་བའི་ཆ་ལུགས་ཅན་ཚོས་ལས་ཀ་དེ་འདྲ་བྱས་ན་བོད་མི་སྤྱི་དང་བོད་པའི་བླ་གྲྭའི་ཆེ་མཐོང་ལ་མི་གནོད་ཟེར་བ་དེ་རང་སེམས་གསོ་བ་མ་གཏོགས་དོན་སྙིང་མི་འདུག

  23. ཡེ་ཤེས་ says:
    2010-11-22 at 10:10 pm

    བླ་མ་ཡིན་ཀྱང་རུང་དགེ་བཤེས་ཡིན་ཀྱང་རུང་། མི་སུ་ཡིན་རུང་སྐྱོན་བྱས་པ་ལ་མཛུབ་མོ་འཛུགས་དགོས་པ་དེ་གལ་ཆེན་པོ་རེད། ལྷག་པར་དུ་རང་རྒྱུད་ལ་སྡོམ་པ་ཡོད་མཁན་ཞིག་གི་ངོས་ནས་དེ་ལས་ཀྱང་གལ་ཆེན་པོ་འདུག རང་ཉིད་གཅིག་པུ་མ་བསམ་པར་སོ་སོའི་སྤྱི་ཚོགས་དེ་ལའང་བསམ་བློ་གཏོང་ལས་དགོས། །

    སྤོབས་པས་བྲིས་པའི་བརྩམས་སྒྲུང་རྣམས་དངོས་གནས་ཡག་པོ་འདུག འདི་རྒྱུན་མཐུད་ནས་ཡོང་བའི་རེ་བ་ཡོད། མི་མང་པོ་ཞིག་ལ་ཕན་གྱིན་ཡོད་ཙང་།

  24. ཀླུ་སྨྱོན། says:
    2010-11-23 at 1:28 am

    ཐོང་མཆན་ཐོབ་འདོད་རེ་བ་རེད། །
    ཤེལ་སྒོ་བཅག་པ་ནོར་བ་རེད། །

  25. ཀརྡོ་རབ་འབྱམས་པ་ says:
    2010-11-23 at 4:06 am

    མཆན་བུ་༡༥པ་ལྟར། གྲྭ་པའི་སྐྱོན་བརྔོག་བྱེད་མཁན་སྤོབས་པ་མཐའ་ཡས་ཞེས་པའི་སྨྱུག་མིང་འོག་ལ་བྲིས་པའི་གསར་འགྱུར་ཡིན་མདོག་བཤད་ཀྱང་། ཤོད་མཁན་གཅིག་ཉིད་དང་པོ་ཧང་གྷ་རིའི་གཇུང་ཚབ་ལ་འཆི་མཁན་གྱི་བུ་མོ་དེ་མཐོང་ཚུལ་དང་། ཕྱི་མ་ནང་དུ་ཡང་ཨ་རིའི་གཞུང་ཚབ་ཏུ་བསླེབས་ནས་མཐོང་ཚུལ་བཤད་འདུག ཡིད་ཆེས་དཀའ་བའི་གནས་སུ་བསྐྱལད།
    ཡང་། སྤོབས་པ་མཐའ་ཡས་རང་ཉིད་ཀྱིས། ཁ་བརྡའི་དྲ་རྒྱར་བརྩམས་སྒྲུང་གིས་གྲལ་དུ་བཀོད་འདུག མཁྱེན་ཡངས་རྣམ་པས་སྤོབས་མཐའ་ཡས་ཟེར་མཁན་དེ། ལྡི་ལིར་སྡོད་མཁན་ཡིན་པ་བཤད་འདུག་ན། དངོས་གནས་བོད་པའི་ཆོས་དང་རིག་གཞུང་སྐྱོབ་འདོད་ཡོ་མཁན་ཅིག་ཡིན་ནམ། གྲྭ་པ་བླ་མར་སྐྱོན་བརྗོད་བྱས་ནས་བོད་པའི་ཆོས་རིག་རྩ་གཏོར་གཏོང་འདོད་ཡོད་པ། རྒྱ་ནག་གི་ལས་བྱེད་རྒྱུགས་ཁྱི་ལྟར། སོ་པའམ་སོ་པའི་ཤ་ཚུགས་ཅན་ཞིག་ཡིན་ནམ། དྲ་གྲོགས་ང་ལ་ཁ་བརྡུངས་དང་བཅས། དྲ་གྲོགས་སྤོབས་པ་མཐའ་ཡས་རང་གི་ཞལ་ནས་ཐོས་འདོད་སྐོམ་ཆུ་ལྟར་སྒྲུག་ནས་བསྡད་ཡོད། ཐུགས་རྗེ་གཟིགས། སྤོབས་པ་མཐའ་ཡས་ལགས། སྔ་མ་ལྟར་མ་ཡིན་པར་འདིར་ལན་འདེབས་ཞིག་གནོངས་རོགས་གནང་།

  26. སྤོབས་པ་མཐའ་ཡས། says:
    2010-11-23 at 4:31 am

    ཀ་རྡོ་ལགས། བླ་མ་གྲྭ་བ་ལ་སྐྱོན་དེ་འདུག་དང་མི་འདུག་ཟེར་ནས་གླེང་ན་ངས་ལན་འདེབས་ཆོག བླ་མ་གྲྭ་བ་ལ་སྐྱོན་རྗོད་བྱེད་མི་རུང་ཟེར་ན་ངས་ངོས་ལེན་མི་བྱེད། བླ་མ་གྲྭ་བས་གཞུང་ཚབ་ཁང་གི་ཤེལ་སྒོ་བཅག་པ་གླེང་ན་བོད་ཀྱི་ཆོས་དང་རིག་གནས་ལ་གཏོར་བཤིག་ག་འདྲ་བཏང་བ་རེད། ཁྱེད་ཀྱིས་ལན་ཞིག་འདེབས་རོགས།

  27. ཀརྡོ་རབ་འབྱམས་པ་ says:
    2010-11-23 at 5:24 am

    ལན་གནང་བར་ཐུགས་རྗེ་ཆེ། འོནད་ཀྱང་། ཁྱེད་རང་གི་མཆན་བུ་གཉིས་པོ་དེ་གསར་འགྱུར་ཡིན་ན། བརྩམས་སྒྲུང་གི་གྲལ་དུ་བཞག་དགོས་དོན་གསུངས་མི་འདུག སྤཽབས་མཐའ་ལགས། ད་དུང་རང་གཤིས་སྟོན་པ་ཙམ་གྱིས་མི་ཆོག་པར་ལན་ཆ་ཚང་བྱུང་ན། གྲ་གྲོགས་དམ་སེལ་ལ་ཕན་ངེས་མི་འདུག་གམ།

  28. སྤོབས་པ་མཐའ་ཡས། says:
    2010-11-23 at 6:52 am

    ཀ་རྡོ་ལགས། བརྩམས་སྒྲུང་ལ་རིགས་མང་པོ་ཡོད་རེད། འདི་རིགས་ཀྱི་མིང་ལ་དངོས་བྱུང་གཞིར་བཞག་གི་སྒྲུང་རྩོམ་ཟེར་བ་རེད། དོན་དངོས་སུ་བྱུང་བ་གང་ཞིག་ལ་སྒྲུང་རྩོམ་མཁན་པོས་འབྲི་སྟངས་གཞན་ཞིག་བྱས་པ་ཙམ་རེད། འདི་རིགས་མཚམས་རེར་དོན་དངོས་ཧ་ཅང་ཚབ་ཆེན་ཡིན་ཡང་སྒྲུང་རྩོམ་མཁན་པོས་དེ་ཚབ་ཆུང་དུ་གཏོང་ཐབས་དང་མཚམས་རེར་དོན་དངོས་ཚབ་ཆེན་མ་ཡིན་ཡང་སྒྲུང་རྩོམ་མཁན་པོས་ཚབ་ཆེན་བཟོས་ནས་འབྲི་བ་སོགས་དགོས་པ་དང་དགག་བྱ་ལ་ལྟོས་ནས་འབྲི་སྲོལ་ཡོད་པ་རེད།

  29. གཅན་ཕུག་རོན། says:
    2010-11-23 at 7:47 am

    གྲྭ་བ་དེས་ཤེལ་སྒོ་གཅོག་དོན་ནི་ཨ་རིའི་གཞུང་ཚབ་ཀྱིས་ཁོང་གི་སྤུན་མཆེད་ཡིན་ཟེར་བའི་བུ་མོ་ཞིག་ལ་ཐོངས་མཆན་མ་སྤྲད་པས་སྐུ་ཞོགས་ཁོང་ཁྲོ་ཟ་ནས་བཅག་པ་རེད་ཟེར།ཤེལ་སྒོ་བཅག་པ་ཙམ་དུ་མ་ཟད། སྤུན་མཆེད་བུ་མོ་དེའི་དེབ་སེར་པོ་ཡང་གཞུང་ཚབ་ལས་བྱེད་ཀྱི་མདུན་ནས་རལ་སོང་ཟེར། ད་དུང་གིས་ཁོང་གིས་ང་རང་ཨ་རིའི་མི་དམངས་ཆེད་ནང་ཆོས་སྤེལ་དུ་འགྲོ་གི་ཡོད་ཅེས་བཤད་འདུག ངའི་གོ་ཐོས་ལྟར་ན། ཁོང་ནི་སྐུ་ཞོགས་ཕལ་བ་ཞིག་ཡིན་པ་ལས་གདན་སའི་མཁས་བཙུན་བཟང་གསུམ་འཛོམས་པའི་དགེ་བཤེས་རི་འདྲ་བ་དེ་འདྲ་རེད་མི་འདུག ཁོང་ལ་ཁག་དཀྲིས་ཏེ་དགེ་འདུན་པའི་སྡེ་ལ་སྐུར་བ་མ་འདེབས་རོགས།

  30. ཀརྡོ་རབ་འབྱམས་པ་ says:
    2010-11-23 at 7:51 am

    གསར་འགྱུར་དང་བཅོས་སྒྲུང་བསྲེས་ན། ཁ་བརྡ་དང་སུ་ལ་ཡིད་ཆེས་ག་འདྲ་ཟེ་བྱས་དགོས་སམ།

  31. འབྲོང་བུ་སོག་ཚ། says:
    2010-11-23 at 9:48 am

    ༈ བླ་རྒན་དེའི་སེམས་ཤུག་དེ། །རྒྱ་མིའི་གཞུང་ཚབ་ཉེ་འགྲམ་དུ། །སོང་ནས་ཤེལ་སྒོ་སིལ་བུར་གཏོར། །དེ་ཚེ་བླ་རྒན་དཔའ་བོ་ཡིན། །དེ་མིན་རང་རིགས་བོད་མིས་གཙོས། །ཉམ་ཐག་སྐྱབས་མེད་མགོན་མེད་ལ། །རོགས་སྐྱོར་ལྷག་བསམ་རྨ་མེད་པར། །གནང་མཁན་དེ་ལ་བྱེད་དོན་ཅི།

  32. ནོར་བུ says:
    2010-11-23 at 10:09 am

    བླ་རྒན་དེའི་ཞབས་འདྲེན་ཞུས་ནི་བོ་དངོས་ཡོད་གནས་ཚུལ་རེད། ངས་ཀྱང་སྔོན་ཞིག་ནས་གོ་སོང་།

  33. བདེ་སྐྱིད་བཟང་བོ། says:
    2010-11-23 at 10:24 am

    སུན་ཌྷའབྱིན་རང་ལུགས་ལ་བྱང་ཆ་ཅུང་ལྡན་པའི་སྤོབས་པ་མགྷཐའ་ཡས་མཚན་ཅན་དང་ཀརྡོ་རབ་འབྱམས་པ་གཉིས་ཀྱི་བར་ལ་སྒེར་གྱི་འགྲན་རྩོད་ཅིག་ཡོད་ནི་མིན་ན། དེ་མིན་ན་ཀརྡོ་རབ་འབྱམས་པའི་ཀླད་པ་རྡོ་ཡིས་གྲུབ་འདུག ང་བརྒྱད་རྒད་པོ་ཞིག་ཡིན་ཐག་ཆོད་རེད།
    འཛམ་བུ་གླིང་གི་མི་བུ་ཡོད་ཚད་ལ་སྙན་སེང་ཞུ་རྒྱུ།
    བོད་པའི་ལྭ་དམར་གྱོན་མཁན་རྣམས་ལ་དོགས་ཟོན་ནན་མོ་བྱ་རྒྱུ་གལ། རྒྱུ་མཚན་ཁོ་ཚོས་མི་གསོད་ཀྱིན་ཡོད་པ་དང་རྐུ་ཡང་བྱེད་ཀྱིན་ཡོད་པ་རེད། བཙན་གཡེམ་སོགས་མི་བྱེད་པའི་ལས་ཤིག་མེད། མཐོ་རིམ་སློབ་མོ་རྣམས་ཀྱིས་དངུལ་བཙལ་ས་ཡང་བོད་ཀྱི་གྲྭ་བ་ཁ་ཤས་ཤིག་ཡིན་ཚུལ་བཤད་ཀྱིན་འདུག ངས་གྲྭ་བ་གཅིག་ངོ་ཤེས་ཀྱིན་ཡོད། འདྲ་པར་ཡང་བརྒྱབ་ཡོད།

  34. ཀརྡོ་རབ་འབྱམས་པ་ says:
    2010-11-23 at 11:14 am

    བདེ་སྐྱིད་བཟང་མོ་དང་སྤོབས་པ་མཐའ་ཡས་གཉིས་བཟའ་ཚང་མཐུན་མདོག་ཁ་པོ་ཡག་པོ་ཅིག་འདུག་མདའ། ཡག་པོ་རེད།

  35. ནོར་བུ says:
    2010-11-23 at 11:26 am

    བོད་པའི་ལ་དམར་གྱོན་ཚད་ཚང་མ་ལབ་ན་ཅུང་ཐལ་གྲག་་ དེ་བས་ཁྱོད་ལ་པར་ཡོད་ན་འདིར་བཀོད་བཟང་

  36. དྲངས་བདེན་སྨྲ་བ་ says:
    2010-11-23 at 12:32 pm

    ཀརྡོ་རབ་འབྱམས་པ་གོས་དམར་ལྕག་ཞྭ་ཅན་ཞིག་གིས་བྱིན་གྱིས་རླབས་ཡོད་པ་འདྲ་ དེ་མིན་དངོས་བྱུང་གི་ལོ་རྒྱུས་ཞིག་བྲིས་ཡོད་པ་དེ་ལ་མི་དགའ་དོན་ཅི

  37. ཅོ་རི་ཉི་མ། says:
    2010-11-23 at 1:13 pm

    བོད་པའི་སྤྱི་ཚོགས་ནང་དུ་ཡར་ཕྱོགས་བོད་མི་གིས་ཅིག་མ་འགྲིག་ན་བོད་པའི་མཐོང་ཆག་འགྲོ་འདུག་ཟེར་བ་དང་མར་ཕྱོགས་བོད་མི་ཞིག་གིས་ལྟོ་སློང་གི་ཡོད་ན་བོད་པའི་མཐོང་ཆག་འགྲོ་འདུག་ཟེར་བ་མང་པོ་གོ་མྱོང་ཡོད།

    རྒྱ་མི་ཚོས་མི་ཤ་ཀླན་པ་ཟས་ནས་རྒྱ་ནག་གི་མཐོང་ཆག་མི་འདུག རྒྱ་ནག་གཞུང་གི་རྩ་ཁྲིམས་འོག་ནས་བོད་རྒྱལ་ཁབ་བཙན་འཕྲོད་བྱས་ཀྱང་མཐོང་ཆག་མི་འདུག
    བོད་ནང་གི་་མངའ་བདག་དང་ས་བདག་པ་འབྲོག་བདག་པ་ཚོའི་སྒེར་ནོར་ཇག་པའི་བཅོམ་པ་ལྟར་བཙན་འཕྲོགས་བྱས་མྱོང་ཡོད་ཀྱང་འཛམ་གླིང་ཐོག་ཏུ་རྒྱ་ནག་གི་མཐོང་ཆག་མི་འདུག ངོ་མ་ཡིན།

    སྤོབས་པ་ལགས་མི་ངོ་ཤེས་པ་ཞིག་ལ་མིང་འབོད་སྟངས་དེ་འདྲ་རེད་པས། ཅོ་རི་ཉི་མ་ཟེས་བ་དེས་ཞེས་ལབ་དུས་ངོ་མ་ཤེས་པའི་སྐད་ཆ་མ་རེད་པས། མི་ཡིས་གནམ་གང་མ་བརྩིས་ན་ཁྱི་ཡིས་ཚེས་གཅིག་བརྩི་སྟངས་ཤེས་ས་མ་རེད་ད།

  38. tsok chen says:
    2010-11-23 at 1:25 pm

    ཉ་དང་ཉུང་མ་མ་བསྲེས་དྲང་གཏམ་ལ་རྒྱབ་བསྐྱོར་བྱོས། གང་ལྟར་བོད་པ་ཞིག་ཡིན་པའི་ཆ་ནས་བླ་རྒན་དེའི་བྱེད་སྟངས་ལ་ཞེན་པ་གཏིང་ནས་ལོག་སོང་། ངོ་མ་ཡིན།།

  39. བསིལ་རླུང་ says:
    2010-11-23 at 2:35 pm

    སྤོབས་པ་མཐའ་ཡས་ལགས་ངོ་མ་ཡག་པོ་ཞིག་བྲིས་འདུག་དེ་ནི་བདེན་པ་ཡིན་ན་ཞབས་འདྲེན་པ་ཁོ་གྲྭ་ཚང་གང་གི་རེད་གསལ་བོ་བཟོས་ན་ཡག་པོ་འདུག་ག་
    དེ་མིན་རྙོག་དྲ་བཟོ་མཁན་དང་ཞབས་འདྲེན་ཞུ་མཁན་དེ་ང་མིན་ཁོ་མིན་ཟེར་གྱི་ཡོད་པས་ཁ་གསལ་བོ་བཟོས་ན་ རྗེས་ཕྱོགས་དེ་རིགས་མི་ཡོང་བའི་ཕན་ཐོག་ཆེན་པོ་ཡོད་པ་ཐེ་ཚོམ་མེད། གྲྭ་ཆས་སྐྱོན་ནས་ཞབས་འདྲེན་ཞུ་མཁན་ཇེ་མང་ནས་ཇེ་མང་རེད། དེ་དག་གི་མགོ་རྡུང་ན་མ་གཏོགས་ཡོང་ས་མ་རེད་དོ། མུ་མཐུད་དུ་འབྲི་རོགས་གནང་།

  40. འཇང་གཡུ་ལྷ་ཐོགས་འགྱུར་ says:
    2010-11-23 at 2:51 pm

    གྲྭ་པ་སྟོད་འགག་སེར་པོ་ཅན་དེ་ཡང་མི་རེད་ མི་ཞིག་ཡིན་དུས་ནོར་འཁྲུལ་བྱུང་སྲིད་པ་རེད་ ཡིན་ཡང་ གྲྭ་རྒན་དེའི་ཤེལ་སྒོ་བཅག་པའི་དབང་གི་༧་གོང་ས་མཆོག་གིས་ཨ་མེ་རི་ཁའི་གཞུང་ཚབ་ལ་དགོངས་འདག་ཞུ་དགོས་བཟོས་པ་ ༧་གོང་ས་མཆོག་རང་གིས་གསུངས་གི་འདུག སྤྱིར་ན་གདན་སའི་གྲྭ་པ་ཞིག་གི་གཅིག་བྱེད་འདུག་ཟེར་དུས་ ཅོ་རི་ཉི་མ་དང་ཀརྡོ་རབ་འབྱམས་པ་གཉིས་དེ་འདྲའི་མི་དགའ་དོན་ཅི་ཡིན་
    དངོས་གནས་བྱེད་ན་གྲྭ་རྒན་དེའི་བསམ་བློ་ཞིག་གཏོང་ཡོད་ན་ ༧ གོང་ས་མཆོག་གིས་མདུན་ནས་ནོར་འཁྲུལ་ངོས་ལེན་དང་ཕྱིན་ཆད་མི་བྱེད་པའི་དམ་བཅའ་དགོས་པ་ཞིག་རེད་ ད་དུང་ངོ་ཚ་ཁྱོན་ནས་མེད་པ་གཟན་ཤམ་དམར་ཐར་རེ་བ་ཞིག་གྱོན་ནས་ང་གདན་སའི་དགེ་བཤེས་རབ་གཅིག་ཡིན་ཚུལ་མངོན་སྐོགས་གཉིས་སྒྲོགས་ཅི་ཐུབ་བྱེད་ན་སྤྱིར་གྲྭ་པ་ཚང་མའི་ཞབས་འདྲེན་དང་ དེའི་ནང་ནས་གདན་སའི་ཞབས་འདྲེན་མ་རེད་པས་

  41. ཀརྡོ་རབ་འབྱམས་པ་ says:
    2010-11-23 at 4:06 pm

    ངས་དྲང་བདེན་ལ་རྒྱབ་སྐྱོར་ཡོད་ཙང་དེ་དག་བདེན་པ་ཡིན་ན་། རྡ་སའི་ཁྲིམས་ཞིབ་པ་དང་། རྒྱ་གར་ཉེན་རྟོག་པ་ལ་ཤོད་དགོས་རེད་ཅེས་བྲིས་ཡོད། ངས་མི་བཟོད་པ་ནི། ང་རང་ཚོའི་རྩ་བའི་བླ་མ་༧གོང་ས་མཆོག་ཀྱང་གྲྭ་པའི་ན་བཟའ་བཞེས་ཡོད་པ་དང་། ལེགས་བཤད་ལས། ངན་སྐྱུག་ཁྲོན་པ་སུ་ཞིག་བརློག །གསུང་པ་ལ་བསམ་ནས་རང་རིགས་དམའ་འབེབས་དང་འཕྱ་སྨད་རྐྱང་རྐྱང་གནང་ནས་བཅོས་སྒྲུང་ཡང་ཡིན། དངོས་སྒྲུང་ཡང་ཡིན། ཟེར་ནས་མི་ལ་སྐྱོན་བརྗོད་བྱས་ནས། མིའི་མི་ཚེར་གནོད་སྐྱོན་མ་བྱེད་ཅེས་ལབ་འདོད་པ་ཡིན། རྒྱུ་མཚན་མེད་པར་ང་ཚིག་ངན་སྨྲ་བ་རྣམས་ཀྱི་ཆེད་དུ་ཤིང་བཞིན་དུ་གནས་པར་བྱ་བའི་གནས་སོ། །དགེའོ། །

  42. སྤོབས་པ་མཐའ་ཡས། says:
    2010-11-23 at 5:14 pm

    ཀ་རྡོ་རབ་འབྱམས་པ་ལགས། འཇིག་རྟེན་འདིའི་ཡ་རབ་སྤྱོད་བཟང་གི་ལེགས་ཉེས་སྟངས་འཛིན་ཚང་མ་ཁྲིམས་ཞིབ་པ་དང་ཉེན་རྟོག་པ་ལ་བཅོལ་དགོས་དུས་མ་འགྲིགས་ཚར་བ་རེད། ལྷག་པར་ཡང་གྲྭ་གཟུགས་རེ་ཡིན་ཕྱིན། དགེ་འདུན་རང་ཁྲིམས། བ་རྔ་རང་ལྕག ཟེར་བའི་དཔེ་ཡོད་རེད། དྲང་པོར་བཤད་ན་ང་ཡང་དམངས་ཁྲོད་ཀྱི་ཉེན་རྟོག་པ་ཞིག་ཡིན།
    རང་རིགས་ལ་དམའ་འབེབས་མཁན་དེ་སྟོབས་ཆེན་རྒྱལ་ཁབ་ཀྱི་ཁང་ཁྱིམ་ལ་གཏོར་བཤིག་གཏོང་མཁན་མ་ཧ་མོད་བྷིན་ལ་ཌིན་དང་ཕྱོགས་མཚུངས་པའི་ལས་ངན་གསོག་མཁན་བོད་མི་ཆོས་པའི་གཟུགས་འཆངས་དྲག་སྤྱོད་པ་དེ་ཚོ་རེད་ལགས། བ་མོ་གཅིག་གིས་མི་ཡི་ཞིང་ཟས་ནས༎བ་མོ་ཡོངས་ཀྱི་འགྲོ་བའི་ལམ་བུ་བཀག །ཟེར་བ་བཞིན་ལས་ཀ་འདི་ཚོ་ལ་བརྟེན་ནས་རང་རིགས་མཐོ་དམན་ཚང་མའི་ལམ་ཁ་ག་ཚོད་བཀག་ཡོད་པ་ཤེས་དགོས།
    མིའི་མི་ཚེར་གནོད་སྐྱོན་མ་སྐྱེལ་ཟེར་བའི་འབོད་སྐུལ་ཞུ་འདོད་ཡོད་ན་ཞུ་ས་ང་མ་རེད། བོད་མི་ཆོས་པའི་གཟུགས་འཆངས་བ་མཐུན་ཕྱོགས་རྒྱལ་ཁབ་ཀྱི་གཞུང་ཚབ་ལ་གཏོར་བཤིག་གཏོང་མཁན་དེ་ཚོས་བོད་མི་ཡོད་དོ་ཅོག་གི་མི་ཚེ་ལ་གནོད་སྐྱོན་སྐྱེལ་གྱིན་འདུག་པས་དེ་འདྲ་བྱེད་མཁན་ཚོ་ལ་འབོད་སྐུལ་ཞུ་རོགས།

  43. སྤོབས་པ་མཐའ་ཡས། says:
    2010-11-23 at 5:17 pm

    དགོངས་དག གཏག་ནོར་ཤོར་འདུག མ་ཧ་མོད་བྷིན་ལ་ཌིན་མ་རེད། ཨོ་ས་མ་བྷིན་ལ་ཌིན་རེད།

  44. ལ་སྟོད་བུ། says:
    2010-11-23 at 7:20 pm

    ད་ལམ་སྤོབས་པ་མཐའ་ཡས་ཀྱིས་ནན་པོ་ཞིག་བྲིས་འདུག
    ངོ་མ་དེ་འདྲ་འབྲི་དགོས་པ་རེད།
    གཏམ་ལ་གཏམ་ལན།
    ཟས་ལ་ཟས་ལན་རེད་འདུག

  45. ཤ་ཟན་དམར་པོ། says:
    2010-11-23 at 10:23 pm

    ཕོ་རྒོད་པོ་རང་རེད། ཏག་ཏག་རེད། སྒེའུ་ཁུངས་བཅག་པ་ནོར་མི་འདུག གཞུང་ཟེར་བ་དེ་ཚོས་རྒྱལ་ཁབ་གཞན་དང་གཞན་ལ་དམག་དྲངས། མི་སེར་ཉེས་མེད་སྟོང་ཕྲག་མང་པོ་བསད་ནའང་ཉེས་མེད་ཡིན་ས་ནས། མི་ཉམ་ཆུང་ཞིག་གིས་སྒེའུ་ཁུངས་ཤིག་བཅག་ནའང་དཔེ་མི་སྲིད་པ་ལྟ་བུ་བརྗོད་ན་དྲང་མོ་མ་རེད་དོ།

  46. ནོར says:
    2010-11-23 at 10:56 pm

    སྤོབས་པ་མཐའ་ཡས་ལགས། ཁྱེད་མ་ངུ་། བསམ་བཞིན་དུ་ཡིན་རྒྱུ་མ་རེད། ཁྱེད་ལས་གྲྭ་བ་འདི་ཚོ་བོད་མི་རིགས་བཀའ་དྲིན་ཆེན་པོ་རེ།

  47. སྤོབས་པ་མཐའ་ཡས། says:
    2010-11-24 at 12:30 am

    ནོར། བཀའ་དྲིན་ཆེ་སྟངས་གསུང་རོགས།

  48. བདེ་སྐྱིད་བཟང་བོ། says:
    2010-11-24 at 3:12 am

    སྐུ་ཞབས་སྤོབས་པ་མཐའ་ཡས་ལགས་ལ་རྒྱབ་སྐྱོར་བརྒྱ་ཆའི་བརྒྱ་ཡོད། རྒྱུ་མཚན་ཁོང་ལྟ་བུའི་རྩོམ་པ་བོ་ཞིག་ངས་དྲ་ཐོག་ཏུ་རྙེད་མ་སོང། མི་རིགས་རང་བཞིན་ལ་ཞེན་ཁོང་ཡོད་པ་དང་སྐྱ་ཐང་ཐང་གི་བོད་པའི་སྤྱི་ཚོགས་འདི་ལ་སེམས་ཁུར་ཆེ་བས་སོ།།
    ཀརྡོ་རབ་འབྱམས་པ་ལ་བཤད་རྒྱུ་མེད། ཁ་སྟོང་ནང་གི་ཚིག་སྟོང་དག་ལ་སྙིང་བོ་མི་འདུག དེ་ལས་གཉིད་ཁུ་ལུས་སེམས་བདེ།

  49. ཀརྡོ་རབ་འབྱམས་པ་ says:
    2010-11-24 at 3:20 am

    ལགས་སོ། ལགས་སོ་སྤོབས་མཐའ་ལགས། ངས་༧རྒྱལ་བ་རིན་པོ་ཆེ་ཡང་གྲྭ་ཆས་གྱོན་མཁན་རེད། ཟེར་བ་དང་། ཁྱེད་རང་གིས་༧རྒྱལ་བ་རིན་པོ་ཆེས། དོན་གཅོད་ངོ་སྤྲོད་ལ་ཡང་ཨ་རི་གཞུང་ཚབ་གྱི་ཁས་མི་ལེན་གསུང་སྟངས་ལ་སྦྱར་འདོད་ཡོད་པ་འདྲ། ང་གཉིས་ཀ་ལ་སྤྱི་སེམས་འདུག འོན་ཀྱང་དགྲ་དགའ་གཉེན་སྡུག་མ་ཆགས་པ་ལ་བརྩོན་དགོས་ཞུ་རྒྱུ་ལས་མ་འདས། མདོར་ན། ཁྱེད་རང་གིས། གྲྭ་པས་ཡག་པོ་བྱེད་བགྱིད་མི་འདུག་ལབ་ཆོག་བགྱིད་མ་རེད།
    ལབ་ན། གྲྭ་པའམ་བཀྲ་ཤིས་ཤེར་མཁན་དེས། མིས་བསད་སོང་། བུད་མེད་ལ་བཙན་གཡེམ་བཏང་སོང་ཞེས་ལབ་དགོས་རེད། གང་ཡིན་ཟེར་ན་བོད་མི་ཕལ་ཆེ་བ་ནང་པ་རེད། ང་ཡང་ནང་པ་ཡིན། གྲྭ་པ་དང་གྲ་ཆས་གྱོན་མཁན་ལ་དད་མོས་དག་སྣང་སྦྱོང་མཁན་ཞིག ཁྱེད་རང་དང་རྒྱ་གཞུང་ལ་ཕན་སྲིད་ཀྱང་། ང་དང་ངའི་བསྟན་འཛིནགྱི་་སྐྱེས་བུ་ལ་གནོད་བགྱིད་འདུག འུ་ཐུག་པའི་ཚིག་ཡིན། བོད་ལ་ལ་རྒྱ་ཡོད་ན་། རང་གི་་ཆོས་དང་རིག་གཞུང་ལ་ཡང་ལ་རྒྱ་ཡོད་དགོས་རེད། དེ་འཛིན་མཁན་གྲྭ་བཙུན་ལ་ཡང་གུས་ཞབས་མི་དགོས་སམ།

  50. རྡོ་རྗེ། says:
    2010-11-24 at 4:12 am

    xxxxxx

  51. ལ་སྟོད་བུ། says:
    2010-11-24 at 4:40 am

    ང་ཚོ་བོད་མི་རིགས་རྣམས་ཀྱིས་ཁ་ནས་སྙིང་རྗེ་དང་བྱང་སེམས་ཀྱི་ཚིགས་བརྗོད་ཀྱིན་ཁྲོམ་སྐོར་འདྲ་བྱས།
    དོན་ལག་ལེན་དུ་འདི་ལྟར་བྱེད་པ་ནི་ངོ་མ་སེམས་སྐྱོ་དགོས་པ་ཞིག་རེད།
    ད་དུང་དག་སྣང་དང་དགྲ་དགའ་གཉེན་སྡུག་བྱེད་མི་ཉན་ལས་སོགས་མ་ནི་འདོན་པ་ལས་ཀྱང་མང་བར་བཤད་ཀྱིན་ཡོད།
    དོན་དུ་རང་ཉིད་ཀྱི་ནང་དུ་མི་རིགས་དང་ཆོས་ལུགས་ཆོལ་ཁའི་དབར་ལ་ཅི་འདྲའི་ཡ་ང་བའི་བསམ་བློ་གཏོང་སྟངས་ཤིག་མི་འདུག་གམ།
    བཀའ་བློན་བཤད་དུས་དོན་གྱི་གཞི་རྩའི་གནད་དོན་ལ་མི་རྩོད་པར་ཆོལ་ཁའི་སྐོར་ལ་རྩོད་པ་བྱེད།
    སྤྱི་འཐུས་བཤད་དུས་ཆོལ་ཁ་དང་ཆོས་ལུགས་ཀྱི་སྙིང་ནད་ཀྱིས་རྩོད་པ་བྱེད་སྟངས་འདི་ཚོ་གཅིག་པོར་བསམ་ནའང་མི་ཤེས་པ་མི་འདུག་སྙམས།
    ད་ལམ་སྤོབས་པ་མཐའ་ཡས་ཀྱིས་བརྗོད་བབས་ལ་རྒྱབ་སྐྱོར་བརྒྱ་ཐམ་པ་ཡོད།
    གྲྭ་བ་ཡིན་ནའང་འདྲ་མི་སྐྱ་ཡིན་ནའང་འདྲ་སུས་ཉེས་པ་བསགས་ཚེ་ཐེར་འདོན་བྱེད་དགོས་པ་ལས་ཞུམ་བུས་འཕྱི་ས་སྦས་པའི་ངང་ཚུལ་དུ་བཟུང་ན་དེ་བས་ག་ལ་འགྲིག
    ད་དུང་ནེའུ་ཡོག་ཏུའང་བོད་པ་སྔོན་དུ་འབྱོར་བ་འགའ་ཞིག་གིས་གསར་དུ་འབྱོར་རིགས་ལ་ཤོག་པོ་དང་ལོ་རྒྱུས་ལས་སོགས་བཟོ་རྒྱུའི་ཆེད་དུ་དངུལ་ཇི་ཙམ་ཟོས་དང་བཟའ་བཞིན་མི་འདུག་གམ།
    འགའ་ཞིག་སྤྲང་པོ་སྤྲང་རྐྱང་ཟོས་རབས་ཀྱང་མི་ཉུང་བར་ཤོད་རྒྱུ་འདུག
    གཅིག་ལ་གཅིག་ལ་མགོ་འཁོར་བྱེད་བབས་འདི་ཚོར་ངོ་མ་སྐྱི་རེ་འཇིགས་པ་འདུག

  52. ཐེ་བོ་ཤེས་རབ་རྒྱ་མཚོ། says:
    2010-11-24 at 6:06 am

    སྤོབས་པ་མཐའ་ཡས་ལགས། མུ་མཐུད་དུ་འབྲི་རོགས། ཀརྡོ་རབ་འབྱམས་པས་རང་གཅིག་བཤད་གོ་ནི་དི་རེད། ངན་པར་སྡིགས་ན་བཟང་པོ་སྤོ་ལངས་དགོས་སྤྱད་ཅང་ཡོད་ནི་མ་རེད། དོན་ངོ་མ་ངན་པ་མཚར་གཅོད་བྱེད་པ་དེ་བཟང་པོར་སྲུང་སྐྱོབ་བྱེད་ཀི་ཡོད་ནི་རེད། གསན་བྱུང་ངམ་ཀརྡོ་རབ་འབྱམས་པ་ལགས།

  53. ཕུར་པ་སྐྱབས། says:
    2010-11-24 at 9:23 am

    ཡ་ད་བྱས་དུས་སྤོབས་པ་མཐའ་ཡས་འདི་ཧོར་གཙང་ལེགས་བཤད་ཡིན་པ་རེད། ཁ་སྔོན་ནས་མི་ཁ་བརྒྱུད་ནས་དེ་འདྲ་ཞིག་གོ་སོང་མོད་དེ་ཙམ་གྱིས་ཡིད་ཆེས་མ་བྱས། དེ་རིང་འདིར་ཡང་སྐད་ཆ་་སླེབས་འདུག ད་ཡིད་ཆེས་བྱས་ཆོག་པ་འདྲ།

  54. ནོར་བུ says:
    2010-11-24 at 10:08 am

    སྐུ་ཞབས་སྥོབས་པ་ལགས་ཀྱི་གསུངས་པ་ནང་བཞིན་དངོས་ཡོད་གནས་ཚུལ་ལ་བཤད་ན་ཡག་པོ་འདུག། དེ་མིན་གཞན་རང་འདོད་འཁྱོག་བཤད་བྱས་ན་ཡག་པོ་མ་རེད་ལགས།

  55. དྲངས་བདེན་སྨྲ་བ་ says:
    2010-11-24 at 12:47 pm

    ཀརྡོ་རབ་འབྱམས་པ་ལ་དྲི་བ་ཞིག་ཡོད་ གདན་ས་ནས་དགེ་བཤེས་གི་གོ་ས་ཞིག་ཐོབ་ན་ དེ་ལ་གྲྭ་ཆས་གྱོན་པའི་མི་སྐྱ་ཟེར་དགོས་ནི་རེད་དམ་ ཡང་ན་ དམིགས་སུ་དཀར་ནས་ གདན་སའི་གྲྭ་ཚང་གི་ཆད་དུ་ ནག་ཚོང་རྒྱབ་སྤྱི་ཚོགས་ནང་ལས་ངན་ག་རེ་བྱས་ན་ཡང་ དེ་ལ་དགེ་བཤེས་ཟེར་ དེ་མིན་གཞན་ཚང་མ་ལ་གྲྭ་ཆས་གྱོན་པའི་མི་སྐྱ་ཟེར་དགོས་ནི་རེད་དམ་

  56. རྣམ་རྒྱལ། says:
    2010-11-24 at 1:16 pm

    བླ་མ་གྲྭ་པ་དེ་ཚོ་དངོས་གནས་སྡོད་ཚུགས་ཀྱི་མི་འདུག མི་གཅིག་གིས་ཚང་མའི་སྒོ་སྐབས་མེད་པ་བཟོ་གི་ཡོད་རེད། ངོ་མ་རྐང་འདྲེན་རང་རེད། མི་འདི་ཚོའི་གྲས་ཀྱི་མིང་དང་ཁ་བྱང་སྡོད་གནས་བཅས་གསལ་པོར་བཀོད་ན་ཕྱིས་སུ་ཏོག་ཙམ་ཡག་བཟང་དུ་འགྲོ་ཡོང་། རང་གཞུང་ཆོས་དོན་སོགས་ནས་ཞིབ་གཤེར་བྱས་ན་ལེགས། བསྟན་དང་འགྲོ་བ་གང་ལའང་ཕན་ཐོགས་མེད་པའི་མི་རེད། བླ་མ་གྲྭ་པ་ཚང་མ་ལ་ཞུ་གི་མེད། རྐང་འདྲེན་དེ་ཚོའི་རིགས་ལ་བཤད་ཀྱི་ཡོད། གནས་ཚུལ་འདིར་བཀོད་པར་ཐུགས་རྗེ་ཆེ། བོད་པའི་གསར་འགོད་པ་དེ་ཚོས་འདིའི་སྐོར་མ་བཀོད་དོན་ཅི་ཡིན་ནམ།

  57. ཁ་བརྡ་ཚང་། says:
    2010-11-24 at 3:05 pm

    དྲ་གྲོགས་ཚོས་བསམ་ཚུལ་གནང་བར་བཀའ་དྲིན་ཆེ།
    འོན་ཀྱང་། བསམ་ཚུལ་དེ་བསམ་ཚུལ་གྱི་ངོ་བོ་ནས་མ་བསྡད་པར།
    མི་སྐྱ་དང་ཆོས་བའི་དབར་གྱི་རྩོད་ལ་མ་བསྒྱུར་རོགས། རྩོད་པ་དེའི་རིགས་ལ་ཁ་བརྡས་དགའ་བསུ་མི་ཞུ།

    ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གིས།

  58. གཡུ་འབྲུག says:
    2010-11-24 at 3:41 pm

    རྣམ་རྒྱལ་གྱིས་ “བོད་པའི་གསར་འགོད་པ་དེ་ཚོས་འདིའི་སྐོར་མ་བཀོད་དོན་ཅི་ཡིན་ནམ།” ཞེས་དྲིས་པ་འདི་ལ་གནད་འགག་ཆེན་པོ་ཞིག་འདུག ད་སྐབས་སྙན་ངག་ཉག་ཉོག་དེ་ཚོར་ཕྲན་དཔྱད་ཟེར་བ་ཞིག་འབྲི་གི་ཡོད་པ་ལྟར། བོད་པའི་གསར་འགོད་པ་ཚོའི་གསར་འགྱུར་ལའང་རིགས་དང་དབྱེ་བ་བགར་ཏེ་དབྱེ་ཞིབ་བྱེད་མཁན་ཡོད་ན་བཟང་། དེ་བས་ཁ་བརྡའི་ཐོག་ཏུ་གནས་ཚུལ་འདི་འདྲ་སླེབས་ཐུབ་པ་འདི་ང་ཚོའི་བསོད་ནམས་རེད་བསམ་གྱི་ཡོད།

  59. ཀརྡོ་རབ་འབྱམས་པ་ says:
    2010-11-24 at 4:16 pm

    དྲི་བ་དང་སྐྱོན་བརྗོད་ལ་རྩོམ་ཡིག་དང་འབྲེལ་བ་ཆེར་མི་འདུག་པས་ལན་མེད། བཞུགས་གདན་འཇགས།

  60. གངས་ལྷ་མེ་ཏོག says:
    2010-11-25 at 6:40 am

    དེ་ལྟ་བུའི་གྲྭ་རྒན་ཚོར་ངེས་པར་དུ་དགོས་ཡ་དེ་ལ་ཡོད།
    http://www.youtube.com/watch?v=FLITLyk3qeI
    ཁོང་ཚོར་འདོད་ཆགས་གཏོང་སའི་ཡུལ་མེད་པས། ཁོང་ཁྲོ་དང་ཞེ་སྡང་རང་བཞིན་གྱིས་ཆེར་འགྲོ་གིན་ཡོད།

  61. བྱམས་པ་ says:
    2010-11-26 at 11:12 pm

    དོན་ངོ་མར་དགེ་བཤེས་འདི་གང་ནས་ཡིན་ནམ། ལུང་ཚན་གང་ནས་ཡིན་ནམ། གདན་ས་གང་ནས་ཡིན་ནམ། གོ་ཐོས་ལ་དགེ་བཤེས་འདི་འབྲས་སྤུངས་ནས་ཡིན་རབས་ཤིག་སྔ་མོར་གོ་མྱོང། གང་ལྟར་ཐག་གཅོད་པ་བཤད་མི་ཤེས། སྤོབས་པ་མཐའ་ཡས་ཁྱེད་ཀྱིས་རྩོམ་འདི་ལྟར་བཀོད་པ་དེ་ལེགས་བྱུང། ༧གོང་ས་མཆོག་གིས་ཉེ་ཆར་ཚགས་ཤོག་གསར་པ་བྷོ་ཌི་ཞེས་པ་ཞིག་ལ་དགས་ས་གནས་སུ་དབུ་འབྱེད་གནང་སྐབས་འདིར་ལྟར་གསུངས་འདུག སླར་ཡང་བོད་པའི་ཚགས་པར་གསར་པ་ཞིག་ཐོན་པ་ཡག་བྱུང། གསར་འགོད་པའི་ལས་འགན་ནི་གནས་ཚུལ་འགྲིག་དང་མ་འགྲིག་པ་དྲང་པོར་བཀོད་རྒྱུར་གནད་འགག་ཆེན་པོ་ཡིན། གཞུང་ཞབས་ཀྱི་ཕྱག་ལས་གནང་སྟངས་མ་འགྲིག་པ་དང། དགོན་སྡེ་གྲྭ་བཙུན་ཁག་གི་བྱེད་སྟངས་མ་འགྲིག་པ་སོགས་གང་བྱུང་ན་ཡང་ཚགས་ཤོག་ཐོག་དྲང་པོར་བཀོད་རྒྱུར་གནད་འགག་ཆེན་པོ་རེད་ཅེས་གསུངས་འདུག ཡིད་མ་ཆེས་ན་ཚགས་ཤོག་འདོན་ཐེངས་དང་པོ་ནང་གཟིགས་དང་མཁྱེན་གིན་རེད། བྱས་ཙང་གནས་ཚུལ་འདི་བྱུང་བ་དངོས་འབྲེལ་རེད།

  62. ར་ས་ཕོ་ཉ། says:
    2010-11-27 at 12:05 am

    སྤོབས་པ་མཐའ་ཡས་ཁྱེད་ཀྱིས་ལམ་སེང་གཞུང་ཚབ་པ་དེ་ཚོར་ གྲ་རྒན་དེ་སེམས་པའམ་ཀླད་པ་ཐང་ཐང་མེད་པ་འདྲ་ཡོད་ གསུང་དགོས་རེད་པ།

  63. ནོར says:
    2010-11-28 at 2:58 am

    དངོས་གནས་ང་ནི་གྲྭ་བ་འདི་ཚོ་ལ་ཧ་ཅང་དགའ། གང་ཡིན་ཟེར་ན། བོད་མི་རིགས་གང་ལ་བཀའ་ངལ་ཆེ་ན་དེ་ལ་རོགས་བྱེད་ཁུ་འདུག ཡུལ་ཤུལ་ས་འགུལ་སྐབས་སུ་མཁན་སྤྲུལ་དགེ་བཤེས་རྣམ་པས་དབུ་ཁྲིད་ནས་རོགས་པ་ག་འདྲ་ཡག་པོ་བྱེས་སོང་། བླ་མ་གཅིག་གིས་རྒྱ་སྒོར་ཁྲི༡༠༠༠ཞིག་གིས་ཞབས་འདེགས་ཞུས་མཁན་ཡོད་པ་དེ་དག་མི་མཐོང་བར། ཨ་རུའི་ཤེལ་སྒོ་གཅིག་པུར་སེམས་ཁྲལ་བྱེད་སྟངས་ལྟོས་དང་སྤོབས་པ་མཐའ་ཡས་འདིས་ཀྱང་མི་ཚེ་ཨ་རུ་ལ་བསྐྱལ་འདོད་ཡོད་པ་འདྲ། དགེ་བཤེས་དེས་བསམ་བཞིན་དུ་བཅག་པ་གལ་ལ་ཡིན། འཚང་གའི་ཁྲོད་ནས་ལག་ཉེས་ཤོར་བ་ཡིན་པར་ཐེ་ཚོམ་མེད། མི་མང་འཚང་གའི་ཁྲོད་ནས་རང་གི་སྲོག་ཤོར་མཁན་མང་པོ་ཡོད་པ་ལོས་མཁྱེན། ཤེལ་གཞན་ཡང་བོད་མི་རིགས་ཀྱི་ཆོས་དང་རིགས་གཞུང་མཐར་ཐུག་པ་ཞིག་མཁྱེན་མཁན་ཁོང་རྣམ་པ་མ་བཏོགས་མེད། བོད་ནང་དུ་སློབ་གྲྭ་དང་རྒན་གསོ་ཁང་སོགས་གཞེངས་སྤྲིན་ག་འདྲ་ཡག་པོ་བྱེས་འདུག བཀའ་དྲིན་ཤེས་དགོས། སྤོབས་པ་མཐའ་ཡས་ནས་བོད་ཡིག་ཡག་པོ་འབྲི་ཐུབ་པ་འདི་ཡང་ཕལ་ཆེན་གྲྭ་བ་ཞིག་གི་བཀའ་དྲིན་ཡིན་ཤས་ཆེ། གངས་ལྷ་མེ་ཏོག་ཟེར་ཡ་འདིས་བོད་མི་རིགས་ཁྲོད་ན་ནང་ཆོས་འདི་རྩ་བ་ནས་མེད་པར་བྱེད་ཐུབ་སོང་ན་མོ་ལ་ཐོབ་ཡ་ཆེན་པོ་ཞིག་ཡོད་སྣང་སྐྱེ་བསྡོད་མཁན་ཞིག་ཡིན་པ་མ་ཟད་རྒྱ་ནག་དམར་པོའི་ལམ་ལ་ཕྱོགས་མཁན་ཞིག་ཀྱང་རེད། ནོར་བྷེ་ཞི་བདེ་བཟང་རྟགས་དེ་ཡང་བོད་མི་རིགས་ཁྲོད་ན། སྤོབས་པ་མཐའ་ཡས་དང་གངས་ལྷ་མེ་ཏོག་ཟེར་བ་འདི་གཉིས་ལ་མི་ཐོབ་བ་གྲྭ་ལྭ་གྱོན་མཁན་ཞིག་ལ་ཅེས་ཕྱིར་ཐོབ་པ་ཡིན་ནམ།

  64. བྱ་རྒོད་རྒྱལ་པོ། says:
    2010-11-28 at 3:27 am

    ཨ་རི་གཞུང་ཚབ་ཁང་གི་ཤེལ་སྒོ་བཅག་མཁན་གྲྭ་པ་དང་དགེ་བཤེས། གྲྭ་ཚང་དང་ཆོལ་ཁ་སོགས་ག་ནས་ཡིན་ཀྱང་། བོད་མི་ཞིག་ཡིན་པའི་ངོས་ནས་ཞབས་འདྲེན་ཞུས་པ་རེད། ཁོའི་བསམ་པར་སོ་སོར་ཨ་རིའི་མི་སེར་ལག་འཁྱེར་རགས་པ་དང་རང་བཙན་ཐོབ་པའི་འཁྲུལ་སྣང་ཡ་མཚན་ཞིག་བྱུང་བས་རྐྱེན་ལས་བློ་ཁོག་སྐྱེས་ནས་ཤེལ་སྒོ་བཅག་ཡོད་སྲིད་ཀྱང་། དོན་དམ་དུ་སོ་སོའི་ཁྲག་དང་རུས་པ་བོད་མི་ཞིག་ཡིན་པ་དེ་ལ་བཅོས་ཐབས་མེད་པས་ལག་རྗེས་སུ་གནས་ཚུལ་དེ་བྱུང་བ་རེད། ཨ་རི་གཞུང་ཚབ་ཁང་ལ་༸གོང་ས་མཆོག་གིས་དགོངས་དག་ཞུ་དགོས་མ་རེད། སྤོབས་པ་མཐའ་ཡས་རང་གིས་མི་དེ་རྩིས་སྤྲོད་ཀྱིས་མི་དེ་གས་དགོངས་དག་ཟེར་དགོས་རེད།

  65. ནོར says:
    2010-11-28 at 3:59 am

    ༧གོང་ས་མཆོག་ནས་དགོངས་དག་གསུང་དོན་ནི་བོད་པ་ཚོ་ཨ་རི་ལ་འབྱོར་རྗེས་ཚུར་རྒྱ་གར་ལ་མ་ཡོང་བའི་རྒྱུ་མཚན་གྱིས་མ་ཡིན་ནམ།

  66. བྱམས་པ་ says:
    2010-11-28 at 12:52 pm

    གྲྭ་བ་དང་བླ་མས་བོད་མི་རིགས་ལ་ཕན་པའི་ཕྱག་ལས་གང་མང་གནང་གིན་ཡོད་པ་བདེན་པ་རེད། འོན་ཀྱང་དཀར་པོའི་ལས་འདིས་ནག་པོའི་ལས་ཡོངས་རྫོགས་དཀར་པོར་འགྱུར་ཨེ་ཐུབ་ན། སྤྱི་ཚོགས་ལ་ཕན་པའི་ཕྱག་ལས་གནང་སྐབས་དེ་ལྟར་གནང་བ་ཡག་པོ་རེད་ཟེར་ནས་བསྟོད་བསྔགས་གཏང་དགོས། ཡང་སྤྱི་ཚོགས་ནང་ནག་ཉེས་བརྫི་སྐབས་ནག་ཉེས་ཀྱི་ལས་དེ་ལ་སྐྱོན་བརྗོད་བྱེད་དགོས། འདི་ལ་གྲ་བ་དང་མི་སྐྱའི་ཁྱད་པར་གང་ཡང་མེད། དཀར་ནག་གི་དབྱེ་བ་ཕྱེ་ཤེས་པ་དགོས།

  67. བྱ་རྒོད་རྒྱལ་པོ། says:
    2010-11-28 at 2:11 pm

    ༸གོང་ས་མཆོག་ནས་དགོངས་དག་གསུངས་ས་ནི་བོད་པའི་ཀུན་སྤྱོད་རེད། ཁོང་ཁྲོ་ཟ་ནས་ཤེལ་སྒོ་བཅག་ཐུབ་ན། ཁོང་ཁྲོ་ཞི་ནས་འགྱོད་པས་དགོངས་དག་ལབ་ཐུབ་པ་དགོས། མི་དེ་རིགས་ཀྱིས་བོད་པ་ནག་པོ་བཟོ་ཡི་ཡོད། གོ་ལོག་རྩེས་ཚར་ནས་བྲོས་འགྲོ་མཁན་ཡོད་རེད་པས།

  68. སྟག་མའི་མེ་ཏོག says:
    2010-11-29 at 7:17 am

    དབྱིན་རྒན་གྱིས།
    མི་འདི་ཚོ་སྐྱབས་བཅོལ་བ་ཡིན་ཟེར། འཛམ་གླིང་གང་སར་ཞལ་འདེབས་སློང༌།
    ནང་པ་སངས་རྒྱས་པའི་གྲྭ་བ་ཡིན་ཟེར།
    ཏཱ་ལའི་ལས་ཁུངས་ཀྱི་རྒྱབ་གཉེར་བཟུང་འདུག་ཟེར་བ་འདི་ངོ་མ་མི་ཡག་གི། དེང་སང་གྲྭ་རྫུན་འགའ་ཤས་ཀྱིས་ལས་སྟངས་མི་ཡག་པ་ལས་བྱུང་བ་བརྗོད་མི་དགོས་པ་རེད།

  69. ནོར says:
    2010-11-29 at 12:52 pm

    དབྱིན་རྒན་ཞིག་ལ་ཚད་མ་བཟུང་ནས། །བན་རྒན་རྣམ་པར་འཆའ་སྨོད་མ་བྱེད།
    །མི་རྒན་ཁྱེད་ཀྱི་ཤ་དང་རུས་པ། །གྲྭ་རྒན་ཁོང་དང་གཅིག་པ་ཡིན་ནོ།།

  70. ཡེ་ཤེས་རབ་རྒྱས says:
    2010-12-08 at 6:31 am

    སྤོབས་པ་མཐའ་ཡས་ལགས། ཐུགས་རྗེ་ཆེ། ཁྱེད་ཀྱིས་དོན་དངོས་ཀྱི་སྒོ་ནས་བོད་མི་ཞིག་གི་སྐྱོན་ཆ་ཐེར་འདོན་ཡག་པོ་བྱས་འདུག གནས་ཚུལ་འདི་ངས་ཀྱང་གོ་ཐོས་བྱུང་། མ་ཟད་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་སྐུ་ངོ་མས་ཨ་རིའི་གཞུང་ཚབ་ཀྱི་ལས་བྱེད་ལ་དགོངས་དག་ཞུ་དགོས་བྱུང་འདུག ཁོང་གི་གནས་ཚུལ་གཅིག་ཕྲན་ནས་འདིར་གསལ་པོ་བཤད་ཀྱིན་ཡིན། ཁོང་སྔོན་མ་འབྲས་སྤུངས་བློ་གསལ་གླིང་གི་གྲྭ་པ་རེད་ལ། གདན་ས་ཁག་གསུམ་དུ་རྒྱུགས་སྤྲོད་ཐོན་ནས་ལྷ་རམས་དགེ་བཤེས་ཀྱི་ལག་འཁྱེར་ལེན་པ་རེད། ང་ལ་མཚོན་ན་སྔོན་མ་ཁོང་ལ་ཡིད་སྨོན་བྱེད་མཁན་ཞིག་ཡིན། དགེ་བཤེས་འཁོར་ནས་རྒྱུན་རིང་མ་སོང་བར་བློ་གསལ་གླིང་གི་དགེ་བསྐོས་སུ་འོས་ཐོན་བྱུང་བ་རེད། འོན་ཀྱང་ལོ་དེར་རྒྱུ་རྐྱེན་མང་པོ་ཞིག་གི་ཐོག་ནས་དགོངས་པ་ཞུས་ནས་ལོ་རྗེས་མར་ལོངས་རྒྱུ་བྱས་པ་རེད། འོན་ཀྱང་ཁོང་ལོ་རྗེས་མར་ལོངས་རྒྱུ་ཕར་བཞག་ནས་ལས་སྣེ་མང་པོ་ཞིག་ལ་ཚིག་ངན་སྨྲས་པ་རེད། དེར་བརྟེན་གྲྭ་ཚང་གི་སྒྲིག་གཞི་བཞིན་ལག་བསྟར་བྱས་ཏེ། ཁོང་གྲྭ་ཚང་གི་སྒྲིག་ཁོངས་ནས་གནས་དབྱུང་བཏང་བ་རེད། དེ་ནས་བཟུང་ཁོང་བློ་གསལ་གླིང་གི་གྲྭ་པ་མ་རེད་ལ། གདན་སའི་གྲྭ་པ་དེ་བས་ཀྱང་མ་རེད། གནས་ཚུལ་འདི་ཚང་མས་མཁྱེན་དགོས་རྒྱུ་ཤིན་ཏུ་གལ་ཆེན་པོ་མཐོང་གི་འདུག མ་ཟད་གཞུང་ཚབ་ཁང་དུ་བྱུང་བའི་གནས་ཚུལ་གོ་བས་ང་ཡང་ཧ་སང་སོང་། དངུལ་ལ་ཐུག་དུས་མི་འདི་ཚོའི་ཁོག་ཏུ་གདོན་ཞུགས་པ་ལྟ་བུ་རེད་འདུག དངུལ་དགོས་མི་དགོས་ཀྱི་གནས་ཚུལ་དེ་དངུལ་ཡོད་མེད་ལ་ཐུག་མི་འདུག འདོད་པ་ཁེངས་མི་ཁེངས་ལ་ཐུག་འདུག ཁོང་ལ་མཚོན་ན་ལོ་མང་པོའི་རིང་དུ་ཕྱི་རྒྱལ་དུ་དངུལ་བསགས་ནས་སྡོད་ཀྱང་། གྲྭ་ཚང་གི་དགེ་བསྐོས་ཀྱི་ཆེད་དུ་ལོ་གཅིག་ཀྱང་བློས་གཏང་མི་ཕོད་པར་གྲྭ་ཚང་གི་སྐྱིད་སྡུག་ནས་ཐོན་རྒྱུ་འདམས་པ་རེད། ད་དུང་གཞུང་ཚབ་ཏུ་བྱུང་བའི་གནས་ཚུལ་འདི་ལའང་ཞིབ་པར་བརྟགས་ན་དངུལ་གྱི་གནད་དོན་ལ་ཐུག་ཡོད་ཤས་ཆེ། འདིས་རྐྱེན་པས་༧གོང་ས༧མཆོག་གི་དགོངས་པ་དཀྲུག་པ་རེད།
    སྐབས་འདིར་ཕྲན་གྱིས་བརྗོད་འདོད་པ་ནི། ཡག་པོ་ཞེས་པ་དེ་སྐྱོན་དང་མི་འདྲ་བར་ཕྱོགས་ཡོངས་ནས་ཡག་པོ་ཡོད་དགོས་པས། སྐྱོན་ཆ་གང་འདྲ་ཞིག་ཐོན་ཡང་ཐེར་འདོན་དགོས་རྒྱུ་ཤིན་ཏུ་གལ་ཆེན་པོ་རེད། འདི་གྲྭ་པས་སྐྱ་བོ་ལ་ཐེར་འདོན་བྱེད་ཆོག་ལ། སྐྱ་བོས་གྲྭ་པ་ལའང་ཐེར་འདོན་བྱེད་ཆོག་གི་རེད། འོན་ཀྱང་ཐེར་འདོན་བྱེད་པའི་སྐབས་སུ་ངེས་པར་དུ་ཡིད་གཟབ་གནང་དགོས་པ་ཞིག་ནི། དོན་དངོས་སྲང་པོར་བརྗོད་པ་ལས། དེ་གོ་སྐབས་རྩིས་ནས་རང་གི་མི་འདོད་པའི་ཕྱོགས་ཐམས་ཅད་འདྲུད་ཡོང་ན། སྤྱི་ཚོགས་ཆིག་སྒྲིལ་གྱི་གོང་བུ་ལ་གནོད་པ་ལས་ཕན་ཐོགས་མི་ཡོང་བར་གསལ་པོ་རེད། མི་ཚང་མ་སངས་རྒྱས་མིན་པས་སྐྱོན་མེད་པ་སུ་ཡང་མེད་ལ། ང་ཚོ་ཚང་མ་བདུད་མིན་པས་ཡོན་ཏན་མེད་པའང་སུ་ཡང་མེད། འདས་དོན་ལ་བསམ་གཞིགས་ནན་པོ་ཞིག་གནོངས་དང་། ང་ཚོས་ཅི་ཞིག་བརྗོད་དགོས་པ་དང་། ཅི་ཞིག་གསང་དགོས་པའི་དོན་གནད་ཞིག་རྙེད་པ་རེད། ཐུགས་བསམ་བཞེས་དངངངངངངངངངངངང་། གྲོགས་པོ་དང་གྲོགས་མོ་ཚོ།

  71. ཪིག་བསྟན་ says:
    2010-12-11 at 11:19 pm

    ཨ་རི་བཞུང་ནས་བོད་མི་དཀའ་སྡུག་གི་དོན་དུ་བོད་མི་སྟོང་གཅིག་ལ་དམིགས་གསལ་ཨ་རིར་ཕེབས་ཡ་ལག་འཁྱེར་གནང་བ་དང་དེའི་མ་ཚོད་རངགི་ནང་མི་བུ་ཕྲུག་མཚོ་ལ་ཡང་ལག་འཁྱེར་གནང་བ་སོགས་བཀའ་འབྲིན་ཆེ་ཞིང་༏་དེ་ལ་ཐུགས་ཆེ་གནང་མ་བསམ་པར་སོ་སོ་སྒེར་གྱིས་དོན་མ་འགྲུབ་པར་ཨ་རི་བཞུང་ཚབས་ཁང་ནང་དེ་འདྲས་ཤེལ་སྒོ་བཅག་པ་ངོ་ཚར་༏་དེ་ཡང་དགེ་བཤེས་ཞིག་ཡིན་པ་ང་ནི་ཧ་ལེ་སོང་་་་་་་ངོ་ཚར!!!!!!!

  72. མེ་ཆ་། says:
    2010-12-12 at 1:10 am

    ཨ་རི་དེ་འདྲ་ཞིག་ལ་ཧ་སང་གི་མ་རེད་། དཀར་ནག་གི་དབྱེ་བ་འབྱེད་མི་ཤེས་བའི་སྲིད་གཞུང་དེ་འདྲ་མ་རེད་།

  73. སྟག་ཚེ་རིང་། says:
    2010-12-12 at 6:12 am

    དབྱིན་རྒན་མ་དེས་སྐད་ཆ་དེས་འཇིགས་སྣང་དང་ངོ་ཚ་གང་ཡིན་བཤད་མི་ཤེས་ཀྱང་མ་འོངས་པའི་རྡོག་ལམ་ལ་བསམ་གཞིགས་ཤིག་མི་བྱེད་རང་བྱེད་ལ་གཏད་སོང་།
    ད་དུང་བླ་རྒན་བླ་འཚོང་མཁན་དེ་ངས་ནམ་ཡང་གུ་ཡངས་གཏོང་ཐུབ་ས་མ་རེད།

  74. ལྷ་སྨོན་པ། says:
    2010-12-13 at 10:22 am

    སྐྱོན་ཅང་ཨེ་ཡོད། མི་ཚང་མའི་ནུབ་ཕྱོགས་པ་དེ་ཚོ་གུ་ཡངས་པོ་རེད་ཅེས་བོད་པ་ཚོས་སྐད་འགག་འགག་གིས་ཤོད་བཞིན་འདུག དེ་ཙམ་གྱི་གུ་ཡངས་ཅན་ཞིག་ཡིན་ན་མི་གཅིག་གིས་ཤེལ་སྒོ་ཙམ་བཅག་པ་ལ་བརྟེན་ནས་བོད་པ་ཚང་མ་ལ་ཐོངས་མཆན་མི་སྤྲོད་པ་དེ་འདྲ་ཡོང་སྲིད་དམ།

  75. རིག་པའི་ཐོད་མདའ། says:
    2010-12-14 at 2:51 pm

    ཨ་རི་དོན་གཅོད་ཁང་གི་ཤེལ་སྒོ་བཅག་མཁན་ནི་འབྲས་སྤུངས་བློ་གསལ་གླིང་གྲགས་པ་ཁང་ཚན་ནས་ཡིན་པ་དགེ་བཤེས་ངག་དབང་ཕུན་ཚོགས་ཟེར་བའི་བླ་རྒན་དེ་ཡིན་པར་ངས་བཙལ་སྤྱོད་བྱེད་ནས་རྙེད་བྱུང་།
    ཕྱི་ནང་གི་གཞུང་གང་ལ་མཁས་པ་ཞིག་རེད་མི་འདུག་སྟེ་དགེ་བཤེས་ཀྱི་ལག་འཁྱེར་ཐོག་མཁན་ཞིག་ཡིན་པ་ནི་སྨྲོས་མེད་རེད་འདུག ད་ལྟ་ཁོ་རང་ཨ་རི་ལ་ཡོད་པའི་ཆོས་ཚོགས་ནང་བཞུགས་ཡོད་ས་རེད། མི་ཚོས་བཤད་སྟངས་ལ་ལྟ་ན་མཚམས་མཚམས་གྲྭ་ཆས་གྱོན་ནས་ཆོས་གཟུགས་གསེར་མདོག་ཅན་ཞིག་གནང་གིན་ཡོད་པ་དང་། མཚམས་རེ་གུས་འཐུང་གྱོན་ནས་འཇིག་རྟེན་མི་ཡུལ་ན་ཡོད་པའི་ཆགས་སྡང་འཁྲེགས་སྦྱོར་གྱི་ལས་ལ་འཇུག་ཚུལ་འདུག གང་ལྟར་དགེ་བཤེས་ངག་དབང་ཕུན་ཚོགས་ཀྱིས་ཐལ་ཆད་ཀྱི་སྤྱོད་པ་འདི་འཁྱེར་ནས་ཆོས་ལུགས་དང་དགོན་སྡེ་གྲྭ་ཚང་སོགས་སྐུར་འདེབས་མ་རོགས། ངས་འདིར་མིང་དང་ཡོང་ཁུངས་གཙང་མ་འབྲི་དགོས་པའི་དམིགས་ཡུལ་ཡང་དེ་ཡིན།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (98)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (74)
  • ཨེ་ལི་སི། (54)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (39)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme